Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་ཀྱི་ཡི་གེ་དངོས་གྲུབ་ཆར་འབེབས།


 
previousརྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་ཀྱི་ཡི་གེ་དངོས་གྲུབ་ཆར་འབེབས།no next

རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་ཀྱི་ཡི་གེ་དངོས་གྲུབ་ཆར་འབེབས།


GLG011_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ཞབས་པད་ཟླ་ཚེས་གང་། །དད་པའི་བདེ་འབྱུང་རལ་པའི་རྩེར། །བཀོད་ནས་ཡུལ་དུས་གནས་སྐབས་དང་། །བསྟུན་པའི་བསངས་མཆོད་བྲི་བར་བྱ། །བསངས་བྱ་བའི་རིམ་པ་ལ་བསངས་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར་ཨ་ཝ་རྟ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ། ཞེས་པའི་སྔགས་ལན་གསུམ་གྱིས་བྱིན་གྱིས་བརླབ། མགྲོན་སྤྱན་དྲང་བ་ནི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང་། །ཡུལ་དང་གཞི་བདག་འགོ་བའི་ལྷ་ལྔ་སོགས། །བསངས་ཀྱི་མཆོད་པའི་མགྲོན་དུ་འོས་པ་ཀུན། །ཐོགས་མེད་འདིར་གཤེགས་དགྱེས་པའི་སྟན་ལ་བཞུགས། །པདྨ་ཀ་མ་ལ་ཡེ་སྟྭཾ། མཆོད་པ་འབུལ་བ་ནི། འདོད་པའི་ཡོན་ཏན་ལྔ་དང་རབ་ལྡན་པའི། །རང་རང་དགྱེས་པ་སྐྱེད་པའི་མཆོད་པའི་སྤྲིན །ས་དང་བར་སྣང་མ་ལུས་ཡོངས་བཀང་སྟེ། །གུས་པས་འབུལ་ལོ་དགྱེས་བཞིན་བཞེས་སུ་གསོལ། །བསངས་མཆོད་དངོས་ནི། སྣ་ཚོགས་ལྗོན་ཤིང་ཕྱི་མར་འབྲུ་སྣ་སོགས། །བསྲེགས་པའི་དུད་སྤྲིན་ནམ་མཁའི་ཁྱོན་གང་བས། །དཀོན་མཆོག་གསུམ་དང་འཇིག་རྟེན་སྲུང་མ་རྣམས། །བསངས་སོ་ཉེས་པའི་ཚོགས་ཀུན་བྱང་གྱུར་ཅིག །དུས་གསུམ་སངས་རྒྱས་དེ་སྲས་བྱང་སེམས་ཚོགས། །ཉན་ཐོས་རང་རྒྱལ་དྲང་སྲོང་གྲུབ་པ་སོགས། །སྤངས་དང་རྟོགས་པའི་ཡོན་ཏན་རབ་ལྡན་པའི། །སྐྱབས་མགོན་ཐུགས་རྗེའི་བདག་ཉིད་མ་ལུས་བསངས། །རྩ་བ་(༩ན)


GLG011_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་བླ་མ་དམ་པ་དང་། །ཡི་དམ་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཅན། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང་། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས་ཀུན་བསངས། །རྒྱ་ནག་ཕོ་བྲང་པེ་ཅིང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཁཱེང་པན་ཡོ་ལ་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་ཕོ་བྲང་ནན་ཅིང་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཤན་ཤིའི་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག ཁྱད་པར་ཁཱུ་པན་ཡོ་དང་ཧུའང་དུའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་སྨད་བུ་ཅིང་ཅཱི་ཅང་ཞིག་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་བུ་ཅིང་ཀྱང་ཤིའི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་སྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྨད་བུ་ཅིང་ཧཱུ་ཀུའང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཁིའང་ཕན་ཡོ་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཟེ་ཆུའན་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཆུ་བོ་ཀཱིང་དུ་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་ལྷོ་བུ་ཅིང་ཕུ་ཅཱེན་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ཕྱོགས་བུ་ཅིང་ཀུའང་དུང་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་(༩བ)


GLG011_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྟོད་བུ་ཅིང་ཀུའང་ཤི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ནུབ་བྱང་ཕོ་བྲང་པན་ཤིའི་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་རི་བོ་རྩེ་ལྔར་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཤར་སྨད་བུ་ཅིང་པན་དུང་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཐའི་པན་ཡོ་ལ་གནས་པ་ཡི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་སྨད་བུ་ཅིང་ཧའོ་ནན་ཞིང་གི་ཆར། །རི་མཚོ་བཞི་མདོ་ལྗོན་ཤིང་མཁར་དང་བྲག །ཁྱད་པར་ཟུང་པན་ཡོ་དང་ཅིའི་དུ་དང་། །ཧཱུའི་དུའི་ལྷ་ཀླུ་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཡུའ་ནན་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལྷོ་ནུབ་བུ་ཅིང་ཀུའི་ཅིའོའི་ཞིང་གི་ཆར། །རི་མཚོ་ལྗོན་ཤིང་ལྟེ་ཀ་ནགས་ཚལ་དང་། །(༡༠ན)


GLG011_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ཡེན་དེན་ལཱོ་དུང་མུག་དེན་ཡུལ་གྱི་ཆར། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །རི་བོ་དཀར་པོར་གྲགས་པ་ལ་སོགས་པའི། །རི་མཚོ་ལྗོན་ཤིང་ལྟེང་ཀ་ནགས་ཚལ་དང་། །ལམ་སྲང་བཞི་མདོ་གྲོང་མཁར་ལ་གནས་པའི། །ལྷ་ཀླུ་ལྷ་མིན་འབྱུང་པོ་མ་ལུས་བསངས། །ལོ་ཧ་ཤི་ར་མུ་རེན་ཨུ་ནེ་གེན། །མུ་རིན་ལ་སོགས་ཆུ་བོ་ཆེན་པོ་ལ། །གནས་ཤིང་རྒྱུ་བའི་ལྷ་དང་འབྱུང་པོའི་ཚོགས། །ཆུ་བདག་ཀླུ་ཡི་དབང་པོར་བཅས་པ་བསངས། །ཨ་ལ་ཤ་དང་ཨར་བུས་ཁ་རོ་ཁན། །ཤང་དུ་ཁའི་བུ་ལ་སོགས་རྒྱ་ཧོར་དང་། སོག་པོའི་ཡུལ་གྱི་མཁར་དང་རི་བྲག་མཚོར། །གནས་པའི་གཞི་བདག་འབྱུང་པོ་མ་ལུས་བསངས། །མདོར་ན་བདག་སོགས་འཁོར་དང་བཅས་རྣམས་དང་། །ལུས་དང་གྲིབ་མ་བཞིན་དུ་རབ་འགྲོགས་ནས། །སྟོངས་གྲོགས་དཔུང་གཉེན་བྱེད་པའི་ལྷ་ཚོགས་རྣམས། །བསངས་ཀྱི་མཆོད་པས་མཉེས་ཤིང་ཚིམ་གྱུར་ཅིག །དངོས་གྲུབ་ཞུ་བ་ནི། དེ་རིང་གནམ་ལ་བཀྲ་ཤིས་གཟའ་སྐར་བཟང་། །ས་ལ་ཁྲི་གདུགས་ཉི་མའི་འོད་ཀྱང་དྲོ། །བར་དུ་མི་ནོར་ཁང་ཞིང་ལོངས་སྤྱོད་འཛོམ། །ཕུན་ཚོགས་བཀྲ་ཤིས་དག་པའི་གནས་མཆོག་འདིར། །ཚངས་པ་བརྒྱ་བྱིན་ཀླུ་དབང་གནོད་སྦྱིན་དང་། །འཁོར་ལོས་སྒྱུར་སོགས་སྲིད་འདིར་མངོན་མཐོ་བའི། །ཚེ་དཔལ་བསོད་ནམས་འདོད་དགུ་ལོངས་སྤྱོད་སོགས། །སྙན་གྲགས་དཔལ་འབྱོར་ཕྱྭ་དང་གཡང་དུ་སྩོལ། །མཆོད་པའི་ཡུལ་དུ་བོས་པའི་མགྲོན་རྣམས་ཀུན། །དགའ་ཞིང་ཚིམ་ནས་རང་རང་གནས་སུ་གཤེགས། །སླར་ཡང་དུས་སུ་བྱོན་ནས་བདག་སོགས་ཀྱི། མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ། །བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་དང་། །མཐུ་ལྡན་སྲུང་མ་ཡུལ་ལྷ་གཞི་བདག་གིས། །ཕུན་ཚོགས་རྣམ་པར་དཀར་བའི་བཀྲ་ཤིས་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་དགེ་ལེགས་སྩོལ། །ཅེས་རྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་མཆོད་དངོས་གྲུབ་ཆར་འབེབས་(༡༠བ)


GLG011_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་ནི། །དཀོན་མཆོག་གསུམ་ལ་ངེས་ཤེས་ཀྱི་དང་བའི་བློ་ལྡན་ཁི་ཤིག་ཆིང་དབང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར།། །།དྲི་བཟང་པོའི་ཤིང་སྣ་དང་ཕྱེ་མར་སོགས་བསངས་རྫས་གང་འཛོམ་བསགས་ལ། །ཨོཾ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཧོཿབཛྲ་སྥ་ར་ཎ་ཁཾ། །ཞེས་ལན་གསུམ་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུཾཿ ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་བདུད་བཙན་སོགས། །ཡུལ་ལྷ་གཞི་བདག་མ་ལུས་པ། །བསངས་མཆོད་འབུལ་གྱིས་འདིར་གཤེགས་བཞུགས། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཟའ་དང་བཅའ། །གླུ་གར་རོལ་མོ་འདོད་ཡོན་ལྔའི། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཁྱད་པར་ཙནྡན་དཀར་དམར་དང་། ཤུག་པ་མཁན་པ་ཨ་ཀ་རུ། །སྟག་པ་བ་ལུ་ལ་སོགས་པ། །དྲི་ཞིམ་བསངས་ཀྱི་མཆོད་པ་འབུལ། །སྨན་སྤོས་སྣ་ཚོགས་རབ་བསྲེགས་པའི། །དྲི་ཞིམ་བསངས་ཀྱི་དུད་པ་ཡིས། །མི་གཙང་འབགས་བཙོག་ཐབ་ཤོར་སོགས། །སྐུ་གསུང་ཐུགས་ལ་ཕོག་པ་བསངས། །ཨཾ་ཉི་སྒང་དཀར་རི་བོ་སོགས། །མཐོན་པོ་བཅུ་གསུམ་ལ་གནས་པའི། །ལྷ་ཀླུ་གཉན་པོ་མཐའ་དག་གི །སྐུ་གསུང་ཐུགས་ལ་ཕོག་པ་བསངས། །མཚོ་མང་ལ་བདུན་ལ་སེར་དང་། །གསེར་གོག་གོ་ར་སྤར་རྡོ་ཡི། །ཡུལ་ལྷ་གཞི་བདག་མ་ལུས་པ། །བསངས་ཀྱི་མཆོད་པས་མཉེས་གྱུར་ཅིག །དེ་ལྟར་བསངས་མཆོད་འདི་ཕུལ་བས། །བདག་སོགས་རྗེ་འབངས་མི་ནོར་ལ། །གནོད་པའི་ནད་གདོན་བར་གཅོད་བགེགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛོད། །བསྐལ་པར་གནས་པའི་རིན་པོའི་ཆེ། རྣམ་ཐོས་སྲས་མཚུངས་ལོངས་སྤྱོད་དང་། །འཁོར་ལོས་སྒྱུར་རྒྱལ་ཇི་བཞིན་(༡༡ན)


GLG011_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །མདོར་ན་བདག་སོགས་གཞིས་གནས་དང་། །གཡུལ་ཞུགས་ཚོང་དང་དགེ་སྒྲུབ་སོགས། །གཞིས་ལམ་བྱེས་གསུམ་ཐམས་ཅད་དུ། །མགོན་སྐྱབས་དཔུང་གཉེན་རྒྱབ་རྟེན་མཛོད། །ཅེས་བསངས་མཆོད་ཉེ་བར་མཁོ་ཞིང་མདོར་བསྡུས་པ་ཞིག་དགོས་ཞེས་མེར་གན་ཧོང་ཐའི་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །སྭ་བྷཱ་ཝས་བསང་རྫས་རྣམས་སྟོང་པར་སྦྱངས། །སྟོང་པའི་ངང་ལས་བསང་རྫས་རྣམས་ཡུལ་ལྷ་གཞི་བདག་རྣམས་ཀྱི་ཉམས་གྲིབ་སེལ་ཞིང་དགྱེས་པ་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། །དྲི་ཞིམ་ཡིད་འོང་སྣ་ཚོགས་འདུས་པ་ཡི། །ལྗོན་ཤིང་སྨན་སྤོས་བསྲེགས་པའི་དུད་སྤྲིན་འདིས། །རྩ་བ་བརྒྱུད་པའི་བླ་མ་མ་ལུས་བསངས། །ཡི་དམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་བསངས། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་བསངས། །རྒྱ་ཧོར་བོད་ཀྱི་ཡུལ་ལྷ་གཞི་བདག་བསངས། ཁྱད་པར་རྨ་ཆེན་སྤོམ་ར་འཁོར་བཅས་བསངས། ཁྲི་ཤོག་རྒྱལ་མོར་གནས་པའི་མཚོ་སྨན་བསངས། །མཚོ་མགོ་གློ་བ་རི་ཡི་གཞི་བདག་བསངས། །མཚོ་མཇུག་མཆེར་པ་རི་ཡི་གཞི་བདག་བསངས། །མཚོ་སྙིང་མཧཱ་དེ་ཝའི་གཞི་བདག་བསངས། །གཉན་ཆེན་ཟོར་བ་བཙན་གདོང་དམར་ལྷ་བསངས། །ཀླུ་ཡི་ཆུ་ཁོལ་ཝ་ཆུའི་གཞི་བདག་བསངས། །རིང་མ་ཆེན་མོ་བཅུ་གསུམ་གཞི་བདག་བསངས། །ཚྭ་མཚོ་དཀར་མོའི་གཞི་བདག་མ་ལུས་བསངས། །མཐོན་པོ་བཅུ་གསུམ་གནས་པའི་གཞི་བདག་བསངས། །མགོན་པོ་གདོང་སྣ་འཇུ་ལག་གཞི་བདག་བསངས། །མདུང་རྩེ་ཆེ་ཆུང་བེའི་རུག་ཐང་ལྷ་བསངས། །ཨེན་རི་ཙི་དང་ལ་བཙས་དཀར་ལྷ་བསངས། །ཞོ་ཤ་ལ་བོ་ཆེ་(༡༡བ)


GLG011_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཞི་བདག་བསངས། །ཀླུ་ཆེན་ཀརྟི་ཀ་འཁོར་བཅས་པ་བསངས། །རྡོ་ཡི་ཉི་ཟླ་སེང་ཁོག་གཞི་བདག་བསངས། །དཀར་ཐང་མར་ཁུའི་མཚོ་མོའི་ཡུལ་ལྷ་བསངས། །ནེའུ་གསིང་ཐང་ལ་གནས་པའི་གཞི་བདག་བསངས། །ཐེ་འཛིན་བྲག་དཀར་གནས་པའི་གཞི་བདག་བསངས། །འོམ་ལུང་གདོང་དམར་ཆེ་ཆུང་གཞི་བདག་བསངས། །བཙོང་ཁའི་མཚོ་སྔོན་མཚོ་སྨན་ཐམས་ཅད་བསངས། །ལྷ་རི་དེའུ་ཡག་གིས་གཞི་བདག་བསངས། ཁྱད་པར་ཨུ་ལ་སུ་ཐལ་གཞི་བདག་བསངས། །ཆ་གན་ཨེར་ཁིར་གནས་པའི་གཞི་བདག་བསངས། །ཤི་ཤི་ཁ་ཐོར་གནས་པའི་གཞི་བདག་བསངས། །ན་མ་ག་ལ་གནས་པའི་གཞི་བདག་བསངས། །མདོར་ན་གར་གནས་གར་འགྲོའི་གཞི་བདག་སོགས། །མགོན་སྐྱབས་དཔུང་གཉེན་མཛད་པ་མཐའ་དག་བསངས། །བསངས་ཀྱིས་ཉམས་གྲིབ་མ་ལུས་བྱང་གྱུར་ནས། །ཕྱོགས་འདིའི་མི་ནོར་ཕྱུགས་དང་བཅས་པ་ལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་གཡང་ཁུག་ལ། །དུས་ཀུན་ཕན་བདེའི་དཔལ་ལ་སྦྱོར་དུ་གསོལ། །བསངས་མཆོད་བསྡུས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཨེར་ཏི་ནི་དཱ་ལས་ཧོང་ཐའི་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །བསངས་རྫས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་རླབ། །གངས་དཀར་སྤུན་གསུམ་ཞེས་གྲགས་པའི། །ས་ཕྱོགས་ལ་གནས་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་འབྱུང་པོ་རྣམས། །བསངས་ཀྱི་མཆོད་པས་མཉེས་གྱུར་ཅིག །མཆོད་པའི་དུད་སྤྲིན་རབ་སྤྲས་པས། །གཟི་ཡི་གངས་དཀར་ལྷ་རྣམས་བསངས། །ཕུད་པ་གངས་དཀར་ལྷ་རྣམས་བསངས། །ག་རུ་གངས་དཀར་ལྷ་རྣམས་བསངས། །སྤམ་ཆེན་བྲག་དཀར་ལྷ་རྣམས་བསངས། །ལྕགས་རྫས་སྔོན་པོའི་ལྷ་རྣམས་བསངས། །ལྕང་རྒན་འོབ་(༡༢ན)


GLG011_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལྷ་རྣམས་བསངས། །ལྗང་ནག་སྤུན་གསུམ་ལྷ་རྣམས་བསངས། །འོ་མཚོ་མུ་ཏིག་རིལ་སིལ་མཚོ། །གངས་དཀར་འཁོར་གྱི་མཚོ་སྨན་བསངས། །སྤ་ཡོ་ལ་སོགས་གཞི་བདག་བསངས། །གནས་རྟེན་བྲག་དགོན་ཧོར་ཕུག་དང་། །སྙག་གཤེད་གཡུ་བྲག་མཐའ་མོག་སོགས། །ཕུག་ཆེན་རྣམས་ལ་གནས་པ་བསངས། །གངས་དཀར་བུ་ཆུང་ལ་སོགས་པ། །ལྷ་ཀླུ་གཉན་གསུམ་བུ་རྣམས་བསངས། །གསེར་སྒྲོན་གཡུ་སྒྲོན་ལ་སོགས་པ། །གངས་དཀར་བུ་མོ་སྨན་བཙུན་བསངས། །བསངས་པས་ཉམས་ཆགས་ཀུན་ཞི་ཞིང་། །མཐུན་རྐྱེན་དངོས་གྲུབ་རྩལ་དུ་གསོལ། །ཞེས་གངས་དཀར་སྤུན་གསུམ་གྱི་བསངས་མཆོད་བསྡུས་པ་འདི་ནི་དབོན་མཁའ་འགྲོས་ཐོ་ཆུང་བསྐུར་འདུག་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཏྲེ་བོ་རིག་བྱེད་པ་ངག་དབང་ནམ་མཁའོ། །ངོ་མཚར་རྫས་སྣ་སྦྱར་སྤོས་ཙན་དན་དྲི། །གྱེར་གཞུང་མ་ལ་ཡ་རླུང་གིས་དྲངས་དང་། །ཉེས་བརྒྱ་ཚ་སེལ་ཚོར་བ་བདེ་བའི་རོ། མྱོང་འདོད་དཔྱོད་ལྡན་ཡོངས་ཀྱི་དགའ་བ་བསྐྱེད། །དེ་ཡང་བསངས་མཆོད་རྒྱུན་ཁྱེར་མདོར་བསྡུས་བྱ་བ་ལ། གླ་རྩི། དུག་རིགས། ཤིང་ཀུན་སོགས་དྲི་མི་ཞིན་པའི་རིགས་སྤངས་པའི་སྨན་སྣ། སྟག་པ། ཤུག་པ། མཁན་པ། བ་ལུ་རྣམས་ཀྱིས་བཙོས་པའི་དྲི་ལྡན་གྱི་ཤིང་སྣ་ཚོགས། ཕྱེ་མར། འབྲུ་སྣ། དཀར་གསུམ། མངར་གསུམ། ཟས་སྣ། རིན་པོ་ཆེ། དར་ཟབ་སོགས་ཅི་འབྱོར་བ་སོ་སོའམ། གཞིས་བྱེས་ཀུན་ཏུ་འཇུག་བདེར་འདོད་ན་ཐམས་ཅད་ལྷན་ཅིག་ཏུ་བསྲེས་ཏེ་ཕྱེ་མར་བྱས་པ་བཤམས། སྐྱབས་སེམས་ནི། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གནས་སྐབས་བདག་གཞན་བར་ཆད་ཞི་བ་དང་། །མཐར་ཐུག་བྱང་ཆུབ་ཐོབ་ཕྱིར་སེམས་བསྐྱེད་དོ། །བསངས་རྫས་བྱིན་བརླབ་ནི། ཧཱུཾཿ པད་ཟླའི་(༡༢བ)


GLG011_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་རང་ཉིད་སྐད་ཅིག་གིས། །རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀ་ནས། །འོད་འཕྲོས་རྫས་ཀྱི་ཉེས་སྐྱོན་ཀུན་སྦྱངས་ཏེ། །འདོད་ཡོན་ལྔ་ལྡན་བདུད་རྩིའི་ངོ་བོར་གྱུར། །ཐལ་མོ་ཁོང་སྟོང་ཚིགས་བཅག་པ་སྙིང་གར་བཅས་པ་དཔྲལ་བའི་ཐད་དུ་གཡས་སུ་ལན་གསུམ་བསྐོར་བ་དང་བཅས། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨཱ་བ་རྟ་ཡ་ཧོཿ བཛྲ་སྥར་ཎ་ཁཾ་སྭཱཧཱ། ནམ་མཁའ་མཛོད་ཀྱི་སྔགས་ཕྱག་རྒྱ་དང་བཅས་ཏེ་བྱིན་གྱིས་བརླབ། མགྲོན་སྤྱན་འདྲེན་པ་ནི། ཧཱུཾ། མགོན་པོ་ཡོན་ཏན་མགྲོན་དུ་གྱུར་ཏོ་ཅོག །སྡེ་བརྒྱད་སྤྱི་དང་ཁྱད་པར་གངས་ལྗོངས་ཀྱི། །ཡུལ་ལྷ་གཞིས་བདག་འགོ་བའི་ལྷ་ཚོགས་རྣམས། །ཐོགས་མེད་འདིར་སྤྱོན་དགྱེས་པའི་སྟན་ལ་བཞུགས། །བསངས་གྱེར་བ་ནི། ཀྱཻ། སྨན་སྤོས་སྣ་ཚོགས་ལྗོན་ཤིང་བཟའ་བཅའ་དང་། །དར་ཟབ་རིན་ཆེན་ལ་སོགས་མཐུན་རྫས་ཀྱིས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང་། དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་ཀུན་བསངས། ཁྱད་པར་བསྟན་སྲུང་ཡོངས་ཀྱི་སྡེ་དཔོན་ཆེད། །གུར་མགོན་ལྕམ་དྲལ་གདོང་བཞི་ཡབ་ཡུམ་དང་། །པུ་ཏྲ་མིང་སྲིང་དཀར་བདུད་ཕུར་སྲུང་སོགས། །རིགས་དང་བརྒྱུད་ལ་བརྟེན་པའི་ལྷ་རྣམས་བསངས། །ཕྱག་དྲུག་ཕྱག་བཞི་གུར་མགོན་རྣམ་ཐོས་སྲས། །རེ་མ་ཏཱི་དང་སྟོབས་འཕྲོག་གདོང་བཞི་པ། །མིའུ་ཐུང་གསོད་བྱེད་སྟག་ཞོན་བེང་དྲག་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་སྤྱི་ཁྱབ་ཏུ་བྱེད་ན་ཤློ་ཀ་གོང་མའི་ཚབ་ལ་འདི་བཞིན་བསྒྱུར། ཚོགས་རྣམས་བསངས། །ལྷ་ས་བསམ་ཡས་ཀྱིས་གཙོས་གཙུག་ལག་ཁང་། །འདུས་སྡེ་དབེན་གནས་རྫོང་གཞིས་གྲོང་ཁྱེར་དང་། །རི་ཀླུངས་ལམ་འཕྲང་བཞི་མདོ་མེ་ཆུ་ཤིང་། །སོ་སོར་དབང་ཞིང་ལས་བྱེད་མཐའ་དག་བསངས། ཏེ་སེ་ཐང་ལྷ་རྨ་ཆེན་(༡༣ན)


GLG011_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་རས་མཚོན། །སྲིད་པ་ཆགས་པའི་ལྷ་ཆེན་ལྷ་སྲས་རྗེའི། །མགུར་ལྷ་མངའ་འབངས་སྲུང་བའི་སྲོག་གི་ལྷ། །གངས་ཅན་བོད་ཡུལ་སྐྱོང་ངོ་ཅོག་རྣམས་བསངས། །བརྒྱ་བྱིན་དཀར་ནག་ཁྲ་གསུམ་ཝེར་མའི་ཚོགས། །མདུད་ལྷ་ཐུགས་དཀར་སུམ་བརྒྱ་དྲུག་ཅུ་དང་། མིའུ་གདུང་དྲུག་ཟ་དར་ལ་སོགས་པ། །གཡུང་དྲུང་བོན་གྱི་ལྷ་རྣམས་མ་ལུས་བསངས། །ལོ་ཟླ་ཚེས་དང་སྤར་སྨེ་ས་བདག་རིགས། །སྤོར་ཐང་ལྷ་དང་ཕ་མེས་མི་རབས་བརྒྱུད། །དམུ་རབས་གཙུག་རབས་བརྒྱུད་ཀྱི་སྲུང་སྐྱོབ་མགོན། །མདོར་ན་ཉེས་སེམས་ཕན་པ་སྒྲུབ་ཀུན་བསངས། བཤགས་པ་ནི། མ་དག་དྲི་མ་འཁྲུད་པའི་བསངས་མཆོད་མཐུས། །དམ་ཚིག་སྡོམ་ཉམས་འཁོན་དང་དམེ་ཡུགས་མནོལ། །མཛེ་བཤན་བག་གྲིབ་དཀར་དམར་ཐབ་གཞོབ་བཏང་། །མི་གཙང་གིས་འབགས་བྱ་སྤྱོད་ཉེས་པ་ཀུན། །གདོད་ནས་རྣམ་དག་སེམས་ཀྱི་མཁའ་དབྱིངས་སུ། །ཀུན་རྫོབ་འཁྲུལ་བའི་ཆར་སྤྲིན་ཇི་བཞིན་དུ། །གནས་ལུགས་རང་ངོ་འཕྲོད་ནས་མཆོད་ཡུལ་དང་། །མཆོད་བྱ་མཆོད་བྱེད་བྲལ་བའི་ངང་དུ་བཤགས། །འཕྲིན་འཆོལ་ནི། དེ་ལྟར་མཆོད་པའི་ཡུལ་གྱུར་ཁྱེད་རྣམས་ཀྱིས། །ནད་རིམས་དབུལ་ཕོངས་དུས་མིན་འཆི་བ་དང་། ཁ་སྨྲས་མི་ཁ་འཐབ་རྩོད་དུག་མཚོན་གཡུལ། །མི་མཐུན་འཇིགས་པ་ཀུན་ལས་བསྲུང་དུ་གསོལ། །རྫོགས་ལྡན་སྐྱེ་དགུའི་ཆེ་དང་རྣམ་ཐོས་ནོར། །བརྒྱ་བྱིན་བདེ་སྐྱིད་གཙུག་ན་ཟླ་བའི་མཐུ། ཁྱབ་འཇུག་འཕྲུལ་དང་ཚངས་པའི་དབང་ཐང་སོགས། །མཉམ་པོར་ལོངས་སུ་སྤྱོད་ནུས་འཕྲིན་ལས་མཛོད། །ལེགས་ལྡན་རིགས་ཀྱི་ཐིག་ལེ་ཨག་གླེན་ཞེས། །བོད་ཡུལ་ཆོལ་ག་གསུམ་ལ་དབང་སྒྱུར་བའི། །རྒྱུད་ལས་ཡར་འབྲོག་ཁྲི་སྐོར་སྐྱོང་བའི་རྗེའི། བསོད་ནམས་དབྱར་གྱི་མཚོ་ལྟར་འཕེལ་བར་མཛད། །ཐུབ་བསྟན་(༡༣བ)


GLG011_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་སྤེལ་བའི་དགེ་འདུན་སྡེ། །ས་ཆེན་སྐྱོང་བའི་རྒྱལ་པོ་འབངས་འཁོར་བཅས། །བདག་སོགས་མི་ནོར་ཆོས་སྲིད་དཀར་ཆའི་ཟླ། །ཇི་བཞིན་འཕེལ་བའི་བསོད་ནམས་དར་སྤྱི་ཁྱབ་ལ་ཤློ་ཀ་གོང་མའི་ཚབ་ཏུ་འདི་འཇུག །དྲག་མཛོད། །ལྷ་གཡང་འགུགས་པ་ནི། ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་དང་། །གླིང་བཞིར་དབང་མཛད་འཁོར་ལོས་སྒྱུར་རྒྱལ་སོགས། །འཇིག་རྟེན་གསུམ་གྱིས་ཡོན་ཏན་མ་ལུས་པ། །ཕུན་སུམ་ཚོགས་པའི་ཕྱྭ་དང་གཡང་ཁུག་ཅིག །བཟོད་གསོལ་དང་གཤེགས་པ་ནི། མཆོད་རྫས་ཉམས་དང་ཏིང་འཛིན་མི་གསལ་སོགས། །ནོངས་པ་མཐའ་དག་མགྲོན་རྣམས་སྤྱན་སྔ་རུ། བཤགས་པས་ཚངས་པའི་དངོས་གྲུབ་ལེགས་རྩོལ་ཞིང་། །རང་རང་གནས་སུ་གཤེགས་ཤིག་བཛྲ་མུཿ བཀྲ་ཤིས་ནི། རྟག་ཏུ་ཐུགས་རྗེས་བསྐུལ་བའི་སྐྱ་རེངས་ཀྱིས། །མི་ཤེས་མུན་པའི་མལ་ནས་ཉེར་བསླང་སྟེ། །ཕུན་ཚོགས་ཉི་མའི་འོད་ཀྱིས་སྲིད་པ་གསུམ། །སྣང་བའི་དགའ་སྟོན་ཆེན་པོས་ཁྱབ་པར་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་པ་བྱའོ། །གངས་རི་དཔལ་ལྡན་སཱ་ལའི་ལྗོངས་ཆེན་པོའི། །ལྷ་ཀླུ་གཞི་བདག་དགའ་བར་བྱེད་པའི་བསངས། །ཞང་ཞུང་གཤེན་རབས་མི་བོའི་རྗེས་འབྲངས་པའི། །གཡུང་དྲུང་བོན་གྱི་སྲོལ་བཏོད་ཐོག་མར་དར། །ཟན་གཡང་ཆོས་འཁོར་བཞེང་པའི་སྔོན་འགྲོའི་སྒོར། །སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་གིས། །ལྷ་སྲིན་སྡེ་བརྒྱད་དམ་བཏགས་བསངས་མཆོད་དང་། །རང་རང་དགའ་བསྐྱེད་མཐུན་པའི་རྫས་ཀྱིས་བརྔན། །དེང་དུས་ལྷ་ཀླུ་ཞར་བྱུང་ཙམ་བྱས་ནས། །བླ་མ་ཡི་དམ་གཙོར་བཏོན་བསངས་ཡིག་རྣམས། །དགོས་དོན་མ་རྟོགས་གྱ་ཚོམ་སྨྲ་བའི་ཚིག །མཆོད་རྟེན་ནག་འཇམ་བྲག་ལ་དཀར་རྩི་བཞིན། མ་དག་དྲི་མ་འཁྲུད་ཐབས་ལྷོ་བྱང་གི །ཟབ་མོའི་གཏེར་ཁ་(༡༤ན)


GLG011_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བོར་ནས་དེང་། །བདག་དང་བདག་འདྲའི་རྨོངས་པས་བཀོད་རྣམས་ལ། །བརྟེན་པ་ཆུ་ལ་སྨིག་རྒྱུར་འཁྲུལ་དང་མཚུངས། །འོན་ཏེ་མཁྱེན་སྤྱོད་འཇམ་དབྱངས་གཞོན་ནུ་ལ། །འགྲན་བཟོད་ས་དབང་ལུགས་ཟུང་རྣམ་གཡེང་གིས། །ཚིག་ཉུང་དོན་ཚང་གྱིས་ཞེས་བསྐུལ་བའི་བཀའ། །མ་ལྡོག་བྱིས་བློས་དཔོགས་ནུས་ཙམ་ཞིག་བཀོད། །སྙན་སྙན་དབྱངས་ཅན་ཞལ་ལུང་ནས་དྲངས་ན། །གསལ་གསལ་ཡངས་པའི་བློ་ཅན་ཚོགས་དགྱེས་མོད། །མང་མང་བླུན་པོའི་ལག་ཏུ་འཁྱར་བའི་ཚེ། །དམ་དམ་ཚིག་དོན་མི་ཁྲོལ་ནོངས་པས་ངལ། །ཨག་གླེན་རིགས་ཀྱི་ཐིག་ལེ་སྤྱན་གྱི་ཟུར། །ཟུར་ཙམ་འབབ་ཆེད་བཀོད་པའི་དགེ་བའི་ཚོགས། །ཚོགས་གཉིས་རྒྱ་མཚོར་མཁའ་མཉམ་འགྲོ་བ་ཀུན། །ཀུན་ནས་རྩེ་དགའི་ཟློས་གར་བསྒྱུར་བར་ཤོག །ཅེས་བསངས་ཀྱི་མཆོད་པ་ལྷ་ལམ་ཀུན་ཁྱབ་ཅེས་པ་འདི་ནི་ཆོལ་ཁ་གསུམ་གྱི་ཁ་ལོ་བསྒྱུར་བ་དཔོན་ཆེན་ཨག་གླེན་རིགས་ཀྱི་ཐིག་ལེ་ས་སྐྱོང་ཞང་པོ་ཀུན་དགའ་ཚེ་བརྟན་སྟོབས་རྒྱས་ཀྱི་རྒྱུན་འཁྱེར་ཐུགས་དམ་དུ་ཉུང་ངུ་འདི་ལྟ་བུ་ཞིག་གྱིས་ཞེས་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ན་མོ་བཛྲ་པཱ་ཎ་ཡེ། སངས་རྒྱས་ཀུན་གྱི་གསང་བ་མ་ལུས་པ། །འཛིན་མཛད་ལག་ན་རྡོ་རྗེ་སྟོབས་པོ་ཆེ། ཁྱོད་ཞབས་པདྨར་བཏུད་ནས་བསངས་མཆོད་དང་། །འབྲེལ་བའི་ཆོ་གའི་རིམ་པ་ཅུང་ཟད་སྤེལ། དེ་ལ་འདིར་ཅོག་ཙེ་ལྟ་བུ་སྟེགས་ཀྱི་བར་རྟེན་ཁེབས་སོགས་གདན་གཙང་མ་ཇི་ལྟར་རིགས་པ་བཀབ་པའི་སྟེང་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྤྱིའི་གཏོར་མ་དབུས་སུ་ཟླུམ་པོ་དཀར་པོ་ཆེ་བ་ཞིག་ལ། དེའི་མཐར་བཤོས་ཟླུམ་བརྒྱད་མཐེབ་སྐྱུས་སྐོར་བ། དེའི་གཡས་སུ་སྣོད་གཅིག་ཏུ་གཙང་རིས་ལ་དགའ་(༡༤བ)


GLG011_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ་ཀླུ་གཞི་བདག་རྣམས་ཀྱི་གཏོར་མ་དཀར་པོ་ཟླུམ་པོ་ཆེ་བ་ཞིག་ལ་མཐའ་སྐོར་དུ་སྐྱུ་གུ་བརྒྱད། རིལ་བུ་བརྒྱད། ཆང་བུ་བརྒྱད་ཀྱིས་བསྐོར་བར་དཀར་གསུམ་དངར་གསུམ་གྱིས་སྦྲན་པ། གཡོན་ཕྱོགས་ཀྱི་སྣོད་ཅིག་ཏུ་ཤ་ཁྲག་ལ་དགའ་བའི་སྡེ་བརྒྱད། གཞི་བདག་རྣམས་ཀྱི་གཏོར་མ་དབུས་སུ་བཤོས་བུ་གྲུ་གསུམ་ཆེ་བ་ཞིག་ལ། གྲུ་གསུམ་ཆུང་བ་བརྒྱད་མཐེབ་སྐྱུ་དང་བཅས་ཁྲག་གིས་བྱུགས་ཤིང་ཤ་དམར་གྱིས་བརྒྱན་པ། གཏོར་མ་གསུམ་ལ་དཀར་རྒྱན་གྱིས་སྤྲས་པ། ཕྱེ་མར་ཆང་ཕུད། མཐའ་སྐོར་དུ་ཅི་འབྱོར་པའི་མཆོད་པ། མདའ་དར། བསངས་ཤིང་སོགས་ཡོ་བྱད་ཐམས་ཅད་སྟ་གོན་ལེགས་པར་བྱ། ཆོ་ག་དངོས་ལ། སྐྱབས་སེམས་ནི་རྒྱས་པའམ་བསྡུ་ན་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་རྒྱུད་དག་པར་བྱས། བདག་བསྐྱེད་ནི། རང་སྐད་ཅིག་གིས་པད་ཟླའི་གདན་ལ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ་གློག་ལྟར་འཁྱུག་པ། སྨ་ར་དང་སྨིན་མ་དང་། དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གཡོན་ཐུགས་ཀར་སྡིག་མཛུབ་མཛད་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་གསོལ་པ། རྩེ་ཕྲན་སོགས་རིན་པོ་ཆེའི་རྒྱན་དང་སྦྲུལ་གྱིས་སྤྲས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། ཨོཾ་ནཱི་ལམ་ཝ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ཅི་རིགས་བཟླ། དེ་ནས་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། བཛྲ་ཨ་མྲྀ་ཏས། བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་(༡༥ན)


GLG011_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད། ཡུལ་ལྷ་གཞི་བདག་རྣམས་དབང་པོ་སྒོ་ལྔ་ཚིམ་པར་བྱེད་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་སརྦ་བིད། པཱུ་ར་པཱུ་ར། སཱུ་ར་སཱུ་ར། ཨཱ་ཝརྟ་ཡ། ཨཱ་ཝརྟ་ཡ་ཧོཿ། བཛྲ་སྤ་ར་ཎ་ཁཾ། ཞེས་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས་དང་བཅས་པ་ལན་གསུམ་དང་། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི། ཨདྱ་ནུཏྤ་ནྣ་ཏྭཱད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏི་ཥྠ་སིདྡྷ་ལོ་ཙཱ་ནཱི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། །དེ་ནས་མགྲོན་སྤྱན་དྲང་བ་ནི། ཧཱུཾ༔ ཆོས་སྐུ་བདེ་ཆེན་ཀློང་ནས་འོག་མིན་དུ། །ངེས་པ་ལྔ་ལྡན་གཟུགས་སྐུ་མི་གཡོ་བར། །སྤྲུལ་པས་དོན་མཛད་ཤཱཀྱ་སེང་གེ་སོགས། །དུས་གསུམ་སངས་རྒྱས་མ་ལུས་གནས་འདིར་གཤེགས། །ཐུབ་པའི་རྒྱལ་ཚབ་བྱམས་མགོན་འཇམ་པའི་དབྱངས། །ཤིང་རྟ་ཆེས་མཚོན་མཁས་པ་པཎྜི་ཏ། །མདའ་བསྣུན་ཞབས་དང་དཔལ་ལྡན་ཆོས་སྐྱོང་སོགས། །བརྒྱད་ཅུ་རྩ་བཞིའི་གྲུབ་ཐོབ་གནས་འདིར་གཤེགས། །གངས་ཅན་ལྗོངས་དང་རྒྱ་ཧོར་ཡུལ་ཁམས་སུ། །རྣམ་གསུམ་འཁོར་ལོའི་ཉིན་བྱེད་སྣང་བ་ཡིས། །བགྲང་ཡས་བསྟན་པ་འཛིན་སྐྱོང་སྤེལ་མཛད་པ། །རྩ་བ་བརྒྱུད་པའི་བླ་མ་གནས་འདིར་གཤེགས། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷའི་(༡༥བ)


GLG011_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ། །དཔལ་མགོན་ལྕམ་དྲལ་དམ་ཅན་ཆོས་སྐྱོང་ཚོགས། །བདུན་ཅུ་རྩ་ལྔ་ཕྱི་ཡི་མགོན་པོ་སོགས། །དཀར་ཕྱོགས་སྐྱོང་བ་གནས་འདིར་མ་ལུས་གཤེགས། །སྔོན་གྱི་ལས་དང་སྨོན་ལམ་མཐུ་རྩལ་ཅན། །སྣ་ཚོགས་ཕན་གནོད་བྱེད་པ་ལྷ་མ་སྲིན། །དཀར་ནག་འདྲེས་མར་སྤྱོད་པ་སྡེ་བརྒྱད་དུ། །གཏོགས་པའི་འབྱུང་པོ་མ་ལུས་གནས་འདིར་གཤེགས། །ཆེན་པོ་ཧོར་གྱི་ཡུལ་གྲུར་གཏོགས་སོ་ཅོག །སྤྱི་དང་ཁྱད་པར་ཕྱོགས་འདིའི་རི་ཀླུངས་མཚོར། །གནས་ཤིང་རྒྱུ་བའི་སྟོབས་ལྡན་མི་མ་ཡིན། །ལྷ་ཀླུ་གནོད་སྦྱིན་འབྱུང་པོ་གནས་འདིར་གཤེགས། །ཡང་སྒོས་བདག་དང་ཕ་མེས་རིགས་བརྒྱུད་ལ། །འགོ་བའི་ཕོ་ལྷ་ཞང་ལྷ་དགྲ་ལྷ་དང་། །སྐྱེས་ལྷ་ཡུལ་ལྷ་ལ་སོགས་ཉིན་མཚན་ཀུན། །བསྲུང་སྐྱོབ་བྱེད་པ་ཐམས་ཅད་གནས་འདིར་གཤེགས། བཞུགས་གསོལ་ནི། ཉི་ཟླ་པདྨ་དར་ཟབ་རིན་ཅེན་ཁྲི། །རང་རང་དགྱེས་པའི་གདན་ལ་ལེགས་བཞུགས་ནས། །འདོད་ཡོན་མཆོད་སྤྲིན་ལ་རོལ་སྟ་གོན་དུ། །འགྱིང་བག་རོལ་བའི་ཚུལ་གྱིས་ཏིཥྛནྟུ། །འདིར་མཆོད་པ་ནི། །མཆོད་ཅིང་བསྔོ་བའི་ཡུལ་དུ་གྱུར་རྣམས་ལ། །ཇ་ཆང་འོ་དར་སྐྱེམས་བཟང་མཆོད་ཡོན་དང་། །པདྨ་ཨུཏྤལ་སྣ་ཚོགས་མེ་ཏོག་གི །འཕྲེང་བ་སྤེལ་ལེགས་ཆུན་པོ་ཐོད་དུ་འཆིངས། །ཤར་ཕྱོགས་ས་འཛིན་ཡངས་ཤིང་ངོས་འཇམ་པར། །སྟག་པ་སྡོང་པོ་ཡལ་འདབ་གསེར་མདོག་ཅན། །ལྷོ་ཕྱོགས་ས་འཛིན་ཡངས་ཤིང་ངོས་འཇམ་པར། །ཤུག་པ་སྡོང་པོ་ཡལ་འདབ་གཡུ་མདོག་ཅན། །ནུབ་ཕྱོགས་ས་འཛིན་ཡངས་ཤིང་ངོས་འཇམ་པར། །སྦ་སྨྱུག་སྡོང་པོ་ཡལ་འདབ་ཟངས་མདོག་ཅན། །བྱང་ཕྱོགས་ས་འཛིན་ཡངས་ཤིང་ངོས་འཇམ་པར། །མཁན་དཀར་སྡོང་པོ་ཡལ་འདབ་(༡༦ན)


GLG011_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དུང་མདོག་ཅན། །ཙན་དན་དཀར་དམར་སྐྱ་སྨྱུག་ཨ་ག་རུ། །དྲི་བསུང་ངད་ལྡང་བདུད་རྩི་ཅན་གྱི་ཤིང་། །ཛཱ་ཏི་ལི་ཤི་སུཀྨེལ་ཀ་ཀོ་ལ། །གུར་ཀུམ་ཅུ་གང་ག་པུར་སྤོས་དཀར་དང་། །སི་ལ་ཆུ་སྲིན་སྡེར་མོ་དུ་རུ་ཀ །ཐང་དང་ཆུ་ལས་སྐྱེས་པའི་སྨན་སྣ་སྟོང་། །གར་སྤོས་ལ་སོགས་དྲི་ཞིམ་རྫས་ཀྱི་རིགས། །བསངས་དུད་སྤྲིན་ཕུང་ཤངས་ཀྱི་ཡུལ་དུ་འབུལ། །རྩི་བཅུད་འབྲུ་མར་སྣང་གསལ་མུན་པ་སེལ། །སྨན་གྱི་ངད་ལྡན་དྲི་ཡི་བྱུག་པ་དང་། །ལྷ་མིའི་བཟའ་བཅའ་རོ་བརྒྱ་ལྡན་པའི་བཤོས། །སྣ་ཚོགས་སྒྲ་སྙན་རོལ་མོའི་མཆོད་པ་དབུལ། །ཕུན་ཚོགས་འདོད་པའི་ཡོན་ཏན་ལྔ་ལྡན་ཞིང་། །རྣམ་པར་དཀར་དམར་བ་ལིཾ་རྒྱན་ལྡན་པ། །ངོ་བོ་བདུད་རྩིའི་རྒྱ་མཚོའི་པཱུ་ཛ་འདིས། །མཆོད་པའི་ཡུལ་རྣམས་ཐུགས་དམ་སྐོངས་གྱུར་ཅིག །བྱེ་བྲག་བསངས་ཀྱི་མཆོད་པ་ནི། ཁྱད་པར་དྲི་ཞིམ་ངད་འཐུལ་བསངས་མཆོད་ཀྱི། །དུད་པའི་སྤྲིན་ཕུང་ས་གཞི་བར་སྣང་ཀུན། ཁྱབ་པའི་ཉེས་ཚོགས་དྲི་མ་མཐའ་ཡས་པ། །ཏིང་འཛིན་སྔགས་བརྒྱ་རྫས་ཀྱིས་བྱང་གྱུར་ཅིག །ཆོས་ཀྱི་དབྱིངས་ལས་ཁ་སྦྱོར་བདུན་ལྡན་སྐུར། །བཞེངས་པའི་མ་འགགས་རང་གདངས་རིགས་གསུམ་དང་། །རིགས་ལྔ་རིགས་བརྒྱ་བཅོམ་ལྡན་ཤཱཀ་ཐུབ་སོགས། །དུས་གསུམ་བདེ་བར་གཤེགས་པ་མ་ལུས་བསངས། །བྱང་སེམས་རང་རྒྱལ་སྐྱེ་འཕགས་དགེ་འདུན་སྤྱི། །གནས་བཅུ་གྲུབ་ཐོབ་བརྒྱད་ཅུ་རྒྱན་དྲུག་མཆོག །ཨྱོན་ཤམ་བྷ་ལ་དང་འཕགས་བལ་བོད། །རྒྱ་ཧོར་བྱོན་པའི་མཁས་གྲུབ་ཐམས་ཅད་བསངས། །དངོས་སུ་ཆོས་ཀྱི་བཀའ་དྲིན་སྩལ་བ་དང་། །བརྒྱུད་ནས་ཐུགས་རྗེ་འཇུག་པ་རྩ་བརྒྱུད་ཀྱི། །དཔལ་ལྡན་བླ་མ་སྤྱི་དང་ཁྱད་པར་དུ། །རྗེ་བཙུན་བློ་བཟང་གྲགས་པ་ཡབ་སྲས་བསངས། །འདུས་པ་དམར་ནག་གཤེད་སྐོར་བདེ་དགྱེས་དང་། །དུས་འཁོར་ལ་སོགས་ཕ་མ་(༡༦བ)


GLG011_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་རྒྱུད། །ཡོ་ག་བྱ་སྤྱོད་ལ་འདུས་རྒྱུད་སྡེ་བཞིའི། །བགྲང་ཡས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་བསངས། །གནས་དང་ཉེ་གནས་ཞིང་དང་ཉེ་བའི་ཞིང་། །ཚནྡྷོ་ཉེཚནྡྷོ་དང་ཉེ་བའི་འདུ། །དུར་ཁྲོད་ཉེ་དང་འཐུང་སྤྱོད་ཉེ་འཐུང་སོགས། །གནས་གསུམ་བཞུགས་པའི་དཔའ་བོ་མཁའ་འགྲོ་བསངས། །མྱུར་མཛད་མགོན་པོ་ལྕམ་དྲལ་གནོད་སྦྱིན་བཞི། །ལས་གཤིན་ཕྱི་ནང་གསང་བ་རེ་མ་ཏཱི། །ཞལ་བཞི་རྣམ་མང་ཐོས་སྲས་བེག་ཙེ་སོགས། །ནང་གི་ཆོས་སྐྱོང་མ་མགོན་འཁོར་བཅས་བསངས། །ཕྱོགས་སྐྱོང་བཅུ་དང་ལྷ་ཀླུ་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་སྡེ་དཔོན་ཆེན་པོ་དགུ །རྒྱལ་ཆེན་བཞི་སྟེ་གཙང་རིས་བདུན་ཅུ་ལྔའི། །དཀར་ཕྱོགས་སྐྱོང་བ་ཕྱི་ཡི་མགོན་པོ་བསངས། །ལྷ་དང་གཤིན་རྗེ་བདུད་གཟའ་རྒྱལ་པོ་བཙན། །གནོད་སྦྱིན་ཀླུ་སྲིན་ས་བདག་ལ་སོགས་པ། །འཛམ་གླིང་ཡུལ་གྲུ་ཀུན་ན་གནས་པ་ཡི། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་མ་ལུས་བསངས། །བྱང་ཕྱོགས་སོག་པོའི་རྒྱལ་ཁམས་མཐའ་དག་དང་། །ཁྱད་པར་བདག་སོགས་གནས་ཡུལ་རི་ཀླུངས་མཚོ། །བྲག་སྤང་ཤིང་ལ་གནས་ཤིང་རྒྱུ་བ་ཡི། །འཇིག་རྟེན་འབྱུང་པོའི་རིགས་གྱུར་མཐའ་དག་བསངས། །ཁྱད་པར་ཨོ་རོད་ཕྱོགས་གྱི་ཡུལ་གྲུའི་ཆ། །ཨལ་ཐའི་སཱ་རི་ཐར་བ་ག་ཐའི་དང་། ཇལ་མན་བོག་དོ་ཨ་ལག་ཨཽ་ལ་དང་། །ཁོ་གོར་ཁོ་བོགས་པ་ཡན་དུ་རེ་ཁེན། །ཨོར་གེ་ཚོར་དང་ཁུ་ཁེ་གུ་ཡ་དང་། །བུ་ལ་ནའི་དང་ཆོག་ཐུ་ཨཽ་ལ་དང་། །ཁ་སུ་ལུག་དང་བ་ཡན་ཨ་ལ་དང་། ཁུག་ཐུ་བུ་དང་ཤ་ར་བེལ་སོགས་ལ། །རྩི་ཤིང་ནགས་ཚལ་མེ་ཏོག་སྤང་ལྗོངས་དང་། །ལྕགས་ཟངས་ཞ་ཉེ་ལ་སོགས་རིན་པོ་ཆེ། །སྣ་ཚོགས་ཀྱིས་གཏམས་འབྱོར་བའི་སྒོ་ཕྱེ་ཞིང་། །རིང་བའི་རི་བརྒྱུད་སེར་ནག་རྒྱན(༡༧ན)


GLG011_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་པ། །རི་བོ་ཀུན་ལ་གནས་པའི་ལྷ་རྣམས་བསངས། །ཁོ་བོག་ཁཱེར་གསུམ་ཇི་རགས་ལང་ཐུ་ཁུམ། །ཇི་ར་ག་ལང་ཐུ་ཐལ་ཡེ་སུད་དང་། །ཨེ་ཤིན་ནུ་ར་ཆག་ན་ནུ་ར་དང་། །བོ་རོ་ཐ་ལ་ཨོལ་ཇོས་མུ་སྦོམ་དང་། །ཇུལ་ཐུ་སུ་དང་གེ་གཱེན་ཐེལ་མེ་དང་། །ཐུབ་ཇིར་ག་ལང་འབྲུ་སྣ་མེ་ཏོག་དང་། ཤིང་ཏོག་ནགས་ཚལ་འདོད་ཡོན་སྣ་ཚོགས་པས། །རྒྱན་གྱུར་ཡུལ་དང་ཡུལ་ལྗོངས་མཐའ་ཀླས་པར། །གནས་ཤིང་བདག་གིར་འཛིན་པའི་རྫུ་འཕྲུལ་ཅན། །གནས་གཞི་ཡུལ་གྱི་བདག་པོ་ཐམས་ཅད་བསངས། །ཨེར་ཆིས་སྐྱ་ནག་ཁེ་རན་ཁེ་མུ་ཆེག །ཁ་པ་བུར་ཆི་ཁུར་ཆིན་ཁ་ལ་འཐན། །ན་རིན་སྤོས་རོལ་ཨ་ནའི་ཚ་རས་ལམ། ཁེམ་ཚིག་མཚོ་མང་སོལ་བི་བུ་ལ་གན། །ཨུ་རུང་གུ་དང་ཁི་སལ་པ་ཤ་དང་། །ཨུས་ཁོལ་ཨེ་མིལ་ཁུ་འུར་གེ་ཁེང་གིར། །སུད་ཁོལ་བ་ཚའི་གིན་ཇི་ལིག་ལེབ་ཞ །ཁ་ར་ཐལ་དང་ཁུ་ཁེ་ཨུ་སུ་དང་། །ཐེང་གིས་ཁ་ཤ་ཁོང་གིས་ཨི་ལི་དང་། ཁྱད་པར་བླ་མཚོ་ཆེན་པོ་བར་ཁ་དང་། །མཚོ་དང་ཀླུང་ཆེན་ཀླུང་ཕྲན་ཁྲོན་པ་རྫིང་། །ཉལ་འགྲོ་ཀུན་ལ་གནས་པའི་ལྷ་ཀླུ་དང་། མཚོ་སྨན་ས་སྲིན་གཉན་དང་ས་བདག་བསངས། །གཞན་ཡང་ས་ཆུ་མེ་རླུང་འབྱུང་བའི་ལྷ། །ཕོ་ལྷ་ཞང་ལྷ་སྲོག་ལྷ་ཡུལ་ལྷ་དང་། །དགྲ་ལྷ་སྐྱེས་ལྷ་འགོ་བའི་ལྷ་རྣམས་དང་། །སྲིད་པའི་ལྷ་དང་སྨོན་པ་འགྲུབ་པའི་ལྷ། །སྐུ་གསུང་ཐུགས་དང་གླིང་བཞི་དར་བའི་ལྷ། །དཔའ་རྩལ་མྱུར་མགྱོགས་དམུ་རབས་གཙུག་རབས་དང་། །རང་ལ་ཡོད་དང་གྲོགས་ལ་འགོ་བའི་ལྷ། །དགྲ་ལས་ཐོབ་དང་བཟང་ཁ་བྱེད་ལྷ་བསངས། །གཞན་ཡང་བྱེས་སུ་བགྲོད་པའི་ལྷ་གཉན་དང་། །མགྲོན་གྱི་མགྲོན་གཡག་བཅུ་གསུམ་ལམ་སྲུང་དང་། །རྫོང་གི་རྫོང་བཙན་དཀར་པོ་བྲག་རི་ཡི། །བཙན་དམར་མཚོ་ཡི་མཚོ་སྨན་ཕྱུག་མོ་དང་། །ཁང་པ་ས་ཞིང་ཐབ་ལྷ་(༡༧བ)


GLG011_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ཀྱི་ལྷ། །སྦྲ་གུར་འབྲུ་སྣ་རྔ་མོ་རྟ་དྲེལ་ཕྱུགས། །རིན་ཆེན་སྣ་ཚོགས་གོས་དར་ཇ་རས་བགས། །ཕྱི་ནང་ནོར་རྫས་སྐྱོང་བའི་ལྷ་རྣམས་བསངས། །ཚེ་དང་བསོད་ནམས་དཔལ་འབྱོར་རིགས་བརྒྱུད་དང་། །མཐའ་ཐང་སྤེལ་ཞིང་དོན་རྣམས་སྒྲུབ་པའི་ལྷ། །གཞིས་སུ་རང་གཞན་བདེ་བ་མཛངས་མའི་ལས། །སྒྲུབ་ལ་མཐུན་རྐྱེན་བྱེད་པའི་ལྷ་རྣམས་བསངས། །དཔའ་བརྟུལ་ཆེན་པོས་ཕ་རོལ་འཇོམས་པའི་གཡུལ། །བཤོམ་པའི་བཙན་པོའི་གོ་དང་རྣོན་པོའི་མཚོན། །མཐོ་དམའ་བར་དུ་བྱ་འོས་ཞི་དྲག་གི །ལས་རྣམས་ཀུན་ལ་དབང་པའི་ལྷ་རྣམས་བསངས། །སྤར་ཁ་སྨེ་བ་ལོ་སྐོར་བཅུ་གཉིས་དང་། །ས་བདག་རྒྱལ་བློན་མོ་དང་རྩིས་ཀྱི་ལྷ། །གཞིས་སྡོད་ལམ་འཇུག་བྱེས་བགྲོད་ལས་ཀུན་ལ། སོ་སོར་ཕན་པའི་སྲུང་མ་ཐམས་ཅད་བསངས། །མདོར་ན་རྒྱ་གར་ཤར་ནུབ་ལྷོ་བྱང་དང་། །བལ་ལི་རྒྱ་ནག་པཱུ་ཅིང་བཅུ་གསུམ་ས། །བོད་དང་བོད་ཆེན་གློ་མོན་ཤམྦྷ་ལ། །འཛམ་གླིང་ཡོངས་ཀྱི་གཞི་བདག་ཐམས་ཅད་བསངས། །དེ་ནས་དགྲ་ལྷ་དཔང་བསྟོད་བྱ་བ་ནི། རུ་དར་ལ་དགྲ་ལྷ་སྐུ་མདོག་དཀར་པོ་དབུ་ལ་ལྕགས་རྨོག་རྒྱལ་མཚན་དར་ལྕོག་སོགས་ཀྱིས་སྤྲས་པ། སྐུ་ལ་བསེ་ཁྲབ་སེར་པོ། ཞབས་ལ་སག་ལྷམ་གསོལ་བ། རྐེད་པར་སྟག་རལ་གཟིག་ཤུབས་བཅིངས་པ། ཕྱག་གཡས་སྦ་ལྕགས་དང་གཡོན་སྲབ་མདའ་འཛིན་པ། ལྕགས་ཀྱི་བྱ་ཁྲ་ཀླད་ལ་ལྡིང་པ། ཕྲག་གོང་གཡས་ལ་སེང་ཆེན་དང་གཡོན་ལ་སྟག་ཆེན་འགྱིང་བ། ཁྱི་ནག་དོམ་དྲེད་རྗེས་སུ་ཁྲིད་པ། མདུན་དུ་སྡེ་བརྒྱད་དང་སྤྲུལ་པའི་འཁོར་སྣ་ཚོགས་བྲིས་པ་ཞིག་བཙུགས་པའི་མདུན་དུ། མཆོད་པ་དང་། ཁྲབ། རྨོག །རལ་གྲི །མདུང་། མདའ་གཞུ། མདའ་དང་། །སྤྱན་གཟིགས་རྣམས་ཅི་འབྱོར་བ་ཐོག་མ་ནས་བཤམས་པས་བྱིན་རླབས་ཞར་ལ་འགྲུབ། །དེ་ནས་འདི་སྐད་དོ། །ཀྱེ། སེམས་ཅན་སྤྱི་མཐུན་ལས་ཀྱིས་ཡོངས་གྲུབ་པ། །ནམ་མཁའ་སྟོང་པའི་དབྱིངས་སུ་འབྱུང་བ་བཞིའི་(༡༨ན)


GLG011_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རིམ་ཆགས་སྟེང་དུ་གླིང་བཞི་དང་། །གླིང་ཕྲན་ལྕགས་རིས་ཡོངས་སུ་བསྐོར་བའི་དབུས། །རིན་ཅེན་སྣ་བཞི་ལས་གྲུབ་རི་རབ་རྩེར། །ཕུན་ཚོགས་ལྷ་ཡི་ཕོ་བྲང་གྲོང་ཁྱེར་དང་། །རྩ་བར་ཐགས་བཟང་རིས་སོགས་ལྷ་མིན་གནས། །དཔག་བསམ་ཡོངས་འདུའི་ལྗོན་པའི་འབྲས་བུ་ལ། །ལྷ་དང་ལྷ་མིན་ཕན་ཚུན་རྩོད་པའི་མཐུས། །ལེགས་བྲིས་གནས་སུ་སྲ་བའི་གོ་ཆ་དང་། །སྦྱིན་སྐྱེས་ཡུལ་དུ་རྣོ་བའི་མཚོན་ཆ་བརྡུངས། །དཔུང་ཚོགས་ཡན་ལག་རྣམ་བཞིའི་གཡུལ་བཤམས་པའི། །དང་པོར་ལྷ་ཡི་དམག་དཔུང་ཕམ་པའི་ཚེ། །མིག་སྟོང་ཅན་གྱིས་གསང་བའི་བདག་པོ་ལ། །གསོལ་བ་བཏབ་པར་ལུང་བསྟན་ཇི་བཞིན་དུ། །གཞན་གྱིས་མ་བཅོས་རང་བྱུང་གོ་མཚོན་དང་། །རྟེན་འབྲེལ་ཤུགས་ཀྱིས་ལྷ་རྒོད་ཐོག་འབེབས་དང་། །ཀླུ་མོ་དུང་སྐྱོང་གཉིས་པོ་བཤོས་པའི་སྲས། །དགྲ་ལྷ་ཆེན་པོ་མཆེད་དགུ་དངོས་སུ་བྱོན། །ལྷ་ཡི་དབང་པོར་ཁྱེད་རྣམས་རྒྱལ་འདོད་ན། །ངེད་ལ་རྟེན་ཆགས་ཕྱག་དང་མཆོད་བསྟོད་རྣམས། །གྱིས་ཞེས་བསྐུལ་ལྟར་མཐུན་པའི་རྟེན་རྫས་བཙུགས་། །རི་རབ་རྩེ་མོར་དགྲ་ལྷ་སྤྱན་དྲངས་ནས། མཐུན་རྫས་ཀྱིས་མཆོད་བརྡ་ཡིས་བསྐུལ་བ་ན། །ཧཱུཾ་ཧཱུཾ་ལན་གསུམ་བརྗོད་པས་ལྷ་དམག་རྣམས། །གཟི་བརྗིད་ཕུན་སུམ་ཚོགས་པའི་བཀྲག་མདངས་བྱུང་། །ཀྱེ་ཀྱེ་ལན་གསུམ་བརྗོད་པས་སྲ་བའི་གོ །རྣོན་པོའི་མཚོན་ཆ་རྣམས་ལ་འོད་ཟེར་འབར། །སྭ་སྭ་ལན་གསུམ་བརྗོད་པས་དཔུང་གི་ཚོགས། ཞུམ་པ་མེད་པ་དཔའ་བོའི་ངར་དང་ལྡན། །བརྡའ་བརྡའ་ལན་གསུམ་བརྗོད་ནས་གཡུལ་བཤམས་པས། །ལྷ་མིན་མགོ་ལག་བྲེགས་ཤིང་གོ་ཆ་རལ། །རུ་དར་རོལ་མོ་ཆག་ཅིང་ཕམ་བྱས་ནས། །ལྷ་རྣམས་རྣམ་པར་རྒྱལ་བའི་རུ་མཚོན་བསླང་། །སྔོན་བྱུང་དེ་བཞིན་དེང་དུས་(༡༨བ)


GLG011_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གིས། །ལྷ་ཁྱོད་སྤྱན་འདྲེན་མཆོད་བསྟོད་བསྐུལ་བྱེད་ན། །ཐོགས་པ་མེད་པར་གནས་འདིར་གཤེགས་ནས་ཀྱང་། །སྐུ་གཟུགས་འདི་ལ་གཡོ་མེད་བརྟན་པར་བཞུགས། །ལྷ་ཡི་དབང་པོས་སྲི་ཞུ་མཛད་པ་ལྟར། །ཡོན་གྱི་བདག་པོའི་མཆོད་པ་བཞེས་སུ་གསོལ། །བརྩིགས་པའི་མཁར་ཁྱིམ་ཕུབ་པའི་གུར་དང་སྦྲ། །རྨོས་ཤིང་བཏབ་པའི་ས་ཞིང་ལོ་ཏོག་དང་། །བསགས་པའི་གསེར་གཡུ་མུ་ཏིག་དངུལ་ཟངས་སོགས། །རིན་ཆེན་སྣ་ཚོགས་བཟང་གོས་དར་རས་ཇ། །པགས་རིགས་སྣ་ཚོགས་ལས་གྲུབ་ཞྭ་གོས་ལྷམ། །རྟ་དྲེལ་རྔ་མོ་གནག་ཕྱུགས་ར་ལུག་བྱ། ཇོ་བོ་ཐུན་དང་ཨུབ་ཆི་ཁ་རབ་ཆི། །ཨོ་མོ་རུབ་ཆི་སཽབ་ཆི་སུའུབ་ཆི་དང་། །དབུས་ག་ཆི་ཨ་ལ་ཁྲལ་ཨོར་སྦོག་གོ །ཐོ་བི་ལྕགས་འབག་རྨོག་ཆེན་ཕྲུ་ཡིས་མཛེས། རྣོ་ངར་རལ་གྲི་མདུང་རིང་འཕང་མདུང་དང་། །ཨེས་ཐུ་གེ་ཆི་ཁིན་སུ་ཁར་པཱ་གུར། །ཇོ་བོ་གོ་དེ་ལི་དང་ཁེས་སུ་མོས། །གང་བའི་སྟག་གདོང་རིན་ཅེན་ཕ་གུ་ཅན། །མཆོག་དཀར་གཞུ་མོ་གཟིག་ཤུན་ཤུབས་ལྡན་ཅན། །མེ་ཡི་མདའ་སྒྱོགས་དགྲ་སྟ་སྟ་རེ་སོགས། །སྣ་ཚོགས་མཚོན་ཆའི་ཁྱད་པར་ཇི་སྙེད་པ། །རྫུ་འཕྲུལ་རླུང་གི་ཤུགས་ལྡན་རྟ་མཆོག་ལ། སྒ་སྲབ་གོང་རྨེད་མཛེས་པའི་ཆས་ཀྱིས་སྤྲས། །འཕན་གདུགས་རྒྱལ་མཚན་དར་བཀྲའི་ལྡ་ལྡི་གཡོ། །རུ་ཚོན་དར་ལྕེ་ལྷབ་ལྷུབ་ནམ་མཁའ་འགེང་། གཏོར་མ་ལྷ་མིའི་བཟའ་བཅའ་རོ་བརྒྱར་ལྡན། ཇ་ཆང་ཞོ་དར་བཏུང་བ་མཚོ་རུ་བསྐྱིལ། །མེ་ཏོག་སྣ་ཚོགས་སྣང་གསལ་སྒྲོན་མེ་སྦར། །རྫ་རྔ་ཟོམ་རྔ་རྔ་ཟླུམ་དུང་ཆེན་དང་། །སྦུག་སིལ་པི་ཝཾ་རོལ་མོ་གནམ་ས་ལྡིར། །དགྲ་ལྷ་ཆེན་པོ་དགྱེས་པའི་རྟེན་དུ་འབུལ། །རྟེན་ལམ་མ་གཡོ་སྟོང་གྲོགས་དཔུང་གཉེན་མཛོད། །ཀྱཻ། མཁའ་ལ་གཡུ་འབྲུག་འབྲུག་ལ་(༡༩ན)


GLG011_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཟེ་བ་རྒྱས། །གངས་ལ་སེང་གེ་སེང་ཆེན་རལ་པ་གསིག །སྤང་ལ་ཤ་བ་རྭ་བཅུ་ཕྱོགས་སུ་རྒྱས། །ཆུ་ལ་ཉ་མོ་ཉ་མོ་གསེར་མིག་འཁྱིལ། །མཚོ་ལ་ངང་པ་མ་ཧེས་བེའུ་མཚོ། །ཕ་མས་བུ་ཚ་ལ་ནི་བྱམས་པ་ལྟར། །དགྲ་ལྷ་ཆེན་པོ་མི་དང་མ་འབྲལ་བར། །ཉིན་མཚན་དུས་དྲུག་གཡེལ་མེད་མེལ་ཚེ་མཛོད། །སྲ་བའི་གོ་ཆ་དབུ་རྨོག་གངས་རིའི་མདོག །རྣོ་བའི་མཚོན་ཆ་རྣམས་ལ་དགྲ་ལྷ་བཞུགས། །དཔའ་རྩལ་ལྡན་པའི་མི་ཕོ་བཞོན་པའི་རྟ། །ལས་བྱེད་ཞུབ་ཅན་དམག་གི་དཔུང་ཚོགས་ལ། །དགྲ་ལྷ་ལུས་དང་གྲིབ་མ་ལྟར་འགྲོགས་ཤིག །གུང་སྔོན་མཐོན་པོ་ས་གཞི་དྲོ་པོ་ལ། །དགྲ་ལྷ་ཆེན་པོ་འབྲལ་བ་མེད་བཞུགས་ནས། །ཕ་རོལ་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །གཡང་འགུགས་ནི། །ཀྱཻ། ནམ་མཁའི་དབྱིངས་ནས་འབྲུག་སྐད་སྙན་པོའི་གཡང་། །ནགས་མའི་ཁྲོད་ནས་རྒྱ་སྟག་རྩལ་གྱི་གཡང་། །ནོར་འཛིན་སྟེང་ནས་མགོ་ནག་མི་ཡི་གཡང་། །སྤང་ལྗོངས་ངོས་ནས་ཤ་རྐྱང་འཕེལ་བའི་གཡང་། །ཤུགས་ལྡན་རྟ་ཡི་གསར་འགྲོས་བང་གི་གཡང་། །ཁྱུང་དཀར་མཛོ་དང་འདོད་འཇོ་བ་ཡི་གཡང་། །གཡང་དཀར་ལུག་དང་ཚེ་ཚེ་ར་ཡི་གཡང་། །སྟོབས་ཆེན་རྔ་མོ་ཁལ་ཆེན་ཐེག་པའི་གཡང་། །རིན་ཅེན་དར་ཟབ་ཇ་འབྲས་འབྲུ་ཡི་གཡང་། །སྟག་གཟིག་རྒྱལ་པོའི་མི་ཟད་མཛོད་ཀྱི་གཡང་། །གེ་སར་རྒྱལ་པོའི་དཔའ་རྩལ་དམག་གི་གཡང་། །མཚོན་གྱིས་མི་ཕིགས་གོ་ཆ་བཙན་པའི་གཡང་། །དགྲ་དཔུང་ཕྱེར་འཐག་མཚོན་ཆ་རྣོ་བའི་གཡང་། །འཇམ་མཉེན་རིག་ན་བདེ་བ་གོས་ཀྱི་གཡང་། །ལྕེ་ལ་རོ་བརྒྱ་བདའ་བ་ཟས་ཀྱི་གཡང་། །ཚེ་རིང་བདེ་ཞིང་སྐྱིད་པ་ལྷ་ཡི་གཡང་། །དཔལ་འབྱོར་བསོད་ནམས་དར་བ་གནོད་སྦྱིན་གཡང་། །མི་བརྒྱུད་ཆུ་ལས་རིང་བ་བུ་ཚའི་གཡང་། །ཆབ་སྲིད་དབུ་རྨོག་བཙན་པ་དཔོན་གྱི་གཡང་། །མངའ་(༡༩བ)


GLG011_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ཕྱོགས་བཅུར་རྒྱས་པ་འཁོར་གྱི་གཡང་། །འདོད་གཟུགས་ལྷ་དང་བཅུད་བྲལ་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་ལྟོ་འཕྱེ་མིའམ་ཅི། །འཁོར་ལོས་སྒྱུར་རྒྱལ་བཙུན་མོ་མདུན་ན་འདོན། །རིན་ཆེན་གླང་པོ་རྟ་མཆོག་དམག་དཔོན་སོགས། །མདོར་ན་སྲིད་ཞིའི་ཕྱྭ་གཡང་ཀུན་ཁུག་ལ། །ཕྱྭ་གཡང་གཉེན་པོ་གནས་འདིར་འཁྱིལ་ལི་ལི། །དགྲ་ལྷ་འཁོར་དང་བཅས་པའི་དབུ་འཕང་བསྟོད། །བདག་སོགས་གཞི་ལམ་བྱེས་གསུམ་གང་དུ་ཡང་། །རྒྱབ་ཀྱི་བརྟེན་ས་མདུན་གྱི་འཁར་བ་དང་། །སྐྱེལ་བསུ་སྒྲོལ་འདོན་མགོན་སྐྱབས་དཔུང་གཉེན་མཛོད། །ནད་རིམས་གདོན་བགེགས་དུས་མིན་འཆི་བ་དང་། །དབུལ་ཕོངས་མི་ཁ་གླེང་བརྗོད་ལ་སོགས་པ། །ཉེས་ཚོགས་ཀུན་གཞིལ་སྡང་བའི་དགྲ་བོ་འཐུལ། །ཚེ་དཔལ་བསོད་ནམས་ལེགས་ཚོགས་རྒྱས་པར་མཛོད། །སྭ་སྭ་ལྷ་རྒྱལ་ལོ། བསངས་ཙམ་ལས་དགྲ་ལྷར་དཔངས་བསྟོད་མི་བྱེད་ན་བསངས་མཆོད་གྲུབ་རྗེས་དང་། བྱེད་ན་གཉིས་ཀ་རྫོགས་མཚམས་འདིར་འཕྲིན་ལས་འཆོལ་བ་ནི། དེ་ལྟར་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་སོགས། །མཆོད་པའི་ཡུལ་དུ་གྱུར་རོ་ཅོག་རྣམས་ལ། །ལྷ་བསངས་དུད་སྤྲིན་མཆོད་པ་ཕུལ་བའི་མཐུས། །བདག་སོགས་རྣམས་ཀྱིས་འཁོར་བ་ཐོག་མེད་ནས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མ་དང་། །ལྷ་འཁོན་མི་དང་མི་འཁོན་ལྷ་ལ་འཕོག །དམེ་གྲིབ་ཡུགས་གྲིབ་དམ་གྲིབ་བཙོག་གྲིབ་དང་། རོ་གྲིབ་བག་གྲིབ་བཤན་གྲིབ་མཛེ་གྲིབ་སོགས། །མི་གཙང་ཉེས་པའི་ཚོགས་ཀུན་དག་གྱུར་ཅིག །བདག་སོགས་མི་ནོར་འཁོར་དང་བཅས་རྣམས་ཀྱིས། །བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །ཡི་གེ་བརྒྱ་པས་ཆད་ལྷག་བཀང་། མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཁྱོད་ཀྱིས་(༢༠ན)


GLG011_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་མགྲོན་རྣམས་རང་གནས་སུ་གཤེགས། །ཤིས་བརྗོད་ནི། །དངོས་གྲུབ་ཀུན་སྩོལ་རྩ་བརྒྱུད་བླ་མ་དང་། བྱིན་རླབས་གཏེར་མཛོད་ཡི་དམ་དཀྱིལ་འཁོར་ལྷ། །འཕྲིན་ལས་སྒྲུབ་མཛད་ཆོས་སྐྱོང་དམ་ཅན་གྱིས། །བཀྲ་ཤིས་དགེ་མཚན་ཆར་ཆེན་དེང་འདིར་ཕོབ། །གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས་རྣམས་དང་། །སྣང་ཞིང་སྲིད་པའི་ལྷ་སྲིན་དྲེགས་པའི་ཚོགས། །འགོ་བའི་ལྷ་དང་ཡུལ་ལྷ་གཞི་བདག་གི །བཀྲ་ཤིས་དགེ་མཚན་ཆར་ཆེན་དེང་འདིར་ཕོབ། །གནམ་ལ་ཉི་ཟླ་གཟའ་སྐར་འོད་བཀྲག་གསལ། །ས་ལ་སྲིད་ཞིའི་དགེ་མཚན་གཡང་དུ་ཆགས། །ལྷ་རྣམས་དབུ་འཕང་འཐོན་པོར་བསྟོད་པ་ཡིས། །བཀྲ་ཤིས་དགེ་མཚན་ཆར་ཆེན་དེང་འདིར་ཕོབ། །ཅེས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་ཉེ་བར་མཁོ་བའི་བསངས་མཆོད་དགྲ་ལྷ་དཔང་བསྟོད་དང་བཅས་པ་ལྷ་རྒྱལ་སྙན་པའི་སྒྲ་དབྱངས་འདི་ནི་རྒྱལ་བ་གཉིས་པ་བཙོང་ཁ་པ་ཆེན་པོའི་བསྟན་པ་བླ་ནས་བླར་འདེགས་པའི་སྲི་ཞུར་བརྩོན་པ་སའི་ཚངས་པ་དད་སྟོབས་ཀྱི་དབང་ཕྱུག་དད་ལྡན་བསྟན་འཛིན་སྦོ་ཤོག་ཐུ་རྒྱལ་པོས་འབད་པ་ཆེན་པོས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་དྲག་པོ་ཞེས་པ་ལྕགས་སྤྲེལ་ཧོར་ཟླ་བདུན་པའི་ཡར་ཚེས་ལ་རང་བྱུང་འཕགས་པའི་གཞལ་ཡས་ཁང་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པའོ། །སརྦ་མངྒ་ལཾ།། །།(༢༠བ)


previousརྒྱ་ཧོར་གྱི་ཡུལ་དུ་ཉེ་བར་ཕན་པའི་བསངས་ཀྱི་ཡི་གེ་དངོས་གྲུབ་ཆར་འབེབས།no next