Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལའི་འཁྲི་ཤིང་།
   
   
   
   
   
   
   
   
   


 
previousགཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལའི་འཁྲི་ཤིང་།next

གཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལའི་འཁྲི་ཤིང་།


GLG011_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལའི་འཁྲི་ཤིང་བཞུགས་སོ། །ན་མཿཔཱ་ཎཽ་པདྨ་ཤུཀླཱ་ཡ། ཕྱག་ན་པདྨས་རྗེས་བཟུང་ཟླ་རྒྱལ་རྗེ། རྡོར་འཛིན་བྱེ་བའི་གཙུག་རྒྱན་གྲགས་པའི་མཚན། །དངོས་བརྒྱུད་བླ་མའི་ཞབས་སེན་དབང་གི་རྒྱལ། །བྱང་ཆུབ་བར་དུ་གཙུག་ཏོར་རྩེ་མོར་མཛེས། །གཏན་པ་མེད་པའི་མཆོད་སྦྱིན་གྲུ་རྫིངས་ལ། །བརྟེན་ནས་བསོད་ནམས་ཆུ་གཏེར་ཆེར་བགྲོད་དེ། །ངེས་ལེགས་རིན་ཅེན་ཕུང་པོ་སྐལ་བཟང་རྣམས། དགའ་སྤྲོའི་ཡིད་ཀྱིས་གཟེངས་བསྟོད་ཅི་དགར་ལོངས། དེ་ཡང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་བཞེད་སྲོལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གཏོར་མ་བརྒྱ་རྩའི་ཕྱག་བཞེས་ཀྱི་རྗེས་སུ་འབྲངས་ཏེ་འཁྲུགས་སྡེབས་སུ་བཀོད་པ་ལ། གཟན་སུམ་ཚན་གསུམ་དང་ཉིས་ཚན་གཅིག་ཏུ་བཅད་པའི་དང་པོ་བཅུ་ལ་རིལ་བུ་རེ་དང་ཕྱི་མ་ལ་བརྒྱད་བྱས་པ། འབྱོར་ན་བཟང་སྨན་སྣ་ཚོགས་དང་དཀར་གསུམ་དངར་གསུམ་རིན་པོ་ཆེ་བསྲེ། ཏིང་ཤགས། ཆུ་བུམ་སོགས་མངོན་པར་འདུ་བགྱིས། གནས་དབེན་པར་ཁྲུས་དང་གཙང་སྦྲ་སྔོན་དུ་(༡༨ན)


GLG011_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། གཏོར་སྟེགས་ལ་གཏོར་ཆ་བཀྲམ་པ་ཆུས་བཀང་འགྲུབ་ན་ཞལ་ཟས་ཤིག་ཀྱང་བཤམས། བདེ་བའི་སྟན་ལ་འཁོད་ནས་སྐྱབས་འགྲོ་བཞི་སྐོར་སྤྱི་ལྟར་བྱེད། བདག་གིས་སེམས་ཅན་ཐམས་ཅད་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕུལ་བས་འཕགས་པའི་ཚོགས་མཉེས་ཤིང་རིགས་དྲུག་རྣམས་ཆོས་དང་ཟང་ཟིང་གིས་ཚིམ་པར་བྱའོ། །ཞེས་ལན་གསུམ་བརྗོད་ནས་སེམས་བསྐྱེད་ཚད་མེད་བཞི་བསྒོམ། ཐོར་ཐུན་དང་སྔ་ཐུན་ལྟ་བུ་རྫོགས་པའི་ལྷའི་རྣལ་འབྱོར་ལ་གནས་ན་དེས་ཁྱབ་ཅིང་མིན་ན་འོག་ནས་འབྱུང་བའི་སྤྱན་རས་གཟིགས་ཀྱི་བདག་བསྐྱེད་ལེན། ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཛྲཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར་པར་བསམ་ལ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤཱེ་ཨཱཿཧཱུཾ་ནས། ཨོཾ་བཛྲ་ཤཔྟ་ཨཱཿ ཧཱུཾ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས་ཀྱིས་མཆོད་པ་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མཆོད་པ་དང་སྦྱིན་པའི་ཡུལ་དུ་གྱུར་པ་ཐམས་ཅད་བཛྲ་ས་མཱ་ཛཱཿས་ཕྱག་རྒྱ་དང་བཅས་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། སོགས་ཤླཽ་ཀ་གཅིག་དང་། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས་ནས། འདི་ཉིད་དུ་ནི་བཞུགས་སུ་གསོལ་གྱི་བར་ཤླཽ་ཀ་གཉིས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུཾ། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲི་ཡེ་ཧཱུཾ་གི་བར་བརྗོད། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར་(༡༨བ)


GLG011_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་མཇུག་ཏུ་ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་སིལ་སྙན་ལ་སོགས་པ། །མཆོད་རྫས་ཇི་སྙེད་མཆིས་པ་ཀུན། །བདག་གི་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། ཨོཾ་ཨཱརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ་སོགས་ཤླཽ་ཀ་གཅིག་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཞེས་བསྟོད་ཕྱག་བྱ། མགྲོན་ཚན་དང་པོ་ནི། དེ་ནས་གཏོར་ཆ་ལྔའི་ཆུ་རྣམས་བཤམས་ནས་གཟན་གཉིས་གཉིས་བླུག་པར་ཆབ་སྦྲན་པ་ནི་འོག་མ་བཅུ་ལ་འགྲེ །ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་འགྱུར། ཨོཾ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབ། བསྡུ་ན་ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད་པས་ཀྱང་རུང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་རྒྱ་ཆེན་གྱི་སྔགས་གསུམ་བདུན་ཉེར་གཅིག་གང་འོས་བརྗོད་པ་དང་གོང་གི་གཏོར་མ་བརླབ་པ་འོག་མ་ཀུན་ལ་འགྲེ །ཆུ་གཉིས་ཉེར་སྤྱོད་ལྔ་རོལ་མོའི་བར་གྱིས་མཆོད་པ་མགྲོན་ཚན་དྲུག་པ་ཡན་འདྲ་ཞིང་འཇུག་པ་བདེ་བར་འདོད་ན་མ་བྱས་ཀྱང་རུང་། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་(༡༩ན)


GLG011_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། མགྲོན་ཚན་གཉིས་པ་ནི། སངས་རྒྱས་མཁའ་འགྲོ །རྡོ་རྗེ་མཁའ་འགྲོ །རིན་ཆེན་མཁའ་འགྲོ། །པདྨ་མཁའ་འགྲོ །སྣ་ཚོགས་མཁའ་འགྲོ་ལ་སོགས་པ་རྣམས་དང་གཞན་ཡང་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ནང་གི་དཔལ་མགོན་པོ་ལྷ་མོར་བཅས་པ། ཕྱོགས་སྐྱོང་བཅུ་རྒྱལ་པོ་ཆེན་པོ་སྡེ་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སོགས་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ། གཞན་ཡང་བླ་མ་དམ་པ་རྣམས་ཀྱིས་བཀའ་དང་དམ་ལ་བཏགས་ཤིང་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་རྡོ་རྗེ་གདན་གྱིས་གཙོ་བྱས་རྒྱ་གར་ཤར་ནུབ། བོད་ཡུལ་གྱི་གཙུག་ལག་ཁང་དང་གདན་ས་ཁྱད་པར་ཅན་སྐྱོང་ཞིང་བསྟན་པ་ལ་མངོན་པར་དགའ་བ་ལྷ་ཀླུ་འབྱུང་པོའི་ཚོགས་ཐམས་ཅད་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་བསྟན་པའི་རྩ་ལག་དགེ་བའི་བཤེས་གཉེན་རྣམས་དང་རྣལ་འབྱོར་པ་བདག་ཅག་འཁོར་བཅས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པ་མི་དང་མི་ཡིན་པའི་གནོད་པ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མགྲོན་ཚན་གསུམ་པ་ནི། རིག་འཛིན་གྱི་ས་ལ་གནས་པ་དགེ་སྦྱོང་དང་བྲམ་ཟེ་ལྷའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། ཚིག་ཙམ་གྱིས་ཕན་འདོགས་ནུས་པ། སྨོན་ལམ་ལ་དབང་བ། དམོད་པ་འདོར་བར་ནུས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ཐམས་(༡༩བ)


GLG011_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདེ་ཞིང་སྐྱིད་པ་བདག་ཅག་རྒྱུ་སྦྱོར་བ་འཁོར་དང་བཅས་པ་ཆོས་བསྒྲུབ་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་མཐུན་རྐྱེན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པའི་སྨོན་ལམ་བཟང་པོ་གདབ་ཏུ་གསོལ། མགྲོན་ཚན་བཞི་པ་ནི། ལྷན་ཅིག་སྐྱེས་པའི་ལྷ་དང་རྣམ་ཐོས་སྲས། ཛམ་བྷ་ལ། ནོར་རྒྱུན་མ། ཚོགས་ཀྱི་བདག་པོ་ལ་སོགས་ཏེ་ནོར་ལྷ་རྣམས་དང་བདག་ཅག་འཁོར་དང་བཅས་པ་ལ་བསྲུང་སྐྱོབ་མཛད་པ་རྣམས་ལ་འབུལ་ལོ། །ནད་དང་དབུལ་ཕོངས་ཀྱི་འཇིགས་པ་མེད་པ་དང་ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། མགྲོན་ཚན་ལྔ་པ་ནི། འཛམ་བུ་གླིང་གི་གཞིའི་བདག་པོ་རྣམས་དང་ཁྱད་པར་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས། སྒོས་དབུས་གཙང་རུ་བཞི། བྱེ་བྲག་ཏུ་ཡུལ་ཕྱོགས་ས་ཆ་འདི་ཉིད་དུ་གཉུག་མར་གནས་པའི་ལྷ། ཀླུ་བདུད། བཙན། གཤིན་རྗེ། མ་མོ། གཟའ། རྒྱལ་པོ། མ་མོ། ཐེའུ་རང་། ས་བདག །གཉན་མོ་ཐུ་བོ་ཆེ་རྣམས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་དུ་འབེབས་ལོ་ཕྱུགས་རྟག་ཏུ་ལེགས་པ། མི་ནད་དང་ཕྱུགས་ནད་ཞི་བ། མུ་གེ་དང་འཁྲུགས་པ་མི་འབྱུང་བའི་འཕྲིན་ལས་མཛོད་ཅིག །མགྲོན་ཚན་དྲུག་པ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོ། ནོར་བུ་བཟང་པོ། ཡང་དག་ཤེས། རྒྱལ་བ་ཁྱུ་མཆོག །འབྲོག་གནས་མཆེད་ལྔ་ལ་སོགས་ཏེ་འབྲོག་གནས་ཀྱི་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སེམས་ཅན་གྱི་སྲོག་དང་གཟི་མདངས་འཕྲོག་པ་སོགས་གནོད་འཚེའི་བསམ་པ་ཐམས་ཅད་ཞི་ཞིང་ཁྱད་པར་དུ་བདག་ཅག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་མཛད་དུ་གསོལ། མགྲོན་ཚན་བདུན་པ་ནི། གོང་གི་བྱིན་རླབས་ཀྱིས་བདུད་རྩིར་(༢༠ན)


GLG011_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བར་མ་ཟད་གང་ལ་གང་འདོད་ཀྱི་འཁོར་བའི་ཡོ་བྱད་དུ་མོས་ནས། རྒྱ་ཆེན་གྱི་སྔགས་ཀྱིས་ཀྱང་འཁོར་དགུའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསམ་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་འདི་མན་ལ་འགྲེ །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་བདག །རིམས་བདག །ཡམས་ཀྱི་བདག་མོ། གདུག་པ་ཅན་གནོད་བྱེད་ཀྱི་ཚོགས་ས་དང་བར་སྣང་ལ་གནས་པ་འདོད་པའི་གེགས་བྱེད་ཅིང་མི་འདོད་པའི་རྐྱེན་བྱེད་པ་རྣམས་ལ་སྦྱིན་ནོ། །དེ་རིང་ཕྱིན་ཆད་ནས་སེམས་ཅན་ཐམས་ཅད་ལ་བསམ་ངན་དང་སྦྱོར་རྩུབ་དང་གནོད་ཅིང་འཚེ་བ་མ་བྱེད་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཏེ་བརྩེ་བའི་སེམས་དང་ལྡན་པར་གྱུར་ཅིག །མགྲོན་ཚན་བརྒྱད་པ་ནི། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །དེས་ཚིམ་ནས་རིགས་དྲུག་སོ་སོའི་བུ་ལོན་ལན་ཆགས་འཁོར་བས་སྡུག་བསྔལ་མཐའ་དག་དང་བྲལ་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །མགྲོན་ཚན་དགུ་པ་ནི། ཡི་དྭགས་ཀྱི་གཙོ་བོར་ཁ་ལ་མེ་འབར་བ་ལ་སོགས་ཏེ་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། མེ་ལྕེའི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན། བྱིངས་ན་གནས་པ། ཁ་འཐོར་བའི་ཚོགས། བཀྲེས་སྐོམ་དབུལ་ཕོངས་ཀྱིས་གདུངས་པ་རྣམས་ལ་སྦྱིན་ནོ། །མདུན་དུ་ཟས་སྐོམ་བདུད་རྩིའི་ཆར་ཆེན་པོ་བབས་པས་ལུས་(༢༠བ)


GLG011_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་ཕན་པ་དང་བདེ་བས་ལོངས་སྤྱད་ཅིང་དགའ་བས་ཚིམ་ནས་སེར་སྣའི་སྡིག་སྒྲིབ་བྱང་ཞིང་སྡུག་བསྔལ་མཐའ་དག་དང་བྲལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རིམ་གྱིས་རྫོགས་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །མགྲོན་ཚན་བཅུ་པ་ནི། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་པའི་མགྲོན་བུ་ལོན་མ་འཁོར་བ། ཚེ་འདིར་ཡང་ཕོག་ཐུག་ཅན་དང་ཟུར་ལ་ཕོག་པ་གནོད་པར་བྱེད་ཅིང་བག་ལ་ཉལ་གྱི་གདོན་ངོས་ལ་མ་ཟིན་པ་རྣམས་ལ་སྦྱིན་ནོ། །གཏོར་མ་འདིས་ཚིམ་ནས་ལན་ཆགས་དང་ཤ་འཁོན་ཐམས་ཅད་བྱང་། བུ་ལོན་ཐམས་ཅད་ཁྱེར་ཏེ་གདུག་རྩུབ་དང་གནོད་འཚེ་ཞི་ནས་རེ་བ་སྐོང་བར་གྱུར་ཅིག །མགྲོན་ཚན་བཅུ་གཅིག་པ་ནི། རིལ་བུ་བརྒྱད་བཤམས་ལ། གཏོར་མ་རེ་ཞིང་སྐལ་པ་ཆད་པ། ཁ་ཞན་པ་དབང་ཆུང་བ། འབྱུང་པོ་གློ་བུར་དུ་ལྷགས་པ། ལྷག་མ་དང་ཤལ་ཆུ་ལ་དབང་བ་རྣམས་སྦྱིན་ནོ། །སོ་སོའི་མདུན་དུ་ཟད་མི་ཤེས་པའི་ཟས་སྐོམ་གྱིས་ཚིམ་པར་གྱུར་ཅིག །མཇུག་ཏུ་ཁ་ཟས་མི་ཐོབ་པའི་ཡི་དྭགས་རྣམས་ལ་ཆུ་སྦྱིན་པ་ནི། གོང་གི་གཏོར་ཆ་གཅིག་ཕྱིས་ཏེ་གཟན་གྱི་དྲི་ཙམ་ལ་ཡང་མེད་པར་བྱས། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པར་བསམ། ཨོཾ་ཨཱཿཧཱུཾ་གིས་ཆུ་བྱིན་གྱིས་བརླབ། ཕྱག་གཡས་པའི་སྟེང་གི་བུམ་པ་བདུད་རྩིས་ཡོངས་སུ་གང་བ་ནས་ཆུའི་རྒྱུན་མི་ཆད་པར་བྱིན་པས་ཁ་འབར་མ་དང་འཇུར་གེགས་ལ་སོགས་པའི་ཡི་དྭགས་ཀྱི་ཚོགས་(༢༡ན)


GLG011_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཚིམ་པར་བསམ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་མང་དུ་བརྗོད། མཐར་ཨོཾ་ཨཱཿཧཱུཾ་གིས་ཁ་ལ་མེ་འབར་མ་སོགས་ལ་ཆུ་སྦྱིན། ཡང་ཆུ་ཐིགས་རེ་ཕྱིར་འབོ་ཞིང་སེ་གོལ་གཏོགས་ཏེ། ཨོཾ་ཛཱ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿ སྭཱཧཱས་འཇུར་གེགས་ལ་བྱིན་ནས། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཆུའི་སྦྱིན་པ་འདི་ལ་བརྟེན་ནས་ཁ་འབར་མ་དང་འཇུར་གེགས་ལ་སོགས་ཏེ་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཀྱི་མདུན་དུ་ཟས་སྐོམ་ལོངས་སྤྱོད་ཀྱི་ཚོགས་ཆེན་པོས་ཚིམ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པར་གྱུར་ཅིག །ཅེས་བརྗོད། འཇིག་རྟེན་པའི་མགྲོན་རྣམས་ལ་རྟེན་འབྲེལ་སྙིང་པོ་དང་སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་ཀྱིས་ཆོས་སྦྱིན་པ་བྱ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ནས་གནོད་པ་མ་བྱེད་ཅིག་གི་བར་གཏོང་། ཡིག་བརྒྱ་བརྗོད། མ་འབྱོར་བ་དང་ཉམས་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། སརྦ་ལོ་ཀ་བྷཱུ་ཏ་གཙྪ་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམས། བདག་གི་བསམ་པའི་སྟོབས་དང་ནི། དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་བྱིན་པ་ཡིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །གཞན་ཡང་སྨོན་ལམ་ཤིས་བརྗོད་ཅི་རིགས་བྱའོ། །དེ་ཡང་མཁས་རློམ་འདྲའི་ངག་བགྲོས་སུ་མཉམ་མེད་ཇོ་བོ་ཆེན་པོ་ལུགས་ཀྱི་བརྒྱ་རྩ་ཡོད་པར་གྲགས་ཀྱང་། ཇོ་བོའི་གསུང་ངོ་མ་མི་སྣང་ཞིང་། དགེ་བའི་བཤེས་གཉེན་(༢༡བ)


GLG011_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཏོ་བ་ནས་བརྒྱུད་པའི་ཁ་འབར་མའི་ལུགས་ལ་མགྲོན་རྣམས་ཕྱོགས་ཙམ་འདྲ་ནའང་བརྒྱ་རྩའི་གསལ་ཁ་མེད། །སྤྱན་སྔ་བ་ལུགས་ཀྱི་བརྒྱ་རྩ་ནི་ཡུལ་ཡི་དྭགས་འབའ་ཞིག་ལ་བྱ་བར་གསུངས་པས་དེ་དག་གི་ཁུངས་མཆོད་པས་རྣ་ཐོས་འདྲ་ཞིང་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་ཆོས་སྤྱོད་རྣམ་མཁྱེན་དུ་བགྲོད་པའི་བདེ་ལམ་དུ། གཏོར་མ་བརྒྱ་རྩ་གཏོང་ཐབས་ནི་སྤྱིར་ཁ་འབར་མའི་གཟུངས་རྣམ་པ་གཉིས་ལ་བརྟེན་ནས་མཛད་ཅིང་གཟུངས་ནི། དཀོན་ཅོག་གསུམ་ལ་ལྷ་བཤོས་འབུལ་བ་ལ་གཟུངས་ཉི་ཤུ་རྩ་གཅིག །དྲང་སྲོང་ལ་གཏོར་མ་འབུལ་བ་དང་ཡི་དྭགས་ལ་གཟུངས་བདུན་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ་གཏོར་མ་སྦྱིན་པར་གསུངས་པ་མ་གཏོགས་པ། བརྒྱ་རྩ་སྟོང་རྩའི་གྲངས་ངེས་དང་མགྲོན་གྱི་རིམ་པའི་གསལ་ཁ་གསུངས་པ་མེད་ཅིང་བོད་རྣམས་ཀྱིས་གྲངས་ངེས་དང་མགྲོན་གྱི་རིམ་པའི་རྣམ་གཞག་མི་འདྲ་བ་མང་དུ་མཛད་ནའང་ཞེས་པའི་ཚིག་ལ་དཔགས་ན་ཡང་ཇོ་བོ་ཆེན་པོ་རྒྱ་གར་གྱི་པཎྜི་ཏ་ཡིན་པས་དོན་གྱིས་ཁེགས་པར་སྣང་མོད། རྒྱ་གར་དུ་སྲོལ་ཇི་ལྟར་ཡང་བྱང་སེམས་ཟླ་བ་རྒྱལ་མཚན་ཐུགས་རྗེ་ཆེན་པོས་དངོས་སུ་རྗེས་སུ་བཟུང་བས་འཕགས་པའི་གསུང་བཞིན་བླ་མ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲངས་ཏེ་རྗེ་བཙུན་ཆེན་པོས་མཛད་པས་སོམ་ཉིའི་ཡུལ་མིན་ནོ། །བརྒྱ་རྩའི་འགོར་ཛམ་བྷ་ལ་དབང་བར་དོ་སོགས་ཀྱི་ཆུ་སྦྱིན་སྦྱར་བ་འགལ་བ་མེད་ཀྱང་མེད་དུ་མི་རུང་བའི་ཡན་ལག་མིན་པས་ཟོར་ཡངས་པའི་ཆེད་དུ་མ་བཀོད་ཅིང་རང་གཞན་གྱི་བླ་མ་མང་པོའི་ཡིག་ཆར་མགྲོན་ཚན་ལ་བར་དོ་བསྣན་པའི་བཅུ་གཉིས་སུ་མཛད་པ་ཕན་ཡོན་ལས་འགལ་བ་ཆེར་མི་སྣང་མོད། འོན་ཀྱང་རྗེ་བཙུན་ཆེན་པོས་མཛད་པའི་ཡིག་ཆ་ལ་བརྒྱ་རྩ་བརྒྱད་དུ་གསུངས་པ་དང་(༢༢ན)
རང་ཚིག་དངོས་སུ་འགལ་བས་ཧ་ཅང་གུ་ཡངས་དང་འཐོལ་དུ་འགྲོ་བར་སེམས་སོ། །དེ་ལྟར་བྱ་སླ་དོན་ཆེ་འདི་དང་ཕྱིའི། །མ་སྨད་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །རིས་མེད་ཀུན་ལ་མཆོད་སྦྱིན་མུ་ཐི་ལའི། །འཁྲི་ཤིང་འཛད་པ་མེད་པ་ནམ་མཁའ་མཛོད། །ཚུལ་འདི་འཆི་མེད་འོད་གསལ་འཁོན་གྱི་རིགས། །འཇམ་མགོན་གོས་དཀར་ཟོལ་གྱིས་རྡོ་རྗེ་འཛིན། །རྗེ་བཙུན་ཆེན་པོ་གསུང་རབ་པི་ཝང་རྒྱུད། །འཁྲུལ་མེད་སོར་རྩེས་བསྐུལ་བའི་སྒྲ་དབྱངས་སྙན། །མཐའ་ཡས་བསོད་ནམས་ཕུང་པོར་བརྩེགས་པའི་རྡུལ། །བྱེ་བ་ཕྲག་བརྒྱའི་གྲངས་ཀྱིས་གཞལ་མིན་པ། །ཡིད་ཅན་མ་ལུས་ཐར་པའི་ཐེམ་སྐས་ལ། ཁྲིད་ནས་རྣམ་མཁྱེན་ཐོབ་པའི་རྒྱུ་རུ་བསྔོ། །དེ་ཡང་སྔོན་ཆད་བརྒྱ་རྩའི་ཆོག་སྒྲིགས་བཀོད་པ་ལེ་ཚན་གཞན་ངོ་མ་བཟློག་པར་དཔེ་ཧྲུལ་དང་ངག་རྒྱུན་འདྲ་ལ་ཡིད་བརྟན་དུ་བཟུང་བ་མུན་པའི་མདའ་འཕེན་དུ་མཐོང་ནས་བློ་ཁ་མ་ཁེངས་པར་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་གསུང་གི་བདུད་རྩི་མྱངས་པས་རིགས་མི་འདྲ་བའི་ཕྱི་གཏོར་གྱི་རྣམ་གཞག་མང་པོ་ཁོང་དུ་ཆུད་པར་བྱས་ཏེ་འབྲི་འདུན་རིམ་གྱིས་ལུས་པ། ཉེ་ཆར་གཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལིའི་འཁྲི་ཤིང་ཞེས་པ་འདི་ནི་དོན་གཉེར་ཅན་མང་པོས་ཡང་བསྐུལ་ཞིང་། ཁྱད་པར་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དོན་གཉེར་ཆེན་པོས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བཎྡྷེས་ལྕགས་ཕག་ཧོར་ཟླ་བཅུ་གཉིས་པའི་དམར་ཆའི་བཟང་པོ་གསུམ་པར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པའོ། །


previousགཏོར་མ་བརྒྱ་རྩའི་རིམ་པ་མུ་ཐི་ལའི་འཁྲི་ཤིང་།next