Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ།
   
   
   
   
   


 
previousབསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ།next

བསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ།


GLG011_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ་བཞུགས་སོ། །(༡ན)


GLG011_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་ཆུང་དགེ་བ་བསྒྲུབ་བློའི་ཤེལ་གྱི་ངོས། །རང་བཟོ་འབོད་སྒྲོག་གཟུགས་བརྙན་སྟོང་འཆར་ཡང་། །དངོས་དང་འདྲ་མིན་མ་འདྲེས་འབྱེད་པའི་གཏམ། །གསོང་པོར་སྨྲ་ལ་དཔྱོད་ལྡན་རྣ་བ་ལྷོགས། དེའང་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པར་ཡི་དྭགས་ལ་ཟན་སྤོས། འབྲུ་སྣ་ཚོགས་དང་བཅས་པས་བསྟན་ནས་རང་ཉིད་བཟའ་བཏུང་གང་ཡང་མ་སྤྱད་པའི་སྔོན་རོལ་ཆུ་སྦྱིན་བྱེད་པ་རྒྱ་བོད་ཀྱི་མཁས་གྲུབ་ཀུན་ལ་ཡོངས་སུ་གྲགས་ཤིང་རྗེ་བཙུན་གོང་མ་རྣམས་ཀྱིས་དཀར་ཆ་བཞིའི་ཁྲོད་ཀྱི་ཕྱག་ལེན་དུ་མཛད་པས་གྲགས་ཆེ། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་སོགས་ཚད་ལྡན་མང་པོས་ཡིག་ཆར་བཀོད་ནའང་འདི་ཉིད་བཟའ་བཏུང་གི་སྔ་རོལ་སོགས་དུས་ལ་བརྟོན་དཀའ་གནས་སུ་གྱུར་པས་ཕན་ཡོན་ལ་མ་བསམས་པར་བྱེད་མཁན་ཉུང་། དུས་ནམ་བྱུང་ལ་བན་ནམ་ཁམ་གྱི་སྐར་མ་ལྟར་བྱས་པ་རྒྱུ་མཚན་དུ་བྱས་ཏེ་མཆོག་དམན་མཐའ་དག་ལ་དར་བས་ཡིག་ཆ་ཡང་སྣ་ཚོགས་པ་ཤིག་སྣང་ཞིང་། ཚ་གསུར་ཆུ་གསུར་ཞེས་ངག་སྒྲོས་ཡི་གེར་བཀོད་པ་མང་ནའང་ཆུ་སྦྱིན་གྱི་སྔགས་ཀྱི་ཐོག་མར་སུ་རཱུ་པ་ཞེས་བྱུང་བ་རཱུ་པ་ནི་གཟུགས་ཀྱི་སྐད་དོད་ཡིན་ལ། དེའི་སྔོན་དུ་ཉེར་བསྒྱུར་ཉི་ཤུའི་ནང་གཾ་སུ་བཞག་པས་(༡བ)


GLG011_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ་མཛེས་པ་ལེགས་པ་སོགས་མང་པོ་ལ་འཇུག་རུང་། འདིར་དེ་བཞིན་གཤེགས་པ་གཟུགས་མཛེས་ཀྱི་མཚན་དུ་བསྒྱུར་ཞིང་སྔགས་ལ་བརྟེན་ནས་སུ་རཱུ་པ་ཞེས་བཏགས་པ་མ་གཏོགས་ཚ་གསུར་གྱི་རང་སྙོམ་དེ་འདྲ་ནི་ནམ་ཡང་མ་ཡིན་ཏེ། ཆུ་ལ་བསུར་མི་ཡོང་བ་གླང་རྫི་རྒན་པོ་ཞིག་གིས་ཀྱང་ཤེས་སོ། །མེ་ལ་རྫས་བཏབ་པའི་གསུར་འདི་བསྟན་པ་ཕྱི་དར་གྱི་མདོ་རྒྱུད་མན་ངག་ཏུ་གསལ་བ་ཡོད་མེད་རང་གི་བརྟགས་ཤིང་མང་དུ་ཐོས་པའི་རིགས་དུ་མར་དྲིས་ཀྱང་ཁུངས་རྙེད་པ་མེད་པ་འདྲ། གསང་སྔགས་རྙིང་མའི་ཕྱོགས་ལ་ཡོད་དོ་ཞེས་ཐམས་ཅད་མགྲིན་པ་བཏེག་ནས་སྨྲ་ནའང་། རྙིང་མ་རྒྱུད་འབུམ་དུ་ངོ་སྤྲོད་པ་མ་བྱུང་། བླ་མ་དགོངས་འདུས་སུ་ཡོད་ཟེར་ཡང་གླེགས་བམ་དང་ཐོབ་ཡིག་བསྡུར་ནས་བཙལ་ཀྱང་མ་རྙེད་གཏེར་ཁ་གོང་འོག་གི་ཡིན་ཟེར་བའི་དཔེ་འཁྱར་འདྲ་མཐོང་ཡང་གཏེར་གཞུང་ཚད་མ་ཡིད་ཆེས་ཀྱི་ཡི་གེར་མི་འདུག་ཅིང་ཁོ་བོས་གཏེར་ཁ་དེ་གཉིས་གཙོ་བོ་གྱུར་པའི་གཏེར་སྟོན་བརྒྱད་ཅུར་ཉེ་བའི་ཆོས་ཁ་ནོས་རུང་དེ་ཁྲོད་དུ་ཡེ་མ་བྱུང་བས་སྔགས་རྙིང་མའི་ལུགས་ལ་ཡོད་ཅེས་མགྲིན་པ་བཏེག་ནས་སྨྲ་བར་མ་ནུས་མོད། འོན་ཀྱང་འདི་ལ་ཕན་ཡོན་ཅུང་ཟད་འབྱུང་སྟེ། མཆོད་ཡུལ་གོང་མ་རྣམས་ལ་ཉེར་སྤྱོད་ཀྱི་ནང་གི་བདུག་སྤོས་ཕུལ་བ་དང་ཕྱོགས་(༢ན)


GLG011_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། ཡུལ་ལྷ་གཞིས་བདག་སོགས་ལྷ་འདྲེའི་རིགས་ལྷ་བསངས་བཏང་བ་དང་དབྱིབས་འདྲ། དྲི་ཟའི་སེམས་ཅན་ལ་ཟས་གོས་བྱིན་པའི་ཕན་ཡོན་ཡོང་བར་སྣང་། བར་དོའི་སེམས་ཅན་ལ་སྟེར་བ་དེང་སང་གཏོར་མ་མཁན་པོ་མང་པོས་ཀྱང་བར་དོའི་མགྲོན་ཚན་ལོགས་སུ་མཛད་པ་བྱུང་ཞིང་། གཤིན་པོ་རྗེས་འཛིན་གྱི་ཆོ་ག་གསར་རྙིང་ཕལ་ཆེར་ལ་ཟས་གཏད་མཛད་པས་དེ་དག་གིས་དགོངས་པའི་རྗེས་སུ་འབྲངས་ནས་ཁོ་བོས་མུ་ཐི་ལའི་འཁྲི་ཤིང་དུ་བར་དོའི་མགྲོན་ཚན་ལ་ཕན་ཡོན་ཡོང་ནའང་བརྒྱ་རྩའི་རང་ཚིག་དང་འགལ་ཞེས་སྨྲས་པ་ཡིན་ལ་དཔྱད་བཟོད་པ་རང་ཞིག་བྱེད་ན་རྒྱལ་བ་ལ་གདམས་པའི་མདོར། བར་དོ་བ་ལ་ཟས་སྐོམ་ཅི་བསྔོས་ཀྱང་མི་ཐོབ་པར་གསུངས་ཤིང་ཁུངས་དེ་ལ་བརྟེན་ནས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་མི་བཞེད་ཅིང་དོན་ལའང་གནས་པར་སེམས། གཏེར་མ་ཡིན་ཟེར་བ་ཞིག་ན་ཨོཾ་སུ་ར་ཕུག་ཟེར་བའི་སྔགས་དང་སློབ་དཔོན་ཀླུ་སྒྲུབ་ལ་ཁ་གཡར་ཞག་ཏུ་ཨ་ས་པྲ་ཏི་སུ་ར་ཕུག་པ་ཟེར་བ་འདུག་པའང་མི་ཤེས་པ་ཞིག་གིས་བཟོས་པའི་རྫུས་མ་འདྲ་ལ། དྲི་སྤོས་ཀྱི་མཆོད་པ་ཕུལ་རྗེས་མཆོག་མཐུན་གྱི་དངོས་གྲུབ་རྩོལ་ཞེས་གསོལ་བ་བཏབ་པ་ལ་ནི་སྐྱོན་ཅི་ཡོད། ཡེ་ཤེས་མེའི་དཀྱིལ་འཁོར་དང་འཕྲིན་ལས་བཞིའི་སྔགས་བརྗོད་པ་སོགས་ཀྱང་སྦྱིན་སྲེག་ལ་གཞོགས་དྲུད་བུས་ཆས་པ་འདྲ། ཕྱིས་ཀྱི་ཡིག་ཆ་ལ་ལར་གནྡྷེའི་སྔགས་སྦྱར་བའང་སྔགས་དེས་ཐུགས་ཀར་དྲི་འབུལ་བ་ཡིན་གྱི་ཤངས་ལ་བདུག་སྤོས་འབུལ་བ་ནི་མ་ཡིན་ནོ། །ཡང་ཨོཾ་ཨཱཿཧཱུཾ་ཁོ་ནས་སྔགས་བཅད་པའང་མཐོང་བས་ཡིད་བརྟན་དུ་རུང་བའི་ཡི་གེ་ལག་ཏུ་མ་སོན་མོད། འོན་ཀྱང་དོན་གཉེར་ཅན་རྣམས་ཀྱི་ངོར་རེ་ཞིག་བླ་ཆེན་སྤྱིའི་མཛད་པ་ལྟར་ཁྱི་ཆུ་བརྒལ་གྱི་ཚོད་དུ་བཀོད་པའོ། །དཀར་གསུམ་མངར་གསུམ་ཕྱེ་དང་བསྲེས་པ་ལ་དཀོན་མཆོག་ལ་དབུལ་དུ་མི་རུང་བ་དང་ལྷ་འདྲེ་ལ་འཕོག་ཐུག་ཡོང་བ་མ་ཡིན་པའི་སྨན་(༢བ)


GLG011_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ཤིང་སྣ་སོགས་གང་རྙེད་བསྲེས་པའི་རྫས་དང་མེ་སྣོད་བཅས་མངོན་པར་འདུ་བྱས། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྐྱབས་སེམས་སྔོན་དུ་བཏང་རང་ཉིད་སྐད་ཅིག་གིས་པད་ཟླའི་གདན་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུར་བསམ། མདུན་གྱི་རྫས་རྣམས་ལ་དམིགས་ཏེ་སྭ་བྷཱ་ཝས་རིན་པོ་ཆེའི་སྣོད་སྦྱངས། སྟོང་པའི་ངང་ལས་ཨོཾ་རིན་པོ་ཆེའི་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གསུར་རྫས་རྣམས་དཀོན་ཅོག་གསུམ་མཉེས་པར་བྱེད་པའི་བདུག་སྤོས། ཡུལ་ལྷ་གཞིས་བདག་སྡེ་བརྒྱད་རྣམས་ཀྱི་མ་དག་པ་སེལ་བའི་བསངས་རྫས། དྲི་ཟས་སུ་ཟ་བའི་མགྲོན་རྣམས་ཀྱི་དབང་པོ་རྣམས་ཚིམ་པར་བྱེད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ཅིག །ཨོཾ་ཨཱཿཧཱུཾ་ཞེས་བྱིན་གྱིས་བརླབས། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མཆོད་ཡུལ་དང་སྦྱིན་ཡུལ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དབུལ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། རང་རྒྱལ་ཉན་ཐོས་ཆོས་སྐྱོང་སྲུང་མ་ལ། །ལྷ་རྫས་དམ་པའི་བདུག་སྤོས་མཆོད་པར་འབུལ། བཞེས་ནས་མཆོག་མཐུན་དངོས་གྲུབ་རྩལ་དུ་གསོལ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཤྲི་ཝ་ཀ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་དང་། ཁྱད་པར་གཞི་བདག་ཡུལ་ལྷར་བཅས་རྣམས་ལ། །བསངས་མཆོད་འབུལ་གྱི་ཉེས་ཚོགས་ཀུན་བྱང་ཞིང་། །འཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛོད། ཨོཾ་ཤུ་ནྱཱ་ཏ་བི་ཤུདྡྷ་ཧཱུཾ། དྲི་ཟའི་ཚོགས་ལ་འདོད་པའི་ཡོན་ཏན་ལྔ། །འབུལ་གྱིས་དབང་པོ་ཐམས་ཅད་རབ་ཚིམས་ཏེ། །བཀྲེས་སྐོམ་སྡུག་བསྔལ་ཀུན་ལས་རྣམ་གྲོལ་ནས། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་བཞིན་གཤེགས་པ་(༣ན)


GLG011_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་མཚན་བརྗོད་རྗེས། ན་མ་སྶརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། རྒྱ་ཆེན་གྱི་སྔགས་ཀྱིས་བསྔོ། །ཆོས་ཀྱི་སྦྱིན་པའང་བྱ། བཛྲ་མུཿས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས། སྨོན་ལམ་ཅི་རིགས་པ་བྱའོ། །མཁས་རྣམས་དགའ་བའི་བཤད་ཁུངས་མི་ལྡན་ཡང་། །ཛ་གཅོག་གཞན་གྱིས་འཕྱ་བའི་གནས་མིན་ཙམ། །བཀོད་འདིས་འགྲོ་རྣམས་དབུལ་ཕོངས་ལས་ཐར་ནས། །འདི་དང་གཏན་གྱི་བདེ་ལ་ལོངས་སྤྱོད་ཤོག །སྔར་གོང་དུ་འགྲོ་སྐབས་བསམ་དར་ནས་ཀྱིས་རྙིང་ལུགས་ཡིན་ཟེར་བའི་དཔེ་ཞིག་གཏད་བྱུང་བར་དེ་དོན་བཞིན་ཟིན་བྲིས་བྱས་ཀྱང་རྗེས་སུ་རྙིང་མ་བཀའ་གཏེར་གྱི་གཞུང་རྣམས་ལ་དཔྱད་ཚེ་ཡིད་བརྟན་དུ་མ་གྱུར་པས་བཏང་སྙོམས་སུ་བཞག་པ་ལས་གསུར་བསྔོ་ཞིག་དགོས་ཚུལ་དབུ་མཛད་བློ་བཟང་ཡོན་ཏན་དང་། བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་དང་། རི་ཁྲོད་པ་བློ་བཟང་ཆོས་འཕེལ་གསུམ་གྱིས་བསྐུལ་བ་ལ་བརྟེན་རྩོམ་འདུན་ཡོད་པའི་ཐོག་དཔལ་འཁོར་བདེ་བ་ཆེན་པོའི་ཞི་གནས་སློབ་དཔོན་བྲག་ཕྱི་སྐུ་སྐྱེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །སྭ་སྟི། དྲི་ཞིམ་བདུག་སྤོས་སྤྲིན་ཚོགས་ལྟར་སྤྲོས་ནས། །ཡར་གནས་མཆོད་ཅིང་མ་དག་ཉེས་ཀུན་བསངས། །དྲི་ཟ་དགའ་བར་བྱེད་པའི་མཆོད་སྦྱིན་གྱི། །ལག་ལེན་ངག་འདོན་ཉུང་ངུའི་ཚུལ་དུ་སྤེལ། །དེའང་དེ་བཞིན་གཤེགས་པ་གཟུགས་མཛེས་ཀྱི་མཚན་སྔགས་ལ་གྲས་ནས་མིང་དེར་བཏགས་པའི་ཟས་སྣ་ཚོགས་དང་ཆུ་ལ་བརྟེན་པའི་ཆུ་སྦྱིན་མདོའི་ཁུངས་དང་འབྲེལ་བར་རྗེ་བཙུན་ས་སྐྱ་བའི་ཕྱག་བཞེས་དཀར་ཆ་བཞིའི་ནང་དུ་ཡོད་ལ། མེ་ལ་རྫས་བཏབ་པའི་གསུར་སྔགས་གསར་རྙིང་དང་མདོ་ཕྱོགས་གང་ནས་(༣བ)


GLG011_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཤད་པ་མ་མཐོང་བར་མ་ཟད། བར་དོ་ལ་བསྔོ་བ་དོན་ལ་མི་གནས་པར་ཐམས་ཅད་མཁྱེན་པ་བུ་སོགས་བཞེད་ཅིང་དཀོན་ཅོག་མཆོད་པ་འདྲེ་བསང་བ་དྲི་ཟ་ལ་སྦྱིན་པའི་ཕན་ཡོན་འབྱུང་བའི་ཕྱིར་ལག་ལེན་དུ་བཀོད་པར་དཀོན་ཅོག་ལ་དབུལ་དུ་མི་རུང་བ་དང་ལྷ་འདྲེར་འཕོག་ཐུག་མི་ཡོང་བའི་རྫས་དཀར་གསུམ་མངར་གསུམ་ཕྱེ་དང་ཤིང་སྣ་སྨན་སྤོས་སོགས་ཚོགས་ཚད་དང་བསྲེས་པ་མེ་སྣོད་བཅས་པ་འདུ་བགྱིས། སངས་རྒྱས་ཆོས་ཚོགས་སམ་སྐྱབས་སེམས་བྱ། རང་ཉིད་གཏོར་མ་བརྒྱ་རྩའི་སྐབས་ཀྱི་ཐུགས་རྗེ་ཆེན་པོ་ལྷར་བསྐྱེད། སྭ་བྷ་ཝས་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གསུར་རྫས་རྣམས་དཀོན་ཅོག་གསུམ་མཉེས་པར་བྱེད་པའི་བདུག་སྤོས། ཡུལ་ལྷ་གཞི་བདག་སྡེ་བརྒྱད་ཚོགས་ཀྱི་མ་དག་པ་སེལ་བའི་བསངས། དྲི་ཟས་སུ་ཟ་བའི་མགྲོན་རྣམས་ཀྱི་དབང་པོ་ཚིམ་པར་བྱེད་པའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བསམ། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བརླབ། ཐུགས་ཀ་ནས་འོད་ཟེར་འཕྲོས། མཆོད་ཡུལ་དང་སྦྱིན་ཡུལ་ཐམས་ཅད་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་དབུལ། བླ་མ་རྒྱལ་སྲས་ཉན་རང་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་ལ། །དྲི་ཞིམ་བདུག་སྤོས་མཆོད་པ་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་རྩོལ། ཨོཾ་བཛྲ་དྷྲཱུ་པཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾཾ། ལྷ་སྲིན་སྡེ་བརྒྱད་འགོ་བའི་ལྷ། །ཡུལ་ལྷ་གཞི་བདག་མ་ལུས་པ། །ཉེས་ཚོགས་དྲི་ཞིམ་བདུག་པས་བསངས། །འཕྲིན་ལས་ཐམས་ཅད་སྒྲུབ་པར་མཛོད། །ཨོཾ་ཤཱུནྱ་ཏཱ་བི་ཤུདྡྷེ་ཧཱུཾ། དངར་བའི་ངད་ལྡང་གསུར་གྱི་དྲི། །འདོད་ཡོན་ལྔ་དང་ལྡན་པ་འདིས། །དྲི་ཟ་མ་ལུས་ཚིམ་(༤ན)


GLG011_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། རྒྱ་ཆེན་ཤུགས་ལྡན་གྱི་སྔགས་ཅི་རིགས་པས་བསྔོ། ཡེ་དྷ་མ་སོགས་ཆོས་ཀྱི་སྦྱིན་པ་བྱ། ཨོཾ་བཛྲ་མུཿས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བསྔོ་སྨོན་ཅི་རིགས་པ་བྱའོ། །ཞེས་པ་འདིའང་སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་ཉམས་ལེན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སརྦ་མངྒལཾ།། །།(༤བ)


previousབསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ།next