Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

2 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


  
  
  
  
  
  
  
 
གཏོར་མ་བརྒྱ་རྩ་བཀླགས་པས་དོན་འགྲུབ།
  
  
  
  
  
  
 
  
  
  
  
  
  
  
  
  


2 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousགཏོར་མ་བརྒྱ་རྩ་བཀླགས་པས་དོན་འགྲུབ།next

གཏོར་མ་བརྒྱ་རྩ་བཀླགས་པས་དོན་འགྲུབ།


GLG011_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩ་བཀླགས་པས་དོན་འགྲུབ་ཅེས་བྱ་བ་བཞུགས། །


GLG011_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྴིརསཱཏིརཏྣབྷྱཾ། རང་བཞིན་ཡོངས་དག་ཀུན་གསལ་མཛེས་མའི་འདྲེན་བྱེད་དཀྱུས། །དབང་གཞུ་ལྟར་འཁྱུག་མ་འདྲེས་འཁྱོག་པོའི་མཚར་སྡུག་གིས། །སྣ་ཚོགས་བློ་ཡི་འདོད་ལྡན་དགའ་བའི་དཔལ་སྟེར་ཅན། །ཟས་གཙང་སྲས་ཀྱི་སྲིད་འདིའི་དུཿ ཁའི་ཚ་གདུང་བཅིལ། །ཏིང་འཛིན་ལྕགས་ཀྱུའི་རྫས་ཀྱིས་ལག་ལྡན་སྣར། །བཏབ་པས་རང་དགར་འཕྱན་མིན་སྦྱིན་པའི་ཁུར། །རླབས་ཆེན་ཐེག་པའི་བསོད་ནམས་གོམ་སྟབས་ཀྱིས། །བྱང་གྲོལ་མྱུར་དུ་བགྲོད་པའི་བྱེད་པོ་མཆོག །སྔོན་རབས་དམ་པའི་ལམ་སྲོལ་སྐྱེད་ཚལ་ནས། །རྒྱས་བསྡུས་སྐབས་ཀྱིས་ཕྱེ་བའི་ཕྲ་ལྡེམ་ཅན། །ཀླགས་པས་དོན་ཀུན་འགྲུབ་པའི་ཨུཏྤལ་གྱི། །མེ་ཏོག་ཕོན་པོ་རྣ་བའི་རྒྱན་དུ་དངར། །དབུས་འགྱུར་(༢ན)


GLG011_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྟ་ཅན་གྱི། །གྲོང་ཁྱེར་ཀ་པི་ལ་ཝརྟུའི། །ཕུག་ཅན་ངོས་ན་གཅུང་དགའ་བོ། །མྱང་འདས་ཚུལ་ལ་ཡིད་ཕྱོགས་ཚེ། །སྔོ་བསངས་དུས་སུ་འཇུངས་པའི་འབྲས། །ཉེར་གྲུབ་ཞིག་གིས་དགའ་བོ་ཁྱོད། །ཞག་བདུན་ཚུན་དུ་ཉི་བུ་ཡི། །མཆེ་བའི་ཕྲག་འགྲོ་བདག་ཅག་གི །ངང་ཚུལ་བསྐལ་པ་བརྒྱད་ཁྲིར་མྱོང་། །ཞེས་པའི་མཚོན་ཆ་ཐོས་འཛིན་དུ། །བསྣུན་པས་ཡིད་ལ་རྨ་ཕྱུང་བའི། །ཟུག་རྔུ་འཁུན་སྒྲས་སྨན་པ་མཆོག །ཉི་མའི་གཉེན་དྲུང་གསོལ་བའི་མཐུས། །སྔགས་དང་དམིགས་པ་ཉལ་འགྲོ་ཟན། །རོ་ནུས་སྟོབས་ལ་ཚེགས་ཆུང་ངུས། །དོན་བཟང་འགྲུབ་པ་སྩལ་བ་གང་། །ལག་ཏུ་བསྟར་བས་ཉམ་ང་བའི། །ཚུལ་ལས་བཟློག་པའི་བདེ་བ་ཐོབ། །རིམ་བཞིན་བརྒྱུད་དེ་སཱ་ལའི་ལྗོངས། །ལྷ་གཅིག་དཱི་པཾ་ཀ་ར་སོགས། །དཾ་པ་དུ་མའི་རྗེ་བཙུན་གྲགས་པ། ཕྱག་སྲོལ་རྒྱུན། །མཆོག་དམན་འགའ་ཡིས་ཉམས་བླངས་པས། །ཚེ་ནོར་མངོན་མཐོ་ངེས་ལེགས་རྣམས། །ཐོབ་ཅེས་སྔོན་རབས་སྒྲོས་སུ་སྣང་། །དེ་ཡང་འཚེ་བའི་སྣོད་པའི་རིམས་ཆག་གྲུམས་བམ་ཤིན་ཏུ་ཆུང་བ་བསེ་ལྕགས་ཕོར་བ་སྣོད། བཞི་པོ། ཕྱིར་དོར་མཐུན་པའི་བྷཎྜ་བརྒྱད། ཞེ་སར། དངུལ། ཟངས་གར་ག ཁ་བར་དུག་ཤིང་རྫ་རྣམས་ཀྱི་སྣོད་གང་(༢བ)


GLG011_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ནང་དུ་ལོག་པའི་རྫས། དྲུག་གི་གྲངས་སྤངས་ཅིག་ཤོས་རྣམས། །འབྱོར་པའི་འཁོས་དང་བསྟུན་པའི་ཚད། །བཀོད་པས་ཁྱད་པར་འཕགས་བཤམས་ཏེ། །མཆོད་གནས་ཀུན་ལ་ལེགས་བྱས་ཀྱི། །གྲངས་མེད་དངོས་པོ་བསྐྲུན་ཤ་ཆང་། ལ་ཕུག དུག་གི་མེ་ཏོག བན་མཐོ་བ་རྣམས། དཀར་གསུམ་མངར་གསུམ་འབྲུ་རིགས། ཟན། མེ་ཏོགཆུ་གཙང་། སླད་དུ། འབུལ་ཞིང་སྦྱིན་པའི་ཡུལ་རྣམས་ལ། །ལོངས་སུ་སྤྱོད་ཅིང་མི་ཟད་པའི། །གཏེར་དུ་འགྱུར་ཞིང་གནོད་པ་ཡིས། །འཕྲོག་ཏུ་མེད་པའི་དཔལ་སྟེར་བའི། །ཤཱཀ་ཐུབ་རིགས་གསུམ་མགོན་པོ་བཞིའི། །མཚན་གྱི་དབྱངས་སྙན་སྒྲོག་པ་སོགས། །ཚིག་དོན་མ་འདྲེས་ཇི་བཞིན་དུ། །གཏོར་མ་སྒུལ་བསྐྱོད་དང་བྲལ་བ། །མ་ཐོབ་པར་འབྱུང་པོ་ཀུན་ལོག་འགྲོ་བས་སྡིག་པ་ཆེ། །མི་ཁྱིའི་སྒྲ་མང་སར་ཡི་དགས་རྣམས་སྐྲག །དབེན་ཞིང་གཙང་སར་ངེས་འཕོངས་པ་ལ་ཟས་ནི་བྱིན་ཀྱང་དགའ་བ་ལྟར། །མེད་དུས། །སོ་སོར་ཐར་པའི་སྡོམ་དྲང་སྲོང་རྣམས་གཙང་སྒྲ་མེད་པའི་ཟས་མི་ཟ། ལྡན་རབ། །མིན་ཡང་རོ་དང་ཤ་ཆང་སྒོག་ཙོང་སོགས་དྲི་ངན་པ་མཐའ་དག །དྲི་ང་བའི། །ཟས་སྤངས་སྐྱབས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སོགས་དང་། སངས་རྒྱས་ཆོས་ཚོགས་མ། འགྲོ་སེམས་བསྐྱེད་རྣམས། སྤྱི་ལྟར་བྱས་ཏེ་དཀྱུས་ལ་འཇུག སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨའི་འདབ་མ་དཀར་འཇམ་མཉེན་ལྕུག་རྒྱས་པའི་ལྟེ་བར། ཨ་ལས་བཅུ་དྲུག་ཆ་ཤས་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་(༣ན)


GLG011_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གངས་རིའི་དུམ་བུ་ཆད་པ་ལྟ་བུའི་ཧྲཱིཿ དཀར་པོ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས་པས། དུས་གསུམ་གྱི་རྒྱལ་བ་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་མཉེས་པར་བྱས། །གཞལ་དུ་མེད་པའི་སེམས་ཅན་གྱི་དོན་རླབས་པོ་ཆེས་འགྲོ་བ་ཀུན་འཕགས་པ་མཆོག་གི་གོ་འཕང་ལ་བཀོད། །དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར་པ་ལས། བདག་ཉིད་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་ཤེལ་དཀར་གྱི་ལྷུན་པོ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུའི་སྐུ་མདོག་རབ་དཀར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་གསལ་རྫོགས་ཀྱིས་བརྒྱན་པའི་རྩ་བའི་ཕྱག་གཉིས་ཀུནྡའི་ཕོན་པོ་འགྲོ་ལ་རྗེས་ཆགས་ཀྱིས་ཐུགས་ཀར་འཛིན་པའི་ཉམས་ཀྱིས་སྦྱར་ཞིང་། ལྷག་མ་གཡས་མན་ཤེལ་གྱི་འཕྲེང་བ་བརྒྱ་རྩས་ལུས་ཅན་མཐའ་དག་ཐར་པའི་ཁང་བཟང་དུ་འདྲེན་པའི་བརྡ་དང་། གཡོན་འོག་མས་པདྨ་དཀར་པོའི་སྡོང་པོ་ཡལ་འདབ་རྒྱས་པའི་གྲིབ་བསིལ་གྱིས་སྡུག་བསྔལ་གསུམ་གྱི་ཚ་གདུང་སེལ་བའི་ཚུལ་གྱིས་འཛིན་པ། ལྷ་རྫས་དར་གྱི་ན་བཟའི་སྟོད་གཡོགས་དང་ཤམ་ཐབས་མཛེས་པར་ཀླུབས་ཤིང་། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་ཕྱག་གདུབ། ཞབས་གདུབ་སོགས་ཀྱིས་སྤུད་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས། ལྕགས་ཀྱུ་(༣བ)


GLG011_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་འོད་ཟེར་གྲངས་མེད་པ་འཕྲོས་པས། ལྷོ་ཕྱོགས་གྲུ་འཛིན་རི་བོའི་སྤོ་ནས། རང་འདྲའི་ཡེ་ཤེས་སེམས་དཔའ་འཕྲིན་ལས་ཀྱི་འཇུག་པ་དུས་ལས་མི་གཡེལ་བས་སྐར་མདའ་འཕངས་པ་བཞིན་དུ་སྤྱན་དྲངས། གྲངས་མེད་རྒྱལ་བའི་མཁྱེན་བརྩེའི་འོད་དཀར་ཅན། །གངས་ལྡན་འགྲོ་བློའི་ཆུ་མཚོར་ཤར་བའི་གཟུགས། །ཕན་བདེའི་ག་བུར་གསར་པའི་ཐིགས་པ་གང་། །སྩོལ་ཕྱིར་འདིར་གཤེགས་ཕྱག་ན་པདྨ་ཀྱེ། །ཨོཾ་ཨཱཪྻཱ་ཨཝ་ལོ་ཀི་ཏེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །སླར་ཡང་འོད་ཟེར་འཕྲོས་པས། །དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུྃ། ཞེས་སྤྱི་བོ་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་གཏོར་ཨ་མྲྀ་ཏ་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ། ཨོཾ་ལས་མཆོད་གཏོར་རྣམས་འདོད་ཡོན་ལྔས་ཁྱད་པར་དུ་བྱས་པའི་མཆོད་པའི་སྤྲིན་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ། དངོས་བཤམས་ཡིད་སྤྲུལ་ཕུལ་བྱུང་མཆོད་པའི་ཚོགས། །ངོ་མཚར་སྤྱན་དང་རོ་མཆོག་ལྗགས་ཀྱི་ཡུལ། །ཟག་མེད་བདེ་བའི་ཀློང་དུ་དགྱེས་(༤ན)


GLG011_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད། །འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་ལ་འབུལ། །ཨོཾ་ཨརྱ་ལོ་ཀེ་ཏེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་། ཤཔྟའི་བར་བརྗོད། མི་ཟད་སྙིགས་མ་ལྔ་བདོ་ན་ཀྲའི་གྲོང་། །ལེགས་ལམ་ནོར་བུ་ལེན་ལ་དཀའ་བའི་འཕྲང་། །ཐུགས་རྗེའི་རྫིངས་ཀྱིས་སྒྲོལ་བའི་འཕགས་མཆོག་ལྷ། །འཇིག་རྟེན་དབང་ཕྱུག་གང་དེར་ཕྱག་འཚལ་ལོ། །ཡིག་དྲུག་ལོང་བསྟུན་བགྲངས་རྗེས་སྨོན་ལམ་བྱ། མགྲོན་སྤྱན་འདྲེན་པ་ནི། དཔག་ཡས་རྒྱལ་བའི་གསང་བ་གསུམ་གྱི་དངོས། །མི་འགྱུར་བདེ་ཆེན་ངང་དུ་རྟག་འཆེལ་ཡང་། །དངོས་གྲུབ་འབྱུང་གནས་བྱེད་པོར་སྟོན་པའི་ཕྱིར། །མཆོག་གསུམ་དམ་པའི་ཚོགས་རྣམས་གཤེགས་སུ་གསོལ། །གང་དེའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་ལས། །བགྲང་ཡས་ཟླ་སྣང་ཆུ་མཚོར་ཤར་བ་བཞིན། །ཁྲོས་པའི་གར་མཛད་མགོན་ཆེན་སྡེ་བཞི་སོགས། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་གཤེགས་སུ་གསོལ། །མངོན་ཤེས་རྫུ་འཕྲུལ་ལྡན་པའི་བསིལ་སྦྱིན་དང་། །སྣག་ཚ་ཡང་དག་ཤེས་དང་མདུན་དུ་བདར། །གྱ་གྱུ་ཁྱུང་མིང་ཨ་འགུར་གཡོག་འདོར་སོགས། །དྲང་སྲོང་བྲམ་ཟེའི་ཚོགས་རྣམས་༝། །འདོད་ཡོན་ནོར་དང་དོན་ཀུན་སྒྲུབ་མཛད་པའི། །རྨུགས་འཛིན་ནོར་རྒྱུན་མ་དང་ཚོགས་ཀྱི་བདག །གནོད་སྦྱིན་ཨ་པརྩ་ཏ་ལ་སོགས་པའི། ནོར་བདག་ལྷན་ཅིག་སྐྱེས་ལྷ་༝། །ཆོས་འཁོར་གཙུག་ལག་བ་གཾ་གྲོང་ཁྱེར་དང་། །རི་དང་ནགས་ཚལ་ལ་སོགས་ནོར་འཛིན་ཀུན།(༤བ)


GLG011_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཞིང་སྐྱོང་བ་ས་ཡི་ལྷ་མོ་སོགས། །ཡུལ་ལྷ་གཞི་བདག་ཚོགས་རྣམས་༝། །སྔོན་ཚེ་སྣང་བྱེད་ཡུལ་གྱི་དགའ་སྟོན་དུ། སྟོབས་བཅུ་མངའ་བ་གྱུར་ཅིང་ཚངས་དབྱངས་ཀྱིས། དབུགས་དབྱུང་མཐུ་དང་ལྡན་པའི་མི་མ་ཡིན། སྡེ་དཔོན་རྟ་བདག་འཕྲོ་མ་༝། །རིང་པོ་ཉིད་ནས་བསགས་པའི་ནག་པོའི་འབྲས། མངོན་པར་བདོ་བའི་མི་བསྲུན་བསམ་སྦྱོར་གྱིས། །ལུས་ཅན་རྣམས་ལ་འཚེ་བའི་མི་མཐུན་ཕྱོགས། །བགེགས་ཚོགས་འབྱུང་པོ་མ་ལུས་འདིར་འདུས་ཤིག ཀུན་གསལ་ལུས་ཕྲའི་ཚད་ཀྱི་ཞགས་པས་ཀྱང་། །ཕ་མཐའ་འཆིང་བར་ནུས་པའི་གོ་སྐབས་ལས། །མི་འགྱུར་བརྩེ་བས་བསྐྱངས་པའི་ཇི་སྙེད་མ། །རིགས་དྲུག་སྐྱེ་དགུའི་ཚོགས་རྣམས་༝། །མི་མཉམ་འདུ་བ་འཁྲུགས་དང་གློ་བུར་དུ། །དུག་མཚོན་ལྕེབས་སོགས་རྐྱེན་གྱིས་འདི་སྣང་ལུས། །བོར་ཞིང་ཕྱི་མ་མ་ཐོབ་འཁྱམས་པ་ཡི། །བར་དོར་གནས་པའི་འགྲོ་རྣམས་༝། །སེར་སྣ་ལ་སོགས་ལས་ངན་རླུང་ཤུགས་ཀྱིས། །བཀྲེས་སྐོམ་སྡུག་བསྔལ་རྒྱ་མཚོར་ལྷུང་བ་ཡི། ཕྱི་ནང་སྒྲིབ་ཅན་བྱིངས་གནས་ཁ་འཐོར་སོགས། །ཡི་དྭགས་རྒྱལ་མོ་ལ་སོགས་༝། །སྔོན་ནས་བཅད་གཏུབས་འཕྲོག་འཇོམས་ལ་སོགས་པས། །བུ་ལོན་ཆགས་པའི་མི་དང་མི་མ་ཡིན། །མདོར་ན་རིགས་དྲུག་གང་དུ་གནས་གྱུར་པའི། །ལན་ཆགས་ཤ་འཁོན་གཉེར་རྣམས་འདིར་འདུས་ཤིག །མདོར་ན་བདེ་ལེགས་ཞིང་དུ་སྤྱན་དྲངས་ཤིང་། །འདོད་དོན་བསྒྲུབ་པའི་ཕྱིར་དུ་བཀུག་པ་དང་། །སྙིང་རྗེའི་དབང་གིས་བོས་པའི་མགྲོན་ལ་སོགས། །མཐའ་དག་རང་(༥ན)


GLG011_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རང་གདན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། ཕ་མཐའ་ཡོངས་བྲལ་ཡེ་ཤེས་ཆུ་གཏེར་ལས། །དངོས་གྲུབ་རྣམ་མང་ཡིད་བཞིན་ནོར་བུའི་གཏེར། །རིས་མེད་ཀུན་ལ་སྙིལ་བའི་མཛད་པ་པོ། །མཆོག་གསུམ་བླ་མ་ཡིད་མ་ལ་ཕྱག་འཚལ། །རྣམ་འདྲེན་བསྟོད་པའི་རྟ་ལྗང་དཀྱིལ་འཁོར་ཅན། །ཕན་བདེའི་འོད་སྒྲིབ་དགྲ་བགེགས་ནམ་མཁའི་གོས། །མཐུ་སྟོབས་ནུས་པའི་རླུང་གིས་གཏོར་མཛད་པའི། །ཆོས་སྐྱོང་བསྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །མདོར་ན་དད་པའི་ཡིད་ཀྱིས་སྙིམ་པ་ཟུང་། །སྙིང་ཁར་ཟུམས་ཏེ་འདུད་པའི་ཡུལ་གྱུར་པ། །དགེ་ལེགས་དཔལ་གྱི་སྒོ་འཕར་འབྱེད་མཁས་པ། །ཀུན་ལ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །རྙོག་བྲལ་དྭངས་པའི་ཆུ་ཀླུང་འཁྱིལ་བའི་མཚོར། །རྒྱུན་ཆད་མེད་འབབ་པཀྵུའི་སྙེམས་པ་འཕྲོག །རྣམ་བཀྲའི་ཕང་ཕུང་གཡོ་བའི་ཆུ་སྐྱེས་ཀྱིས། །དུས་ཀུན་དབྱར་དུ་བསྒྱུར་བའི་ངལ་བ་བསྟེན། །མ་ལ་ཡ་ཡི་ཚལ་ལས་འོངས་མིན་པའི། །རྨད་བྱུང་དྲི་བསུང་ནམ་མཁའི་གླང་པོར་འགྲན། །མུན་པའི་གོ་སྐབས་འཕྲོག་པའི་མར་མེའི་འཕྲེང་། །བཅུ་གཉིས་བདག་པོ་ཕམ་སྙམ་འགོག་མེད་རྒྱུ། །སྣ་ཚོགས་སྨན་གྱིས་སྦགས་པའི་ཆལ་ཆིལ་དྲི། །རྦ་རླབས་སྲིད་པའི་རྩེ་མོའི་བར་དུ་འཁྲུག །ཆོག་མི་ཤེས་པའི་ཕུན་ཚོགས་བཤོས་བཟང་རོ། །ལེགས་བྲིས་བདུད་རྩི་ཇི་བཞིན་བླ་ན་མེད། །དབྱར་སྐྱེས་རྔ་གསང་སྒྲ་ལ་རྒྱུད་མང་གླུ། །སྙན་བརྗིད་རྣམ་མང་གདངས་ཀྱི་རོལ་མོ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་(༥བ)


GLG011_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་མཱུ་ལ་མཱུ་ལ་སྱ་གཽ་རི་ཀ་ཤྩ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད། ཉོན་མོངས་བག་ཆགས་དབང་གི་ས་བོན་གྱིས། །ལུས་ངག་ཡིད་གསུམ་སྒོ་ནས་རབ་བསགས་པའི། །སོ་ཐར་བྱང་སེམས་སྔགས་ཀྱི་ལྟུང་བ་སོགས། །ཇི་སྙེད་སྡིག་པའི་ཚོགས་རྣམས་སྙིང་ནས་བཤགས། །རྒྱལ་བས་འགྲོ་ཀུན་མྱང་འདས་སར་འགོད་ཅིང་། །སྲས་བཅས་རྣམས་ཀྱིས་རླབས་ཆེན་སྤྱོད་པ་སྤྱད། །ཐོས་སྒྲོག་ཞི་བདེ་གཉེར་སོགས་མཆོག་དམན་གྱི། །གྲངས་མེད་དགེ་བའི་ཚོགས་ལ་རྗེས་ཡི་རང་། །མཛད་མེད་ཟོ་ཆུན་ཁྱུད་མོའི་འཁོར་ལོ་བཞིན། །མ་རིག་དྲ་བས་འཆིང་བྱེད་འཁོར་བ་འདི། །སྟོངས་མིན་དེ་སྲིད་བར་དུ་མཐའ་ཀླས་པའི། །འགྲོ་བའི་མགོན་དང་སྐྱབས་སུ་བརྟན་པར་བཞུགས། །ཇི་སྙེད་ཁམས་དང་བསམ་པའི་བྱེ་བྲག་གིས། །རྒྱུ་འབྲས་མཐོ་དམན་ཐེག་པར་མོས་པའི་བློ། །མ་འདྲེས་འཚམ་པར་སྟོན་པའི་གསུང་རབ་མཆོག །དམ་ཆོས་ཆད་པ་མེད་པར་བསྟན་དུ་གསོལ། །ཆུ་ཤེལ་ཁ་བའི་རྡུལ་བརྩེགས་རི་བོང་ཅན། །སྦྲང་རྩིའི་རྒྱལ་མཚན་རྩ་བས་བསྐྲུན་མིན་པའི། །རང་གཞན་རྣམས་ཀྱིས་མ་ལུས་བསགས་པ་ཡི། །རྣམ་དཀར་དགེ་ཚོགས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ལ། །རབ་ཏུ་དྲི་བཟང་བསྟར་བའི་བདུད་རྩིའི་རྒྱུན། །རབ་མཛེས་སྣོད་དུ་བསྐྲུན་ཏེ་ཁྲུས་གསོལ་བས། །རབ་རྨོངས་(༦ན)


GLG011_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་སྒྲིབ་པ་བྱང་གྱུར་ཅིག །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཨཱཿཧཱུྃ། འཇིག་རྟེན་དབང་ཕྱུག་ཕྱག་སོར་ལས་བབས་པའི། །མུ་ཏིག་འཕྲེང་ལྟར་འོངས་པའི་འོ་མའི་རྒྱུན། །བབས་པས་ཡི་དྭགས་ཀུན་ཚིམ་སྡུག་བསྔལ་གྱིས། །ནད་ལྟར་མནར་བའི་ཚོགས་ཀུན་ཞི་གྱུར་ཅིག །ཨོཾ་ཨཱཿཧྲཱིཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛཱ་ལ་མ་ཏེཾ་སརྦྦ་པྲེ་ཏེ་བྷྱཿསྭཱ་ཧཱ། །སྤྱན་རས་གཟིགས་དབང་ཕྱག་མཐིལ་དུ། །རབ་དམར་ཡེ་ཤེས་སྐར་མདའ་ནི། །ཕྱོགས་གཉིས་མཉམ་གཞག་མཆོད་སྦྱིན་ལས། །བབ་པའི་བདུད་རྩིས་འགྲོ་ཚིམ་ཤོག །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྭ་ར་ཎཱ་སསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛཱ་ལ་ནི་སྭཱ་ཧཱ། །སླར་ཡང་དེ་ཉིད་གནས་གྱུར་ཏེ། །བཅོམ་ལྡན་རྡོ་རྗེ་མི་འཁྲུག་པ། །ཕྱག་སོར་ལས་བབས་ཆུ་རྒྱུན་གྱིས། །ཉམ་ཆུང་འགྲོ་རྣམས་དབུགས་འབྱིན་ཤོག །ན་མོ་རཏྣ་ཏྲ་ཡཱ་ཡ། །ཨོཾ་ཀཾ་ཀ་ན་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦྦ་ཀརྨ་པ་རི་པ་ར་ཎི་མེ་སརྦྦ་ས་ཏཱ་ནཱ་ཉྩ་སྭཱ་ཧཱ། པད་ཟླའི་གདན་སྟེང་ཛ་ཡིག་ལས། ཛམ་སེར་པི་ཛ་པུ་ར་གཡས། གཡོན་པ་ནེའུ་ལེ་འཛིན་པ་ཡི། །སྐུ་ལ་མི་འཁྲུག་གནས་གྱུར་བའི། །སྤྱན་རས་གཟིགས་གྱི་ཕྱག་སོར་ལས། །བྱུང་བའི་མི་ཟད་ཉལ་འགྲོའི་རྒྱུན། །སྦྱིན་པས་རྨ་སོགས་ཟུག་རྔུ་ཀུན། །སོས་ནས་བདེ་བས་ཚིམ་གྱུར་ཅིག །ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། །གོང་གི་ཆུ་སྦྱིན་གསུམ་པོ་འདིའི་སྐབས་ཆུ་སྦྱོང་བ་སོགས་(༦བ)


GLG011_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་ལྟར་བྱ། །མདོར་ན་རྙོག་བྲལ་རབ་བསིལ་བ། །རེག་པས་ཀླུ་སོགས་འགྲོ་ཀུན་རྒྱུད། །སྦྱིན་པ་སེམས་ཀྱི་རྒྱན་གྱུར་ཅིང་། །རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །དེ་ནས་གཏོར་མ་བྱིན་རླབས་གོང་ལྟར་བྱས་ལ། མགྲོན་རྣམས་རང་རང་གི་མོས་པ་དང་མཐུན་པའི་འདོད་ཡོན་གྱིས་ཚིམ་པར་བསམས་ལ། ན་མཿ སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ་མཾ་བདུན་ཉེར་གཅིག་སྐབས་དང་སྦྱར་ལ། ཨོཾ་གུ་རུ་ཏ་ཐཱ་ག་ཏ་དེ་ཝི་ཀ་མ་ཏྲ་ལ་ཏྲི་རཏྣ་ས་པ་རི་ཝཱ་ར་ཨརྒྷཾ། སོགས་ཀྱིས་མཆོད། མགྲོན་ཆེན་པོ་ནི། ཕུལ་དུ་བྱུང་བའི་འདོད་པའི་ཡོན་ཏན་རྣམས་ཀྱིས་སྤྲས་པའི་བདུད་རྩིའི་རོ་མཆོག་བརྒྱ་དང་ལྡན་པའི་གཏོར་མ་འདི་ཉིད། འདི་ཡན་མགྲོན་ཚན་འོག་མ་གསུམ་ལ་འགྲེ །དངོས་དང་བརྒྱུད་པའི་སྒོ་ནས་ཕན་བདེ་རབ་འབྱམས་ཀུན་གྱི་སྒོ་འཕར་འབྱེད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ། །དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བདེ་དགྱེས། །དམར་ནག་འཇིགས་གསུམ་གྱིས་མཚོན་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དུས་གསུམ་གྱི་སྟོབས་བཅུ་མངའ་བ་སོགས་མཆོག་གསུམ་དམ་པའི་ངོ་བོར་བཞུགས་པ་སྲས་དང་བཅས་པ་རྣམས་ལ་འབུལ་གྱིས། མཁྱེན་བརྩེ་ནུས་གསུམ་གྱི་ཐོགས་པ་མེད་པའི་མཐུས་ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡར་ལྡན་དུ་འགྱུར་བ་དང་། ལུས་ཅན་ཀུན་ལ་(༧ན)


GLG011_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སོགས་རྒྱས་ཤིང་། །མཐར་ཐུག་གི་དོན་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པར་མཛད་དུ་གསོལ། འདི་ནས་གཟུང་སྟེ་མགྲོན་ཚན་འོག་མ་ཀུན་ལ་སྨོན་ལམ་ཚིགས་བཅད་སྐབས་ཏོབ་ཀྱིས་ཕྱེ་སྟེ་འདོན། མགྲོན་ཚན་གཉིས་པ་ནི། སཾ་བྷ་ཝའི་མཇུག་ཏུ། ཨོཾ་སརྦྦ་བཛྲ་དྷརྨཱ་པཱ་ལི་ཀ་ཨརྒྷཾ་སོགས་ཀྱིས་མཆོད། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ཕྱག་བཞི་པ། གུར་གྱི་མགོན་པོ་རྣམ་ཐོས་སྲས། སྟོབས་འཕྲོག་ཞལ་བཞི་པ། དམ་ཅན་ཆོས་ཀྱི་རྒྱལ་པོ། །ལྷ་མོ་རེ་མ་ཏི་སོགས་ལུང་དང་རྟོགས་པའི་བསྟན་པ་སྲུང་བར་བྱེད་པའི་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ་གྱིས། འཕྲིན་ལས་རྣམ་བཞི་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོང་བ་དང་། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་། བསམ་པའི་དོན་རྣམས་ཡིད་བཞིན་དུ་གྲུབ་པར་མཛད་དུ་གསོལ། །མགྲོན་ཚན་གསུམ་པ་ནི། སཾ་བྷ་རའི་མཇུག་ཏུ། ཨོཾ་མ་ཧཱ་ཝ་རཱཥྚ་ཪྵི་བྲཱ་ཧྨ་ཎ་ས་པ་རི་ཝཱ་ར། སོགས་བརྗོད། དྲང་སྲོང་ཆེན་པོ་མེས་བྱིན། སྣག་ཚ་ཡང་དག་ཤེས། མདུན་དུ་བར་ར། གྱ་གྱུར་ཁྱུར་མིང་། ཨ་འགུར་གཡོག་འདོར་ཏེ་དྲང་སྲོང་ཆེན་པོ་མཆོག་བརྒྱད། གཞན་ཡང་སྨན་གྱི་དྲང་སྲོང་བཅོ་ལྔ་རིག་པའི་གནས་བཅོ་བརྒྱད་ལ་མཁས་པའི་དྲང་སྲོང་། བྲམ་ཟེ་གཞོན་ནུ་སྤྲིན་རིན་པོ་ཆེ་(༧བ)


GLG011_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འགིའུ་ཧ་ལ་གཞོན་ནུ་མཆོག་སྲེད་འགྲོ་སྐྱབས་རྩིབས་ཀྱི་མུ་ཁྱུད་ལ་སོགས་པ་མདོར་ན་དྲང་སྲོང་དང་བྲམ་ཟེ་བདེན་ཚིག་གྲུབ་ཅིང་དམོད་པ་དང་སྨོན་ལམ་གྱི་མཐུ་ལ་དབང་བ་རྣམས་ལ་འབུལ་གྱིས། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། བསྟན་པ་དང་འགྲོ་བའི་བདེ་སྐྱིད་འཕེལ་ཞིང་། །བདག་ཅག་འཁོར་བཅས་ཀྱི་ནད་གདོན་རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། །མགྲོན་ཚན་བཞི་པ་ནི༵། སཾ་བྷ་རའི་མཇུག་ཏུ། ཨོཾ་བཛྲ་ཡཀྵ་དྷ་ན་དེ་ཝཿས་པ་རི་ཝཱ་ར་སོགས་བརྗོད། ནོར་གྱི་དབང་ཕྱུག་ཛམ་བྷ་ལ་ཡབ་ཡུམ། ལྷ་ཆེན་ཚོགས་ཀྱི་བདག་པོ། གནོད་སྦྱིན་ཨ་པ་ར་ཙི་ཏ། ཆུ་བདག་ཝ་རུ་ཎ། རླུང་ལྷ་ཡ་བེ། རིའི་ལྷ་རབ་ཏུ་མནན་པའི་བློ་གྲོས། ནགས་ཚལ་གྱི་ལྷ་མོ་རྨ་བྱའི་མདོངས་ཅན། ཤིང་གི་ལྷ་ཀུན་ནས་འོད་ཟེར། རྩི་ཐོག་གི་ལྷ་མོ་གྲུབ་པའི་བློ་གྲོས་སོགས་གནོད་སྦྱིན་ལྷའི་ཚོགས་དང་། འཚོ་བའི་ལྷ་སྲུང་བའི་ལྷ་སྐྱོབ་པའི་ལྷ། འགྲོགས་པའི་ལྷ། འགོ་བའི་ལྷ་སྟེ། ལྷན་ཅིག་སྐྱེས་པའི་ལྷ་སོགས་ཕན་གྲོགས་སྲུང་སྐྱོབ་བྱེད་པ་རྣམས་ལ་འབུལ་གྱིས། བདག་ཅག་འཁོར་དང་བཅས་པ་རྣམས་ལ་ཁ་ན་མ་ཐོ་བས་དབེན་པའི་ཟས་གོས་རྟ་གླང་པོ། བང་མཛོད་སོགས་འབྱོར་པ་ཀུན་འབད་རྩོལ་མེད་པར་འབྱུང་བར་མཛད་དུ་གསོལ། །མགྲོན་ཚན་ལྔ་པ་ནི། སཾ་བྷ་རའི་མཇུག་ཏུ། རང་གི་མདུན་དུ་ཆུ་སྐྱེས་འདབ་བཞིའི་དབུས། རྒྱལ་བ་ཤཱཀ་ཐུབ་གཏོར་མའི་རྫས་རྣམས་(༨ན)


GLG011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། མང་པོར་སྤེལ་ཕྱིར་དེ་བཞིན་གཤེགས་པ་མཆོག །རིན་ཆེན་མང་ལ་གུས་པས་ཕྱག་འཚལ་ལོ། །མདུན་ངོས་ཕྱག་ན་པདྨ་མི་སྡུག་པའི། །ངན་པའི་གཟུགས་འཆང་མཐའ་དག་ཡིད་འོང་བར། །མངོན་པར་གྲུབ་མཛད་དེ་བཞིན་གཤེགས་པ་མཆོག །གཟུགས་མཛེས་དམ་པ་དེ་ལ་ཕྱག་འཚལ། །གཡས་སུ་ཟུར་ཕུད་ལྔ་པ་བཟའ་བཏུང་ལ། །བརྟེན་པའི་འཚེ་བ་ཞི་ཞིང་བཟང་པོའི་རོ། །རབ་ཏུ་མྱོང་མཛད་དེ་བཞིན་གཤེགས་པ་སྐུ། །འཇམ་ཀླས་གང་ལ་གུས་པས་ཕྱག་འཚལ་ལོ། །གཡོན་དུ་ལག་ན་རྡོ་རྗེ་ཕན་ཚུན་ཀུན། །འཐབ་རྩོད་འཕྲོག་བརྡུང་འཇིགས་པ་ལས་སྐྱོབ་པའི། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་། །ཡོངས་སུ་བྲལ་བ་གང་ལ་ཕྱག་འཚལ་ལོ། །འདི་རྣམས་མགྲོན་ཚན་འོག་མ་ཀུན་ལ་སྦྱོར། །མགྲོན་རྣམས་སོ་སོའི་ཡིད་དང་མཐུན་པའི་ཁ་དོག་དྲི་རོ་རྨད་དུ་བྱུང་བའི་གཏོར་མ་འདི་ཉིད། འོག་མ་ཀུན་ལ་རིགས་འགྲེ །སའི་ལྷ་མོ་བསྟན་མ། གཞན་ཡང་ཡུལ་ཕྱོགས་དང་ས་ཕྱོགས་དགོན་གནས་སྲུང་ཞིང་སྐྱོང་བའི་ཡུལ་ལྷ་གཞི་བདག་རྣམས་ལ་དབུལ་གྱིས། བདག་ཅག་འཁོར་དང་བཅས་པ་རྣམས་འགྲོ་བའི་ཚེ་ན་མ་བཤོལ། འདུག་ན་མ་གཏོང་། འཚོ་བ་སྦྱོར། བྱ་བ་དང་སྤྱོད་པ་ཉེས་པ་ལ་ཀོ་ལོང་རུ་ང་ཕྲག་དོག་མ་བྱེད་པར་འདོད་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། མགྲོན་ཚན་དྲུག་པ་ནི་༝།(༨བ)


GLG011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྟ་བདག་བརྒྱད་དང་། འཕྲོག་མ་མ་བུ་ལྔ་བརྒྱ། རྨུ་བདུད་བཙན་རྒྱལ་པོ་མ་སྲིན་ཀླུ་གནོད་སྦྱིན་ཏེ་སྡེ་བརྒྱད་མཐུ་བོ་ཆེ་སོགས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་མཐོང་ཞིང་། གསུང་གི་བདུད་རྩིས་དབུགས་དབྱུང་བའི་མི་མ་ཡིན་མཐུ་བོ་ཆེ་རྣམས་ལ་འབུལ་གྱིས། གྲངས་མེད་པའི་སེམས་ཅན་རྣམས་ལ་བྱམས་པའི་སེམས་དང་ལྡན་ཞིང་། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། མགྲོན་ཚན་བདུན་པ་ནི་༝། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ་སོགས། ཚེ་ལ་བརྐུ་བ། སྲོག་ལ་འཇབ་པ། མི་འདོད་པ་སྟེར་བ་སོགས་གནོད་བྱེད་གདོན་བགེགས་འབྱུང་པོ་རྣམས་ལ་བྱིན་ནོ། །ཡུལ་ཕྱོགས་དང་ས་ཕྱོགས་རྣམས་སུ་འཐབ་རྩོད་འཁྲུག་ལོང་ནད་ཡམས་མུ་གེ་སད་སེར་ཐན་པ་མི་ནད་ཕྱུགས་ནད་སོགས་མ་གཏོང་བར། ཕན་པའི་སེམས་དང་ལྡན་པར་བྱོས་ཤིག །མགྲོན་ཚན་བརྒྱད་པ་ནི་༝། འགྲོ་བ་རིགས་དྲུག་ལ་རྒྱུད་ལྔ་སྐྱེ་གནས་བཞིས་བསྡུས་པའི་མར་གྱུར་སེམས་ཅན་ཐམས་ཅད་ལ་བྱིན་ནོ། །ཚ་གྲང་བཀྲེས་སྐོམ། གླེན་ལྐུགས། སྐྱེ་རྒ་ན་འཆི་འཐབ་རྩོད་འཆི་འཕོ་ལྟུང་བྱེད་སོགས་མདོར་ན་སྡུག་བསྔལ་གསུམ་ལས་གྲོལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གྱུར་ཅིག །མགྲོན་ཚན་དགུ་པ་ནི་༝། །མདང་ད་ནང་ཤི་བ་བསད་པ་(༩ན)


GLG011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེབས་པ་སོགས་འཇིག་རྟེན་འདི་སྣང་གི་སྣང་བ་ཐམས་ཅད་འགགས་ཤིང་། ཕྱི་མའི་ལུས་མ་རྙེད་པར་ཤིང་བལ་རླུང་གིས་བསྐྱོད་པ་བཞིན་དུ་ལས་ཀྱིས་རང་དབང་མེད་པར་འཕྱན་པའི་བར་དོའི་སེམས་ཅན་རྣམས་ལ་བྱིན་ནོ། །མི་སྡུག་པའི་གཟུགས་དང་སྒྲ་འོད་སོགས་འཇིགས་ཤིང་སྐྲག་པའི་སྡུག་བསྔལ་མཐའ་དག་མ་འཁྲུལ་བར་རང་ངོ་ཤེས་ཏེ་མྱུར་དུ་མཐོ་རིས་ཀྱི་སྲིད་པ་འགྲུབ་པར་གྱུར་ཅིག །མགྲོན་ཚན་བཅུ་པ་ནི་༝། །ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མས་གཙོ་བྱས། ཡི་དྭགས་ཕྱིའི་སྒྲིབ་པ་ཅན།  ནངགིསྒྲིབཅན next hit། ཟས་སྐོམ་གྱི་སྒྲིབ་པ་ཅན། བྱིངས་ན་གནས་པ་དང་། ཁ་འཐོར་བ་སོགས་བཀྲེས་སྐོམ་དབུལ་འཕོངས་ཀྱིས་གདུང་བ་རྣམས་ལ་སྦྱིན་ནོ། །ཟས་སྐོམ་མི་རྙེད་པ་དང་། རྙེད་ཀྱང་གཞན་གྱིས་བསྲུངས་ཏེ་སྤྱོད་དུ་མེད་པ་དང་། ཕུན་སུམ་ཚོགས་པའི་ཟས་ཀྱང་མི་གཙང་བར་མཐོང་བ་སོགས་སྔོན་བསགས་ཀྱི་ལས་སྟུག་པོ་ལས་བྱུང་བའི་བཀྲེན་པའི་སྡུག་བསྔལ་མཐའ་དག་བྱང་ནས་ཟས་སྐོམ་འདོད་དགུའི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །མགྲོན་ཚན་བཅུ་གཅིག་པ་ནི་༝། །སྔོན་ནས་ད་ལྟའི་བར་དུ་སྲོག་བཅད་པ། ནོར་རྫས་རྐུ་འཕྲོག་བརྡེག་བཅོམ་སོགས་གནོད་པ་བྱས་པ་ལ་བརྟེན་ནས་ལན་ཆགས་པ་རྣམས་ལ་བྱིན་ནོ། །ལན་ཆགས་བྱང་བུ་ལོན་འཁོར་ཤ་འཁོན་ཞི་སྟེ། (༩བ)


GLG011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་རྡོ་རྗེ་འཛིན་པའི་ས་ཐོབ་པར་གྱུར་ཅིག །མགྲོན་ཚན་བཅུ་གཉིས་པ་ནི་༝། །གློ་བུར་དུ་ལྷགས་ཤིང་སྐལ་བ་ཆད་པ། ཁ་ཞན་ཞིང་དབང་ཆུང་བ། ལྷག་ལ་རེ་བའི་མགྲོན་རྣམས་ལ་བྱིན་ནོ། །ཟས་སྐོམ་བདུད་རྩིའི་ཆར་ཆེན་པོས་ཚིམ་ནས་ཆགས་སྡང་འཚེ་བའི་བསམ་པ་ཐམས་ཅད་སྤངས་ཏེ། མྱུར་དུ་སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་གྱུར་ཅིག །དེ་ལྟར་དངོས་གཞིའི་རིམ་པ་རྣམས། ལེགས་པར་གྲུབ་ནས་མཇུག་གི་རིམ། །བདེན་བདག་གི་བསམ་པའི་སྟོབས་དང་ནི། ཞེས་སོགས་དང་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་ཞེས་སོགས། སྟོབས་བརྗོད་སོགས་སྤྱི་འགྲོ་ལྟར། བྱས་རྗེས་གཤེགས་གསོལ་དགེ་བ་བསྔོ། །ཕུན་ཚོགས་དགའ་སྟོན་ལ་རོལ་བའི། །མེ་ཏོག་འཐོར་ཞིང་ཤིས་བརྗོད་རྣམས། །གོ་རིམས་བཞིན་དུ་འདི་ལྟར་བརྗོད། །བདེ་གཤེགས་རྒྱལ་བ་སྲས་དང་སློབ་མར་བཅས། །སྤྱན་དྲངས་ཡེ་ཤེས་སེམས་དཔའ་བདག་ལ་ཐིམ། །འཇིག་རྟེན་མགྲོན་རྣམས་ཟང་ཟིང་ཆོས་སྦྱིན་གྱིས། །སྨིན་གྲོལ་གྱུར་ནས་རང་རང་གནས་སུ་གཤེགས། །རབ་དཀར་ལྷག་བསམ་གསེར་མངལ་ཐོད་ཡངས་ལས། །མཆོད་སྦྱིན་ཡན་ལག་བརྒྱད་ལྡན་དྲངས་པའི་མཐུས། །འགྲོ་འདིའི་ཁྱབ་འཇུག་རྐང་པའི་དུཿ ཁའི་དྲི། །སྦྱངས་ཏེ་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་གྲུ་ཆར་གྱིས། །རིགས་དྲུག་ཉམ་ངའི་སྡུག་བསྔལ་མེ་འོབས་ཆེ། །ལྷག་མར་བཅོམ་པའི་བདེ་ལེགས་པད་དཀར་(༡༠ན)


GLG011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ། །ལུས་ཅན་རྐང་དྲུག་དཔལ་དུ་རྒྱས་གྱུར་ཅིག །གཏན་པ་མེད་པར་འབུལ་དང་སྦྱིན་སོགས་ཀྱི། །དགེ་ཚོགས་ཤུགས་དྲག་རྟ་ལྗང་གིས་དྲངས་པའི། །རྣམ་འདྲེན་གོ་འཕང་ནམ་མཁའི་ནོར་བུ་ཡིས། །གཏན་བདེའི་འོད་སྟོང་སྲིད་འདིར་རྒྱས་གྱུར་ཅིག །དབྱངས་སྙན་འཆི་མེད་རྒྱུད་མང་ལས་དྲངས་པའི། །རྒྱལ་བ་སྲས་བཅས་ཆོས་སྲུང་ལྷ་ཚོགས་ཀྱི། །མགྲིན་པའི་ལམ་ལས་འོངས་པའི་ཤིས་བརྗོད་སྒྲ། །སྲིད་འདིར་རྣམ་པར་འབར་བའི་བཀྲ་ཤིས་ཤོག །སྨྲས་པ། སྔོན་བྱོན་དམ་པའི་ཕྱག་སྲོལ་མ་ཉམས་ལྗོན་ཤིང་ལས། །མ་འདྲེས་ཚིག་གི་ལྕུག་ཕྲན་གཞོན་ནུའི་དཔྱང་ཐག་རྩེར། །དོན་བཟང་ལོ་མའི་ཕང་ཕུང་འཁྲིགས་པའི་མགོ་ལྕོག་ལྡེམ། །བློ་གྲོས་འདབ་ལྡན་ཁུ་བྱུག་ཡོང་ན་ཚུལ་འདིས་མཛེས། །སྦྱོར་དངོས་རྗེས་ཚང་ཆོག་སྒྲིགས་གཅིག་པུ་ལས། །རྒྱས་བསྡུས་འབྱེད་དང་བསྟུན་ན་གཉིས་འགྱུར་བའི། །ངོ་མཚར་སྒྱུ་མའི་སྣང་བརྙན་སྟོན་མཁས་པ། །བྱེད་པོ་འདི་འདྲ་ཚངས་པས་སྤྲུལ་ལམ་ཅི། །ལྷག་བསམ་དཀར་པོའི་རྔ་ཡབ་ཀྱིས། །བསྐུལ་བའི་དགེ་ཚོགས་དྲི་བཞོན་དེས། །མཐའ་མེད་མར་གྱུར་གཉིས་འཐུང་ལ། །རེག་པའི་དགའ་བདེ་འཕེལ་གྱུར་ཅིག །གཏོར་མ་བརྒྱ་རྩ་རྒྱས་བསྡུས་གཉིས་ཀ་ཡོད་པ་ཞིག་དགོས་ཞེས། སེ་ཆེན་དབོན་པོས་བསྐུལ་བ་ལ་བརྟེན་ནས། སྤྲོས་པར་འདོད་ན་དཀྱུས་དང་བསྟུན། རྒྱ་ཆོས་(༡༠བ)


GLG011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱེ་བ་རྣམས་ཀྱིས་མདོར་བསྡུས་སུ་འགྱུར་ཞིང་། རྒྱས་བསྡུས་གཉིས་ཀའི་འདོན་ཆ་མིན་པ་རྣམས་སེར་གྱིས་ཕྱེ་སྟེ། ཚིག་སྦྱོར་རྣམས་གོ་སླ་བར་བྱས་པའི་ཀླགས་པས་དོན་འགྲུབ་ཅེས་པ་འདི་ཡང་། ཚངས་སྲས་བཞད་པའི་རྡོ་རྗེས་དབུས་འགྱུར་སྨན་ལྗོངས་སའི་ལྟེ་བའི་ཤར་ཕྱོགས་འཛིན་མའི་སྤོ་ལས་མངོན་པར་འཕགས་ཤིང་། ལངྐའི་གྲོང་ཁྱེར་ས་ལ་འཕོས་པའི་ཕོ་བྲང་འོལ་ཁ་སྟག་རྩེར་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །


previousགཏོར་མ་བརྒྱ་རྩ་བཀླགས་པས་དོན་འགྲུབ།next