Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་རྣམས་མཉེས་པར་བྱེད་པའི་བསངས་མཆོད་བཀྲ་ཤིས་འཁྱིལ་བ།
   
   
   


 
previousལྷ་རྣམས་མཉེས་པར་བྱེད་པའི་བསངས་མཆོད་བཀྲ་ཤིས་འཁྱིལ་བ།next

ལྷ་རྣམས་མཉེས་པར་བྱེད་པའི་བསངས་མཆོད་བཀྲ་ཤིས་འཁྱིལ་བ།


GLG011_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་མཉེས་པར་བྱེད་པའི་བསངས་མཆོད་བཀྲ་ཤིས་འཁྱིལ་བ་བཞུགས་སོ། །(༡ན)


GLG011_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་དྲི་ལྡན་བསངས་མཆོད་པདྨའི་རྒྱུན། །མི་གཙང་ཉེས་ཚོགས་འཁྱུད་པའི་ཆོ་ག་མཁན། ཁུངས་ལྡན་མེས་པོའི་ཁོང་ལས་འདྲེན་བྱེད་པའི། །སྔོན་མེད་སྐལ་ལྡན་ཤིང་རྟ་འདི་སུས་བསྐྲུན། །རྒྱལ་ཀུན་ངོ་བོ་མཚོ་སྐྱེས་གསང་བའི་གསུང་། །རྡོ་རྗེའི་ཚིག་གི་བདུད་རྩི་ཕྲ་མོས་ཀྱང་། །རྒུད་པའི་འཆི་བདག་འཇོམས་ནུས་དེ་བོར་ནས། །ཡིག་ཧྲུལ་ངན་སྐྱུགས་འཐུང་ལས་བླུན་པ་སུ། །འོན་ཀྱང་ཁ་བའི་ལྗོངས་འདིར་རང་སྣང་ངོར། །ཆེར་རློམ་མཚན་རྒྱུའི་གཉིས་སྐྱེས་མང་པོ་ཡིས། །རང་བཟོའི་སྐད་ངན་བསྒྲགས་ལ་ཚངས་དབྱངས་ཞེས། །འཇུག་རྣམས་སྨིག་རྒྱུར་སྙོག་པའི་རི་དྭགས་བཞིན། །དེ་ཕྱིར་བདག་འདྲའི་བློ་གྲོས་བ་ཚའི་མཚོར། །ཤེས་རབ་དམན་པའི་སྐྱོགས་ཀྱིས་བཅུས་པའི་ཆུ། །དོན་གཉིས་མངར་བའི་འབྲས་བུར་རེ་བ་དག །ནམ་མཁའི་པདྨོར་ལག་པས་རིག་མིན་ནམ། །དེ་ལྟ་ནའང་དོན་གཉེར་ཅན་འགའ་ཡི། །ནན་ཏན་ཚིག་གི་དབྱུག་གུས་རབ་བསྐུལ་བས། །ཕུན་ཚོགས་སྙན་གྱུར་ཚངས་པའི་རྔ་བོ་ཆེ། །རྣམ་དཔྱོད་མགྲིན་པའི་ལམ་དུ་དར་དིར་སྒྲོག །ལྷ་རྣམས་མཉེས་བྱེད་བསང་མཆོད་ཀྱི། །བཅས་ཀྱི་རིམ་པ་ཉམས་(༡བ)


GLG011_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་པར། །སྣ་ཚོགས་ལྗོན་ཤིང་སྨན་སྣ་དང་། །དཀར་གསུམ་མངར་གསུམ་ཕྱེ་མར་སྤོས། །རིན་ཆེན་འབྲུ་སྣ་ཤ་མར་ཆང་། །མཐུན་པའི་རྫས་ཀུན་ལེགས་བཤམས་ནས། །རང་ཉིད་བདེ་བའི་སྟན་འདུག་སྟེ། །མ་ཡེངས་ངང་ནས་གྱེར་བར་བྱ། སྐྱབས་འགྲོ་ནི། ཧཱུྃཿ བྱིན་རླབས་དངོས་གྲུབ་ཆར་འབེབས་བར་ཆད་སེལ། །དཔལ་ལྡན་རྩ་བ་གསུམ་གྱི་ལྷ་ཚོགས་ལ། །བདག་སོགས་འགྲོ་བ་མ་ལུས་དུས་འདི་ནས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིས། །སེམས་བསྐྱེད་པ་ནི། །ཧཱུཾ་ཕ་མཐའ་ཡོངས་བྲལ་འཁོར་བའི་རྒྱ་མཚོ་ཆེར། །མ་རིག་འཁྲུལ་པའི་ཀློང་དུ་འཁྱམས་པའི་འགྲོ །རིག་པའི་ངོ་བོར་རིན་ཆེན་གླིང་མཆོག་ཏུ། །བགྲོད་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཚོགས་ཞིང་ནི། །ཧཱུཾ་དག་པའི་མཁའ་དབྱིངས་འཇའ་ཟེར་འཁྲུག་པའི་ཀློང་། །ཡིད་བཞིན་འོ་མཚོར་འཁྱིལ་དབུས་པད་སྡོང་རྩེར། །ཉི་ཟླའི་གདན་སྟེང་དུས་གསུམ་རྒྱལ་བའི་གཙོ། །པདྨ་འབྱུང་གནས་ཁྲོ་ཆགས་ཞི་བའི་ཉམས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་པ་བདུད་རྩིས་གང་བའི་ཀ་པཱ་ལ། །ཁ་ཏྲཱཾ་རྩེ་གསུམ་སྐུ་ཡི་གཡོན་ཕྱོགས་བརྟེན། །གཉེན་ཞུ་རྒོད་སྒྲོ་མེ་ལོང་དར་སྣས་(༢ན)


GLG011_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། །ཟ་བེར་བཟང་གོས་མཐིང་ཁ་སྣམ་སྦྱར་བརྩེགས། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་མོ་ཀྲུང་། །ཐབས་ཤེས་ཟུང་འཇུག་བདེ་སྟོང་ཕྱག་རྒྱའི་གཟུགས། །ཡིད་འཛིན་མཚོ་རྒྱལ་གཟུངས་མའི་ཚུལ་གྱིས་སྒེག །སྐྱབས་གནས་ཀུན་གྱི་ཐུགས་རྗེའི་རོལ་གར་ལས། །བཞིན་ལག་རྣམ་པར་ཤར་བ་མཚན་དཔེའི་གཟུགས། །ཐོགས་མེད་གཤེགས་པ་རིག་འཛིན་སློབ་དཔོན་ཆེའི། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་བཞུགས་སུ་གསོལ། །མི་ཕྱེད་དད་པའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །འཛད་མེད་ཀུན་ཏུ་བཟང་པོ་མཆོད་སྤྲིན་སྟོབ། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་སོ་སོར་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་བསྐལ་བརྒྱར་མི་གཡོ་གསོལ་བ་འདེབས། །དུས་གསུམ་རྣམ་པར་དཀར་བའི་དགེ་བའི་ལས། །ཀུན་བཟང་གདོད་མའི་གོ་འཕང་ཐོབ་ཕྱིར་བསྔོ། །བསངས་རྫས་བྱིན་གྱིས་བརླབ་པ་ནི། །ཧཱུཾཿ རང་ཉིད་རྡོར་སེམས་སྤྱི་བོར་རིགས་ཀྱི་བདག །བླ་མ་ཀུན་བཟང་མཚན་དཔེའི་གར་མཁན་ཅན། །སྦྱོང་སྤེལ་བསྒྱུར་ཐོབ་ཚིམ་ཞིང་དབང་བྱེད་ལྷའི། །ཐུགས་ཀའི་ས་བོན་འོད་ཟེར་འཕྲོ་འདུ་ལས། །མི་མཐུན་ཉེས་པའི་སྐྱོན་ཚོགས་རབ་སྦྱངས་ཏེ། །འདོད་པའི་རེ་བ་མ་ལུས་སྐོང་གྱུར་ཅིག །ཨོཾ་ཤུདྷེ་ཤུདྷེ་ཤོདྷ་ན་ཡེ་སྭཱཧཱ། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཨོཾ་སྭ་བྷཱ་ཝ་ཤུདྷ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྷོ྅ཧཾ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཏ་ཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ན་མཿསརྦ་ཏ་ཐ་ག་(༢བ)


GLG011_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་སམྦྷ་ར་ཧཱུཾ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་སྭ་མནྟ་སྥ་ར་ཎ་ར་སྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་དཱ་ཡ་ཛ་ལ་ནི་སྭཱཧཱ། །ན་མ་སྭམནྟ་བུདྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ན་མ་ཧཱ་ས་མ་ཡ་ཧཱུཾ་ཕཊཿ ཅེས་བརྗོད་ཅིང་ཕྱག་རྒྱ་རྣམས་བྱའོ། །གཞུང་དངོས་ལ་འཇུག་པའི་བདག་བསྐྱེད་ནི། ཧཱུཾ་པད་སྡོང་ཉི་ཟླ་བརྩེགས་སྟེང་བདག་ཉིད་ནི། །སྲིད་གསུམ་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་བའི་དབུས། །འཇིགས་མེད་ལྷུན་ཆགས་བརྗིད་པའི་ཚུལ་གྱིས་བཞུགས། །མགོན་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱི། །ཞིང་དག་པ་རབ་འབྱམས་པདྨ་འོད། །གནས་ཟངས་མདོག་དཔལ་རིའི་ཕོ་བྲང་ན། །རྗེ་རྒྱལ་བ་ཀུན་འདུས་པདྨ་འབྱུང་། །སྐུ་མཚན་དཔེའི་འཛུམ་འོད་མེ་རེ་རེ། །གསུང་ཚངས་པའི་དབྱངས་སྙན་དི་རེ་རེ། །ཐུགས་གསལ་སྟོང་འཛིན་མེད་ཧྲིགས་སེ་ཧྲིག །ལྷ་ཞི་ཁྲོའི་འགྱིང་བག་ཤིགས་སེ་ཤིག །ཡབ་དཔའ་བོའི་གར་སྟབས་ཁྲབ་སེ་ཁྲབ། །མ་དཔའ་མོའི་གླུ་ལེན་ཤ་ར་ར། །གྱིང་ཕོ་ཉའི་བྲོ་བརྡུངས་ཆེམ་སེ་ཆེམ། །མདངས་འཇའ་ཚོན་འོད་ལྔ་ཁྱུག་སེ་ཁྱུག །ཁྱེད་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གནས་འདི་རུ་བྱིན་ཆེན་ཆར་ལྟར་ཕོབ། །རྫས་བསངས་མཆོད་ཀུན་ལ་ནུས་པ་སྐྱེད། །བདག་འདིར་ཚོགས་རྣམས་ལ་དངོས་གྲུབ་རྩོལ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། མགྲོན་སྤྱན་འདྲེན་པ་ནི། །ཧཱུཾ་ཐུགས་རྗེས་བྱིན་རླབས་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་དཀྱིལ་འཁོར་ལྷ། །འཕྲིན་ལས་ཀུན་སྒྲུབ་དམ་ཅན་ཆོས་སྐྱོང་(༣ན)


GLG011_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། མཐུན་རྐྱེན་སྤེལ་མཛད་རིགས་བརྒྱུད་འགོ་བའི་ལྷ། །སྲིད་གསུམ་གནས་པའི་སྡེ་བརྒྱད་གཞི་བདག་སོགས། །མ་ལུས་སྤྱན་འདྲེན་ཐོགས་མེད་འདིར་གཤེགས་ལ། །རང་རང་དགྱེས་པའི་སྟན་ལ་བརྟན་པར་བཞུགས། །ཕྱི་ནང་མཆོད་ཚོགས་བསངས་ཀྱིས་མཉེས་གྱུར་ཅིག །བསངས་གྱེར་བ་ནི། ཧཱུཾཿ འགྱུར་མེད་མཁའ་ཁྱབ་ཆོས་སྐུ་སྤྲོས་བྲལ་ལ། །གསང་གསུམ་མི་ཟད་རྣམ་རོལ་ལོངས་སྤྱོད་རྫོགས། །ཐུགས་རྗེས་འགྲོ་ལ་ཅི་སྣང་སྤྲུལ་བའི་སྐུ། །འགྲོ་བའི་དབང་པོར་འཚམ་པའི་སྒྱུ་དྲའི་གར། །གཞོམ་ཞིག་བྲལ་བ་འཇའ་ལུས་རྡོ་རྗེའི་སྐུ། །འགག་པ་མེད་པའི་སྒྲ་དབྱངས་ནཱ་དའི་གསུང་། །ཤེས་བྱ་ཀུན་མཁྱེན་རང་རྩལ་རིགས་པའི་ཐུགས། །གདོད་ནས་རྣམ་དག་ལྷུན་གྲུབ་ཀུན་ཏུ་བཟང་། །མ་རིག་འཁྲུལ་ངོར་འཁོར་བའི་ཆུ་ནང་དུ། །ཕན་གནོད་བྱེད་པོར་བཏགས་པའི་འཇིག་རྟེན་ལྷ། །ཟླ་བ་གཅིག་ལས་ཤར་བའི་འབུམ་ཕྲག་གཟུགས། །ཇི་བཞིན་རང་གི་སེམས་ཀྱི་རོལ་བའི་རྩལ། །དག་དང་དག་བྱ་དག་བྱེད་ཡུལ་བྲལ་ཡང་། །སྒྱུ་མའི་སྐྱེས་བུའི་འཁྲུལ་འཁོར་ཇི་བཞིན་དུ། །མི་གཙང་ཉེས་པའི་ཚོགས་ཀུན་སེལ་བ་དང་། །དངོས་གྲུབ་རྩོལ་ཕྱིར་བསངས་ཀྱི་མཆོད་པ་འབུལ། །ཀྱཻ། ཀུན་དགའི་དཔལ་སྟེར་དཔྱིད་ཀྱི་ཕོ་ཉ་ཡིས། །ལེགས་དྲངས་ཆུ་འཛིན་གསར་བའི་ལང་ལོང་ཅན། །ལྷ་ལམ་འགྲམ་པའི་ངོས་སུ་འཁྲིགས་པ་དང་། །ལྷན་ཅིག་དབྱར་གྱི་རྔ་གསང་སྟོང་ལྡིར་ཞིང་། །མུན་སེལ་དམར་འོད་གློག་གི་ཞགས་པ་འཁྱུག །ནམ་ཡང་འཛད་པ་མེད་པའི་ཆར་རྒྱུན་གྱིས། །གསེར་ལྡན་དགའ་མའི་བཞིན་རས་ཡོངས་བཀྲུས་ཚེ། །རྩི་ཤིང་སྨན་མཆོག་སྒྲ་ཡི་ལན་བུ་གཡོ། །དྲི་(༣བ)


GLG011_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངད་ལྡན་རྐང་འཐུང་ཡལ་འདབ་དང་། །འབྲུ་མར་རིན་ཆེན་རྩི་བརྒྱུད་བསྲེགས་པ་ཡི། །དུད་པའི་སྤྲིན་ཚོགས་ལྷ་ཡི་ནུ་བོ་ལྟར། །མི་མཐུན་ཉེས་ཀུན་སེལ་བའི་ཆོ་ག་མཁན། །དེ་ཕྱིར་རྒྱལ་དབང་པདྨ་སམྦྷ་ཝས། །གངས་ཅན་བསྟན་པའི་སྒྲོན་མེ་སྤར་བའི་ཚེ། །བསངས་མཆོད་འཕྲིན་ལས་གྲངས་མེད་རྒྱས་བཏབ་སྟེ། །འཇིགས་མེད་སྒྲོམ་བུར་གསང་བའི་གཏེར་དུ་སྦས། །མགོན་དེར་མོས་ལྡན་རྡོ་རྗེའི་མཆེད་ལྕམ་རྣམས། །སྔོན་རབས་དམ་པའི་རྗེས་སུ་འཇུག་པའི་བློས། །ཀུན་བཟང་མཆོད་པའི་སྤྲིན་ལ་འགྲན་ནུས་པའི། །གུས་པའི་ལྷ་བསངས་མཆོད་པས་སྲི་ཞུར་བགྱི། ཀྱཻ། གསེར་གྱི་མདངས་ལ་འཁུ་བའི་ལོ་འདབ་ཚོགས། །གཡུར་དུ་ཟ་བའི་ལྗོན་ཤིང་སྟག་པས་བསངས། །གཡུ་ཡི་མདོག་ཅན་གནམ་སྔོན་བཞུན་མ་དག །འཁྱིལ་འདྲའི་འདབ་མ་རབ་རྒྱས་ཤུག་པས་བསངས། །རབ་དཀར་དུང་གི་མདངས་ལ་འགྲན་བཟོད་པའི། །ཕང་ཕུང་འདབ་མ་བཞད་པའི་མཁན་པས་བསངས། །མཆོང་གི་མདོག་ལྟར་རབ་དམར་ལོ་འདབ་ཀྱི། །ཕང་ཕུང་མཛེས་པར་རྒོད་པའི་བ་ལུས་བསངས། །བཟང་དྲུག་སྨན་དང་སྤོས་དཀར་མ་ནུ་དང་། །ཙན་དན་དཀར་དམར་ཨ་ཀ་རུ་ཡིས་བསངས། །བདུད་རྩི་ཅན་གྱི་ལྗོན་པའི་ཤིང་གི་ཚོགས། །ཕྱེ་མར་ཟས་ཕུད་འབྲུ་སྣའི་རིགས་ཀྱིས་བསངས། །དར་དང་ཟ་འོག་རིན་ཆེན་རྣམ་པ་ལྔ། །དཀར་གསུམ་མངར་གསུམ་ལ་སོགས་མཐུན་པའི་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །རང་རང་འདོད་པའི་དངོས་པོར་གྱུར་བས་བསངས། །ཀྱཻ། ཚེ་གཅིག་སངས་རྒྱས་སྒྲུབ་པ་ཟབ་མོའི་ཐེག །སྨིན་(༤ན)


GLG011_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དབང་དང་གྲོལ་བར་བྱེད་པའི་འཁྲིད། །རྒྱབ་རྟེན་ལུང་དང་རྒྱུད་བཤད་མན་ངག་དང་། །བཀའ་གཏད་གདམས་པ་རྩོལ་བའི་བྱེད་པ་པོ། ཁྱབ་བདག་ཐོག་མའི་མགོན་པོ་ནས་བཟུང་སྟེ། །དྲིན་ཅན་རྩ་བའི་བླ་མའི་བར་བྱོན་པའི། །རྒྱ་བོད་མཁས་དང་གྲུབ་པའི་རིག་འཛིན་ཚོགས། །དངོས་བརྒྱུད་རྡོ་རྗེ་སློབ་དཔོན་ཐམས་ཅད་བསངས། །སྡེ་སྣོད་གསུམ་དང་སྒྲ་ཚད་བཟོ་གསོ་སོགས། །གྲངས་མེད་རིག་པའི་གནས་རྣམས་སྟོན་མཁས་པའི། །འཕགས་ཡུལ་ཁ་བའི་ལྗོངས་འདིར་སྔོན་བྱུང་དང་། །ད་ལྟར་བྱོན་པའི་མཁས་གྲུབ་ཐམས་ཅད་བསངས། །ཁྱད་པར་ཆོས་ཀྱི་རྒྱལ་པོ་མེས་དབོན་ཚོགས། །དུས་གསུམ་སངས་རྒྱས་ངོ་བོ་པདྨ་འབྱུང་། །བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ། །བཀའ་དྲིན་མཚུངས་པ་མེད་པ་རྣམ་གསུམ་བསངས། །ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཡབ་སྲས་དང་། །བསྟན་པའི་མངའ་བདག་བརྩེ་ཆེན་སྙིང་པོའི་ཞབས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །ཕན་དང་བདེ་བའི་འབྱུང་གནས་རྣམ་གསུམ་བསངས། །ཀྱཻ། ལྷུན་གྲུབ་དབང་གཞུ་ལྟར་བཀྲ་མཚན་དཔེའི་གར། །བདེ་བར་གཤེགས་པ་རིགས་ལྔ་ལ་སོགས་པའི། །བཞི་བཅུ་རྩ་གཉིས་ལྷ་ཡི་འཁོར་ལོ་མཆོག །བཅོམ་ལྡན་ཞི་བའི་ལྷ་ཚོགས་ཐམས་ཅད་བསངས། །ཨིནྡྲ་ནཱི་ལའི་ལྷུན་པོ་དུས་མཐའི་མེས། །མངོན་པར་རབ་ཀླུབས་བདུད་གཞི་ལས་རྒྱལ་བ། །ལྔ་བཅུ་རྩ་བརྒྱད་འཇིགས་རུང་ཧེ་རུ་ཀ །ཁྲག་འཐུང་ཁྲོ་བོའི་ལྷ་ཡི་ཚོགས་ཀུན་བསངས། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཅན། །རྦོད་གཏོང་རིག་འཛིན་མཆོད་བསྟོད་དྲག་སྔགས་ལྷ། །བདེ་གཤེགས་རྒྱལ་(༤བ)


GLG011_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ལུས་རབ་འདུས་པའི། །གྲངས་མེད་དཀྱིལ་འཁོར་རྒྱ་མཚོ་ལྷ་ཚོགས་བསངས། །འཇམ་རྡོར་མི་བསྐྱོད་དགྲ་གདོང་འཇིགས་གསུམ་དང་། །བདེ་དགྱེས་དུས་འཁོར་ལ་སོགས་རྒྱུད་སྡེ་བཞིའི། །མཐའ་ཡས་བརྗོད་པར་དཀའ་བའི་དཀྱིལ་འཁོར་གྱི། །འཁོར་ལོའི་བདག་ཉིད་ལྷ་ཡི་ཚོགས་ཀུན་བསངས། །དུར་ཁྲོད་བརྒྱད་དང་ཉི་ཤུ་རྩ་བཞིའི་ཡུལ། །སུམ་ཅུ་རྩ་བདུན་གནས་དང་མཁའ་སྤྱོད་སོགས། །བགྲང་ཡས་ངོ་མཚར་ཞིང་ན་ལེགས་བཞུགས་པའི། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་བསངས། །ཀྱེ། རྒྱལ་བ་ཀུན་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ། །གདུལ་བྱའི་དོན་དུ་དབྱངས་ཅན་ངག་གི་ལྷ། །གདུག་པ་འདུལ་ཕྱིར་འདོད་ཁམས་དབང་ཕྱུག་མ། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་བསངས། །དཔལ་ལྡན་མ་ཧཱ་ཀཱ་ལ་ཕྱག་བཞི་དྲུག །རྣམ་མང་ཐོས་སྲས་ལས་ཀྱི་གཤིན་རྗེ་གཤེད། །དུར་ཁྲོད་བདག་པོ་ལེགས་ལྡན་མཆེད་གསུམ་དང་། ཏྲཀྴད་ཞང་བློན་རྡོ་རྗེ་བདུད་འདུལ་བསངས། །བསྟན་བསྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །གནས་གསུམ་མཁའ་འགྲོའི་གཙོ་མོ་དུད་སོལ་མ། །སྟོབས་འཕྲོག་དབང་པོ་ལྷ་ཆེན་གདོང་བཞི་པ། །པུ་ཏྲ་མིང་སྲིང་བེག་གདོང་ལྕམ་དྲལ་བསངས། །མ་ནིང་ཨ་ཀ་ཛ་ཏི་དཔལ་ལྷ་མོ། །ཐང་ལྷ་སྟག་ཞོན་གཟའ་བདུད་བདུད་མགོན་དང་། སྤྲུལ་པའི་ཆོས་རྒྱལ་བཙན་རྒོད་རྡོ་རྗེ་ལེགས། །བསྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་བསངས། །ར་ས་འཕྲུལ་སྣང་དཔལ་གྱི་བསམ་ཡས་དང་། །མཐའ་འདུལ་ཡང་འདུལ་རུ་གནོན་གཙུག་ལག་ཁང་། །དབེན་གནས་ཆོས་འཁོར་མ་ལུས་སྐྱོང་བ་དང་། །ཆོས་དང་གཏེར་(༥ན)


GLG011_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བསྲུང་མ་མ་ལུས་བསངས། །རྗེ་ཡི་མགུར་ལྷ་འབངས་ཀྱི་སྲོག་ལྷ་དང་། །སྲིད་པ་ཆགས་པའི་ལྷ་ཆེན་དགུ་ལ་སོགས། །སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་སྐྱོང་བྱེད་པའི། །གཞི་བདག་བསྲུང་མ་མཐུ་ཆེན་མ་ལུས་བསངས། །རྒྱ་གར་ལི་བལ་རྒྱ་ནག་ཧོར་གྱི་ཡུལ། །མངའ་རིས་བསྐོར་གསུམ་དབུས་གཙང་རུ་བཞི་དང་། །མདོ་སྟོད་མདོ་སྨད་ལ་སོགས་འཛམ་གླིང་གི །ཡུལ་གྲུ་ཀུན་གྱི་གཞི་བདག་བསྲུང་མ་བསངས། ལྷ་ཀླུ་གནོད་སྦྱིན་མ་བདུད་དམུ་བཙན་དང་། །རྒྱལ་པོ་གཤིན་རྗེ་གཟའ་དང་རྒྱུ་སྐར་སོགས། །མདོར་ན་སྣང་ཞིང་སྲིད་པའི་ལྷ་མ་ཡིན། །སྡེ་བརྒྱད་བྲན་གཡོག་འཁོར་དང་བཅས་པ་བསངས། །ཀྱེ། ཁྱད་པར་བདག་ཅག་འཁོར་དང་བཅས་པ་ཡི། །བསམ་པའི་དོན་སྒྲུབ་རིགས་དང་བརྒྱུད་རྣམས་སྤེལ། །མི་འཛད་ནོར་སྟེར་རྒྱབ་རྟེན་མགོན་སྐྱབས་མཛད། །དཔའ་རྩལ་མཐུ་སྟོབས་སྐྱེད་པའི་ལྷ་རྣམས་བསངས། །དབང་པོ་ལྔ་ཡིས་སོ་སོའི་བྱེད་ལས་ཀྱིས། །ལས་རྣམས་ཐོགས་མེད་སྒྲུབ་ལ་དབང་བའི་ལྷ། །མགྱོགས་པའི་རྟ་དང་སྲ་བའི་གོ་ཆའི་ཚོགས། །རྣོན་པོའི་མཚོན་ཆར་གནས་པའི་དགྲ་ལྷ་བསངས། །མཐོ་ལ་ཞུ་འབུལ་དམའ་ལ་བཀའ་བསྒོ་ཞིང་། །མཉམ་པོར་གཤགས་འགྱེད་ཕྱོགས་སུ་དོན་གཉེར་དང་། །ཚོང་དང་ཁེ་ཕོགས་དམག་ཇག་འགྲུལ་བཞུད་སོགས། །བྱ་བ་ཀུན་ལ་དབང་བའི་ལྷ་རྣམས་བསངས། །འགོ་བའི་ལྷ་ལྔ་མི་ཐུབ་དགྲ་ལྷ་གསུམ། ཁང་ཁྱིམ་ཐབ་ཁ་མཁར་གྱི་རྩེ་ལྷ་དང་། །ཞིང་དང་ཕྱུགས་ལྷས་སྤོ་དང་ལམ་གྱི་ལྷ། །ཕ་མེས་མི་རབས་བརྒྱུད་ཀྱི་དགྲ་ལྷ་བསངས། །རྨུགས་རབས་བརྒྱུད་དང་རྨུགས་རབས་(༥བ)


GLG011_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་ལྷ། །སློབ་དཔོན་བརྒྱུད་ལ་འགོ་བའི་ལྷ་རྣམས་དང་། །འགྲོ་བའི་ལམ་དང་གཞིས་ཀྱི་སྲུང་མའི་ཚོགས། །རྒྱན་གོས་ལོངས་སྤྱོད་གྲོགས་ལ་གནས་པ་བསང་། །ཡར་ལྷ་ཤམ་པོ་གུང་རྒྱལ་སྤོམ་ར་དང་། །བརྒྱ་བྱིན་དཀར་ནག་ཁྲ་གསུམ་ཝེར་མའི་ཚོགས། །སེར་བྱའི་ལྷ་ལུང་རྣོ་མཐོང་སྟོན་པའི་ལྷ། །བདུད་ལྷ་སུམ་བརྒྱ་དྲུག་ཅུ་ལ་སོགས་བསངས། །ཡབ་ལྷ་དྲལ་དྲུག་མོ་བཙུན་རྒྱལ་མོ་མཐིང་། །འདོད་རིགས་སྨན་པ་བཅོ་བརྒྱད་མ་ཚོགས་སྟོང་། །སྟོང་དང་འབྱུང་བ་ཆགས་པའི་དགྲ་ལྷ་དང་། །ཨ་གར་དཀར་གྱི་སྲུང་མ་མ་ལུས་བསངས། །སྨུ་ལྷ་གྱེར་འཇོམ་ལྷ་བུ་གཡང་དཀར་དང་། །བོད་ཀྱི་མིའུ་གདུང་དྲུག་ཟོ་དོར་ལྷ། །ཐུགས་གར་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི། །མདོག་ནག་གཡུང་དྲུང་བོན་གྱི་ལྷ་རྣམས་བསངས། །ལོ་འཁོར་བཅུ་གཉིས་སྤར་ཁ་རྣམ་པ་བརྒྱད། །སྨེ་བ་དགུ་དང་ས་བདག་རྒྱལ་བློན་འབངས། །སྤོར་ཐང་བརྒྱད་ཅུ་སྤོར་གྱི་གཙུག་ལག་ལྷ། །གབ་རྩེ་དགུ་ལ་གནས་པའི་ལྷ་རྣམས་བསངས། །ཉིན་སྲིབ་རི་དང་ནགས་ཚལ་ལྟེང་ཀ་དང་། །ལམ་ཆེན་བཞི་མདོ་ཆུ་ཀླུང་ལྗོན་པའི་ཤིང་། །རང་བྱུང་བཅོས་མའི་མེ་དང་ལུང་ས་སོགས། །སོ་སོ་གནས་པའི་ཕྱོགས་འདིའི་གཞི་བདག་བསངས། །ཉམས་གྲིབ་བཤགས་པ་ནི། །དེ་ལྟར་རྩ་གསུམ་ཆོས་སྲུང་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་དགྲ་ལྷ་ལ་སོགས་པར། །གཙང་ཞིང་གྱ་ནོམ་མང་པོར་སྤེལ་བ་ཡི། །དག་བྱེད་བསངས་ཀྱི་མཆོད་པ་འདི་ཕུལ་བས། །གདོད་ནས་རྣམ་དག་གསལ་སྟོང་རིག་པའི་གཤིས། །མ་རིག་འཁྲུལ་(༦ན)


GLG011_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསླད་པའི་ནད་གདོན་བགེགས། །ཐག་ཁྲར་སྦྲུལ་དུ་མཐོང་བའི་དངངས་སྐྲག་བཞིན། །མེད་ཀྱང་མངོན་སུམ་སྣང་བའི་སྐྱོན་ཚོགས་རྣམས། །མཁའ་ཁྱབ་དོ་དམ་ཆོས་སྐུ་བདེ་བ་ཆེར། །ཆུ་ལ་ཆུ་བཞག་ལྟ་བུར་རོ་གཅིག་ཀྱང་། །ཀུན་རྫོབ་འཁྲུལ་ངོར་གྲུབ་པའི་ཉེས་པ་ཀུན། །དག་བྱེད་ཆུ་ཡིས་དྲི་མ་འཁྲུད་ལྟར་བཤགས། །ཁྱད་པར་བདག་ཅག་རྒྱུ་སྦྱོར་སྦྱིན་བདག་རྣམས། །སོ་ཐར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། །རིགས་འཛིན་སྔགས་ཀྱི་དམ་ཚིག་ཉམས་པའི་གྲིབ། །གདོལ་དང་དམེ་ཡུག་ཡ་བཤན་མཛེ་གྲིབ་དང་། །ལྷ་དང་མི་ལ་འཁོན་དང་རྩོད་པའི་གྲིབ། །དཀར་དམར་ཐབ་གཞོབ་བྱ་སྤྱོད་མི་མཁས་པའི། །མི་གཙང་རིགས་རྣམས་ལག་ཏུ་བསྟར་ཞིང་བཅངས། །ཟས་སུ་ཟོས་ཤིང་གོས་སུ་གྱོན་པ་དང་། །གནས་མལ་འཁོར་ནོར་ལོངས་སྤྱོད་བསྟན་པ་སོགས། །ལྗོན་ཤིང་མཐུན་རྫས་བསྲེགས་པའི་དུད་སྤྲིན་འདིས། །མ་ལུས་བྱང་ཞིང་རྣམ་པར་དག་གྱུར་ནས། །གངས་ཀྱི་རི་བོ་ལྟ་བུར་གསལ་གྱུར་ཅིག །ཕུན་ཚོགས་བཀྲ་ཤིས་དུས་བཟང་ཡར་གྱི་ངོར། །གཟའ་སྐར་དུས་སྦྱོར་ལེགས་པ་འཕྲོད་ཀྱི་དགེ །མཐུན་པའི་རྐྱེན་ཀུན་ཚང་བའི་གནས་མཆོག་འདིར། །བསངས་ཀྱིས་མཆོད་པའི་འབྲས་བུ་ལྷུན་གྲུབ་ཤོག །འཕྲིན་ལས་བཅོལ་བ་ནི། ཧྲཱིཿ བསངས་མཆོད་མཐུན་པའི་དམ་རྫས་རྒྱ་ཆེན་པོ། །དངོས་བཤམས་ཡིད་ཀྱི་སྤྲུལ་ཏེ་ཕུལ་བའི་མཐུས། །སྐྱབས་མཆོག་ངོ་བོ་རྩ་གསུམ་ལྷ་ཚོགས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །བསྲུང་མ་དམ་ཅན་སྡེ་བརྒྱད་ཚོགས་རྣམས་ཀྱིས། །བཅོལ་བའི་འཕྲིན་ལས་མ་ལུས་ཐོགས་(༦བ)


GLG011_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒྲུབས། །ཡུལ་ལྷ་གཞི་བདག་འགོ་བའི་ལྷ་རྣམས་ཀྱིས། །བར་ཆད་སེལ་ཞིང་བསམ་པའི་རེ་བ་སྐོངས། །མདོར་ན་མཆོད་ཡུལ་དམ་པ་ཁྱེད་རྣམས་ཀྱིས། །བདག་ཅག་མི་ནོར་འཁོར་དང་བཅས་པ་ལ། །སེང་གེ་གླང་ཆེན་སྨྱོན་པ་མེ་སྦྲུལ་དང་། །ལྕགས་སྒྲོག་ཤ་ཟ་རྒྱ་མཚོ་ཆེན་པོ་སྟེ། །འཇིགས་ཆེན་བརྒྱད་དང་གདོན་བགེགས་ནད་རིམས་དགྲ། །དུས་མིན་འཆི་བདག་གཤིན་རྗེའི་ཞགས་པ་དག །ཁ་སྨྲ་མི་ཁ་གླེང་གཞི་འཐབ་རྩོད་སོགས། །བར་ཆད་མི་མཐུན་གཡུལ་ལས་རྒྱལ་བར་མཛོད། །རྒུད་པའི་མུན་སྟུག་རྫོགས་པའི་ཐུན་གསུམ་མཐར། ཤར་བའི་ལེགས་བྱས་སྐྱ་རེངས་ཀྱིས་དྲངས་པའི། །ཕན་བདེའི་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །ཞི་བའི་འཕྲིན་ལས་སྣང་བ་འབར་བར་མཛོད། །བསོད་ནམས་དུས་ལས་ཡོལ་མེད་རླབས་ཕྲེང་ཅན། །ཚེ་དཔལ་འབྱོར་བ་མི་ཟད་ཆུ་བོའི་གཏེར། །བསམ་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །རྒྱས་པའི་འཕྲིན་ལས་རྒྱལ་མཚན་རྩེར་འགོད་མཛོད། །རེག་པས་གདུང་སེལ་ཡིད་དགའི་མཛའ་ན་མོ། །འགུག་བྱེད་ལྷོ་ཕྱོགས་རླུང་གི་རེག་བྱ་ཅན། །མཐོང་ན་མི་མཐུན་མེད་པའི་ཙན་དན་ཤིང་། །དབང་གི་འཕྲིན་ལས་དྲི་བསུང་འཐུལ་བར་མཛོད། །འཁུ་བའི་སེམས་ལྡན་ལྷ་མིན་དགའ་མའི་མངལ། །དྲག་སྦྱོར་རྡོ་རྗེའི་རྩེ་བརྒྱ་གདེངས་ཙམ་གྱིས། །བསོད་ནམས་དཔུང་དང་ལྷན་ཅིག་ལྟུང་བྱེད་པའི། །དྲག་པོའི་འཕྲིན་ལས་ལེགས་བྲིས་སྟོབས་ལྡན་མཛོད། །སྒྲིབ་གཉིས་སྒོ་ངའི་སྦུབས་ལས་རྣམ་གྲོལ་བའི། །ཚོགས་གཉིས་འདབ་ལྡན་ཀ་ལ་(༧ན)


GLG011_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པིངྐའི་བྱ། །རྣམ་པ་ཐམས་ཅད་མཁྱེན་པའི་མཁའ་དབྱིངས་སུ། །འཕུར་ནས་ཆོས་ཀྱི་དབྱངས་སྙན་སྒྲོག་པར་མཛོད། །ཕན་དང་བདེ་བའི་འབྱུང་གནས་ཐུབ་པའི་བསྟན། །བསྟན་འཛིན་སྐྱེས་བུ་འགྲོ་བའི་བདེ་སྐྱིད་ཀུན། །ཀུན་ནས་འཕེལ་ཞིང་རྒྱས་པ་དབྱར་གྱི་ཆུ། །ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་པར་མཛོད། །བློ་གྲོས་མཆོག་མངའ་སྐལ་བཟང་འགྲོ་བའི་མགོན། །མགོན་པོ་འཇམ་དབྱངས་དངོས་གྱུར་གྲགས་པའི་དཔལ། །དཔལ་ལྡན་རྒྱལ་བ་གཉིས་པའི་རིང་ལུགས་གང་། གང་ཞིག་སྲིད་མཐའི་བར་དུ་རྒྱས་པར་མཛོད། །བདེ་སྐྱིད་ཀུན་ཚང་ཀུན་ནས་དགའ་བའི་དཔྱིད། །གངས་ཅན་ཡུལ་གྲུ་ཡུལ་གྱི་སྙིང་པོ་ཆེར། །ཕན་བདེ་མ་ལུས་མ་སྨད་འབྱུང་བ་དང་། །དགའ་སྐྱིད་དབྱངས་སྙན་དབྱངས་སུ་ལེན་པར་མཛོད། །དགའ་བའི་དཔལ་ལྡན་ཕུན་ཚོགས་སྡེ་བཞིའི་དངོས། །དངོས་པོར་ལྷུན་གྲུབ་གྲུ་འཛིན་ཕོ་བྲང་མཆོག །མཆོག་ཏུ་རབ་བརྟན་མངའ་ཐང་ཆབ་སྲིད་དག །དག་བྱེད་གངྒའི་རྒྱུན་ལ་འགྲན་པར་མཛོད། །ཡངས་པའི་ས་ཆེན་ཆེན་པོའི་མདུན་ས་ན། །ཆོས་བཞིན་སྐྱོང་མཛད་མཛད་བཟང་དཔའ་རྟུལ་ཅན། །ས་སྤྱོད་མི་དབང་དབང་ཕྱུག་བརྒྱད་མངའ་བའི། །སྐུ་ཚེ་ཆབ་སྲིད་སྲིད་མཐར་རྒྱས་པར་མཛོད། །དུང་དུང་སྙིང་ནས་མི་ཕྱེད་གསོལ་འདེབས་ཤིང་། །ཡང་ཡང་མཆོད་ཅིང་བསྟོད་ན་བདག་སོགས་ཀུན། །འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །འཛུམ་འཛུམ་དགྱེས་པའི་སྒོ་ནས་དངོས་གྲུབ་སྩོལ། །ཕྱྭ་གཡང་འགུག་པ་ནི། ཀྱེ། ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །འདོད་པའི་མཆོག་སྟེར་ཕྱྭ་དང་གཡང་གི་(༧བ)


GLG011_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན། །དགའ་བའི་གར་དང་བཅས་སྟེ་ཐོགས་མེད་ཁུག །གསེར་མངལ་མགྲིན་སྔོན་འཁོར་ལོའི་ལག་པ་ཅན། །གྲགས་པའི་མུ་ཁྱུད་འཁོར་ལོས་སྒྱུར་བ་སོགས། །སྲིད་འདིར་མངོན་པར་མཐོ་བའི་ཚོགས་རྣམས་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ལེགས་བྲིས་ཚོགས་ཀྱི་འཆི་མེད་བཏུང་བ་དང་། །ཀླུ་དབང་གཙུག་གི་ཡིད་བཞིན་ནོར་བུ་མཆོག །མི་དབང་སྔོན་འགྲོའི་རྒྱལ་སྲིད་སྣ་བདུན་གྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རིན་ཆེན་གདུགས་དཀར་གསེར་ཉ་བུམ་པ་བཟང་། །པདྨ་དུང་དཀར་གཡས་འཁྱིལ་དཔལ་བེའུ། །རྒྱལ་མཚན་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི། །དངོས་པོར་བྱིན་རླབས་དགེ་ལེགས་འབྱུང་བའི་སྒོ། །རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ཚེ་རིང་ནད་མེད་འདོད་པའི་དོན་ཀུན་གྲུབ། །སྟོབས་དང་མངའ་ཐང་འབྱོར་པ་ཕུན་སུམ་ཚོགས། །བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི། །ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ། །ནོངས་པ་བཟོད་པར་གསོལ་བ་ནི། ཧཱུྃཿ རྨོངས་པའི་དབང་གིས་འཕྲིན་ལས་འཁྲུལ་པར་བྱེད། །མཆོད་པའི་དམ་རྫས་མ་ཚང་འབགས་པ་སོགས། །ཉེས་པའི་ཚོགས་ཀུན་སྙིང་ནས་བཤགས་བྱེད་ན། །བཟོད་པར་བཞེས་ཤིག་ཐུགས་རྗེ་ཆེ་ལྡན་རྣམས། །གཤེགས་སུ་གསོལ་བ་ནི། ཧཱུྃཿ ཆུ་ལས་ཆུ་བུར་རྡོལ་བ་(༨ན)


GLG011_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་དུ། །རིག་པའི་རྩལ་གྱིས་མགྲོན་དུ་བསུས་པ་རྣམས། །ངོ་བོ་གདོད་ནས་སྐྱེ་བ་མེད་པའི་ཀློང་། །རྣམ་པ་རང་རང་སོ་སོའི་གནས་སུ་གཤེགས། །བཛྲ་མུཿཤིས་པ་བརྗོད་པ་ནི། ཧཱུྃཿ ཡིད་བཞིན་ནོར་དང་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་ལྟར་འདོད་པའི་རེ་བ་ཀུན། །འབད་མེད་སྩོལ་མཛད་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་པ་བྱའོ། །སྨྲས་པ། ཁུངས་ལྡན་བསངས་གཞུང་ཟླ་བའི་མ་མ་ལས། བློ་གྲོས་ཨ་མྲའི་ཚི་གུས་བླང་བའི་ཆུ། རྣམ་གཡེང་སྐོམ་ཚད་ཀྱིས་གདུངས་འགའ་ཞིག་ལ། །ཕན་སྙམ་སྙིམ་པར་ཐོག་ནས་གར་བྱེད་དོ། །འགའ་ཞིག་ཚིག་གི་སྦྱོར་བ་རབ་མཁས་ཀྱང་། །བསངས་རྒྱར་བརྒྱགས་རྔན་དབྱེ་བ་མ་ཕྱེད་ཅིང་། །མཇུག་ཏུ་བསྒྲལ་བའི་མཆོད་པ་སྦྱར་བ་སོགས། །འཁྲུལ་བར་བྱེད་པའི་རིང་ལུགས་ཁོ་ནར་ངེས། །ལ་ལ་ཕྱོགས་འདིའི་བརྡ་ལ་མ་བྱང་བར། །རང་བཟོར་བྱས་པའི་ཚིག་གི་ཕྲེང་བ་དག །རྨོངས་པའི་གོ་སར་མཛེས་ཀྱང་ཚུལ་འདི་ཉིད། །ཤེས་པས་མཐོང་ཚེ་ཁྲེལ་བའི་གད་མོ་བྲོ། ཁ་ཅིག་གྲོང་པའི་གསོན་དགེའི་གྲལ་རིམ་ལྟར། །པར་བཀབ་ཏི་ཐུག་ཁྲིགས་ཀྱི་ཡི་གེ་དག །སོས་ཀྱི་ཉེ་རིང་འབུལ་བའི་གཡར་ཁྲལ་ལས། །ཡང་དག་དོན་གྱིས་སྟོང་པའི་བྲག་ཅ་བཞིན། །སྤངས་རྟོགས་ཡོན་ཏན་ཕ་མཐའ་གཞལ་དཀའ་བས། །ཡེ་ཤེས་ལྷ་ཡི་ཚད་བཟུང་ག་ལ་ནུས། །གྱ་གྱུའི་སེམས་ཀྱི་རོལ་པ་མཐའ་ཀླས་པས། །འཇིག་རྟེན་ལྷ་འདྲེའི་གྲངས་ཀྱང་གཞལ་ནུས་སུ། །དེ་ཕྱིར་མ་ཚང་ཟློས་དང་འགལ་བ་སོགས། །སྐྱོན་བྲལ་བདག་བློས་སྒྲུན་པར་མི་ནུས་ཀྱང་། །མཁས་གྲུབ་དམ་པའི་ཕྱག་བཞེས་མཐོང་བརྒྱུད་ལས། །(༨བ)


GLG011_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་འདོད་པ་ཇི་བཞིན་ཉུང་ངུར་བྱས། །དེ་སྐད་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །འཁོན་སྟོན་ཆོས་རྗེའི་ཞབས་ཟུང་མནྡ་ར། །མི་ཕྱེད་དད་པའི་ཐོད་དུ་ལེགས་འཆིང་བའི། །ཟ་ཧོར་རིགས་ཀྱིས་བྷུ་སུ་ཀུ་དེས་སྦྱར། །རྨད་བྱུང་རྣམ་པར་དག་པའི་དགེ་ཚོགས་ཆུས། །འགྲོ་ཀུན་དུག་གསུམ་དྲི་མ་ཀུན་བཀྲུས་ཏེ། །ཚོགས་གཉིས་ལང་ཚོ་དར་བའི་མཛེས་སྡུག་ལུས། །ཀུན་མཁྱེན་ཡེ་ཤེས་གོས་ཀྱིས་ཀླུབས་པར་ཤོག །རྒྱལ་བ་ཀུན་དངོས་པདྨ་ཐོད་ཕྲེང་རྩལ་གྱི་གསུང་ལས་བྱུང་བའི་བསངས་ཡིག་རྡོ་རྗེའི་ཚིག་རྣམས་བྱིན་རླབས་ཀྱི་ཚན་ཁ་ཆེ་བཞིན་དུ། བདག་དང་བདག་འདྲས་གཡར་ཁྲལ་དུ་བགྱིས་པའི་རིགས་འདི་འདྲ་ལ་དགོས་པ་མི་འདུག་ནའང་། བོད་སོག་གི་སྐད་གཉིས་སྨྲ་ཞིང་མང་དུ་ཐོས་པ་ལ་དགའ་བའི་དཔྱོད་ལྡན། མེརྒན་དཀའ་བཅུ་ཤེས་རབ་རྒྱ་མཚོ་དང་། ཆེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་གཉིས་ཀྱིས་ནན་དུ་བསྐུལ་བ་ལ་བརྟེན། བསངས་ཀྱི་ཡི་གེ་བཀྲ་ཤིས་འཁྱིལ་བ་ཞེས་བྱ་བ་འདི་ནི། སློབ་དཔོན་ཆེན་པོས་མཛད་པའི་བསངས་གཞུང་ལྷོ་བྱང་གི་གཏེར་ཁ་དུ་མ་ལས་བྱུང་བ་ལ་གཞི་བྱས། འཁྱེར་བདེ་བའི་ཕྱིར་དུ་བདག་ཆེན་རིན་པོ་ཆེ་རྒྱ་གར་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ཡིག་ཆ་དང་འགའ་ཞིག་ཆ་མཐུན་པར་བྱས་ཏེ། ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཆུ་འགོ་བཀྲ་ཤིས་འཁྱིལ་བ་དང་ཟུང་དུ་འབྲེལ་བའི་ལྷ་རྩེ་གཞུང་དུ་སྦྱར་བའི་ཡི་གེ་པ་ནི་སྨོན་འགྲོ་པཎ་ཆེན་ནོ། །ཤུབྷ་མགྷུ་སརྦ་ཛ་ག་ཏེ།། །།(༩ན)


previousལྷ་རྣམས་མཉེས་པར་བྱེད་པའི་བསངས་མཆོད་བཀྲ་ཤིས་འཁྱིལ་བ།next