Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་མ་བརྒྱ་རྩ་ཕན་བདེའི་སྒོ་འབྱེད།
   
   
   
   
   
   
   
   


 
previousགཏོར་མ་བརྒྱ་རྩ་ཕན་བདེའི་སྒོ་འབྱེད།next

གཏོར་མ་བརྒྱ་རྩ་ཕན་བདེའི་སྒོ་འབྱེད།


GLG011_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་པདྨས་རྗེས་བཟུང་ཟླ་རྒྱལ་གྱི། །ཞལ་ལུང་འཇམ་མགོན་གྲགས་པ་རྒྱལ་མཚན་ཞབས། གསུང་བཅུད་སྙིང་པོ་འཁྱེར་བདེར་རབ་དྲིལ་ནས། །བརྒྱ་རྩའི་ལག་ལེན་ཉུང་ངུ་རྣམ་གསལ་འབྲི། །དེ་ལ་(༢༢བ)


GLG011_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་བྱུང་བ་ལྟར་ཟན་སུམ་མཚན་གསུམ་དང་ཉིས་ཚན་གཅིག་ཏུ་བཅད་པའི་དང་པོ་བཅུ་ལ་རིལ་བུ་བཅུ་རེ་དང་ཕྱི་མ་ལ་བརྒྱད་བྱས་པ། འབྱོར་ན་དཀར་གསུམ་མངར་གསུམ་བཟང་སྨན་སྣ་ཚོགས་རིན་པོ་ཆེ་བསྲེ། ཆུ་བུམ་ཏིང་ཤགས་གྱིས་མཚོན་པ་འདུ་བགྱིས། ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། གཏོར་ཆ་བཀྲམ་པ་ཆུས་འགེང་ཞིང་གྲུབ་ན་ཞལ་ཟས་ཤིག་བཤམ། སྟན་བདེ་བར་འཁོད་ནས་སྐྱབས་སེམས་ནི་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བརྗོད། ཚད་མེད་བཞི་བསྒོམ། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པར་བསམ། མཆོད་པ་ནི། ཕྱག་རྒྱ་དང་བཅས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཛཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། སྭབྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། །ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་བསམ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པདྱཾཨཱཿཧཱུཾ། ཨོཾ་བཛྲ་པཥྤེ་ཨཱཿཧཱུཾ་ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ་གི་བར་དང་། ཨོཾ་བཛྲ་དྷརྨཱ་པ་ཎི་ཏ་སོགས་བརྗོད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཆོད་པ་དང་སྦྱིན་པའི་ཡུལ་དུ་གྱུར་པ་ཐམས་ཅད་བཛྲ་ས་མ་ཛཿས་ཕྱག་རྒྱ་དང་བཅས་སྤྱན་དྲངས་། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དབུལ། (༢༣ན)


GLG011_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། ཕྱག་བྱ། མགྲོན་ཚན་དང་པོ་ནི། གཏོར་ཆ་ལྔའི་ཆུ་རྣམས་བཤམས་ནས། ཟན་གཉིས་གཉིས་བླུག་པར་ཆབ་སྦྲན་པ་འོག་མ་བཅུ་ལ་འགྲེ། གཏོར་མ་བརླབ་པ་ནི་ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་འདོད་ཡོན་ལྔ་ལྡན་གྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ན་མཿ སརྦ་ཏ་ཐཱ་ག་ཏ་སརྦ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། རྒྱ་ཆེན་སྔགས་འདི་གསུམ་བདུན་ཉེར་གཅིག་གང་རུང་དང་གཏོར་བརླབ་འོག་མ་རྣམས་ལ་སྦྱར་ཞིང་ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད་པ་མགྲོན་རིགས་དྲུག་ལ་འགྲེ། འཇུག་པ་བདེ་བར་འདོད་ན་མ་བྱས་ཀྱང་ཆོག །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སློབ་མར་བཅས་པ་རྣམས་ལ་འབུལ་ལོ། །བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་གྱི་དངོས་གྲུབ་སྩལ་དུ་གསོལ། །གཉིས་པ་ནི། མཁའ་འགྲོ་སྡེ་ལྔ། ནང་གི་དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ། ཕྱིའི་མགོན་པོ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ། གཙུག་ལག་ཁང་དང་དགོན་གནས་སྐྱོང་བར་བྱེད་པའི་ལྷ་ཀླུ་འབྱུང་པོའི་ཚོགས་ལ་འབུལ་ལོ། །བསྟན་འགྲོའི་ཕན་བདེ་དང་བདག་སོགས་འཁོར་བཅས་ལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། གསུམ་པ་ནི། ལྷན་ཅིག་སྐྱེས་པའི་ལྷ་དང་ནོར་ལྷ་སོགས་བདག་ཅག་འཁོར་བཅས་སྲུང་སྐྱོབ་མཛད་པ་རྣམས་ལ་འབུལ་ལོ། །ནད་དང་དབུལ་ཕོངས་ཀྱི་འཇིགས་པ་མེད་པ་དང་ཚེ་དཔལ་རྒྱས་པ་མཛད་དུ་གསོལ། བཞི་པ་ནི། ལྷན་ཅིག་སྐྱེས་པའི་ལྷ་དང་གནོད་སྦྱིན་ནོར་ལྷ་སོགས་སྲུང་སྐྱོབ་མཛད་པ་པོ་རྣམས་ལ་འབུལ་ལོ། །ནད་གདོན་དབུལ་ཕོངས་ཞི་བ་དང་ཚེ་དཔལ་འབྱོར་བ་རྒྱས་པའི་འཕྲིན་ལས་མཛོད་ཅིག །ལྔ་པ་ནི། འཛམ་(༢༣བ)


GLG011_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གླིང་གཞིའི་བདག་པོ་རྣམས་དང་ཁྱད་པར་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས། སྒོས་དབུས་གཙང་རུ་བཞི། བྱེ་བྲག་ཡུལ་ཕྱོགས་འདི་ཉིད་དུ་གཉུག་མར་གནས་པའི་སྡེ་བརྒྱད་མཐུ་བོ་ཆེ་རྣམས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ་ནད་རིམས་དབུལ་ཕོངས་འཐབ་རྩོད་ཞི་བའི་འཕྲིན་ལས་མཛོད་ཅིག །དྲུག་པ་ནི། གནོད་སྦྱིན་གྱི་སྡེ་དཔོན་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སེམས་ཅན་གྱི་སྲོག་དང་གཟི་མདངས་འཕྲོག་པ་སོགས་གནོད་འཚེའི་བསམ་པ་ཞི་ཞིང་ཁྱད་པར་བདག་ཅག་འཁོར་བཅས་ཀྱི་འགལ་རྐྱེན་ཞི་བ་དང་མཐུན་རྐྱེན་བསམ་དོན་སྒྲུབ་པར་མཛད་དུ་གསོལ། བདུན་པ་ནི། གོང་གི་བྱིན་རླབས་ཀྱིས་བདུད་རྩིར་བསྒྱུར་བ་མ་ཟད་མཁོ་དགུའི་ཡོ་བྱད་དུ་མོས་ནས་རྒྱ་ཆེན་གྱི་སྔགས་ཀྱིས་ཀྱང་གང་འདོད་ཀྱི་ལོངས་སྤྱོད་ཐོབ་པར་བསམ་ཞིང་། དེ་བཞིན་གཤེགས་པ་རིན་ཅེན་མང་ལ་ཕྱག་འཚལ་ལོ། །སྐུ་འཇམ་ཀླས་ལ་༝། གཟུགས་མཛེས་དམ་པ་ལ་༝། འཇིགས་པ་ཐམས་ཅད་དང་བྲལ་བ་ལ་༝། ཞེས་པ་འདི་མན་ལ་སྦྱོར། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་རིམས་ཀྱི་བདག་མོ་སོགས་གནོད་བྱེད་གདོན་བགེགས་ཀྱི་ཚོགས་ལ་སྦྱིན་ནོ། །བདག་སོགས་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བའི་བསམ་པ་སྤོངས་ལ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བརྒྱད་པ་ནི། རིགས་དྲུག་གི་སེམས་ཅན་རྣམས་ལ་སྦྱིན་ནོ། །དེས་ཚིམ་སྟེ་རིགས་དྲུག་སོ་སོའི་བུ་ལོན་ལན་ཆགས་འཁོར་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དགུ་པ་ནི། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མས་གཙོ་བྱས་ཕྱི་ནང་ཟས་(༢༤ན)


GLG011_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་མེ་ལྕེའི་སྒྲིབ་པ་ཅན་སོགས་ཡི་དྭགས་ཐམས་ཅད་ལ་སྦྱིན་ནོ། །ཟས་སྐོམ་བདུད་རྩིའི་ཆར་ཆེན་པོ་བབས་པས་ཚིམ་ནས་སེར་སྣའི་སྒྲིབ་པ་དང་བྲལ་ཏེ་མྱུར་དུ་སངས་རྒྱས་ཐོབ་པར་གྱུར་ཅིག །བཅུ་པ་ནི། བདག་ཅག་འཁོར་བཅས་ལ་ཚེ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་མགྲོན་ལན་ཆགས་བུ་ལོན་མ་འཁོར་བ། ཚེ་འདིར་ཡང་ཕོག་ཐུག་བྱུང་བ་སོགས་གདོན་ངོས་མ་ཟིན་པ་རྣམས་ལ་སྦྱིན་ནོ། །གཏོར་མ་འདིས་ལན་ཆགས་ཤ་འཁོན་བྱང་། གདུག་རྩུབ་ཞི་ནས་རེ་བ་སྐོང་བར་གྱུར་ཅིག །བཤལ་ཆུས་བཏང་བ་སྣོད་ཅིག་ཏུ་དྲལ་ལྷག་མ་བཞིར་རིལ་བུ་བརྒྱད་བཤམས་ལ། གཏོར་མར་རེ་བ་གཞན་དབང་ཆུང་སྐལ་བ་ཆད་པ། གློ་བུར་ལྷགས་པ། ལྷག་མ་དང་བཤལ་ཆུར་དབང་བ་རྣམས་ལ་སྦྱིན་ནོ། །སོ་སོའི་མདུན་དུ་ཟད་མི་ཤེས་པའི་ཟས་སྐོམ་གྱིས་ཚིམ་པར་གྱུར་ཅིག །འདིར་ཁ་ཟས་མི་ཐོབ་པའི་ཡི་དྭགས་རྣམས་ལ་ཆུ་སྦྱིན་པ་ནི། །གཏོར་ཆ་གཅིག་ཕྱིས་ཏེ། ཟན་གྱི་དྲི་ཙམ་ཡང་མེད་པར་བྱས། ཆུ་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། སྤྱན་རས་གཟིགས་ཀྱི་ཕྱག་གཡས་ཀྱི་བུམ་པ་བདུད་རྩིས་ཡོངས་སུ་གང་བ་ནས་ཆུའི་རྒྱུན་མ་ཆད་པར་བྱིན་པས་ཁ་འབར་མ་ལ་སོགས་པའི་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཚིམ་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། མང་དུ་བརྗོད། ཨོཾ་ཨཱཿཧྲཱིཿཧཱུཾ་གིས་ཁ་ལ་མེ་འབར་མ་སོགས་ལ་ཆུ་སྦྱིན། ཆུ་ཐིགས་ཤིག་ཕྱིར་འབོ་ཞིང་སེ་གོལ་གཏོགས་ཏེ། ཨོཾ་ཛཱ་ལ་མི་དཱཾ་སརྦ་པྲེ་ཏེ་བྷྱཿསྭཱཧཱས་འཇུར་གེགས་ལ་བྱིན་ནས། འཕགས་པ་སྤྱན་རས་གཟིཊ་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཆུའི་སྦྱིན་པ་འདི་ལ་བརྟེན་ནས་ཁ་འབར་མ་དང་འཇུར་གེགས་ལ་སོགས་ཏེ་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཀྱི་མདུན་དུ་ཟས་སྐོམ་ལོངས་སྤྱོད་ཀྱི་ཚོགས་(༢༤བ)


GLG011_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཚིམ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པར་གྱུར་ཅིག །འཇིག་རྟེན་པའི་མགྲོན་རྣམས་ལ་རྟེན་འབྲེལ་སྙིང་པོ་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཆོས་སྦྱིན་བྱ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། མཚོན་ཆས་མི་འཇིགས་གང་ཡང་མེད། འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། འཚོ་བའི་ཟས་ལ་ཀུན་ཀྱང་འདུ། རང་གི་ལུས་ལ་དཔེ་ལོངས་ལ། གཞན་ལ་གནོད་པར་མ་བྱེད་ཅིག་གི་བར་དང་། ཡིག་བརྒྱ་བརྗོད། མ་འབྱོར་བ་དང་ཉམས་པ་དང་། །སོགས་ཀྱིས་ནོངས་པ་བཟོད་པར་གསོལ། །མཐེབ་སྲིན་གྱིས་སེ་གོལ་དང་བཅས་བཛྲ་མུཿས་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སརྦ་ལོཀ་བྷཱུ་ཏ་གཙྪ་ཞེས་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་སྦྱིན་པ་ཡིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་དང་། བསྔོ་བ་སྨོན་ལམ་ཤིས་བརྗོད་ཅི་རིགས་བྱའོ། དེ་ལྟར་གཏན་པ་མེད་པའི་མཆོད་སྦྱིན་གྱིས། །མི་མཐུན་ཉེས་བརྒྱ་ཞི་ཞིང་ཚེ་དཔལ་རྒྱས། །ཡང་སྲིད་རིམ་པར་མངོན་མཐོ་ངེས་ལེགས་ལམ། བརྒྱུད་ནས་བྱང་ཆུབ་ཐོབ་བྱེད་འདི་ཀོ་མཚར། །གཏོར་མ་བརྒྱ་རྩ་ཕན་བདེའི་སྒོ་འབྱེད་ཅེས་པ་འདི་ནི་སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་ཉམས་ལེན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།ཤིང་རྟ་ལོར་༧ལྔ་པའི་གསུང་པར་ཉམས་གསོས་སྐབས་གསར་བརྐོས།། །།


previousགཏོར་མ་བརྒྱ་རྩ་ཕན་བདེའི་སྒོ་འབྱེད།next