Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་འཇམ་པའི་དབྱངས་ཀྱི་ཞལ་ལུང་།
   
  expand section
   
   
   
   
   
   
   


 
previousབྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་འཇམ་པའི་དབྱངས་ཀྱི་ཞལ་ལུང་།next

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་འཇམ་པའི་དབྱངས་ཀྱི་ཞལ་ལུང་།


GLG012_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་འཇམ་པའི་དབྱངས་ཀྱི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།


GLG012_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཚོགས་གཉིས་ཟླ་བའི་མ་མ་ལས། །ལེགས་འཁྲུངས་མཐོང་ན་མི་མཐུན་མེད་པའི་མཚན་དཔེའི་ཡལ་འདབ་རབ་རྒྱས་རྩེར། །


GLG012_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པར་བྱེད་པའི་བླ་མེད་རོ་བརྒྱའི་འབྲས་སྨིན་པ། །འགྲོ་བའི་བླ་མ་ཉི་མའི་གཉེན་གྱུར་ཡོངས་འདུའི་དབང་པོས་དགེ་ལེགས་སྩོལ། །


GLG012_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་རྒྱས་ཆོས་ཚུལ་ཀུན་བཟང་དམན་པའི་མཚོར། །བྱིང་ཚེ་འཆད་རྩོད་རྩོམ་པའི་རུས་སྦལ་གྱིས། །འདེགས་མཁས་ཤིང་རྟ་ཆེན་པོ་རྣམ་གཉིས་ཞེས། །གྲགས་དཀར་སྲིད་པའི་ཁོང་ལས་བརྒལ་དེ་བསྔགས། ཁོར་ཡུག་གངས་ཀྱི་ར་བའི་བསིལ་ལྡན་ལྗོངས། །ཐེག་ཆེན་ཆོས་ཀྱི་ཉི་མ་འོད་པོ་ཆེས། །ལོག་རྟོག་མུན་པ་སེལ་དང་ལྷན་ཅིག་པར། །ཐུབ་བསྟན་སྣང་བས་ཁྱབ་མཛད་ཨ་ཏི་ཤ །གང་གི་གསུང་རབ་ཡིད་བཞིན་ནོར་བུ་མཆོག །ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་བཀོད་ནས། །གཏན་འདུན་འདོད་པའི་རེ་སྐོང་བཀའ་གདམས་ཞེས། །ཕྱོགས་ཀུན་ཁྱབ་པའི་རིང་ལུགས་འདི་ཀོ་མཚར། །ཕྲ་ཞིབ་རྣམ་པར་དཔྱོད་པའི་བློ་གྲོས་རབ་ཏུ་ཡངས་པའི་རྡོ་རྗེ་རྩེ་བརྒྱ་གདེངས་ཙམ་གྱིས། །དྲི་བཅས་འཁྲུལ་ལྡན་གཞུང་ལུགས་བྱེ་བའི་ལོག་སྨྲའི་ཉེས་བཤད་ས་འཛིན་བགྲོད་པ་བཅོམ་པ་དང་། །ལྷན་ཅིག་རྒོལ་ངན་སྤོབས་པའི་སྦྱིན་སྐྱེས་ལུས་ཕྲ་མ་ཡི་མངལ་ཁུར་མཐའ་དག་ལྟུང་བྱེད་པའི། །སྔོན་མེད་ལྷ་དབང་མཁས་བཙུན་བཟང་པོའི་གྲགས་པ་རབ་འབར་ཀུན་མཁྱེན་བཙོང་ཁ་པ་དེ་རྒྱལ། །རྒྱལ་བའི་ཉི་


GLG012_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་ཉོན་སྒྲིབ་པ་ཡི། །ནུབ་རིར་བག་ལ་ཞ་ཚེ་དམན་པའི་བློའི། །ཤར་ཕྱོགས་ས་འཛིན་ལས་ཐོན་ཡོངས་འཛིན་རྗེ། །འཁོན་སྟོན་ཀུན་དའི་གཉེན་ཁྱོད་གཙུག་གི་རྒྱན། །ཐོག་མཐའ་བར་དུ་དགེ་བའི་དཔལ་ལྡན་པའི། །དམ་པའི་ཆོས་ཀྱི་འཛད་མེད་འབྱོར་བ་ལ། །འཇམ་དབྱངས་མགྲིན་པར་ཞུགས་པས་དབང་སྒྱུར་བར། །ལྷུན་གྲུབ་སྐུ་བཞིའི་འབྱུང་གནས་དགེ་བའི་བཤེས། །གང་གི་རྣམ་དཀར་ཕྲིན་ལས་བསིལ་ཟེར་གྱིས། ལེགས་བཤད་ཟླ་བའི་མ་མ་རབ་རྒྱས་ལས། །འདི་ཕྱིའི་ཕན་བདེའི་རིན་ཆེན་དབང་གི་རྒྱལ། །སྲིད་ཞིའི་དབུལ་ཕོངས་སེལ་བའི་མཆོད་སྦྱིན་མཁན། ཁྱད་པར་ལྔ་བརྒྱའི་དཔུང་གཉེན་མར་མེ་མཛད། །ཡབ་སྲས་མ་དྲོས་ཆུ་བོ་ལས་འོངས་པའི། །སྣེ་ཟུར་པུ་ཏོ་སྤྱན་སྔ་རྣམ་གསུམ་གྱི། །གདམས་པའི་ཀླུང་ཆེན་བློ་ཡི་རྒྱ་མཚོར་བབས། །དེའི་ཚུལ་རྣམ་པར་ལྕི་བའི་བཀའ་དྲིན་ཁུར། །ཡིད་བྱེད་གཞལ་ནུས་བྱང་ཆུབ་སྙིང་པོ་ཡི། ཕ་མཐའ་རྙེད་པ་དེ་སྲིད་ཆེས་དཀའ་བ། །བསམས་ཀྱིན་ལག་པད་སྙིང་གའི་ངོས་སུ་ཟུམ། །རྒྱལ་སྲས་སྤྱོད་པའི་ངང་


GLG012_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མཁའ་ལྟར་ཡངས། །གནས་ལུགས་དགོངས་དོན་རྡུལ་ཕྲན་བཞིན་དུ་ཕྲ། །དེ་ཕྱིར་བདག་འདྲས་བརྗོད་པའི་ཁུར་འཁྱེར་བ། །ཨ་མྲའི་ཚི་གུས་ཆུ་གཏེར་འཇལ་བ་བཞིན། །འོན་ཏེ་དཔེ་མཐོང་ཙམ་དང་ཀློག་ལུང་ལ། །འཁྲིད་དུ་བཏགས་མིན་བརྒྱུད་ལྡན་དམ་པའི་གསུང་། །རང་གི་ཉམས་མྱོང་ཚད་མའི་བདུད་རྩིའི་བཅུད། །གླེགས་བམ་རིན་ཆེན་ཟ་མ་ཏོག་ཏུ་འཁྱིལ། །དེ་ལ་འདིར་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་གནད་མ་ལུས་པ་གཅིག་ཏུ་བསྡུས་ཏེ་སྐལ་པ་དང་ལྡན་པའི་གང་ཟག་རྣམས་སངས་རྒྱས་ཀྱི་སར་འཁྲིད་པར་བྱེད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འཁྲིད་འདི་ཉིད་ཉམས་སུ་ལེན་པར་བྱེད་པ་ལ་ཉམས་སུ་ལེན་པ་པོའི་གང་ཟག་དེས་ཀྱང་བརྒྱུད་པ་བར་མ་ཆད་པའི་དགེ་བའི་བཤེས་གཉེན་ཞིག་ལས་ཐོས་དགོས་པའི་རྒྱུ་མཚན་གྱིས་ཇི་སྐད་དུ། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །ཞེས་དང་། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་ཞེས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་མན་ངག་དང་ལྡན་པ་ཞེས་གསུངས་པའི་ཚིག་འདི་དཔྱད་ན་ནུས་པ་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ཡང་བདག་ཅག་གི་སྟོན་པ་ཟས་གཙང་གི་སྲས་པོ་ནས་བཟུང་སྟེ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བར་དུ་བརྒྱུད་པའི་རིམ་པ་རྣམས་ལམ་རིམ་གསོལ་འདེབས་སུ་གསལ་བ་ལྟར་འཁྲུལ་མེད་ཀྱི་གོ་རིམ་དུ་བཞུགས་པ་དེ་ལྟར་ཡིན་ལ། དེ་ཕྱིན་ཆད་ནས་རྗེ་བླ་མའི་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་སྤེལ་པའི་མཁས་གྲུབ་ཀྱི་སློབ་མ་གནམ་གྱི་སྐར་མ་དང་སའི་དྲེག་པ་ལྟ་བུར་ཁྱབ་པར་གྱུར་པས་བརྒྱུད་ཚུལ་ཡང་དེ་སྙེད་དུ་


GLG012_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བའི་ཚོད་ཙམ་དུ་གདའ་ནའང་། དེང་སང་ནི་རང་རང་གི་དགོན་པའི་བླ་རབས་འདྲེན་པ་ཙམ་དང་། བར་སྐབས་ཀྱི་བརྒྱུད་པའི་ཁུངས་མེད་པར་གཞན་ལ་སྟོན་པ་སོགས་སྣང་ཚུལ་མཐའ་ཡས་སོ། །འོན་ཏེ་ཆོས་འདིའི་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་གཅོད་པའི་བཤད་བཀའ་དང་། དམར་འཁྲིད་དུ་ཉམས་སུ་བླང་པའི་ཚུལ་སོགས་ལ་ཁོ་བོས་འབད་པ་ཆེན་པོས་ཐོས་བསམ་བྱས་པའི་བརྒྱུད་ཚུལ་སོ་སོར་ཡོད་པའི་འཁྲིད་ཀྱི་སྐོར་རྗེ་བཙུན་ཤེས་རབ་སེང་གེ་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་ཕྱག་བཞེས་སུ་གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་ཞེས་བཤད་པ་ལྟར་ཡུལ་དུས་དང་བསྟུན་པའི་གནས་ཁང་སོགས་བྱི་དོར་ལེགས་པར་བྱས། རྒྱལ་བའི་ཡུམ་ལས་སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པར་གསུངས་པ་ལྟར་ཆོས་སྟོན་པ་པོ་ལ་སེང་གེའི་ཁྲི་ལ་སོགས་པའི་སྟན་མཐོན་པོ་བཤམ་པ་སོགས་སངས་རྒྱས་དང་འདྲ་བར་བསྙེན་བཀུར་པའི་འདུ་ཤེས་བསྐྱེད་དགོས་ཏེ། སའི་སྙིང་པོའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི། །དེ་ལ་འཕྱ་ཞིང་སྐུར་བར་མི་བྱའོ། །ཆོས་སྨྲ་བ་ལ་མཆོད་པ་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། །ཅེས་པའི་དོན་ཡིན་པས་རྟེན་འབྲེལ་གྱི་སྒོ་དང་པོ་འདི་ནས་མ་འཕྱུགས་ཤིང་བརྙས་སྟབས་སུ་མ་སོང་བ་ཞིག་དགོས་གསུང་། ཐོག་མར་བདུད་ཚར་གཅོད་པའི་སྔགས་བཏོན་ནས་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་རིགས་ཀྱིས་གླགས་ལྟ་བར་མི་ནུས་པར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བཤད་ལ། སྔགས་དེ་གདོན་པ་འགྲུབ་མི་འགྲུབ་འབྱུང་བས་དེའི་ཚབ་ཏུ་མདོ་ཚར་གསུམ་ངེས་པར་གསུང་། དེ་རྗེས་སངས་རྒྱས་ནས་བཟུང་རྩ་བའི་བླ་མའི་བར་ཡོངས་སུ་ཚང་བའི་ལམ་རིམ་བརྒྱུད་པའི་


GLG012_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་དག་མཎྜལ་འབུལ་བའི་བར་རྣམས་གོ་རིམ་ཕྱུགས་མེད་དུ་བྱ། བློ་གསར་པ་རྣམས་ལ་སྦྱོར་གཞུང་གི་མཛུབ་འཁྲིད་དགེ་རྒན་གྱིས་གཏོང་བ་ལྟ་བུའི་བཅས་བདེ་དང་སླ་ཆོས་ཀྱིས་མི་འོང་གསུང་བས་ཐོག་མཐའ་བར་གྱི་ཕྱག་ལེན་ཆེ་ཕྲ་མཐའ་དག་ལ་རང་བཟོའི་དྲི་མས་མ་སྦགས་པའི་བློ་གྲོས་ཀྱིས་ཞིབ་མོར་དཔྱོད་པ་གནད་དུ་ཆེའོ། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ། སྟོན་པ་བདེ་བར་གཤེགས་པས་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཕུང་པོ་ཀུན་རྒྱལ་ཚབ་རྣམ་པ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས། སློབ་དཔོན་གཞན་ལ་ལྟོས་པ་མེད་པར་རང་སྟོབས་ཀྱིས་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བའི་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཀྱི་གདམས་པའི་ཆུ་བོ་གཅིག་ཏུ་འདྲེས་པ་དཔལ་མར་མེ་མཛད་ཀྱི་གསུང་རབ་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པ་ནི་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་བྱེད་པའི་ཕན་པ་དང་བདེ་བའི་འབྱུང་གནས་ཡིན་ལ། དེ་ཡང་ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་པ་ལྟར་ཐོག་མར་ཐོས་པས་གཏན་ལ་འབེབས་པར་བྱེད་པ་ལ་མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག །ཅེས་ཁ་བུབ་པ་དྲི་མ་ཅན་ཞབས་རྡོལ་བ་ལྟ་བུའི་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ། རང་ལ་ནད་པ། ཆོས་སྨྲ་བ་པོ་ལ་སྨན་པ། རྗེས་སུ་བསྟན་པ་ལ་སྨན། ནན་ཏན་ཉམས་སུ་ལེན་པ་ལ་
ནད་གསོ་བ། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པ། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་དྲུག་སོགས་མདོར་ན་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་སོགས་སྤྱི་བྱེ་བྲག་མཐའ་དག་གསལ་བཏབ་ནས་གསན་པར་འཚལ། གསན་བྱ་དམ་པའི་ཆོས་ནི་ཉམས་མགུར་ལས། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་འདི། །སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། །

སྔོན་འགྲོའི་རིམ་པ་བཤེས་གཉེན་བསྟེན་ཚུལ་སོགས་བཤད་པ།


GLG012_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་རིམ་པ་བཤེས་གཉེན་བསྟེན་ཚུལ་སོགས་བཤད་པ།ཅེས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ། འདྲེན་པ་མཉམ་མེད་ཟས་གཙང་གི་སྲས་པོས་ལེགས་པར་བཀའ་སྩལ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་གནད་འགག་མ་ལུས་པ་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱིས་དགོངས་པའི་དོན་རང་དབང་དུ་བཀྲལ་བ་དེ་དག་གི་རྗེས་སུ་འབྲང་བའི་པཎྚི་ཏ་རྣམས་ཀྱིས་བཤད་པས་གཏན་ལ་ཕབ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཐུགས་ཉམས་སུ་བསྟར་བ་ཐམས་ཅད་འཁྲུལ་པ་མེད་པར་དཔལ་


GLG012_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཅིག་དཱི་པཾ་ཀ་རས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞེས་མན་ངག་ཉམས་ལེན་གྱི་ཚུལ་དུ་དྲིལ་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་སོགས་པ་མཛད་དེ་སྤེལ་བས་ཚུལ་དེའི་རྗེས་སུ་འཇུག་པའི་ཇོ་བོ་བཀའ་གདམས་པ་གྲགས་པ་མཁས་བཙུན་བཟང་གསུམ་གྱི་བརྟུལ་ཞུགས་མ་ཉམས་པར་འཛིན་པ་གནམ་གྱིས་ས་བཀབ་པ་ལྟ་བུས་གངས་ཅན་གྱི་ལྗོངས་འདི་ཡོངས་སུ་ཁྱབ་པར་གྱུར་པ་ལས། སླར་ཡང་དུས་ཀྱི་བསྐལ་པས་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་སེལ་བའི་སླད་དུ་ཤིང་རྟ་ཆེན་པོ་གཉིས་པ་ལྟར་འཇམ་དབྱངས་མིའི་སྲིད་པའི་གར་མཁན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་དུ་གྲགས་པའི་སྔོན་མེད་ལེགས་པར་བཤད་པའི་བསྟན་བཅོས་ཆེན་པོ་འདི་དག་ཉིད་ཐེག་པ་གོང་འོག་གི་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་རེ་ཙམ་ལ་ཞེན་ནས་ཉི་ཚེ་བའི་བླང་དོར་ལ་འཇུག་པ་མ་ཡིན་པར། བཤེས་གཉེན་སྟོན་པས། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཞེས་པའི་དོན་དང་མཐུན་པས། སྐྱེས་བུ་ཆུང་ངུའི་སྐབས་ནས་བཤད་པའི་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སྙིང་ཐག་པ་ནས་འཇིགས་ཏེ་དེ་ལས་ཐར་འདོད་ཀྱི་བློ་ཉེས་ཅན་བཙོན་ར་ལ་སྐྱུགས་ལོག་པ་ལྟ་བུའི་བསམ་པ་རྒྱུད་ལ་མ་སྐྱེས་པའི་གང་ཟག་ལ་སྐྱེས་བུ་འབྲིང་གི་སྐབས་ནས་བསྟན་པའི་མཐོ་རིས་ལྷ་མིའི་ཕུན་ཚོགས་ཀྱི་བདེ་བ་ཀུན་ལ་མངོན་འདོད་ཀྱི་སྲིད་པ་མེད་པའི་སྲིད་པ་འཁོར་བའི་ངང་ཚུལ་མཐའ་དག་མེ་འབར་པའི་ཀློང་ལྟར་མཐོང་ནས་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བསམ་པ་བཅོས་མ་མ་ཡིན་པ་སྐྱེ་བའི་གོ་སྐབས་མེད་ཅིང་། འཁོར་བ་ལས་ཡིད་འབྱུང་བའི་མྱོང་བ་ཅུང་ཟད་ཀྱང་མེད་པར་སེམས་ཅན་གཞན་ལ་དམིགས་པའི་བཅོས་


GLG012_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གྱི་སྙིང་རྗེ་ཆེན་པོ་མཚན་ཉིད་པ་ནི་སྐྱེ་བ་ག་ལ་སྲིད། སྙིང་རྗེ་ཆེན་པོ་རྒྱུད་ལ་མ་སྐྱེས་པར་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་སྤྱོད་པ་ཕྱིན་དྲུག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་དེ་ནམ་མཁའི་པདྨོ་དང་ཆོས་མཚུངས་པས་ན། དངོས་བསྟན་རང་ཉིད་ངན་འགྲོ་ལས་ཐར་པའི་ཐབས་ཀྱི་ཆོས་སྐོར་ལྟ་བུ་དང་། རང་དོན་དོར་ནས་གཞན་ཕན་ལྷུར་ལེན་པའི་སྐོར་རྣམས་ཚིག་ལ་འགལ་བ་ལྟར་སོམ་ཉིར་གྱུར་པ་རྣམས་ཀྱང་དོན་གྱི་ཆ་ལ་རྒྱུ་འབྲས་སམ་ལམ་གྱི་གཙོ་བོ་དང་ཡན་ལག་གི་ཚུལ་གྱིས་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གསུང་རབ་ཐམས་ཅད་གཅིག་གྲོགས་སུ་གཅིག་འགྲོ་བ་ཞིག་དགོས་པས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། དེ་ལྟར་གྱུར་པའི་དོན་རྣམས་ཉམས་སུ་ལེན་པའི་ཚེ་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །གསུང་རབ་གདམས་པར་ཤར་བ་མེད་པས་ནོངས། །ཞེས་ལུང་གི་བསྟན་པ་གཏན་ལ་ཕབ་པའི་རྒྱུ་ལས་འབྲས་བུ་རྟོགས་པའི་བསྟན་པ་སྒྲུབ་པའི་གནད་མ་གོ་བ་དེ་འདྲ་མིན་པའི། རྣལ་འབྱོར་པ་ཆེན་པོས། གདམས་ངག་ལ་ནང་བྱན་ཆུད་པ་ནི་བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི་གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར། ཞེས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་སྣ་གཅིག་ཡན་ཆད་སྒྲུབ་པའི་ཐབས་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་རྣམས་ལས་དངོས་ཤུགས་གང་རུང་གི་སྒོ་ནས་མ་བསྟན་པ་མེད་ནའང་དེ་དག་ཟབ་ཅིང་བརླིང་བས་བློར་ཆུད་དཀའ་བ་རྣམས་ལ་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་མོ་རྣམས་ལས་གསལ་བར་བསྟན་པས་གསུང་རབ་དང་དགོངས་འགྲེལ་ནས་མ་བཤད་པའི་ཉམས་སུ་ལེན་ཚུལ་


GLG012_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཟུར་པ་ཅུང་ཟད་ཙམ་ཡང་མེད་ལ། དེ་དག་ནས་རྒྱ་ཆེར་བཤད་པའི་དོན་ཐམས་ཅད་ལམ་གྱི་རིམ་པ་འདི་ཉིད་ཀྱི་སྐབས་སུ་སྔོན་འགྲོ་དང་དངོས་གཞི་མཇུག་གི་རིམ་པ་གསུམ་དུ་ཧྲིལ་གྱིས་འདུ་ཞིང་ཚང་བ་ལ་ངེས་པ་རྙེད་པ་ནི་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། དེ་ལྟ་བུའི་གདམས་ངག་ཏུ་གསུང་རབ་ཐམས་ཅད་རྫོགས་པར་འཆར་ན། བཤད་མ་ཐག་པའི་བཀའ་དང་དགོངས་འགྲེལ་ཐམས་ཅད་ཐོས་བསམ་གྱིས་གཏན་ལ་ཕབ་ཆོག་པ་ལ་ལམ་སྒྲོན་བསྟན་རིམ་ལམ་རིམ་སོགས་སུ་མིང་གིས་བཏགས་པའི་གླེགས་བམ་ལོགས་སུ་བྱེད་པ་ཅི་ཞིག་སྙམ་ན། དུས་ཀྱི་དབང་གིས་གདུལ་བྱ་རྣམས་ཀྱང་བློ་གྲོས་ཀྱི་མཐུ་ཇེ་དམན་དུ་གྱུར་པའི་ཚེ་དོན་རྟོགས་དཀའ་བ་དང་ཚིག་གི་ཆ་ཧ་ཅང་མང་བ་ལ་སྒྲོ་འདོགས་གཅོད་པར་མི་ནུས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པའི་མན་ངག་ལ་བརྟེན་ནས་ལམ་གྱི་རིམ་པའི་བསྟན་བཅོས་སོགས་སུ་བསྡུས་པ་ཡིན་ལ། དེ་ལྟར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་ཚིག་དོན་རྒྱ་ཆེན་པོ་དག་དེར་མ་འདུས་པས་ལྷག་ཆད་དུ་འགྱུར་རམ་སྙམ་དུ་མི་སེམས་ཏེ། ཚིག་གི་ཆ་མཐའ་དག་ནི་ཡོངས་སུ་རྫོགས་པར་འདུ་མི་དགོས་ཤིང་དོན་ཐམས་ཅད་འདུས་པས་དཔེར་ན་ག་བུར་ཉེར་ལྔ་བའི་སྨན་གྱི་ཕུང་པོ་ཤིན་ཏུ་ཆེ་བ་དག་ལས་སྨན་སྣ་ཐམས་ཅད་ཚང་བའི་ཐུན་ཆུང་ངུ་ཞིག་གིས་གང་ཟག་གཅིག་གི་ཚ་བའི་ནད་སེལ་བ་ཡིན་གྱི། དེས་སྨན་གྱི་ཕུང་པོ་ཡོངས་རྫོགས་ཟ་མི་དགོས་པ་བཞིན་ནོ། །རྒྱུ་མཚན་དེའི་ཕྱིར་བླ་མའི་མན་ངག་ལ་བརྟེན་ནས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། དེས་ན་གསུང་རབ་དགོངས་འབྲེལ་དང་བཅས་པ་ནས་མ་བསྟན་པའི་གང་ཟག་གཅིག་སོ་སྐྱེ་


GLG012_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་ཀྱི་སའི་བར་དུ་བགྲོད་པའི་སྤང་བྱ་སྒྲིབ་གཉིས་ཀྱི་གཉེན་པོ་ནི་ཅུང་ཟད་ཙམ་ཡང་མི་སྲིད་ལ། བསྟན་བཅོས་འདིར་གསུང་རབ་ཐམས་ཅད་ཀྱི་དོན་འདུས་པའི་ཕྱིར་ན་ཚུལ་འདི་ཉམས་སུ་བསྟར་བས་ཉེས་པའི་སྒོ་ཐམས་ཅད་ཁེགས་པར་འགྱུར་ཞིང་། ཁྱད་པར་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས་ལ། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་པའོ་ཞེས་སོགས་གསུངས་པ་ལྟར་གྱི་ཆོས་སྤོང་བ་ལ་བརྟེན་པའི་ཉེས་པ་མཐའ་དག་ཁེགས་པར་འགྱུར་བས་ན་ཉེས་སྦྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་བཞི་དང་ལྡན་པའི་གདམས་པ་འདི་ཉམས་སུ་ལེན་པར་བྱེད་པ་ལ་སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་སྔོན་འགྲོའི་རིམ་པ་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གོང་མ་གོང་མ་རྣམས་འོག་མ་འོག་མའི་སྔོན་འགྲོ་ཡིན་པས་སྐྱེས་བུ་ཆེན་པོ་ཉིད་དངོས་གཞིར་བྱས་ནས་འབྲིང་ཡན་སྔོན་འགྲོར་བསྡུས་ཀྱང་བློ་སྦྱོང་སོགས་ཀྱི་འཁྲིད་ཚུལ་གཞན་རྣམས་དང་ཆ་མཐུན་པས་མི་རུང་བ་མེད་མོད། སྤྱོད་པ་སྤྱི་བསླབ་ཀྱི་ས་བཅད་དུ། ཐེག་ཆེན་སྤྱི་ལ་བསླབ་ཚུལ། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ལོ་ཞེས་པ་ལྟར་ན་སྔགས་ཀྱི་སྐབས་སུ་སྤྱོད་པ་ཕྱོགས་ཀྱི་སྐོར་རྣམས་ཀྱང་སྔོན་འགྲོར་འགྲོ་བས་འཁྲིད་དམིགས་གཙོ་བོ་ངོས་ཟིན་པར་བྱས་ནས་སྔོན་འགྲོ་དངོས་གཞིའི་དབྱེ་བ་ཕྱེད་དགོས་ཀྱི། གཞན་དུ་ན་ཕ་རི་ལ་ལྟོས་ནས་ཚུ་རི་དང་ཚུ་རི་ལ་ལྟོས་ནས་ཕ་རིར་འཇོག་པ་བཞིན་དུ་སྐབས་དོན་གྱི་ངོ་བོ་ངོས་མ་ཟིན་པའི་འཁྲུལ་བའི་ལམ་དུ་


GLG012_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱན་པ་མང་བའི་ཕྱིར། བརྒྱུད་ལྡན་དམ་པའི་ཞལ་ལུང་ཉམས་སུ་མྱོང་པའི་ཕྱག་ལེན་མཐོང་བརྒྱུད་ལ་ལྟོས་པ་གལ་ཆེ་བས་དལ་འབྱོར་རྙེད་དཀའི་སྐོར་ནས་བཟུང་ལྷག་མཐོང་གི་བར་ཐམས་ཅད་ལུགས་འདི་ལ་ལམ་གྱི་དངོས་གཞིར་བྱ་དགོས་པ་ཡིན་ནོ། །སྨྲས་པ། མ་དག་སྣོད་ཀྱི་སྐྱོན་སྤངས་གཟུར་གནས་ཀྱི། །རྣ་བར་དམ་པའི་ཆོས་ཀྱི་དབྱངས་སྙན་པོ། །ཡོངས་འཛིན་ཞལ་གྱི་སྒོ་ལས་ཉེར་ཐོས་པ། །བསྐལ་པར་བསྒྲུབ་པའི་བསོད་ནམས་ཟོང་གིས་རྙེད། །ཁྱད་པར་རྒྱ་བོད་མཁས་གྲུབ་མ་ལུས་པའི། །ཐུགས་ཀྱི་ཉིང་ཁུ་ཆེ་བ་བཞི་ལྡན་ཆོས། །མཆོག་དམན་འགྲོ་ལ་རིས་མེད་ཕན་པའི་སྨན། །བདུད་རྩིའི་སྤུན་ཟླ་གཉིས་པ་རྙེད་དཀའི་ལམ། །ལམ་མཆོག་འདི་འདྲ་ཐོས་བསམ་སྒོམ་གསུམ་གྱིས། །ཉམས་སུ་བླང་བྱར་ཡོད་པའི་སྐལ་བཟང་རྣམས། །མནོག་ཆུང་ཚེ་འདིའི་འདུན་མ་རྒྱང་བསྲིངས་ཏེ། །ཞེན་ལོག་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས། །འདུ་འཛིས་དབེན་པའི་ས་འཛིན་མཐོན་པོའི་ངོས། །སྤང་ལྗོངས་ནགས་ཚལ་མེ་ཏོག་ཁོར་ཡུག་ཅན། །རྡོ་བའི་སྤྱིལ་ཆུང་རང་ཤོང་ཁང་བུ་རུ། །གྲིབ་མ་གཉིས་པའི་གྲོགས་དང་ལྷན་ཅིག་པར། །ལྷུང་ལྷུང་དལ་གྱིས་འབབ་པའི་ཉལ་འགྲོ་དང་། །བག་ཕེབས་རི་དྭགས་རྒྱུ་བའི་སྐད་གཉིས་ལས། །གཞན་དུ་དུག་གསུམ་བསྐྱེད་པའི་ལོང་གཏམ་གྱིས། །བསམ་གཏན་ཚེར་མའི་བྱེད་པོ་དམིགས་སུ་མེད། །ཕྱག་དར་ཁྲོད་པའི་གོས་དང་བསོད་སྙོམས་ཀྱིས། །ཉེར་འཚོ་དཀོར་ནག་དུག་ཆུས་མ་སྦགས་པས། །རྣམ་དཀར་དགེ་ལ་སྐུལ་ནུས་ལུས་ངག་ཡིད། །གཏན་གྱི་བདེ་སྒྲུབ་འདུན་མའི་ཡང་རྩེར་སོན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེས་ན་དང་པོ་སྔོན་འགྲོ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་སྔོན་


GLG012_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྐྱབས་སེམས་དང་། དངོས་གཞི་བཤེས་གཉེན་བསྟེན་པའི་ལམ་ཉམས་སུ་ལེན་ཚུལ་དངོས་གཉིས། དང་པོ་ནི་མཁས་པ་ཁ་ཅིག །ཆོས་ཐམས་ཅད་ཀྱི་ཐོག་མ་བཤེས་གཉེན་བསྟེན་ཚུལ་ཁོ་ན་ཡིན་པས་དེའི་སྔོན་དུ་འགྲོ་བའི་ཆོས་གཞན་མེད་པར་འཆད་ཅིང་དེ་ལ་དག་ཁུངས་སུ་བྱེད་པ་མང་དུ་སྣང་ཡང་། དེ་ལྟར་ན་བཤེས་གཉེན་བསྟེན་པའི་ཆོས་སྐོར་ལ་བློ་སྦྱོང་བའི་བྱང་ཆུབ་ལམ་གྱི་རིམ་པའི་ཆེད་དུ་བྱ་བའི་གདུལ་བྱ་ཡང་ཡིན་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བ་ཡང་ཡིན་པ་ཞིག་ཁས་ལེན་དགོས་པར་འགྱུར་ཞིང་། དེ་ལྟ་བུའི་གདུལ་བྱ་དེ་སྐྱབས་སུ་མ་སོང་བའི་རྒྱུ་མཚན་གྱིས་ནང་པ་སངས་རྒྱས་པའི་གྲལ་དུ་མི་ཚུད་དེ། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པར་ཇོ་བོ་རྗེ་དང་ཤཱན་ཏི་པ་བཞེད་ཅིང་། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་ཡིན་པ་བྱང་ཆུབ་ལམ་གྱི་རིམ་པའི་ས་བཅད་ལས་གསུངས་པས་སོ། །ལ་ལ་དག་སྐྱབས་སུ་འགྲོ་བ་ཙམ་ལ་འགལ་བ་མེད་ན་ཡང་། །སེམས་བསྐྱེད་པ་མི་རིགས་ཏེ། བཤེས་གཉེན་བསྟེན་པའི་འོག་ཏུ་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམས་འབྱུང་བས་སོ། །ཞེས་འཆད་པ་ནི་འཐད་པར་མི་སེམས་ཏེ། སྐྱེས་བུ་ཆུང་ངུའི་ཆོས་སྐོར་ལ་སྐྱེས་བུ་ཆུང་ངུ་དངོས་དང་དེ་དང་ཐུན་མོང་བའི་ཆོས་སྐོར་གཉིས་སུ་གསུངས་པ་ལས་སྐབས་འདིར་ཉམས་སུ་བླང་བྱ་ནི་སྐྱེ་བ་ཕྱི་མ་མངོན་མཐོའི་ལུས་རྟེན་ཙམ་དོན་དུ་གཉེར་བའི་སྐྱེས་བུ་ཆུང་ངུའི་སྐོར་མ་ཡིན་པར་སྐྱེས་བུ་ཆེ་འབྲིང་གི་ལམ་གྱི་རྟེན་གཞིར་གྱུར་པའ་ིཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་ཡིན་པས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་


GLG012_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་གསུངས། །ཞེས་དང་། གལ་ཏེ་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་རྣམས་སྐྱེས་བུ་ཆེན་པོའི་སྔོན་འགྲོ་ཡིན་ན་སྐྱེས་བུ་ཆེན་པོའི་ལམ་རིམ་དུ་བྱས་པས་ཆོག་མོད། ཆུང་འབྲིང་དང་ཐུན་མོང་བའི་ལམ་རིམ་ཞེས་ཐ་སྙད་བྱ་ཅི་དགོས་ཤེ་ན་ཞེས་གསུངས་པས་སྐབས་འདིར་འཆད་པའི་ཡུལ་ནི་སྐྱེས་བུ་ཆེན་པོའི་གདུལ་བྱ་ཡིན་ལ། དེ་ལ་སྔོན་འགྲོའི་ཚུལ་དུ་སྐྱེས་བུ་ཆུང་ངུ་བསྟན་པ་ཡིན་པས་ན་སེམས་བསྐྱེད་ཀྱི་རྩིས་ཟིན་པར་སྐྱོན་མེད་པར་མ་ཟད་ཤིན་ཏུ་ལེགས་པའོ། ཁྱད་པར་བདག་གི་བླ་མ་དམ་པའི་ཁྲིད་གཞུང་བདུད་རྩི་གསེར་ཞུན་ལ་གཞི་མཛད། ལམ་གྱི་རིམ་པ་གཉིས་ནས་ཁ་བསྐངས་ཏེ་གནང་བས་དེར་སྐྱབས་སེམས་ཀྱི་གསལ་ཁ་ཡོད་དོ། །གཞུང་ཆེན་མོ་རྣམས་སུ་འདིའི་སྐབས་སྐྱབས་སེམས་བྱེད་པའི་གསལ་ཁ་མ་བྱུང་བས་རང་གིས་ཉམས་འཁྲིད་ཞུ་མ་མྱོང་བའི་དབང་གིས་གསུང་རྒྱུན་དང་ཕྱག་ལེན་མཐོང་ཐོས་མེད་པའི་རྩལ་བཤད་མཁན་པོ་རྣམས་ཡུས་པའང་ཐུགས་མེད་དོ། །དེས་ན་ཐོག་མར་སྐྱབས་སུ་འགྲོ་བ་ནི་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་སངས་རྒྱས་ཀྱི་མཐུ་ལས་མ་བྱུང་པའི་རྒྱུ་གཞན་གྱིས་འགྲོ་བ་རྣམས་སྲིད་ཞིའི་རྒུད་པ་ལས་ཐར་བ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་ལོངས་སྤྱོད་དུ་ཡོད་པ་ནི་ཅུང་ཟད་ཙམ་ཡང་མེད་ཅིང་། ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་སངས་རྒྱས་དེ་ཉིད་དམ་པའི་ཆོས་འགོག་པ་དང་ལམ་གྱི་བདེན་པ་ལས་བྱུང་ལ། དེ་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་ཡང་སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ་རག་ལུས་པའི་ཕྱིར་ན་སྐྱབས་ཡུལ་དམ་པ་དེ་རྣམས་ལ་བདག་དུས་དེང་ནས་བཟུང་སྟེ་


GLG012_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མ་ཐོབ་ཀྱི་བར་དུ་མགོན་སྐྱབས་དང་དཔུང་གཉེན་ཞུ་སྙམ་པའི་དད་པ་ལྷང་ལྷང་བ་ཞིག་སྔོན་དུ་བཏང་ལ་སྐྱབས་མགོན་དེ་རྣམས་དགྱེས་པའི་ཚུལ་གྱིས་བདག་གི་མགོན་སྐྱབས་སུ་མངོན་སུམ་དུ་བྱོན་ཡོད་སྙམ་པའི་མོས་པ་དུང་དུང་བ་ཞིག་བྱས་པའི་མཐུས་སྐྱབས་གནས་དེ་དག་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་མངའ་བས་བྱ་ནམ་མཁལ་ལ་འཕུར་བ་ལྟར་གདུལ་བྱ་རྗེས་སུ་འཛིན་པའི་དོན་དུ་འབྱོན་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། གང་ཞིག་མོས་པ་གཙོར་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །ཞེས་མོས་ངོ་ཙམ་མ་ཡིན་པའི་དོན་དང་མཐུན་པ་ཞིག་ངེས་པར་འོང་གསུང་། གསང་སྔགས་ཀྱི་འཁྲིད་གཞུང་རྣམས་ལྟར་དམིགས་སྐོར་སྤྲོས་པ་ཅན་མི་མཛད་མོད། མདོ་ལུགས་དང་འབྲེལ་བའི་ཉམས་སུ་ལེན་ཚུལ་འདི་ཙམ་ཞིག་མེད་པར་སྐྱབས་འགྲོའི་ཚིག་མང་དུ་བརྗོད་པ་ངག་འཆལ་གྱི་སྒོ་ཁེགས་པ་ཙམ་དུ་ཟད་དོ། །དེ་ལྟར་སྐྱབས་ཡུལ་ངོས་བཟུང་བ་དེ་ལ་སྐྱབས་སུ་འགྲོ་བའི་མཁན་པོ་རང་ཉིད་ཀྱིས་ཇི་ལྟར་སྐྱབས་སུ་འགྲོ་ན། ལས་དང་ཉོན་མོངས་པའི་དབང་གིས་མཐའ་མེད་ཅིང་གཏིང་ཟབ་པའི་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་འདིར་ཆུད་ནས་སྡུག་བསྔལ་གསུམ་གྱིས་མནར་པའི་ཚུལ་ལ་དགྲ་མི་ཤ་འོས་ད་ལྟ་རང་གསོད་དུ་ཆ་བ་ཙམ་གྱི་འཇིགས་སྐྲག་དང་། འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་ནས་དད་པ་དང་ཡོན་ཏན་ཁྱད་པར་ཅན་དེ་རང་རྒྱུད་ལ་མངོན་དུ་བྱ་འདོད་པ་དང་། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེར་ཤེས་སྙམ་པའི་ཡིད་ཆེས་ཀྱི་བློ་ལིངས་བསྐྱུར་དང་། སེམས་ཅན་རྣམས་ལ་དམིགས་པའི་སྙིང་རྗེའི་དབང་གིས། འདི་རྣམས་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་


GLG012_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་མེད་ཀྱང་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་རྒྱབ་རྟེན་བཅོལ་ན་ཡོད་པར་ངེས་པ་རྣམས་ཀྱི་སྒོ་ནས་འདི་ལྟར་བརྗོད་དགོས་པས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་འཕྲེང་བ་ལྟ་བུར་བརྩིས་ཏེ་ཉུང་མཐའ་ཉེར་གཅིག་ནས་མང་མཐའ་སུམ་བརྒྱ་ཙམ་དུ་བརྗོད་པ་ནི་ཐུན་ཆེ་ཆུང་འཚམ་པ་ཡིན། ཐོག་མ་ནས་དགེ་སྦྱོར་ལ་འཇུག་མདོག་བྱེད་པ་དེ་ཉམས་ལེན་བྱེད་མི་ཤེས་པའི་རྟགས་ཡིན་པས། ཇི་སྐད་དུ། དེ་ཡང་དང་པོ་ཡུན་རིངས་ན་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་ཞིང་། དེ་ལ་གོམས་ན་བློ་འཆོས་དཀའ་བས་ཐུན་ཆུང་ལ་གྲངས་མང་བར་བྱ། སྒོམ་འདོད་པའི་འཕྲོ་ལ་བཅད་ཀྱིན་བྱས་ན་ཕྱི་མ་རེས་ཀྱང་འཇུག་སྙིང་འདོད། གཞན་དུ་ན་མལ་མཐོང་བའི་ཚེ་སྐྱུགས་ལོག་ལོག་འོང་ཞེས་ཐོག་མ་ནས་སྣ་བརྡབས་པའི་ཆོས་དྲེད་དུ་མ་སོང་བ་གལ་ཆེའོ། །སྐྱབས་འགྲོའི་ཉམས་ལེན་ཟིན་པའི་མཇུག་ཏུ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རློབ་ཏུ་གསོལ། ཁྱད་པར་དུ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། ཞེས་ལན་བདུན་ནམ་ཉེར་གཅིག་སོགས་སྐབས་དང་སྦྱར་བ་གདུང་ཤུགས་དྲག་པོའི་སྒོ་ནས་བརྗོད་དོ། །འདི་ནི་ཞིང་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་པའི་མཐུས་འོག་ནས་འབྱུང་བའི་དམིགས་སྐོར་


GLG012_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྒྱུད་ལ་སྐྱེ་བའི་དགོས་པ་ཁྱད་པར་ཅན་ཡོད་པས། ཇི་སྐད་དུ། བཟུང་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློ་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་ནི་མན་ངག་ཡིན་ནོ། །ཞེས་ཐོག་མར་སྐྱབས་འགྲོ་དགོས་པའི་ཤེས་བྱེད་ཤིན་ཏུ་ཆེ་ཞིང་། འདི་ནས་བཟུང་སྟེ་སྐྱབས་འགྲོའི་བསླབ་བྱ་མདོར་བསྡུས་ཙམ་ལ་བསླབ་དགོས་པའི་ཕྱིར་མཆོད་པའི་སྒོ་ནས་ཚོགས་གསོག་པ་ཡང་ཤུགས་ཀྱིས་ཐོན་ནོ། །འུར་རྡོ་གཅིག་གིས་བྱ་བརྒྱ་དུས་གཅིག་ཏུ་འདེད་པ་ལྟར་ཐོག་མར་སྐྱབས་སུ་སོང་སྟེ་གསོལ་བ་བཏབ་པས་ཞིང་ཁྱད་པར་ཅན་གྱི་མཐུས་ལམ་རྣམས་རྒྱུད་ལ་སྐྱེ་བ་ཡིན་གྱི། དམིགས་སྐོར་ཚན་པ་རེ་རེ་བཞིན་གྱི་མཇུག་ཏུ་གསོལ་འདེབས་ཀྱི་ཚིག་བརྗོད་དགོས་པ་ནི་མིན་ནོ། །སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཉམས་སུ་བླང་བར་བགྱིའོ། །ཞེས་པའི་དོན་ཡིད་ལ་དྲན་བཞིན་པའི་ངང་ནས་ཚིག་ངག་ཏུ་ལན་གསུམ་མམ་བདུན་གང་ཡང་རུང་བ་བརྗོད་དེ་སེམས་བསྐྱེད་པས་འོག་ནས་འབྱུང་བའི་དགེ་བ་མཐའ་དག་སངས་རྒྱས་འཐོབ་པའི་རྒྱུར་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན་ནོ། །གཉིས་པ་དངོས་གཞི་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དངོས་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། ཞེས་བསྟེན་བྱ་དགེ་བའི་བཤེས་གཉེན་དེ་ཉིད་ཀྱང་ལྷག་པའི་བསླབ་པ་གསུམ་གྱི་


GLG012_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་རྒྱུད་ལེགས་པར་དུལ་ཞིང་། མང་དུ་ཐོས་པ་ལུང་གི་ཡོན་ཏན། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་ཁྱད་པར་བ། སློབ་མ་རྣམས་ལས་ཆེས་ལྷག་པའི་ཡོན་ཏན་ཁྱད་པར་འཕགས་པ། ལུང་དོན་རིགས་པས་འབྱེད་ནུས་པའི་རྣམ་དཔྱོད་ཀྱིས་གདུལ་བྱའི་རྣ་བར་སྙན་ཞིང་ཡང་དག་པའི་ལམ་ལ་བཀྲི་བར་མཁས་པ། རྙེད་བཀུར་སོགས་ལ་ལྟོས་པ་མེད་པར་འགྲོ་བ་ཉམ་ཐག་པ་ལ་བརྩེ་བའི་སྙིང་རྗེ་ཅན། གཞན་གྱི་དོན་སྒྲུབ་པ་ལ་རྩོལ་བ་དང་ལྡན་པའི་བརྩོན་འགྲུས། ཡང་ཡང་འཆད་པ་ལ་སྐྱོ་ངལ་མེད་པའི་དཀའ་སྤྱད་ཁུར་དུ་བཟོད་པའི་ཡོན་ཏན་རྣམས་མངའ་བའི་བླ་མ་དམ་པ་དེས་དམ་པའི་ཆོས་སྟོན་པའི་སྣོད་དུ་གྱུར་པའི་གདུལ་བྱ་ནི་བཞི་བརྒྱ་པར། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་པོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། །ཞེས་རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་ལ་ཞེ་སྡང་བའི་ཕྱོགས་ལྷུང་དང་བྲལ་ཞིང་། ཉེས་བཤད་དང་ལེགས་བཤད་ཀྱི་བླང་དོར་འབྱེད་ནུས་པའི་བློ་གྲོས་ཅན། དམ་པའི་ཆོས་ལ་དོན་གཉེར་ཆེན་པོ་དང་ལྡན་པ། ཆོས་སྨྲ་བ་ལ་གུས་ཤིང་ཡིད་ལེགས་པར་གཏོད་པ་སྟེ་ཡོན་ཏན་ལྔ་དང་ལྡན་པའི་སློབ་མ་ཞིག་དགོས་ལ། དེ་ལྟ་བུའི་སློབ་དཔོན་དང་སློབ་མ་ཟུང་དུ་འབྲེལ་ན་གཤོག་པ་གཉིས་ལྡན་གྱི་བྱ་མཁའ་ལ་འཕུར་བ་ལ་ཚེགས་མེད་པ་བཞིན་རྣམ་གྲོལ་སྒྲུབ་པ་ལ་དེ་ཙམ་གྱི་དཀའ་བ་མིན་པས་མཚན་ཉིད་དེ་ལྡན་གྱི་སློབ་མ་དེས་ཀྱང་བཤེས་གཉེན་བསྟེན་པའི་ཚུལ་ལ་བསམ་པས་བསྟེན་པའི་ཚུལ་དང་། སྦྱོར་བས་བསྟེན་པའི་ཚུལ་གཉིས། དང་པོ་ནི། །དཀོན་མཆོག་ཏ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །


GLG012_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་བསེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་ལ་མི་ཕྱེད་པའི་དད་པ་ཞིག་ངེས་པར་སྔོན་དུ་འགྲོ་བ་གལ་ཆེ། དེ་ལ་ཡང་བཤེས་གཉེན་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཏུ་མཐོང་དགོས་པ་ལ། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །ཞེས་འོ་སྐོལ་ལས་མ་དག་པའི་གདུལ་བྱ་རྣམས་ཀྱི་སྣང་བ་ལ་སྐྱོན་ཡོན་འདྲེས་མར་འོང་བས་ཐོག་མར་སྐྱོན་རྟོག་གི་བློ་དེ་དགག་དགོས། དེ་ཁེགས་ན་ཡོན་ཏན་ཀུན་དང་ལྡན་པ་ཞིག་ཤུགས་ཀྱིས་འོང་བ་ལས་འོས་མེད། སྐྱོན་རྟོག་གི་བློ་སེལ་བ་ལ་ཡང་དཔེར་ན་སྨན་པ་མཁས་པས་སྨན་ནུས་པ་ཅན་བཏང་བས་ཚེ་ནད་བག་ལ་ཞ་བ་རྣམས་ཀྱང་བསླང་སྟེ་ནད་ཟུག་ཅུང་ཟད་བསྐྱེད་ནས་ཞི་འགྲོ་བ་ལྟར་ཐོག་མར་བླ་མ་དེའི་མཛད་པ་སྐྱོན་ལྟར་སྣང་བ་རྣམས་ཀྱང་ཆེད་དུ་གཉེར་ནས་གསལ་འདེབས་དགོས་པ་ནི། དགྲ་གཉེན་བར་མའི་འགྲོ་བ་སྔར་ནས་རང་ཉིད་ལ་རྒྱུས་ཡོད་པ་ཞིག་གི་སྤྱོད་ཚུལ་རྣམས་ཆེད་དུ་མ་བརྟགས་པའི་ཚེ་ལམ་མེ་ཞིག་ལས་མི་འབྱུང་ཞིང་། དེ་ལ་བརྟེན་པའི་དུག་གསུམ་གྱི་རྟོག་པ་རྣམས་ཀྱང་མངོན་གྱུར་དུ་མི་སྐྱེ་ལ། དེའི་སྣང་ཚུལ་ལ་རྟོག་པ་འོག་འགྱུའི་ཚུལ་གྱིས་དཔྱད་པ་ན་དེ་དག་གི་བྱ་བྱེད་བཟང་ངན་རྣམས་སྔར་འདས་ཟིན་པ་མ་ཡིན་པའི་ད་ལྟ་བྱེད་བཞིན་པ་ལྟ་བུའི་སྣང་བ་འཆར་ཞིང་། དེ་ལ་བརྟེན་པའི་དགའ་སྡུག་གི་རྟོག་པ་ལྷན་སྐྱེས་སུ་འཆར་བ་བཞིན། ག་རེ་བདག་གི་དཔལ་ལྡན་བླ་མ་དམ་པ་དེའི་སྐུའི་དབྱིབས་


GLG012_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་གདངས་ཐུགས་དཀྱེལ་ཆེ་ཆུང་། མདོར་ན་འབྱོན་བཞུད་ན་བཟའ་བཞེས་ཚུལ་སོགས་ཕྲ་མོ་རྣམས་ཀྱིས་མཐའ་བརྟེན་པའི་མཛད་པ་བཟང་ངན་འབྲིང་གསུམ་ཅི་འདྲ་ཞིག་ཡོད་པ་ཐམས་ཅད་ཡང་ཡང་གསལ་གདབ་ཅིང་རང་བབས་སུ་འཆར་བཅུག་པ་ན་སྣང་ཚུལ་ལེགས་ཉེས་མངོན་སུམ་དུ་ད་ལྟ་མཛད་པ་ལྟར་ལྷང་ལྷང་གི་འཆར་བས་དེ་མ་བྱུང་གི་བར་དུ་བསམ། དེ་ནས་འདི་ལྟར་སྣང་བ་དེ་བླ་མ་ལ་སྐྱོན་ཡོང་ནས་སྣང་བ་ཡིན་ནམ་མེད་བཞིན་དུ་སྣང་བ་གང་ཡིན་སྙམ་པའི་ཐེ་ཚོམ་ཞིག་ཤར་བྱུང་བ་ན། བླ་མ་དམ་པ་འདི་ཉིད་ལ་ཉེས་པའི་སྐྱོན་དེ་འདྲ་ག་ལ་མངའ། རང་ཉིད་ཚེ་རབས་ཐོག་མ་མེད་པ་ནས་ལས་ཉོན་གྱི་སྒྲིབ་པས་ཧ་ཅང་སྦགས་ཆེས་པའི་མཐུས་མེད་བཞིན་དུ་སྣང་བར་འདུག །དབང་ཤེས་འཁྲུལ་པའི་ངོར་ཤིན་ཏུ་དཀར་བའི་གངས་རི་སྔོན་པོར་འཆར་བ་དང་། མཁྲིས་པའི་ནད་ཀྱིས་གཙེས་པའི་མིག་ཤེས་ཀྱིས་དུང་སེར་པོར་མཐོང་བ་དང་ཁྱད་པར་ག་ལ་ཡོད། རང་རེ་དུག་གསུམ་གྱི་གཞན་དབང་ཁོ་ནར་གྱུར་པའི་འགྲོ་བ་རྣམས་དང་རིགས་མཐུན་པའི་ཚུལ་གྱིས་དོན་མཛད་པ་ལ་མ་དག་པའི་སྣང་ཚུལ་དེ་འདྲ་ཆེད་དུ་གཉེར་ནས་མ་བསྟན་པའི་ངེས་པ་ཅི་ཡོད་སྙམ་དུ་ཡང་ཡང་བསམ། དེ་ཡང་བླུན་སྒོམ་མོས་པ་ཙམ་གྱི་སྒོམ་གྱིས་རྐྱེན་མི་ཐེག་པས་དཔེ་དང་གཏན་ཚིགས་ལས་ངེས་པ་རྙེད་དགོས་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཐམས་ཅད་དང་ལྡན་པ་དེ་ལའང་ལེགས་སྐར་དང་ལྷས་བྱིན་དང་མུ་སྟེགས་བྱེད་ལ་སོགས་པ་རྣམས་ཀྱི་སྐྱོན་དང་ཉེས་པའི་གོང་བུར་མཐོང་ཞིང་། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོ་ཁོག་སྨད་འབུས་གཡེངས་པར་གཟིགས་པ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སློབ་དཔོན་


GLG012_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་རྒད་པོ་ཆོས་གོས་ཀྱིས་ཐོད་བྱས་ནས་རྨོ་རྨོད་ཅིང་རོལ་ནང་གི་སེམས་ཅན་མང་པོ་ཆུ་ནང་དུ་འཚོད་པ། ནཱ་རོ་པས་ཏེ་ལོ་པ་ཉ་གསོན་སྲེག་བྱེད་པ། དགེ་ཚུལ་ཚེམ་བུ་བས་རྡོ་རྗེ་ཕག་མོ་མཛེ་མོར་མཐོང་བ་དང་། ཡབ་སྲས་མཇལ་བའི་མདོ་ལས་དེ་བཞིན་གཤེགས་པས་བདུད་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ཡང་བཤད་པས་རྒྱུ་མཚན་དེ་དག་དང་རང་གི་མཐོང་ཚུལ་ལ་ཁྱད་པར་མེད་སྙམ་དུ་བསམས་པ་ན་དེའི་གོང་དུ་བླ་མའི་མཛད་པ་རྣམས་ལ་ཡིད་མི་བདེ་བའི་ནག་ཡོར་རེ་བའི་རྣམ་པ་འདྲ་བ་ཞིག་ཡོད་པ་དེ་དཔྱད་སྒོམ་གྱི་ཉམས་ལེན་འདི་དག་ལ་བརྟེན་ནས་མུན་པའི་ཁུང་བུར་ཉི་མའི་ཟེར་ཞུགས་པ་བཞིན་དུ་བླ་མ་དེ་སྐྱོན་དང་བྲལ་བའི་གསལ་སིང་ངེ་བའི་རྣམ་པར་འཆར་གསུངས་པ་ནི་བསྒོམས་ན་ངེས་པར་ལས་དང་པོ་བ་ལའང་ཉམས་སུ་མྱོང་ངེས་སུ་གདའ། དེ་ལྟར་ངེས་པའི་དོན་དུ་བླ་མ་དེ་སྐྱོན་དང་མི་ལྡན་པར་ཡིད་ཆེས་རྙེད་པས་ཡོན་ཏན་ཀུན་ཚང་དུ་ཤུགས་ལ་རྟོགས་ནའང་རང་གི་བློ་ཤུགས་གང་དྲག་པ་དེའི་ནུས་པས་དེའི་འགལ་ཟླར་གྱུར་པའི་སྐྱོན་ཡོན་མཐའ་དག་ཟིལ་གྱིས་ནོན་འགྲོ་བ་ཆོས་ཉིད་ཡིན་ཏེ། བཤེས་གཉེན་དེ་ལ་མཁས་པ་བཙུན་པ་གྲུབ་པ་བཟང་བ་སོགས་ཐ་ན་དངོས་པོ་ལ་ཞེན་ཆགས་ཆུང་བ་ཀློག་བཟང་ལྟ་བུའི་ཡོན་ཏན་སྣ་རེ་ཡོད་ནའང་ཡོན་ཏན་ཁྱད་པར་ཅན་འདི་དང་འདི་འདྲ་བ་མངའ་སྙམ་པའི་བློ་ཤུགས་དྲག་པོས་ཡང་ཡང་བསམས་ན་སེར་སྣའི་དངོས་འཛིན་ཆེ་བའམ་ཐོས་པ་ཉུང་བ་སོགས་སྐྱོན་གྱི་རིགས་ཡོད་ཚེ་མནན་ཏེ་མི་མངོན་པ་ལྟ་བུར་འགྲོ་བ་ནི་གནམ་སྟོང་གི་དུས་སུ་ཟླ་བ་མཁའ་ལ་ཤར་ཡང་ཉི་མའི་འོད་ཀྱིས་བལྟར་མི་མངོན་པ་དང་མཚུངས་པས་སྐྱོན་གྱི་ཆ་ཕྲ་མོ་ཡང་དགག་གང་ཐུབ་


GLG012_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་ཏན་ཆུང་ངུ་ལ་ཡང་དད་པ་ཅི་འཕེལ་དུ་བྱ་བ་ནི་རང་ལ་ལེགས་ཚོགས་དངོས་གྲུབ་ཐམས་ཅད་གྱི་རྩ་བར་ཡོད་པས་གནད་ཤིན་ཏུ་ཆེ། དེ་ལྟར་མི་འཕྲོགས་པའི་དད་པ་ཁྱད་པར་ཅན་ནི་རང་ཉིད་ལ་དངོས་སུ་བཀའ་དྲིན་གྱིས་ཕན་པར་གྱུར་པ་མིན་ནའང་སྙན་པའི་གྲགས་པ་ཐོས་པ་ཙམ་ལ་ཡང་འབྱུང་མོད། གུས་པ་ཆེན་པོ་སྐྱེད་པར་བྱེད་པ་ལ་བཀའ་དྲིན་རྗེས་སུ་དྲན་པ་གལ་ཆེ་བས་སྐྱོན་དང་བྲལ་ཞིང་ཡོན་ཏན་མ་ལུས་པ་དང་ལྡན་པའི་བདག་ཉིད་ཅན་སངས་རྒྱས་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ཡོད་ནའང་རང་ཉིད་སྐལ་པ་དམན་པས་དེ་དག་ལས་བཀའ་དྲིན་ནོད་ས་མེད་ལ། བདག་གི་བླ་མ་དམ་པ་འདིས་དམུ་རྒོད་གདུལ་དཀའ་བའི་འགྲོ་བ་རྣམས་འདྲེན་པའི་སླད་དུ་དུས་གསུམ་བདེ་གཤེགས་ཀུན་གྱི་རང་གཟུགས་ཐ་མལ་པའི་རྣམ་པར་སྤྲུལ་ནས་བྱོན་པས་སྐྱོན་ཟད་ཅིང་ཡོན་ཏན་དང་ལྡན་པའི་ཆ་ནས་སངས་རྒྱས་རྣམས་དང་ཁྱད་པར་མ་མཆིས་ཀྱང་། རང་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་སྟེ། སྤྱིར་སངས་རྒྱས་རྣམས་ཆོས་སྐུ་བདེ་བ་ཆེན་པོའི་ངང་ལས་གཡོ་བ་མེད་བཞིན་དུ་བྱང་སེམས་འཕགས་པ་གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ཀྱི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པར་སྟོན། སྐུ་དེ་ཉིད་ཉན་རང་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་དུ་མ་གྱུར་པས་འཛམ་བུའི་གླིང་དུ་མཆོག་གི་སྤྲུལ་སྐུའི་ཚུལ་གྱིས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། སངས་རྒྱས་དེ་རྣམས་ལ་ཉེ་རིང་ཡོད་པའི་དབང་གིས་རང་རེ་རྣམས་ཆེད་དུ་གཉེར་ནས་ཡལ་བར་དོར་བ་མ་ཡིན་ཡང་བྲག་ཕུག་ཁ་བྱང་བསྟན་ལ་ཉི་མ་མི་འཆར་བ་བཞིན་རང་ཉིད་ལས་དང་སྐལ་བ་མེད་པའི་དབང་གིས་སངས་རྒྱས་དེ་རྣམས་དངོས་སུ་མཇལ་བ་དང་གསུང་གི་བདུད་རྩི་མྱང་བའི་སྣོད་དུ་མ་གྱུར་པས་


GLG012_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་ཀྱི་འཁོར་བ་འདིར་འཁོར་ཏེ་སྡུག་བསྔལ་མྱོང་བཞིན་པ་འདིར་ཟད། ད་རེས་མི་ལུས་ཐོབ་པའི་དུས་འདིར་བཤེས་གཉེན་དམ་པ་འདི་རྣམས་དང་མ་མཇལ་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་ཐོས་པའི་མི་ཁོམ་པའི་གནས་སུ་འཁྱམ་དགོས་པ་ལ། སངས་རྒྱས་དངོས་སུ་མཇལ་ཡང་དེ་ཕན་ཆད་ལས་འགྲོ་རྒྱུ་མེད་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ནི་དགེ་བའི་བཤེས་གཉེན་གྱིས་ལེགས་པར་བསྟན་ཅིང་ཐོས། རང་གིས་ཉམས་སུ་ལེན་པར་ནུས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པར་ནི་ཐེ་མི་ཚོམ། ཚེ་འདིར་དགྲ་དང་ནས་སོགས་ཀྱི་འཇིགས་པ་ལས་སྐྱོབ་ཅིང་ཟས་གོས་འབྱོར་བ་སྟེར་བར་བྱེད་པ་ལ་ཡང་དྲིན་ཆེ་བར་བྱེད་ན་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་སེལ་བ་དང་གཏན་གྱི་བདེ་བ་བླ་ན་མེད་པ་སྟེར་བར་མཛད་པའི་བཀའ་དྲིན་འདི་ནི་སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་བར་ག་ལ་ནུས། རང་ངོས་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་བླ་མ་དམ་པ་བཀའ་དྲིན་ཆེ་ཞིང་ལྷག་པར་གདོན་མི་ཟ་སྙམ་པའི་གུས་པ་དང་དད་པ་སྙིང་ཁོང་རུས་པའི་གཏིང་ནས་བསམ་ཞིང་། ལུས་ཀྱི་བ་སྤུ་གཡོ་བ་དང་མིག་ནས་མཆི་མ་མ་བྱུང་གི་བར་དུ་བསྒོམ། སྤྲོ་བར་འདོད་ན་སྡོང་པོ་བཀོད་པ་ལས་འབྱུང་བའི། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གདངས་སྙན་པོས་གསལ་འདེབས་ཀྱི་ཚུལ་དུ་བྱེད་པར་གསུངས་སོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི་བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །ཅེས་བཤེས་གཉེན་དམ་པ་དེ་མཉེས་པ་རྣམས་བསྒྲུབ་ཅིང་མི་མཉེས་པ་


GLG012_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤོང་བ་ཞིག་དགོས་པ་ཡིན་པས་སྔོན་བདག་ཅག་གི་སྟོན་པས་ཚིགས་བཅད་གཅིག་ཐོས་པའི་དོན་དུ་སྐུ་ལུས་ལ་མར་མེ་སྟོང་བཙུགས་པ། ལྕགས་གཟེར་སྟོང་བཏབ་པ། བུ་དང་བཙུན་མོ་མངའ་འབངས་ལོངས་སྤྱོད་ཐམས་ཅད་ཕུལ་བ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས། ནཱ་རོས་ཏཻ་ལོ། ཇོ་བོ་ཆེན་པོས་བླ་མ་གསེར་གླིང་པ་ལ་བྱང་ཆུབ་ཀྱི་སེམས་ཞུ་བའི་དོན་དུ་རྒྱ་མཚོ་ཆེན་པོར་དཀའ་བ་སྦྱད་པ། འབྲོམ་གྱིས་ཇོ་བོ། བསེས་འབྲོག་མི། མི་ལས་མར་པ་བསྟེན་པ་སོགས་དམ་པ་གོང་མ་རྣམས་ཀྱི་རྣམ་པར་ཐར་པ་ལ་ལུས་ལོངས་སྤྱོད་ཐམས་ཅད་ལ་ལྟོས་པ་མེད་པར་དཀའ་བ་སྤྱད་པ་བསམ་གྱིས་མི་ཁྱབ། བླ་མ་དེ་ཟང་ཟིང་གི་དངོས་པོ་སོགས་ལ་གཟིགས་པ་མིན་ནའང་། གནས་སྐབས་སུ་དེ་དག་ལ་ལྟོས་པ་ལྟར་མཛད་པ་ནི་གདུལ་བྱ་ཚོགས་རྫོགས་པ་ལ་དགོངས་པ་ཡིན་པས། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསྒྲུབ་པའི་སླད་དུ་རང་ཉིད་ཀྱི་གཅེས་ནོར་ཡོད་རྒུ་མཐའ་དག་དབུལ་ཞིང་། བྱ་བར་དཀའ་བའམ་བྱེད་དུ་མི་རུང་བ་འདྲ་ཞིག་གྱིས་གསུང་ཡང་འདི་བདག་ལ་ཕན་པ་ཞིག་ཡོད་པར་གོར་མ་ཆག་སྙམ་དུ་ཚམ་ཚོམ་མེད་པར་འཇུག་པའམ། ཡེ་ནས་མི་འགྲུབ་ཅིང་མི་རུང་བ་ཞིག་འདུག་ན། རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང་། །ཞེས་བཤད་སྦྱང་ལེགས་པར་བྱེད་པ་ཞིག་དགོས་ཀྱི་ཇི་མི་སྙམ་པར་འཇོག་པ་ཡེ་མི་རུང་། གཙོ་བོ་ནི་སྒྲུབ་པའི་མཆོད་པས་མཉེས་པར་གསུངས་པས་ཇི་ལྟར་བསྟན་པའི་ཆོས་རྣམས་ཐོས་བསམ་སྒོམ་གསུམ་གྱིས་


GLG012_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་འབེབས་དགོས་པར་གདའ། དེ་ལྟར་ཚུལ་བཞིན་མ་བསྟེན་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་དང་། བསྟེན་ན་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་བར་སྡོང་པོ་བཀོད་པའི་མདོ་དང་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་གསུངས་པ་ལ་ངེས་ཤེས་རྙེད་ནས་ཚིག་ཙམ་དུ་མ་ལུས་པར་ལག་ཏུ་ལེན་པ་ཞིག་དགོས་ནའང་རྟག་ཏུ་ངུ་ལྟར་ལུས་སྲོག་ལ་ལྟོས་པ་མེད་པར་གཏོང་བ་སོགས་ནི་ལས་དང་པོ་བ་རྣམས་ཀྱིས་དངོས་སུ་སྒྲུབ་མི་ནུས་པས་སྨོན་ལམ་གྱི་ཡུལ་དུ་བྱ་ཞིང་། སྒྲུབ་པར་ནུས་པ་རྣམས་ཀྱང་ཡུལ་དུས་གནས་སྐབས་དང་བསྟུན་ཏེ་ལག་ཏུ་བླང་བ་ལས་འཁྲིད་དམིགས་ཀྱི་ལག་ལེན་ལ་ངེས་པར་སྦྱོར་མི་དགོས་པས་དེ་དག་གི་དོན་བསྡུས་ཏེ་ཉམས་སུ་བླང་བ་ནི་བྱང་ཆུབ་ལམ་གྱི་རིམ་པའི་ས་བཅད་དུ། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ཞེས་པའི་སྐབས་ཀྱི་དོན་ཡིན་པས་སྦྱོར་བའི་ཉམས་ལེན་དངོས་གཞི་ལ་ངོས་འཛིན་དགོས་ཤིང་། འཁྲིད་གཞུང་རྙིང་པ་ན་འདི་ལ་བཤེས་གཉེན་བསྟེན་པའི་སྔོན་འགྲོ་ཞེས་མིང་འདོགས་མཛད་དེ་ཐོག་མར་བྱུང་ནའང་། གོང་གི་དཔྱད་སྒོམ་དེ་རྣམས་རྒྱུད་ལ་སྐྱེ་བའི་སྔོན་འགྲོའི་ཚོགས་གསོག་ཏུ་དགོངས་པར་སྣང་ལ། དེང་སང་གོ་རིམ་དེ་ལྟར་ཕྱག་ལེན་དུ་མི་མཛད་དོ། །དེ་ཡང་མགོན་པོ་གསེར་གླིང་པའི་རྣམ་པར་ཐར་པ་ཡིན་པས་གནས་ཁང་བྱི་དོར་བྱས་ལ་དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། ཅི་འབྱོར་བའི་མཆོད་པ་བཤམ། བདེ་བའི་སྟན་ལ་བག་མེད་པའི་འདུག་ཚུལ་མ་ཡིན་པའི་སྐྱིལ་མོ་ཀྲུང་ངམ་སྐྱིལ་ཀྲུང་ཕྱེད་པ་སོགས་ཀྱི་སྤྱོད་ལམ་གང་ཡང་རུང་བས་འཁོད་དེ་ཉམས་སུ་ལེན་པ་ལ་འཁྲིད་ཡིག་རྙིང་པ་ན།


GLG012_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས་ཏེ་དམ་ཚིག་པ་བསྐྱེད་པར་གསུངས་པ་འཇམ་དཔལ་དབྱངས་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོའི་གསུང་རྒྱུན་དུ་རྩ་བའི་བླ་མ་མགོན་པོ་འཇམ་དབྱངས་སུ་བསྐྱེད་དེ་གསོལ་འདེབས་ཀྱི་ཚུལ་དུ་དྷཱི་མང་དུ་བགྲང་བ། འཁྲིད་ཡིག་ལ་ལ་ན་བླ་མ་ཐུབ་དབང་དང་རྡོ་རྗེ་འཆང་དུ་བསྐྱེད་པ། པདྨའི་འདབ་མ་ཕྱི་ནང་མང་པོར་བྱས་ཏེ་དེའི་སྟེང་ཏུ་བླ་མ་རྣམས་དཀྱིལ་འཁོར་གྱི་ལྷ་ལྟར་དགོད་པ། གཡས་གཡོན་དུ་གྲལ་ཆིག་སྦྲེངས་བྱས་པའི་ཚོགས་འཚོགས་པའི་རྣམ་པ་ལྟ་བུ་སོགས་ཕྱག་ལེན་མང་དུ་འདུག་པ་རྣམས་གསང་སྔགས་ཀྱི་ཤན་ཤོར་བས་ལུགས་སྲོལ་འདི་གའི་ཕྱག་ལེན་དང་ཅུང་ཟད་མི་མཐུན་པར་གདའ། འདིར་བླ་མའི་རྣལ་འབྱོར་ལ་བརྟེན་པའི་ཚོགས་ཞིང་རྣམས་སྨན་བླའི་མདོ་ཆོག་ལས་འབྱུང་བ་བཞིན་གནས་དང་ཡོ་བྱད་བྱིན་གྱིས་བརླབ་ཅིང་མགྲོན་ཐབས་སུ་སྤྱན་འདྲེན་པ་ཡིན་པས། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་། ཚོགས་གཉིས་རྫོགས་ཤིང་ཆོས་དབྱིངས་རྣམ་པར་དག་པ་དང་། བདག་གི་དད་མོས་ཀྱི་མཐུ་ལས་ས་གཞི་དང་ཁྲི་སོགས་བྱིན་གྱིས་བརླབ་པའི་ཚུལ། ཐམས་ཅད་དུ་ནི་ས་གཞི་དག །ཅེས་སོགས་བརྗོད་ཅིང་། གནས་དང་ཁམས་བྱིན་གྱིས་བརླབས་པ་ལྟ་བུའི་རིན་པོ་ཆེའི་ས་གཞི་ལག་མཐིལ་ལྟར་ཁོད་སྙོམས་པའི་སྟེང་དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་ཡིད་དུ་འོང་བ་གཡས་གཡོན་རྣམས་སུ་རིན་པོ་ཆེའི་ཁྲི་རྩ་བརྒྱུད་ཀྱི་བླ་མའི་གྲངས་དང་མཉམ་པ་རྒྱབ་མདུན་དང་མཐོ་དམའི་རྣམ་པས་བང་རིམ་གྱི་དབྱིབས་ལྟ་བུ་བཀོད་པས་མཛེས་པ་ཞིག་གསལ་གདབ། གསེར་ཞུན་མ་ལས་འབྱུང་བ་ལྟར། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཚད་


GLG012_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་འཕྲིན་ལས་རྒྱས་མཛད་པའི། །དུས་གསུམ་བླ་མ་འཁོར་བཅས་གནས་འདིར་གཤེགས། །ཞེས་དང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཤོ་ལོ་ཀ་གསུམ་གྱིས་སྤྱན་དྲངས་པས་ཆོས་འདི་སྟོན་པའི་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་མཐའ་ཐེག་པ་གསུམ་གྱི་སློབ་པ་དང་མི་སློབ་པའི་དགེ་འདུན་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུས་བསྐོར་ཏེ་མ་ག་དྷ་བཟང་མོའི་གཏམ་རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན་བྱོན་ནས་སྟན་བཤམས་པ་རྣམས་ལ་བཞུགས་པར་མོས། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །སོགས་ཀྱིས་ཁྲུས་ཁང་བསྐྱེད། རང་གི་ལུས་བརྒྱ་སྟོང་ཁྲི་འབུམ་སོགས་བློས་གང་ལྕོགས་སུ་སྤྲུལ་ནས་དྲི་བཟང་པོའི་ཆུས་བཀང་བའི་རིན་པོ་ཆེའི་བུམ་པ་ཐོགས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སོགས་དང་ཕར་ཕྱིན་དྲུག་ལ་སྦྱར་བའི་ཚིགས་བཅད་སོགས་རྒྱས་བསྡུས་སྐབས་སྦྱར་གྱིས་ཁྲུས་གསོལ། དེ་ཡང་ཚོགས་ཞིང་རྣམས་ལ་མི་གཙང་བའི་དྲི་མས་སྦགས་པ་དོན་ལ་མེད་ཀྱང་འགྲོ་བ་མ་དག་པའི་སྣང་ངོར་ཡོད་པ་ལྟར་སྣང་བ་རྣམས་སེལ་བའི་ཆེད་དུ་ཡིན་ལ། ཁྲུས་བསྐུ་མཉེ་གྲིབ་ཕྱི་བསྙུང་གཡོག་སོགས་དང་དེའི་ཡོན་ཏན་བརྗོད་པ་སོགས་ཞེས་པ་བླ་མའི་དྲུང་དུ་ཡོད་ན་དེ་དག་དངོས་སུ་བྱ་དགོས་པས་འདིར་དེའི་དོད་ཐུབ་དང་འོག་ནས་འབྱུང་བ་ཕལ་ཆེར་ཡང་སྔར་བཤད་པའི་ཟང་ཟིང་གི་མཆོད་པའི་སྒོ་ནས་མཉེས་པར་བྱེད་པའི་ཐབས་ཡིན་ནོ། །སྟོང་


GLG012_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །ཞེས་སོགས་ཀྱིས་དྲི་བཟང་། སྲབ་འཇམ་ཡང་བ་ལྷ་ཡི་གོས། །ཞེས་སོགས་ཀྱིས་ན་བཟའ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས་ཀྱིས་ཚོགས་ཀྱི་ཞིང་དུ་བརྟན་པར་བཞུགས་སུ་གསོལ། དེ་ནས་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པའི་ཐོག་མར་ཕྱག་འཚལ་བ་ནི། སྐྱབས་ཡུལ་གྱི་དམིགས་པ་རྣམས་མ་དོར་བའི་ངང་ནས་ཕྱག་འཚལ་བ་དང་བཅས་ཏེ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །ཞེས་སོགས་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་བརྒྱུད་འདེབས་སོ་སོ་རྗེ་བླ་མའི་བར་ཡོངས་གྲགས་ལྟར་ལ། མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དང་། །སྐུ་གསུམ་གོང་འཕང་མངོན་གྱུར་ནོར་བུ་བཟང་། །དཔལ་ལྡན་བླ་མ་གསུམ་ལ་གསོལ་བ་འདེབས། །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་སྡེ། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་སྟེ། །བཤེས་གཉེན་དམ་པ་གསུམ་ལ་གསོལ་བ་འདེབས། །ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་ཞབས། །ཟབ་དོན་གདམས་པའི་བཀའ་བབས་ཆོས་དཔལ་བཟང་། །རིགས་ཀུན་བདག་པོ་སྣང་མཛད་རྡོ་རྗེའི་ཞབས། །མཁས་གྲུབ་ཆེན་པོ་གསུམ་ལ་གསོལ་བ་འདེབས། །བཀའ་དྲིན་མཉམ་མེད་ཤྲཱི་བྷཱུ་ཏིའི་མཚན། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་བང་མཛོད་ཅན། །དངོས་བརྒྱུད་ཡོངས་འཛིན་ཚོགས་ལ་གསོལ་བ་འདེབས། །ཞེས་པ་གསོལ་འདེབས་ཕྱག་འཚལ་དུ་འདོན་པ་བསྒྱུར། ཇི་སྙེད་སུ་དག་ཅེས་སོགས་ཀྱིས་རྒྱལ་པ་སྲས་བཅས་སྤྱན་དྲངས་པ་རྣམས་ལ་ཕྱག་བྱ། མཆོད་པའི་ཐོག་མར་མཎྜལ་ནི།


GLG012_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གྱི་རྒྱུ་རིན་པོ་ཆེ་ནས་བཟུང་། མ་འབྱོར་ན་གཡམ་པ་སོགས་ལ་ཚོམ་བུ་དགོད་རྒྱུའི་འབྲུ་སོགས་སྟ་གོན་བྱས་ལ། ཐོག་མར་ཚོམ་བུ་སོ་བདུན་ལ་གྲངས་ཇི་ལྟར་འདོད་པ་དང་། མང་ཁྱད་ཚོམ་བུ་བདུན་མ་གཙོ་བོར་བྱས་ཏེ་གྲངས་ཉེར་གཅིག་ནས་བརྒྱའི་བར་སོགས་ཚིག་དང་དམིགས་པ་བསྟུན་ནས་དབུལ། བསོད་ནམས་ཀྱི་ཚོགས་གསོག་པའི་དུས་འདིར་དངོས་སུ་བཤམས་པའི་མཆོད་པ་ནས་འབྲུ་གཅིག་ཙམ་ཡང་མེད་ཅིང་ལུས་ངག་གི་ངལ་བ་ཅུང་ཟད་ཙམ་ཡང་མི་བསྟེན་པར་མོས་པ་དང་ཏིང་འཛིན་ཁོ་ནས་བྱེད་པ་སྐད་དུ་སྨྲ་བ་ནི། པོ་ཏོ་བའི་ཞལ་ནས། དུང་ཕོར་དྲི་མ་ཅན་ཞིག་ཏུ་སྤང་སྤོས་རེ་བཏབ་ནས། ཙན་དན་ག་བུར་སྤོས་ཀྱི་ཆུ། །ཞེས་དམུས་ལོང་གིས་མིག་ལྡན་ལ་མགོ་སྐོར་བྱེད་གསུངས་པ་དང་མཚུངས་ལ། འབྱོར་བ་ཡོད་བཞིན་དུ་སེར་སྣ་དང་སྙོམ་ལས་ཀྱི་དབང་གིས་ངན་པ་དང་ཉུང་ངུ་དང་གཏན་མེད་དུ་བྱེད་པ་ནི་སྙིང་ཐག་པ་ནས་ཆོས་དང་གང་ཟག་ལ་དད་པ་མ་ཐོབ་པའི་ནང་རྟགས་ཕྱིར་ཤར་བར་ཟད་དོ། །དེང་སང་ནི་ཆོས་ལག་ཏུ་བླངས་ཏེ་ཉམས་ལེན་རྣལ་མ་བྱེད་པ་ཉིན་མོའི་སྐར་མ་ལྟ་བུ་དང་། གལ་ཏེ་བྱེད་པ་སྲིད་མཐའ་ཙམ་ལ་ཡང་ཙཱུ་དལ་ཡུལ་གྱི་རྐང་གཉིས་པ་ལྟར་མི་གསེབ་ཏུ་མི་འགྲེ་ཞིང་། ངེད་རྣམས་དེ་འདྲའི་ལག་ལེན་གཏི་ཐུག་ཁྲིགས་ཀྱི་བར་བཀབ་བྱེད་ཀྱིན་མེད་ཟེར་བ་དང་། ཆོས་ཀྱི་བླ་མ་བརྒྱུད་པ་ཡང་གཅིག་ནས་གཉིས་སུ་བགྲང་རྒྱུ་མེད་པ་ལ་ཁ་པོ་དང་ངོ་སོར་ཁྱེར་ཏེ་ཀཉྩིའི་ཡུལ་གྱི་རྒྱལ་ཕྲན་འགའ་ཞིག་གིས་ཕ་བསད་པ་ལ་རྒྱལ་རྔ་རྡུང་བ་ལྟ་བུ་ཆེས་མང་བས་ཅི་བརྟོལ་གྱི་སྙིང་ཁམས་བསྐྱེད་པ་དེ་འདྲ་ཡེ་མི་རུང་། མཆོད་པ་གཞན་རྣམས་ཀྱང་། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །


GLG012_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་། གཞན་ཡང་ཚིགས་བཅད་ཅི་རིགས་པའི་སྒོ་ནས་འདོད་ཡོན་ལྔ་དང་རྒྱལ་སྲིད་སྣ་བདུན་ལ་སོགས་པ་རྣམས་ཀྱང་དབུལ། ཐུན་ཇེ་མང་དུ་སོང་བ་དང་རྒྱུན་གྱི་ཉམས་ལེན་ལ་ཅུང་ཟད་འཁྱེར་བདེ་བར་བྱེད་ཚེ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །ཞེས་སོགས་ཙམ་གྱིས་མཆོད་པའི་ཡན་ལག་སྟེ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་གང་ཕུལ་བ་མཐའ་དག་མཆོད་པའི་ཡུལ་རྣམས་ལ་སྲེད་པ་མེད་ནའང་རང་གི་ཚོགས་རྫོགས་པའི་སླད་དུ་དགྱེས་པ་ཆེན་པོའི་སྒོ་ནས་ལོངས་སྤྱད་པར་བསམ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་ཀྱིས་སྒོ་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །ཞེས་སོགས་ཀྱིས་སྐྱེ་འཕགས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བའི་དགའ་བ་བསྒོམས་པས་དེ་དག་གིས་དགེ་བ་བྱས་པའི་བསོད་ནམས་ལ་མཉམ་པོར་ལོངས་སྤྱད་དུ་ཡོད་དོ། །གང་དག་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །ཞེས་སོགས་ཀྱིས་ཆོས་འཁོར་བསྐོར་བ་དང་། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །ཞེས་སོགས་ཀྱིས་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་སྟེ། འདི་གཉིས་ཀ་ལ་ཚོགས་ཞིང་རྣམས་ལ་གསོལ་བ་བཏབ་པ་བཞིན་དུ་ཞལ་གྱིས་བཞེས་བྱུང་སྙམ་པའི་མོས་པ་བརྟན་པོ་དགོས་གསུང་། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །ཞེས་སོགས་ནི་གོང་དུ་བཤད་པའི་ཡན་ལག་དྲུག་པོ་མཐའ་དག་གི་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་ཡན་ལག་ཡིན་པས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་


GLG012_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དགེ་བ་ཆུད་མི་ཟ་ཞིང་རྒྱ་ཆེར་འཕེལ་བའི་གནད་ཟབ་པ་ཞིག་འདིར་གདའ་འོ། །འཁྲིད་གཞུང་རྙིང་པ་ན་སྤྱི་བཤགས་སོགས་བྱ་བར་གསུངས་པ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ནའང་འོག་ཏུ་རྒྱས་པར་འབྱུང་བས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་དེང་སང་ཕྱག་ལེན་དུ་མི་མཛད་དོ། །བཤད་མ་ཐག་པའི་སྔོན་འགྲོ་དང་དངོས་གཞིའི་དམིགས་སྐོར་འདི་ནས་བཟུང་སྟེ་ལྷག་མཐོང་གི་བར་གྱི་དམིགས་རིམ་མཐའ་དག་གོ་རིམ་མ་འཆོལ་ཞིང་སྔ་ཕྱི་ལ་ལྟོས་པའི་རྒྱས་བསྡུས་ཀྱི་དབྱེ་བ་སོགས་ཕྱག་ལེན་དང་གསུང་རྒྱུན་ངེས་པར་མཐོང་བ་བརྒྱུད་པ་ལ་ལྟོས་དགོས་པས་དེང་སང་སྦྱོར་གཞུང་གི་ཊཱི་ཀ་ཐལ་འཛིན་པ་ལྟར་རང་གང་འདོད་ཀྱི་ཧོར་ཁོངས་སོགས་བྱས་ན་དགེ་སྦྱོར་མཐའ་དག་སྐྱོན་ཅན་དུ་འགྲོ་བ་ལམ་རིམ་ཆེ་ཆུང་ལས་གསུངས་པས་བློ་ལྡན་རྣམས་ཞིབ་མོར་སྤྱོད་པ་གནད་དུ་ཆེ་མོད། འོན་ཀྱང་དེང་དུས་དགེ་བའི་བཤེས་གཉེན་གྱིས་དམར་འཁྲིད་བསྟན་པ་ལ་མ་བལྟོས་པའི་དཔེ་ཆ་ལ་བླ་མ་བཅོལ་ནས་ཉམས་སུ་ལེན་པ་སྐད་བྱེད་པ་མཐའ་དག་ནི་སྐྱོན་ཅན་གྱི་དགེ་སྦྱོར་རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད་དོ། །དེ་ཡང་ཤེས་བཞིན་གྱི་བྱ་ར་བརྟན་པོས་སྤྱོད་ལམ་མཐའ་དག་དམན་ལྷག་ཏུ་མ་སོང་བའི་སྒོ་ནས་ཐུན་དངོས་གཞི་ལ་དམིགས་སྐོར་དངོས། ཐུན་མཚམས་སུ་དེ་དག་རྒྱས་བཤད་ལམ་གྱི་རིམ་པ་ཆེ་ཆུང་སོགས་བལྟ་དགོས་ཀྱི། སེམས་རྒྱ་ཡན་ལ་བཏང་ན་ཡོན་ཏན་གྱི་བོགས་ཤིན་ཏུ་ཆུང་གསུང་། དེ་ཡང་བཤེས་གཉེན་བསྟེན་པ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པའི་བར་རྣམས་དཔྱད་སྒོམ་གཙོ་ཆེ་བ་དང་ཞི་


GLG012_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོགས་ལ་འཇོག་སྒོམ་གཙོ་ཆེ་ཡང་། དཔེར་ན་བཤེས་གཉེན་བསྟེན་པའི་ཆོས་སྐོར་ལྟ་བུའི་ཚེ་བླ་མའི་ཡོན་ཏན་བསམ་པ་སོགས་དཔྱད་སྒོམ་དང་། དེའི་མཐར་རྟོག་པ་གཞན་རྣམས་བག་ལ་ཞ་སྟེ་དད་པ་ལ་རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་དང་། ཞི་གནས་སྒོམ་ཚུལ་གྱི་གནད་ལ་ཡང་ཡང་སེམས་པ་ནི་དཔྱད་སྒོམ་དང་རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་ཡིན་པས་གནད་དེ་དག་མ་གོ་བར་དེར་དཔྱད་པ་མི་བྱེད་པར་སྒོམ་པ་ཁོ་ན་བྱེད་ཟེར་བ་སོགས་ནི་རང་ལ་ཚད་ལྡན་གྱི་སྒོམ་མེད་པ་གསལ་བར་བྱེད་པ་སྟེ། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་པས་མཚོན་ཏེ་གཞུང་ཆེན་པོ་རྣམས་ལས་རྒྱ་ཆེར་བཤད་དོ། །སྨྲས་པ། ཀྱེ་མ་བཀྲེས་སྐོམ་གདུང་བས་ཉམ་ཐག་པར། །ཟས་གོས་འབྱོར་བས་ཕན་པ་བསྒྲུབ་པ་དང་། །འགལ་ཟླའི་དགྲ་ཡིས་གཙེས་ལས་སྐྱོབ་བྱེད་དཔོན། །དྲིན་ཅན་ཡིན་པར་སེམས་ཤིང་སྨྲ་བྱེད་ན། །མཐའ་མེད་འཁོར་བར་སྡུག་བསྔལ་རྣམ་གསུམ་གྱིས། མནར་བའི་འཇིགས་པ་ཀུན་ལས་རབ་བསྒྲལ་ཏེ། །གཏན་བདེའི་ནོར་བུ་ལག་མཐིལ་རྫས་བཞིན་དུ། །སྟོན་བྱེད་ཡོངས་འཛིན་བཀའ་དྲིན་གཞལ་ནུས་སུ། །ཞི་བདེའི་གོ་འཕང་ཙམ་ཡང་རྙེད་དཀའ་ན། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཞེས། །གྲངས་རིང་བསྐལ་པར་འཐོབ་དཀའི་སྒྲ་བོ་ཆེར། །འགོད་མཛད་དུས་གསུམ་རྒྱལ་པའི་སྤྱི་གཟུགས་དངོས། །རང་སེམས་ལོག་པར་འཁྲུལ་བའི་ཤེས་ངོ་ལ། །རང་སྐྱོན་བླ་མའི་མཛད་པར་ཤར་བ་ཀུན། །རང་སྙིང་གཏིང་ནས་རུལ་བར་ངེས་པ་ཡིས། །རང་མཚང་ཡིན་པར་


GLG012_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ནས་དུག་བཞིན་སྤོངས། །ཅི་མཛད་ལེགས་པར་མཐོང་བའི་དག་སྣང་དང་། །ཅི་གསུང་བཀའ་བཞིན་སྒྲུབ་པའི་མོས་གུས་ཀྱིས། །ཅི་བྱས་ཆོས་སུ་འགྲོ་བའི་ཟབ་གནད་དེ། །ཅི་བསམས་འགྲུབ་པའི་ཕན་བདེའི་རྩ་བར་གོ །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དངོས་གཞི་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་དལ་པའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་གཉིས། དང་པོ་ལ་དལ་འབྱོར་ངོས་གཟུང་བ། དོན་ཆེ་བར་བསམ་པ། རྙེད་དཀའ་བར་བསམ་པ་དང་གསུམ། དང་པོ་ནི་བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་པའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་ལོག་ལྟ་ཅན། ངན་འགྲོ་གསུམ། སངས་རྒྱས་མ་བྱུང་བ། ཡུལ་མཐའ་འཁོབ། གླེན་ལྐུགས། ལྷ་ཚེ་རིང་པོ་སྟེ་མི་ཁོམ་པའི་གནས་བརྒྱད་དང་བྲལ་བའི་དལ་བ་བརྒྱད་དང་ལྡན་ཞིང་། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་མིར་སྐྱེས་པ། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་མཐའ་མ་ལོག་པ། གནས་ལ་དད་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་སངས་རྒྱས་བྱོན་ནས་མྱ་ངན་ལས་མ་འདས་པ། སངས་རྒྱས་དེའམ་


GLG012_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཉན་ཐོས་ཀྱིས་ཆོས་སྟོན་བཞིན་པ། སངས་རྒྱས་བཞུགས་དུས་ཀྱི་སྒྲུབ་པའི་བསྟན་པ་མ་ཉམས་པར་གནས་པ། ཆོས་བསྟན་པ་དེས་གང་ཟག་དམན་པས་འབྲས་བུ་ཐོབ་པ་མཐོང་བས་རྐྱེན་བྱས་ཏེ་གཞན་རྗེས་སུ་འཇུག་པ། གཞན་གྱིས་སྙིང་བརྩེ་བར་བྱེད་པ་སྟེ་གཞན་འབྱོར་ལྔ་དང་བཅས་པའི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་འདི་བདག་གིས་ཐོབ་འདུག་སྙམ་པའི་གཡམ་ལ་རྒྱུག་ཙམ་མ་ཡིན་པར་ཁ་ནང་དུ་བལྟས་ཏེ་དཔྱད་པ་ན། རང་ཉིད་མིར་སྐྱེས་པས་ངན་སོང་གསུམ་དང་ལྷ་ཡིན་མིན་གྱི་རྟོག་དཔྱོད་མ་དགོས་ཀྱང་། ཚེ་སྔ་ཕྱི་ལས་འབྲས་དཀོན་མཆོག་རྣམས་ལ་ངེས་ཤེས་ཡོད་ན་ལོག་ལྟ་ཅན་མ་ཡིན་ཞིང་། བསྐལ་བཟང་གི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་བསྟན་པ་གནས་ན་རྒྱལ་བའི་བཀའ་ཡང་ཡོད། བོད་གངས་ཅན་འདིར་འཁོར་རྣམ་བཞི་མ་ཚང་ཡང་དགེ་སློང་ཕ་ཡོད་ན་དོན་གྱིས་ཡུལ་དབུས་ཡིན། གསུང་རབ་ཀྱི་ཚིག་དོན་ཅུང་ཟད་གོ་ན་གླེན་ལྐུགས་མིན་པ་སྟེ་དལ་བ་བརྒྱད། སྦྱིན་མི་ལུས་ཐོབ་པ། ཁྱད་པར་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་སུ་སྐྱེས་པ། དབང་པོ་སྒོ་ལྔ་ཚང་བ། མཚམས་མེད་ལྔ་མ་བྱས་པ། སྡེ་སྣོད་གསུམ་ལ་དད་པ་ཐོབ་པ། གཞན་འབྱོར་དང་པོ་བཞི་དངོས་བསྟན་དཀའ་ཡང་དོན་གྱིས་ཚང་བ་སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་གསུངས་པ། གསུངས་པའི་བསྟན་པ་མ་ཉམས་པར་གནས་པ། བསྟན་པ་དེ་ལ་རང་ཉིད་ཞུགས་པ། སྤྱིན་བདག་སོགས་ཀྱིས་རང་ལ་ཟས་གོས་ཀྱིས་མཚོན་པའི་མཐུན་རྐྱེན་སྟེར་བ་སྟེ་འབྱོར་བ་བཅུ་དང་བཅས་པའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་པོ་ད་ལྟ་རང་གིས་ཐོབ་པའི་མི་ལུས་འདི་ལ་ཚང་ངམ་མ་ཚང་སྙམ་དུ་བསམས་ནས་ཚང་འདུག་ན་དེ་ལ་ཡིད་དགའ་བ་ལྷང་བ་ཞིག་


GLG012_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་ཀྱི་བར་དུ་བསྒོམ་དགོས་ཏེ། ད་ལྟ་མ་བརྟགས་པའི་དུས་ན་དལ་འབྱོར་དང་ལྡན་པའི་མིར་རློམ་པ་མཐའ་དག་བརྟགས་ཤིང་དཔྱད་ན་མ་ཚང་བ་ནི་ཤིན་ཏུ་མང་གསུང་། གཉིས་པ་ནི། དལ་འབྱོར་གྱི་རྟེན་ཚང་བ་ལ་ཡིད་དགའ་བ་ཐོབ་ནའང་ཡིད་དགའ་བའི་རྒྱུ་མཚན་དེ་ཉིད་མ་བསམས་ན་རང་ལ་མི་ཕན་པའི་དངོས་པོ་ཞིག་རྙེད་ཀྱང་སེར་སྣ་ཅན་སྤྲོ་བ་འཕེལ་བ་དང་འདྲ་བའི་དགའ་བ་ཙམ་དུ་ཟད་ལ། འདི་དེ་ལྟ་བུ་དང་མི་འདྲ་བའི་དོན་ལྡན་དུ་ངེས་པར་བྱ་བ་ལ་སློབ་སྤྲིང་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་ངན་སོང་གསུམ་ནི་མི་དགེ་བའི་ལས་ཀྱི་རྣམ་སྨིན་ལ་གཙོ་བོར་སྤྱོད། རྟེན་དེ་ལ་ལས་གསོག་པའི་ནུས་པ་ཧ་ཅང་མི་ཆེ། ལྷ་རྣམས་ནི་དགེ་བའི་རྣམ་སྨིན་ལ་ལོངས་སྤྱོད་ཀྱང་ལས་གསོག་པའི་མཐུ་ཆུང་། མི་རྣམས་ནི་ལས་དགེ་སྡུག་གསོག་པའི་ནུས་པ་སྟོབས་ཆེ་ཞིང་ཁྱད་པར་རང་ཅག་འཛམ་བུ་གླིང་པ་རྣམས་ནི་ལས་ཀྱི་ས་པ་ཡིན་པས་བླང་དོར་མ་ནོར་བའི་འདུན་མ་ཞིག་བྱས་ཚེ་མངོན་མཐོ་ལྷ་མིའི་ལུས་རྟེན། ཉན་རང་གི་མྱང་འདས། འགྲོ་བ་རྣམས་བདེ་བར་གཤེགས་པའི་སར་འཁྲིད་པའི་སེམས་བསྐྱེད། སངས་རྒྱས་ཀྱི་གོ་འཕང་རྣམས་ཕུལ་དུ་བྱུང་བ་འགྲུབ་པས་བདག་གིས་ཐོབ་པ་འདི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་ལྷག་པ་ཞིག་རྙེད་འདུག་གོ་སྙམ་དུ་བསམས་པ་ན་སྔར་མ་གྲུབ་པའི་དོན་ཆེན་ཞིག་འགྲུབ་བོ་སྙམ་ནས་དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་བ་ལྷང་གིས་མ་བྱུང་གི་བར་དུ་


GLG012_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མོ། །གསུམ་པ་ལ་དཔེ། རྒྱུ། ངོ་བོའི་སྒོ་ནས་རྙེད་དཀའ་ཚུལ་གསུམ་ལས། དང་པོ་ནི། སྤྱོད་འཇུག་ལས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །ཞེས་རྒྱ་མཚོ་ཆེན་པོར་གསེར་གྱི་གཉའ་ཤིང་བུག་པ་གཅིག་པ་ཞིག་རླུང་གིས་བསྐུལ་ཏེ་ཕྱོགས་ཀུན་ཏུ་གཡེང་བའི་ཚེ་ལོ་བརྒྱ་བརྒྱ་ཙམ་ན་རུས་སྦལ་ལོང་བ་ཞིག་མཚོའི་སྟེང་དུ་འོང་བ་ན་མགྲིན་པ་བུག་པ་དེར་ཆུད་པ་སྲིད་པ་ཙམ་དུ་གསུངས་ཤིང་དེ་ལས་གསལ་བའི་དཔེ་མངོན་སུམ་གྱིས་གྲུབ་པ་གྱང་ལོགས་ཀྱི་ངོས་སུ་སྲན་མ་སྦར་གང་གཏོར་ན་དེར་ཆགས་པ་ཤིན་ཏུ་དཀོན། གལ་ཏེ་རེ་རེ་ཙམ་ཆགས་པ་བྱུང་ཚེ་བདག་གིས་ལུས་གྲངས་མེད་ཅིང་བླངས་པའི་མི་ཁོམ་པའི་གནས་སུ་སྐྱེས་པ་ནི་སྲན་མ་ས་ལ་ལྷུང་བ་རྣམས་དང་། དལ་འབྱོར་གྱི་མི་ལུས་ནི་གྱང་ལོགས་ལ་ཆགས་པའི་སྲན་མ་དང་ཚུལ་མཚུངས་པར་འདུག་གོ་སྙམ་ནས་དཔེ་དོན་རྒྱུད་ཐོག་ཏུ་འཕྲོད་ངེས་ཤིག་སྦྱར་ཏེ་བསྒོམས་པ་ན། ད་རེས་སྟེས་ཅུང་ཟད་ལེགས་པ་མ་གཏོགས་གཡང་ལ་དེའུ་ལྷུང་ཟེར་བ་ལྟ་བུའི་དུས་སུ་འཆར་བའི་དགའ་འཇིགས་ཀྱི་བློ་གཉིས་ཀ་བཅོས་མིན་དུ་སྐྱེ་བ་ཡིན་ནོ། །གཉིས་པ་རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་ནི། སྤྱིར་བདེ་འགྲོ་ཙམ་འཐོབ་པ་ལ་ཚུལ་ཁྲིམས་སྣ་གཅིག་ཡན་ཆད་སྲུང་དགོས། ཁྱད་པར་དལ་འབྱོར་གྱི་མི་ལུས་འཐོབ་པ་ལ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་དགོས་པ་ལ། དེ་རྣམས་སྒྲུབ་པའི་རྟེན་ངན་སོང་གསུམ་ལ་དགེ་སེམས་མངོན་གྱུར་ཙམ་ཡང་སྐྱེ་དཀའ། ལྷ་རྣམས་ཀྱང་ཏིང་ངེ་འཛིན་དང་


GLG012_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་བདེ་བས་གཡེལ། མི་ལ་ཡང་ཆོས་མ་དར་བའི་ཡུལ་དུ་དགེ་བའི་སྒྲ་ཙམ་ཡང་ཐོས་པ་མིན་ཞིང་། ཡུལ་དེ་ནས་ཀྱི་ཕུང་པོ་ཙམ་གྱི་ཚོད་དུ་བྱས་པའི་ཆོས་དར་བའི་ཡུལ་ནི་ནས་འབྲུ་གཅིག་ཙམ་དུ་སྣང་། ད་ལྟ་རང་རེ་བོད་ཀྱི་ཡུལ་ལ་མཚོན་ན་སྐྱེ་བོ་ཁྲི་ཕྲག་མང་པོ་ཚོགས་པའི་ཁྲོད་དུ་ཚུལ་ཁྲིམས་བསྲུང་བར་ཁས་འཆེ་བ་ནི་ཤིན་ཏུ་ཉུང་། དེའི་ནང་ནས་ཀྱང་གོང་གི་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ག་ཚང་བ་ནི་ཉིན་མོའི་སྐར་མ་ཙམ་དུ་འདུག །དེ་ལྟར་ཁ་ཕྱིར་བལྟས་ཀྱི་ཤེས་པ་དེ་ཁ་ནང་དུ་ལོག་སྟེ་རང་ལ་བལྟས་པ་ན་ཆོས་བྱེད་པའི་མོས་བློ་ཡམ་མེ་བ་ཞིག་ལས་བློ་བདེ་ངེས་པའི་དགེ་བའི་གྲངས་འདྲེན་རྒྱུ་ནི་ཤིན་ཏུ་ཉུང་། སྡིག་པ་མི་དགེ་བ་ནི་ཞར་བྱུང་དུའང་བསགས་པའི་རྒྱུ་འདིས་ད་རེས་ཀྱི་ཚེ་ཞབས་འདི་ལ་བཙན་ས་ཞིག་མ་ཟིན་ན་སླད་ནས་མི་ལུས་འཐོབ་པར་མི་འདུག །འཐོབ་ཏུ་རེ་བའི་བློ་འདི་དཔྱིད་ཀ་ཉུངས་ཀར་བཏབ་ནས་སྟོན་ནས་བསྡུ་རྩིས་བྱེད་པ་དང་འདྲ་བས་ཅོལ་རེ་ཆུང་སྙམ་དུ་མྱོང་བ་མ་ཐོན་བར་དུ་བསྒོམ། གསུམ་པ་ངོ་བོའི་སྒོ་ནས་རྙེད་དཀའ་བ་ནི། དབྱར་དུས་ཀྱི་སྲིན་བུ་ཤིན་ཏུ་མང་བའི་ས་ཕྱར་བ་ཙམ་གྱི་སྟེང་དུ་རང་ཉིད་དངོས་སུ་ཡོད་པ་ལྟ་བུའི་འདུ་ཤེས་དང་བཅས་ཏེ། ག་རེ་དུད་འགྲོ་ལས་ཡི་དྭགས་ཀྱི་འགྲོ་བ་མང་། དེ་ལས་དམྱལ་བའི་འགྲོ་བ་མང་། དུད་འགྲོ་ལ་ཡང་བྱིངས་ན་གནས་པ། གླིང་བར་གྱི་མུན་པ་ན་ཡོད་པ་ལྟ་བུའི་ཚོད་ན་ཁ་འཐོར་བའི་དུད་འགྲོ་ནི་ཆེས་ཉུང་མོད། འོན་ཀྱང་ས་ཕྱར་བ་ཙམ་གྱི་སྟེང་དུ་དུད་འགྲོ་ཆུང་ངུ་བགྲང་གིས་མི་ལངས་པ་ལྟ་བུ་ཡོད་ནའང་མི་བཅུ་སྐོར་ཙམ་ལས་མི་ཤོང་བ་དང་། ཡུལ་གྲོང་རེ་ལ་མི་ཇི་ལྟར་མང་ཡང་འབུམ་ཕྲག་བརྒལ་བ་ཆེར་མི་འོང་ལ་སྲོག་ཆགས་ཕྲ་མོ་ནི་བགྲང་
བར་མི་ནུས་པ་སོགས་རྗེས་སུ་དཔག་པའི་ཚད་མས་གཞལ་མི་དགོས་པར་མཁས་བླུན་ཀུན་ལ་མངོན་སུམ་དུ་གྲུབ་པ་དང་། བདེ་འགྲོའི་ལུས་རྟེན་ལ་ལྟོས་ཏེ་ཡང་མི་ལུས། དེའི་ནང་ནས་ཀྱང་ཆོས་དང་མཇལ་བའི་མི་ལུས་དཀོན། མཇལ་དུ་ཟིན་ཀྱང་ཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་གང་ཟག་མང་། ཐོས་བསམ་སྒོམ་གསུམ་གྱི་བློ་གྲོས་དང་ལྡན་ཡང་ཚེ་འདིའི་འདུན་མ་ཁོ་ན་སྒྲུབ་པ་ཆེས་མང་བ་སོགས་ནས་ཆོས་སྒྲུབ་པའི་མཐུན་རྐྱེན་མཐའ་དག་ཚང་བའི་ལུས་འདི་ལ་འདོད་པ་ཅན་ལ་འཇིག་རྟེན་འབྱུང་བར་དཀོན་པའི་ཁྱད་ནོར་རྙེད་པའི་བློ་སྐྱེས་པ་ལྟ་བུའི་མྱོང་བ་ཐོན་ཐོན་དུ་བསྒོམ་མོ། །སྨྲས་པ། ཚེ་རབས་མང་པོར་སྲིད་པའི་ཕུན་ཚོགས་ལ། །སྤྱད་ཀྱང་ད་དུང་ཉམ་ཐག་སྡུག་བསྔལ་བར། །མཐོང་ཞིང་ཚེ་འདིའི་ཟས་ནོར་ལོངས་སྤྱོད་སོགས། །ཆེས་དཀོན་སྙིང་པོར་འཛིན་པའི་བླུན་པོ་ཁྱོད། །སྔོན་ཆད་ད་ལྟའི་སྤྱོད་ཚུལ་འདི་བཞིན་དུ། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་གདོན་ཆེན་པོ། །སྙིང་ལ་ཞུགས་པས་སྡུག་བསྔལ་བདེ་བ་རུ། །བཟུང་ནས་གཏན་གྱི་འདུན་མ་རླུང་ལ་བསྐུར། །དེ་ནི་ཕན་བདེ་ལེགས་ཚོགས་སྒྲུབ་པའི་གཞི། །དལ་འབྱོར་གྲུ་གཟིངས་ལན་ཅིག་རྙེད་པ་འདིས། །ངེས་ལེགས་རིན་ཆེན་གླིང་དུ་མ་ཕྱིན་པར། །འཁོར་བར་སྟོང་ལོག་བྱས་ན་སྙིང་རྩ་རུལ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ།


GLG012_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ།གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང་གསུམ། དང་པོ་ནི་ལམ་སྒྲོན་ལས། གང་


GLG012_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་སྐྱེས་བུ་ཆུང་ངུ་ཕལ་པོ་ཆེ་འདིའི་བདེ་བ་དོན་དུ་གཉེར་ཞིང་སྡུག་བསྔལ་སྤོང་བ་ཙམ་ལྷུར་ལེན་པ་དུད་འགྲོ་དང་རིགས་མཐུན་པ་ལྟ་བུ་རྣམས་ནི་སྐབས་འདིར་ངོས་འཛིན་པའི་སྐྱེས་བུ་ཆུང་ངུར་མ་ཡིན་ལ། འདིར་བསྟན་སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ཚེ་འདི་དོན་དུ་མི་གཉེར་བར་ཕྱི་མའི་བདེ་བ་ཙམ་ལྷུར་ལེན་པ་ཞིག་དགོས་ནའང་། སྐབས་འདིར་ས་བཅད་དུ་ཐུན་མོང་བའི་ལམ་ཞེས་གསུངས་པའི་ཚིག་གི་ནུས་པས་འཁོར་བ་མཐའ་དག་ལ་ཡིད་འབྱུང་བའི་སྔོན་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་ཡིད་འབྱུང་བ་ཞིག་དགོས་པས་འདི་ལ་འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟན་པ་གཉིས། དང་པོ་ལ་འཆི་བ་མི་རྟག་པ་བསམ་པ་དང་། ངན་འགྲོའི་སྡུག་བསྔལ་བསམ་པ་གཉིས། དང་པོ་ནི་བླུན་རྨོངས་ལ་ལ་འཆི་བ་མི་འོང་གི་རྟོག་དཔྱོད་ཙམ་ཡང་མི་བྱེད་ལ། ཕལ་ཆེར་ནི་ནམ་ཞིག་འཆི་བ་ཞིག་འོང་སྙམ་པ་ཡོད་ཀྱང་མ་རྒས་ཀྱི་བར་དང་ལོ་ཟླ་ཞག་གྲངས་རེ་རེ་བཞིན་ནས་མི་འཆི་སྙམ་པའི་དབང་གིས་འཆི་ནད་ཀྱིས་ཐེབས་པའམ་ལོ་བརྒྱ་ཕྲག་ལོན་ཀྱང་རེ་ཞིག་གསོན་དུ་རེ་བའི་བསམ་པ་མངོན་གྱུར་དེས་དཔེར་ན་ཕྱོགས་གཞན་དུ་མི་འགྲོ་བར་སྡོད་པའི་བློ་ཡོད་ན་འགྲོ་གྲབས་ཡེ་མི་བྱེད་པར་མཁར་རྩིག་པ་དང་སོ་ནམ་སོགས་ཀྱི་གཤོམ་ར་བྱེད་པ་བཞིན་ཚེ་འདིའི་འདུན་མ་འབའ་ཞིག་གི་དབང་དུ་འགྲོ་ལ། བསམ་པ་དེ་ལས་ལོག་སྟེ་སང་ཙམ་ཡང་མི་འཆི་བའི་ངེས་པ་མེད། ཟླ་བ་རྟིང་མའི་བརྒྱགས་གྲབས་བྱས་ཀྱང་དེའི་དུས་སུ་རང་ཉིད་


GLG012_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྟེན་འདི་དང་དབྱིབས་མི་འདྲ་བ་རྭ་ཅོ་ཟིང་ངེ་བ་ཞིག་ཏུ་མི་སྐྱེ་བའི་ངེས་པ་ཅི་ཡོད་སྙམ་པའི་བློ་ཞིག་དུར་རེ་བ་ཡོད་ཚེ། དཔེར་ན་ཡུལ་གཞན་དུ་མགྱོགས་པར་འགྲོ་བའི་འདུན་པ་ཅན་དེ་གཞིས་སུ་སྡོད་པའི་གྲབས་མི་བྱེད་པར་ཁལ་རྟ་སོགས་བྱེས་ཀྱི་སྟ་གོན་ལྷུར་ལེན་པ་ལྟར་མྱུར་དུ་འཆི་སྙམ་པའི་བློ་དེས་འདི་སྣང་གི་བྱ་བ་ལ་མི་བརྩོན་པར་ཚེ་ཕྱི་མར་ཕན་པའི་ཐབས་ངམ་ངམ་ཤུགས་ཀྱིས་བྱེད་པ་ཆོས་ཉིད་ཡིན་པའི་ཕྱིར། ཆོས་འདི་དོན་དུ་གཉེར་བ་རྣམས་ནི་འཆི་བ་མི་རྟག་པའི་ཆོས་སྐོར་ལ་བློ་སྦྱོང་བ་གལ་ཆེ་བས་འདི་ལ་གསུམ། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པར་བསམ་པའོ། །དང་པོ་ནི་མི་རྟག་པའི་ཚོམས་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་དང་། ཚོམས་ལས། །གང་དུ་གནས་ནའང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ནའང་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་རང་ཅག་རྣམས་ངེས་པར་འཆི་སྟེ་སྔོན་བྱོན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་འཆི་ལ་དབང་ཐོབ་པ་རྣམས་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་བསྐུལ་བའི་དོན་དུ་མྱ་ངན་ལས་འདས། དེ་བཞིན་དུ་རྒྱ་བོད་ཀྱི་པཎ་གྲུབ་རྒྱལ་བློན་བྱང་ཆུབ་སེམས་དཔའ་སོགས་གང་ཟག་མཆོག་དམན་གྲངས་མེད་པ་བྱོན་པ་ཆོས་འབྱུང་དེབ་གཏེར་གཏམ་རྒྱུད་སོགས་ལས་བཤད་པ་མཐའ་དག་མ་བརྟགས་པའི་གནས་སྐབས་སུ་ད་ལྟ་ཡོད་ཡོད་འདྲ་བ་ཞིག་འོང་ནའང་།


GLG012_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་དཔྱད་ན་བྱུང་བའི་གཏམ་ཙམ་མ་གཏོགས་ཡུལ་དུས་གནས་སྐབས་གང་ན་བཞུགས་མེད་པར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཟིན། རང་གི་མངོན་སུམ་གྱི་སྤྱོད་ཡུལ་ཅན་མཁན་སློབ་ཕ་མ་མཆེད་གྲོགས་མཛའ་བཤེས་སོགས་དགྲ་གཉེན་བར་མའི་འགྲོ་བ་མཐའ་ཡས་པ་ཞིག་འཇིག་རྟེན་ཕ་རོལ་ཏུ་སོང་། ད་ལྟ་ཁྲོམ་ཆེན་པོ་ཁྲི་ཕྲག་མང་པོ་ཚོགས་པའི་ཚེ་ནའང་དེར་འཁོད་པ་མཐའ་དག་དུས་ཚོད་འདི་ནས་བཟུང་སྟེ་ལོ་བརྒྱ་ཚུན་གྱི་ནང་དུ་འཆི་བར་ངེས། སྔར་བྱུང་བའི་མི་འདི་ཞེས་བྱ་བ་མ་ཤི་བར་ཚེ་ཐར་ཞེས་པ་མེད་ན་བདག་གཅིག་པུ་ལ་དམིགས་ཀྱིས་བསལ་ཏེ་འཆི་མི་དགོས་པ་ག་ལ་འོང་། ཚེ་ཚད་དྲུག་ཅུ་ཁ་རལ་དུ་བཤད་པ་བཞིན་ཐུབ་ནའང་དབུགས་འབྱུང་རྔུབ་ཉི་ཁྲི་ཆིག་སྟོང་གིས་ཞག་རེ་འཛད། ཞག་སུམ་ཅུས་ཟླ་བ་འཛད། ཟླ་བ་བཅུ་གཉིས་ཀྱིས་ལོ་འཛད། ལོ་དེ་འདྲ་བཅུ་གཉིས་ལ་ལོ་སྐོར་དུ་མིང་བཏགས་པ་ལྔ་ཙམ་སོང་བ་ན་ཚེའི་ཚད་ལ་ཡང་གཏུགས་པས་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་ཚེ་སྐད་ཅིག་ཀྱང་མི་སྡོད་ལ། ཟས་ནོར་ལྟ་བུ་སྔོན་མ་རྣམས་རིམ་གྱིས་ཟད་ཀྱང་སླར་གསར་པ་བསྣན་དུ་ཡོད་པ་ལྟ་བུ་མ་ཡིན་པར་ཚེ་ཟད་པ་ལ་གསར་དུ་བསྣན་རྒྱུ་མེད་པས་སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་དགོད་འགྱུར་ཞིང་། །སྣོན་པའང་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོགས་དཔེ་དང་གཏན་ཚིགས་ཀྱི་སྒོ་ནས་ལེགས་པར་བསམས་ཏེ་ངེས་པར་འཆི་བ་


GLG012_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་ཐག་མ་ཆོད་ཀྱི་བར་བསྒོམ་མོ། །གཉིས་པ་ནི། དེ་ལྟར་བསྒོམས་པས་མཐར་འཆི་བ་ལས་མ་འདས་མོད་རེ་ཞིག་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་དང་ཆོས་སྒྲུབ་པའི་མཐུན་རྐྱེན་སོགས་རྩོལ་བ་བྱས་ཏེ་མཐར་ཆོས་ཤིག་བྱའོ་སྙམ་ན། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཚེའི་ཚད་རེ་བཤད་ཀྱང་དེ་རིང་མཐའ་ལ་བཤད་པ་བཞིན་དུ་ཐུབ་པའི་ངེས་པ་ནི་སྒྲ་མི་སྙན་པ་མ་གཏོགས་པ་ལ་མེད་ལ། ཁྱད་པར་དུ་འཛམ་བུ་གླིང་པ་རྣམས་ནི་མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་ངེས་པ་ཤིན་ཏུ་ཆུང་བར་བཤད་ཅིང་། བཤད་པ་ལྟར་རང་གིས་དངོས་སུ་མཐོང་བ་སྔོན་ཆད་རང་ལས་གཞོན་པ་ཤིན་ཏུ་མང་བ་ཞིག་ཤི་སོང་ཞིང་ད་ལྟ་རང་ལས་རྒན་པ་མང་པོ་ཞིག་འདུག་པས་དེ་དག་གི་སྔོན་དུ་བདག་མི་འཆི་བའི་ངེས་པ་ག་ལ་ཡོད་དེ། ཚོམས་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚེས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་སང་གི་ཚེས་གྲངས་དང་འཇིག་རྟེན་ཕྱི་མའི་བར་སྲིད་གཉིས་སྔོན་ལ་གང་འགྲུབ་ཁ་ཚོན་མི་ཆོད། ལ་ལ་དག་ཟས་བཅོས་སྨན་དཔྱད་སོགས་ཐབས་མང་པོའི་སྒོ་ནས་གསོན་པའི་རྐྱེན་མང་ངོ་སྙམ་ན། རིན་ཆེན་འཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཅུང་ཟད་ཅིག །དེ་དག་རྣམས་ཀྱང་འཆི་བའི་ཡང་། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་ཟས་མ་འཕྲོད་པ། སྨན་ལོག་པ། གནས་ཁང་རྡིབ་པ། གྲུ་བཤམ་ཞིག་པ། མཛའ་བོས་བསླུས་པ་སོགས་གསོན་རྐྱེན་འཆི་རྐྱེན་དུ་འགྱུར་བ་ཤིན་ཏུ་མང་། མར་མེ་ལ་སྡོང་བུ་དང་མར་ཁུ་ལ་སོགས་པ་རིང་དུ་གནས་པའི་རྐྱེན་དུ་མ་ཡོད་ཀྱང་


GLG012_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལྟ་བུས་བསྐྱོད་དེ་གློ་བུར་དུ་འཆི་བ་བཞིན། ཚེའི་འཕེན་པ་མ་ཟད་ཀྱང་འབྱུང་བའི་འཁྲུགས་པ། བར་དུ་གཅོད་པའི་བགེགས་ཕན་གནོད་རེས་འཇོག་ཏུ་བྱེད་པའི་གདོན་སོགས་ཉེར་འཚེ་ཤིན་ཏུ་མང་བས་བཤེས་སྤྲིངས་ལས།ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གང་ལ་བསམས་ཀྱང་ནམ་འཆི་ཆ་མེད་པར་མྱོང་བ་ཐོན་ངེས་ཀྱི་བར་བསྒོམས་པས་རང་ལ་དགྲ་མ་རུང་བ་ཞིག་འོང་བར་ངེས་ཤིང་དུས་གང་ལ་མ་ངེས་ན་ཉིན་རེ་ཞིང་ཟོན་བྱེད་པ་དང་འདྲ་བས་གནད་ཆེའོ། །གསུམ་པ་ནི་སྤྱོད་འཇུག་ལས། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་འཆི་བ་མི་རྟག་པར་གྲགས་པའི་ལམ་པོ་ཆེ་རི་གཟར་གྱི་རྦབ་འདྲ་བ་དེ་ངེས་པར་འོང་བའི་དུས་ལ་བབ་པའི་ཚེ་རྫས་སྔགས་ཏིང་འཛིན་དང་དཔའ་བོའི་མཚོན་གྱིས་མི་བཟློགས། ཕྱུག་པོའི་ནོར་གྱིས་བསླུ་བ་དང་སྨྲ་མཁས་གཏམ་གྱིས་འདྲིད་དུ་མེད་ཅིང་། གཉེན་བཤེས་མང་པོས་མཐའ་ནས་བསྐོར། སྟོབས་དང་ལོངས་སྤྱོད་འཁོར་ལོས་སྒྱུར་རྒྱལ་ལ་འགྲན་དུ་བཟོད་པ་རྣམས་ཀྱང་འཁྲིད་པ་དང་འཁྱེར་བའི་དབང་ལྟ་ཅི་སྨོས། མའི་མངལ་ནས་ལྷན་ཅིག་ཏུ་འགྲོགས་པའི་ལུས་འདི་ཡང་ཙམ་གྱི་བཞག་སྟེ་རྣམ་པར་ཤེས་པ་གཅིག་པུ་དབང་མེད་འགྲོ་བའི་ཚེ་རྗེས་སུ་འབྲང་ཞིང་ཕན་ཐོགས་པ་ནི་སྔོན་བསགས་ཀྱིས་དགེ་བ་སོགས་དམ་པའི་ཆོས་ཁོ་ན་ལས་མི་འདུག་སྙམ་དུ་མྱོང་བ་ཐོན་པར་བསྒོམ་མོ། །


GLG012_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བླུན་པོ་ལ་ལའི་འཆི་བའི་ཚེ་ཆོས་ཀྱིས་ཕན་པ་དེ་འཆི་མི་དགོས་པ་ཞིག་ལ་གོ་བར་སྣང་མོད། འདི་པའི་ལུགས་ལ་མི་འཆི་བ་མ་ཡིན་ཡང་འཆི་ལུགས་མི་གཅིག་སྟེ། ཆོས་པ་རབ་འཆི་བ་ལ་བྲོད། འབྲིང་མི་མཚེར། ཐ་མ་མི་འགྱོད་བྱ་བ་བཀའ་གདམས་གོང་མའི་གསུང་འཕྲོས་ལས་བྱུང་བ་ཡིན་ནོ། །སྨྲས་པ། ལས་ཉོན་དབང་གིས་འཕངས་པའི་སྐྱེ་སྲིད་འདི། །གྲུབ་ཙམ་ཉིད་ནས་མི་རྟག་འཆི་བའི་དྲུང་། །ཅུང་ཟད་ངལ་གསོ་མེད་པར་འགྲོ་བཞིན་དུ། །གཏན་དུ་སྡོད་གྲབས་བྱེད་ལས་བླུན་པ་སུ། །ལོ་ཟླ་ཚེས་ཀྱི་མ་ངེས་དུས་མིན་དུ། །རྒན་གཞོན་གོ་རིམ་མེད་པར་འཆི་བ་དག །མཐོང་བཞིན་ནམ་འཆིའི་ཆ་ལ་དུས་འདེབས་པའི། །ཆུ་བུར་མིག་ལྡན་ཁྱོད་ཉིད་ཅེར་རེ་ལོང་། །ནམ་ཡང་མི་འབྲལ་དཀར་པོ་དགེ་བའི་གྲོགས། །སྤངས་ནས་ཁྲེལ་ཆུང་མཛའ་བཤེས་འཁོར་གཡོག་ནོར། །རྟག་ཏུ་ཕན་པར་སེམས་ཁྱོད་བར་དོ་ཡི། །བགྲོད་དཀའི་འཕྲང་དེར་གཅིག་པུར་ཕྱིན་གྱིས་དོགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ངན་འགྲོའི་སྡུག་བསྔལ་བསམ་པ་ལ་དམྱལ་བ། དུད་འགྲོ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་དང་གསུམ། དང་པོ་ལ་ཚ་དམྱལ་དང་། གྲང་དམྱལ་གཉིས། དང་པོ་ནི། དེ་ཡང་གོང་དུ་འཆི་བ་མི་རྟག་པའི་ཆོས་སྐོར་སྒོམ་པའི་རྒྱུ་མཚན། དེ་ལྟར་ཤི་བའི་འོག་ཏུ་མར་མེ་ཤི་བའམ་རྩྭ་ཕུང་མེས་བསྲེགས་པ་ལྟར་རིགས་འདྲ་ཕྱི་མ་རྒྱུན་ཆད་པ་ཞིག་ནི་མི་འོང་། ངེས་པར་སྐྱེ་བ་ཞིག་ལེན་པ་ལས་འོས་མེད། སྐྱེ་བ་དེ་ཡང་བདེ་འགྲོ་དང་ངན་འགྲོ་གང་རུང་ཞིག་ཏུ་སྐྱེ་བ་ལས་མ་འདས་པས་བདེ་འགྲོར་སྐྱེ་བའི་རྒྱུ་དགེ་བ་ནི་སྔོན་ཆད་རང་ཉིད་ཀྱི་བློ་བདེ་སིང་ངེ་བ་


GLG012_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པ་ཞིག་ནི་མི་དྲན་ཞིང་ཚེ་རབས་སྔོན་མ་རྣམས་སུ་བསགས་མ་བསགས་ཀྱང་ཆ་མེད། མི་དགེ་བའི་ལས་ནི་རྒྱལ་པོའི་གན་མཛོད་བཞིན་དུ་གང་ལ་བལྟས་བལྟས་ནས་བསགས་འདུག །དེའི་འབྲས་བུ་ངན་སོང་གི་སྡུག་བསྔལ་ཞིག་མྱོང་དགོས་བྱུང་ན་ལུས་འདི་ག་ལ་བྱུང་བ་དང་ལུས་གཞན་དུ་འཕོས་ནས་བྱུང་པར་ཁྱད་མེད། ད་ལྟ་མ་བརྟགས་པའི་གནས་སྐབས་སུ་རྨ་འབྲས་ཀྱི་ནད་བྱུང་བ་ལྟ་བུ་དེ་གའི་ཐད་ཀྱི་ཤ་རུས་ཀྱི་ཐོག་ཏུ་མྱོང་བ་འདྲ་ཞིག་འདུག་ནའང་དོན་དུ་མྱོང་བྱེད་ནི་སེམས་ཡིན་ཏེ། མིན་ན་ཤི་བའི་འོག་ཏུ་རོ་ལ་མཚོན་བསྣུན་པ་ལ་ཡང་ན་ཚ་འབྱུང་དགོས་པ་ལ་མི་འབྱུང་བར་ངེས་པས་དེ་རིང་ལྷ་མིའི་དཔལ་འབྱོར་མྱོང་བཞིན་པའི་སེམས་འདིའི་ཐོག་ཏུ་སང་ནས་མནར་མེད་ཀྱི་སྡུག་བསྔལ་མི་འབྱུང་བའི་ངེས་པ་ཅི་ཡོད། དེ་དག་གི་ཚུལ་ལ་ཡིད་འབྱུང་སྐྱེ་བ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །ཞེས་གསུངས་པ་ལྟར་དམྱལ་བའི་སྡུག་བསྔལ་དེ་བསམ་དགོས་ཏེ། བསམ་ཚུལ་ད་ལྟ་ཕལ་ཆེར་ལུང་དང་དེའི་ཚིགས་བཅད་ཡམ་མེ་བ་ཞིག་ངག་ཏུ་བརྗོད་ནས་ཁ་ཕྱིར་བལྟས་ཀྱི་ཤེས་པས་གཞན་གྱི་སྡུག་བསྔལ་ལ་ལྟ་བ་ལྟ་བུ་བྱེད་པ་དེ་རྒྱུད་ཐོག་ཏུ་ཡེ་མི་ཁེལ་ཏེ། དཔེར་ན་རྒྱལ་པོའི་ཁྲིམས་རར་ནག་ཅན་ཞིག་ཆད་ལས་ཀྱིས་ནན་ཏུར་སྣ་ཚོགས་བྱེད་པ་མཐོང་བ་ན། སེམས་དགེ་བ་རྣམས་དེ་ལ་བརྟེན་པའི་ངེས་འབྱུང་དང་སྙིང་རྗེ་སྐྱེ་བ་འོང་ནའང་ཕལ་ཆེ་བ་ནི་ལྟད་མོ་དང་ཉམས་དགའ་བའི་སྣང་བ་སྐྱེ་མོད། སྣང་བ་དེ་ག་སྐྱེ་བཞིན་པའི་མི་དེ་ཁྲིམས་རར་ཁྲིད་ནས་ཡན་ལག་ལྕགས་ཀྱིས་བཅིང་བ་སོགས་བྱས་བྱུང་ཚེ་སྔར་གྱི་བདེ་སེམས་དེ་སྐད་ཅིག་ཀྱང་མི་བཟོད་


GLG012_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡུག་བསྔལ་གྱི་སེམས་སུ་གྱུར་ནས་འདི་ལས་ཐར་ན་ཅི་མ་རུང་སྙམ་པ་མ་གཏོགས་བློ་གཞན་མངོན་གྱུར་མི་སྐྱེ་བ་དང་འདྲ་བས། སྐབས་འདིས་མཚོན་པའི་འཁོར་བའི་སྡུག་བསྔལ་སྒོམ་པའི་སྐོར་ཕལ་ཆེར་ལ་རང་ཉིད་འགྲོ་བ་རིགས་དྲུག་གང་ཡིན་པ་དེར་སྐྱེས་ནས་སྡུག་བསྔལ་དེ་རང་ཐོག་ལ་བྱུང་བའི་ཚུལ་གྱིས་བློ་ནང་དུ་བཀུག་ནས་སྒོམ་དགོས་པའི་ཕྱིར་ན། ཞེ་སྡང་གི་མཐུས་བསགས་པའི་མི་དགེ་བའི་འབྲས་བུ་དམྱལ་བའི་བར་སྲིད་གྲུབ་པའི་ཚེ་ལུས་ལ་བསིལ་བའི་སྣང་བ་ཤར་ཏེ་ཚ་བ་དོན་དུ་གཉེར་བ་ན་བར་སྲིད་འགགས་ནས་ཚ་དམྱལ་དུ་སྐྱེས་པར་བཤད་པས། སྤྱི་ཁྱབ་ཏུ་འོག་ཐམས་ཅད་ལྕགས་བསྲེགས་ཀྱི་ས་གཞི། ཁོར་ཡུག་ལྕགས་བསྲེགས་ཀྱི་ར་བ། སྟེང་འོག་མེ་ལྕེ་ཀུན་ཏུ་འབར་ཞིང་འཁྲུག་པའི་ནང་དུ། ཡང་སོས་ནི། བཤད་མ་ཐག་པའི་གནས་དེ་འདྲ་བ་ཞིག་ཏུ་རང་ཉིད་མངོན་སུམ་དུ་སྐྱེས་འདུག་སྙམ་དུ་འབད་ནས་བསྒོམས་པས་ལུས་རྩེད་ཡམ་ཡམ་པ། སེམས་འཇིགས་ཞུམ་ཞུམ་པ་འོང་ངོ་། །དེ་ལྟ་བུ་བྱུང་བ་ན་དེར་སྐྱེས་པས་སེམས་ཅན་མང་པོ་འཚོགས་ཏེ་ཞེ་སྡང་གི་དབང་གིས་ཕན་ཚུན་གཅིག་གིས་གཅིག་ལ་མཚོན་ཆ་སྣ་ཚོགས་རྡེགས་པར་བསམ། དེ་ལ་བརྟེན་ནས་རང་གི་ལུས་ཚལ་བ་བརྒྱ་སྟོང་དུ་སོང་བ་དང་བརྒྱལ་ཐབས་སུ་འགྱེལ་བ་སོགས་ཀྱི་རྣམ་པ་དངོས་སུ་མྱོང་རྒྱུ་ཡོད་པ་ལྟ་བུ་མ་བྱུང་གི་བར་གསལ་གདབ། དེ་ནས་ནམ་མཁའ་ལས། ཁྱོད་རྣམས་ཡང་སོས་པར་གྱུར་ཅིག་པའི་སྒྲ་བྱུང་བ་དང་གསོས་ཏེ་སྔར་ལྟར་མཚོན་བསྣུན་པ་སོགས་ཀྱིས་སྡུག་བསྔལ་ཁོར་མོ་ཡུག་ཏུ་བསྒོམ། དེ་ལྟར་ཉམས་ལེན་རྡོ་རུས་ཐུག་པ་བྱས་པས་ཟས་སྐོམ་གྱི་དང་ཁ་འགགས་པ་སྙམ་བྱེད་པ་དང་། བྲེ་མོའི་གཏམ་དང་འདུ་འཛིའི་གཡེང་བ་ལ་མི་སྤྲོ་ཞིང་། སྤྱོད་ལམ་མཐའ་དག་ཏུ་


GLG012_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པ་མེད་པར་སྡིག་སྤོང་དགེ་སྒྲུབ་ལ་ངང་གིས་འཇུག་པ་ཞིག་འོང་། སྔར་གྱི་སེམས་དང་སྤྱོད་ཚུལ་སོ་ན་འདུག་ཚེ་ཆོས་དང་གང་ཟག་ཐ་དད་དུ་སོང་བ་ཡིན་ནོ། །ཐིག་ནག་ནི། དམྱལ་སྲུང་རྣམས་ཀྱིས་ལུས་ལ་ཐིག་བརྒྱད་བཏབ་སྟེ་མཚོན་ཆས་གཤགས་པར་བྱེད་དོ། །བསྡུས་འཇོམས་ནི། དམྱལ་བ་བརྒྱད་ཀར་རིམ་པ་བཞིན་སྐྱེ་དགོས་པ་མིན་ཡང་འདིར་འཁྲིད་རིམ་ལྟར་སྒོམ་པའི་དབང་དུ་བྱས་ཏེ་སྔར་གྱི་སྡུག་བསྔལ་དེ་ལས་འབྲོས་པའི་སྣང་བ་ཤར་ཏེ་ཕྱིན་པ་ན་རི་ར་ལུག་གླང་སེང་ལྟ་བུའི་གདོང་པ་ཅན་གྱི་བར་དུ་ཆུད་དེ་བཙིར་བ་ན་སྒོ་ཐམས་ཅད་ནས་ཁྲག་གི་རྒྱུན་འབབ་བོ། །ངུ་འབོད་ནི། ཡང་བྲོས་པས་ལྕགས་ཀྱི་ཁང་པའི་ནང་དུ་སླེབ་པ་ན་སྒོ་དབྱེར་མེད་དུ་འགྲིག་སྟེ་ཕྱོགས་ཀུན་ནས་མེ་འབར་ཏེ་བསྲེགས་པས་ད་འབྲོས་ས་ཡང་མི་འདུག་སྙམ་ནས་ངུ་འབོད་ལྷང་ལྷང་བ་བྱེད་དོ། །ངུ་འབོད་ཆེན་པོ་ནི་ལྕགས་ཁང་དེ་ག་ལ་ལྕགས་ཁང་གཅིག་གིས་བསྐོར་ཏེ་བསྒོམ་པར་བཤད་ཀྱང་། བླ་མའི་བཞེད་པ་ལྕགས་ཁང་དེ་ནས་ཐོན་ཏེ་བྲོས་པ་ན་ལྕགས་ཁང་ཉིས་རིམ་དུ་ཆུད་དེ་སྡུག་བསྔལ་སྔོན་མ་ལས་ཉིས་འགྱུར་གྱིས་ཆེ་བ་ནི་བསམ་པའི་ཁྱད་པར་ལྕགས་ཁང་ནང་མ་ནས་ཐོན་སྲིད་ཀྱང་ཕྱི་མ་ལས་མི་ཐོན་སྙམ་པ་སྟེ། དཔེར་ན་བཙོན་ཁང་ལ་གྱང་ཉིས་རིམ་དུ་ཡོད་ན་གྱང་ནང་མ་བརྟོལ་ཐུབ་ཀྱང་ཕྱི་མ་བརྟོལ་མ་ཐུབ་དོགས་པས་སྡུག་བསྔལ་བ་བཞིན་ནོ། །ཚ་བ་ནི་ལྕགས་ཀྱི་གསལ་ཤིང་མེ་འབར་བས་འཕོངས་དང་སྤྱི་བོའི་བར་ཏལ་མར་ཕུག་སྟེ་དབང་པོའི་སྒོ་ཐམས་ཅད་ནས་མེ་ལྕེ་འབར་བ་དང་། ལུས་རིལ་བུ་ཁྲོ་ཆུའི་ནང་དུ་འཚོད་པའོ། །རབ་ཏུ་ཚ་བ་ནི་གསལ་ཤིང་རྩེ་གསུམ་གྱི་དབུས་མ་སྤྱི་བོ་དང་གཡས་གཡོན་ཕྲག་


GLG012_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་ཐོན་པ་དང་། ལྕགས་བསྲེགས་ལེབ་མོ་ལུས་ལ་སྣམ་བུ་ལྟར་དཀྲི་བ་དང་། ཁྲོ་ཆུའི་ནང་དུ་འཚོད་པ་ན་ཤ་ཁྲག་རྣམས་ཞིག་སྟེ་ཀེང་རུས་ལྟར་འགྲོ་བའོ། །མནར་མེད་ནི། ཕྱོགས་མཚམས་ཀུན་ནས་མེ་འབར་བས་ལུས་དང་མེ་དབྱེར་མེད་པ་ལྟ་བུའི་ཚུལ་གྱིས་ངུ་བའི་སྐད་ཐོས་པ་ཙམ་མོ། །སྡུག་བསྔལ་དེ་དག་ཀྱང་ཡུན་ཐུང་ངུ་ཙམ་ཞིག་གིས་མི་ཆོག་སྟེ། ཆོས་མངོན་པ་ལས། མིའི་ལོ་ལྔ་བཅུ་ལ་འདོད་ལྷའི་ཉིན་ཞག་གཅིག་ཏུ་ཕྱེད་པ་སོགས་ཅུང་ཟད་གོ་དཀའ་ཞིང་མི་གསལ་བས། དམྱལ་བ་བརྒྱད་པོའི་ནང་གི་ཚེ་ཐུང་ཤོས་ཡང་སོས་པའི་ཚེ་ཚད་མི་ལོ་ཁྲག་ཁྲིག་གཅིག་འབུམ་ཆེན་པོ་དྲུག །ཐེར་འབུམ་གཉིས་ཡིན་པས། གཞན་རྣམས་རིམ་གྱིས་ལོག་པོར་འཕར་ཚུལ་བསམས་ན་སྙིང་འགས་པར་ཐུག་པ་ལས་འོས་ཅི་ཡོད། བཤེས་སྤྲིངས་སུ། ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །ཞེས་པ་ལྟར་ན་ད་ལྟའི་རང་ཅག་རྣམས་ཀྱི་སྤྱོད་ཚུལ་དང་བཅས་ཏེ་དེ་ལས་ཡུན་རིང་བ་ཞིག་མི་འོང་བའི་ངེས་པ་ཅི་ཡོད་སྙམ་དུ་ཡིད་འཁུལ་ངེས་ཤེས་པའི་བར་དུ་བསྒོམ་མོ། །གཉིས་པ་ནི། དམྱལ་བའི་བར་སྲིད་པ་དེའི་ལུས་ལ་ཚ་བའི་རྣམ་པ་ཤར་བས་གྲང་བ་ལ་དགའ་བའི་བསམས་པས་རྐྱེན་བྱས་ཏེ་བར་སྲིད་འགགས་ནས་མཐའ་ཐམས་ཅད་གངས་རིའི་ཕྲེང་བས་བསྐོར་བ་འོག་ཁ་བའི་ཐད་དང་འཁྱག་རོམ་གྱི་གཅོང་རོང་ཟབ་མོ། སྟེང་ཁ་བ་བུ་ཡུག་འཚུབས་པ། མུན་པས་གཏིབས་ཤིང་རླུང་དྲག་པོས་བཏབ་པའི་གནས་དང་དེར་སྐྱེ་ཚུལ་སོགས་ནི་ཚ་གྲང་གི་ཁྱད་པར་མ་གཏོགས་སྔར་ལྟར་ལ། བྱེ་བྲག་ཏུ་ཆུ་བུར་ཅན་ནི་ཁ་བའི་བུ་ཡུག་ཆེན་པོ་རླུང་གིས་ཕྱོགས་བཞི་ནས་བཏབ་སྟེ་ལུས་ལ་ཕོག་པས་ཆུ་བུར་བྱུང་ཞིང་འཁུམ་པའོ། །


GLG012_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བུར་རྡོལ་བ་ནི་དེ་ལས་རྣག་ཁྲག་འཛག་པའོ། །ཨ་ཆུ་ཟེར་པ་ནི་སྡུག་བསྔལ་ཆེར་སོང་བས་སྐད་ཀྱི་གདངས་དྲག་པོར་འདོན་པའོ། །ཀྱི་ཧུད་ཟེར་བ་ནི་སྡུག་བསྔལ་དེ་བས་ཆེར་སོང་བས་སྐད་ཀྱི་གདངས་ཆག་སྟེ་རྐན་གྱི་ཕུག་ནས་འདོན་པའོ། །སོ་ཐམ་ཐམ་པ་ནི་སྡུག་བསྔལ་སྔར་ལས་ཀྱང་ཇེ་ཆེར་འཕེལ་བས་སྐད་འདོན་མ་ནུས་པར་སོ་ཐམ་ཐམ་བྱེད་པའོ། །ཨུཏྤལ་ལྟར་གས་པ་ནི་རླུང་ཆེན་པོས་བཏབ་པས་ཁ་དོག་སྔོ་ཞིང་སེར་ཆུང་ཕྲ་མོ་ཁ་དྲུག་ཏུ་གས་པའོ། །པདྨ་ལྟར་གས་པ་ནི་པགས་པ་སྔོན་པོ་རྣམས་ཞུས་ཏེ་ཤའུ་དམར་ཧུ་རེ་བ་ཚལ་བ་བཅུར་གས་པའོ། །པདྨ་ལྟར་ཆེར་གས་པ་ནི་མདོག་སྔོན་མ་ལྟར་ལ་སེར་ཁ་བརྒྱའམ་དེ་བས་ཀྱང་མང་པ་སྟེ། སྐྱེས་རབས་ལས། མེད་པར་ལྟ་བ་ཚེ་རབས་ཕྱི་མ་ལ། །གནས་པ་དེ་ན་མུན་ནག་རླུང་གྲང་ལྡང་། །དེ་ནི་རུས་པའང་འཇིག་པའི་ནད་སློང་ན། །བདག་ལ་ཕན་འདོད་སུ་ཞིག་དེ་རུ་འཇུག །ཅེས་སོ། །སྡུག་བསྔལ་དེ་ཡང་མ་ག་ངྷའི་བྲེ་བོ་ཆེའི་ཁལ་བརྒྱད་ཅུ་འགྲོ་བའི་ཏིལ་གྱི་བང་བ་ནས་ལོ་བརྒྱ་བརྒྱ་ན་ཏིལ་རེ་ཕྱུང་བས་དེ་ཟད་པའི་ཚེ་ཆུ་བུར་ཅན་གྱི་ཚེ་ཚད་དུ་བཤད་པ་སོགས་ལ་ལུས་འདར་བ་དང་ཡིད་སྐྱོ་ཤས་ཀྱི་སྣང་བ་དྲག་ཏུ་བསྐྱེད་དོ། །དེ་ལྟར་དམྱལ་བ་ཚ་གྲང་གི་སྡུག་བསྔལ་བཅུ་དྲུག་པོ་འདི་རྒྱུད་ཐོག་ཏུ་ཁེལ་ངེས་ཤེས་པའི་འདི་སྡུག་བསྔལ་ལ་ཡིད་འབྱུང་སྐྱེས་ན་ཉེ་འཁོར་དང་ཉེ་ཚེ་བའི་དམྱལ་བ་སོགས་རྒྱས་བཤད་རྣམས་ལ་ཤུགས་ཀྱིས་ཡིད་འབྱུང་གི་མྱོང་བ་ཐོན་འོང་བས། ཧ་ཅང་རྒྱས་པར་མི་སྤྲོ་ན་འདི་ཙམ་གྱིས་ཆོག་གསུང་། ཟླ་བ་གཉིས་ཙམ་གྱི་ལོང་ཡོད་ན་ཉེ་འཁོར་ཉེ་ཚེའི་སྡུག་བསྔལ་གྱི་དམིགས་སྐོར་སྤྲོས་ཏེ་མཛད་པ་ཡི་གེའི་ཚོགས་ཀྱིས་འཇིགས་ཏེ་མ་བཀོད་པས་གཞན་ལས་


GLG012_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །གཉིས་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི་བཤེས་སྤྲིངས་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་རྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་དུད་འགྲོ་ལ་བྱིངས་དང་ཁ་འཐོར་བ་གཉིས་སུ་ས་སྡེ་ལས་བཤད་པའི་བྱིངས་ན་གནས་པ་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ཁོངས་སུ་ཡོད་དེ་ལུས་ཀྱི་ཆེ་ཆུང་སོགས་མ་ངེས་པ་སྣ་ཚོགས་འབྲུའི་ཕུང་པོ་ལྟར་སྤུངས་པ་རྣམས་ནི་ཆེ་བས་ཆུང་བ་ཁྱུར་མིད་དང་ཆུང་བས་ཆེ་བའི་ལུས་འབུགས་པ་དང་། གཞན་དག་མུན་པ་ཤིན་ཏུ་གནག་པས་ལག་པ་བརྐྱངས་བསྐུམས་ཙམ་ཡང་མི་མཐོང་བ་དང་། རྒྱ་མཚོར་གནས་པའི་ཆུ་སྲིན་སོགས་ནི་གནས་དང་བཟའ་བཏུང་དང་གྲོགས་ལ་ངེས་པ་མེད་པའོ། ཁ་འཐོར་བའི་རི་དྭགས་རྣམས་ནི་ལིངས་པ་དང་ཁྱི་དང་གཅན་གཟན་སོགས་ཀྱིས་དབང་མེད་དུ་འདེད་པ། བདག་ཏུ་བཟུང་བ་རྣམས་ནི་གསོད་རྡེག་བཀོལ་བ། གཞན་ཡང་ཀླུའི་རིགས་རྣམས་ནི་བྱེ་ཚན་དང་མཁའ་ལྡིང་གི་འཇིགས་པ།སྲོག་ཆགས་ཕྲ་མོ་རྣམས་ནི་རྐྱེན་ཅུང་ཟད་ཙམ་གྱིས་འཆི་བ་སོགས་དང་། མཐའ་དག་ཀྱང་བླང་དོར་མི་ཤེས་པའི་རང་བཞིན་ཅན་ཏེ། རང་ཉིད་བཤད་མ་ཐག་པའི་དུད་འགྲོ་དེ་དག་ཅི་རིགས་པར་སྐྱེས་པ་དང་སྡུག་བསྔལ་གྱི་མྱོང་ཚུལ་སོགས་ཀྱི་ཉམས་ལེན་མྱོང་བ་སྐྱེ་ངེས་སུ་བསྒོམ། ཚེའི་ཚད་ནི་རིང་བ་རྣམས་བསྐལ་པ་ཙམ་ནས། ཐུང་པ་ཉིན་ཞག་ཀྱང་ཡོད་པས་མཐའ་གཅིག་ཏུ་མ་ངེས་སོ། །གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་ནི་བཤེས་སྤྲིངས་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་


GLG012_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ཡིས། བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་ཡི་དྭགས་ལ་རིགས་གསུམ་དུ་ཡོད་པར་བཤད་པའི་ཕྱིའི་སྒྲིབ་པ་ཅན་ནི་ལྗོན་པའི་འབྲས་བུ་དང་ཆུ་ཀླུང་སོགས་མཐོང་སྟེ་ལོངས་སྤྱོད་པར་ཕྱིན་པ་ན་མཚོན་ཆ་ཐོགས་པས་སྲུང་བའམ་རྣག་ཁྲག་སོགས་སུ་མཐོང་བའོ། །ནང་གི་སྒྲིབ་པ་ཅན་ནི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཆུ་དང་རྩི་ཤིང་སོགས་འདོད་པའི་དངོས་པོ་ཅི་ཡང་མེད་པ་དེར་ཟས་སྐོམ་མི་རྙེད་པ་དང་། །ཅུང་ཟད་རྙེད་ཀྱང་ཁབ་མིག་མགྲིན་པ་རྟ་རྔ་ལྟོ་བ་རི་རབ་ཡན་ལག་འཇག་མ་ལྟ་བུར་གྱུར་པའི་དབང་གིས་ཟས་ཁར་མི་ཤོང་། ཉུང་ཟད་སོང་བ་རྣམས་མགྲིན་པ་ནས་མི་ཐར། ཐར་ཀྱང་ལྟོ་བ་མི་ཁེངས་པས་སྡུག་བསྔལ་བའོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི་ཟས་སྐོམ་རྣམས་ཀྱང་མེ་འབར་ནས་ལུས་འཚིག་པ་དང་། བཤང་གཅི་དང་རང་ཤ་ཟ་བས་ཉམ་ཐག་པའོ། །གཞན་ཡང་ས་ག་ཟླ་བའི་རེག་བྱ་ཚ་ཞིང་དགུན་ཉི་མ་གྲང་བ། བལྟས་པ་ཙམ་གྱིས་ཆུ་ཀླུང་བསྐམས་ཏེ་ངམ་གྲོག་ཏུ་འཆར་བ་སོགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་ཏུ་བཤད་མ་ཐག་པའི་ཡི་དྭགས་དེ་འདྲའི་གཟུགས་སུ་རང་ཉིད་སྐྱེས་པར་བསམས་ཏེ་རྒྱུད་ཐོག་ཏུ་ཁེལ་ངེས་ཤེས་པ་ཞིག་བསྒོམ་མོ། །སྡུག་བསྔལ་དེ་ཡང་ཡུན་ཐུང་ངུ་ཙམ་མ་ཡིན་པར་མི་ལོ་ཆིག་ཁྲི་ལྔ་སྟོང་མྱོང་དགོས་པར་བཤད་པ་སོགས་ལ་རྗེས་སུ་དཔགས་ཏེ་བསམས་ན་ངེས་འབྱུང་བཅོས་མིན་སྐྱེ་བར་སྣང་། དོན་ཧྲིལ་གྱི་དྲིལ་ན་ད་ལྟ་རང་རེ་རྣམས་ཇ་ཕོར་བ་གང་འཐུང་ཡུན་ཙམ་ཞིག་ལག་པ་མེ་དོང་དུ་འཇུག་པ། དགུན་གྲང་སྒང་ལ་ཞག་གཅིག་ཙམ་གཅེར་བུ་བྱེད་པ། ཞག་གསུམ་བཞི་ཙམ་བཟའ་བཏུང་ཡེ་མེད་པ། ས་རྡོ་མང་པོ་སྤུངས་པའི་འོག་ཏུ་


GLG012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འགུལ་སྐྱོད་མི་ནུས་པར་གནས་དགོས་པ་ལྟ་བུ་བྱུང་ན་བཟོད་བསྲན་མི་ཐུབ་པ་མངོན་སུམ་གྱིས་གྲུབ་པ་དེ་ལྟར་ན་ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་ག་ལ་ནུས་པས་མགོན་པོ་ཀླུ་སྒྲུབ་ཀྱིས། ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། །ཞེས་ད་རེས་མི་དང་དུད་འགྲོའི་ཁྱད་པར་འབྱེད་པའི་དུས་འདིར་སྙིང་རུས་བསྐྱེད་དགོས་སྙམ་པའི་རང་ལ་ཡང་ཡང་ལྕག་གིས་བྲབ་པར་བྱའོ། །སྨྲས་པ། ཚ་སྲེག་རབ་འབར་ལྕགས་ཀྱི་ཁང་པའི་ནང་། །བཅད་གཏུབས་གཙིར་བའི་ཁྲག་གི་ཆུ་ཀླུང་འབབ། །དབང་པོའི་སྒོ་ནས་ལྷབ་ལྷབ་མེ་འབར་བའི། །ཚུལ་འདིར་མི་འཇིགས་སྙིང་ལ་གདོན་གྱིས་བརླམས། །མུན་ནག་གངས་རིའི་སྦུབས་ཀྱི་འཐོར་རླུང་ཁྲོད། །གྲང་རེག་རྣོན་པོའི་མཚོན་གྱིས་ཉམ་ཆུང་ལུས། །བརྒྱ་སྟོང་མང་པོར་གས་ཀྱང་མི་འཆི་བའི། །བྱེད་པོ་མི་དགེའི་དགྲ་འདིས་རྟག་ཏུ་མནར། །རྨ་འབྲས་ནད་ཀྱི་ཟུག་གཟེར་ཆུང་ངུ་ཡང་། །མི་བཟོད་བཞིན་དུ་ཤ་རུས་པགས་པའི་ཆེད། །གསོད་ཅིང་ཟ་བའི་སྡུག་བསྔལ་མཐའ་མེད་ལ། །སྙིང་རྩ་མི་འདར་སེམས་མེད་བེམ་པོའམ་ཅི། །ད་ལྟའི་ཚེ་ཐུང་འདི་ཡི་ཟས་སྐོམ་དོན། །ངལ་བར་ནུས་ན་མི་ལོ་ཁྲི་ལྔ་སྟོང་། །མི་བཟད་བཀྲེས་སྐོམ་གདུང་བ་སེལ་སླད་དུ། །ལུས་སྲོག་འདོར་ནུས་སྙིང་རུས་བསྐྱེད་ཀྱང་ཆུང་། །བཟོད་དཀའ་ངན་འགྲོའི་གཡང་ལ་བ་སྤུའི་རྩེ། །འགུལ་བ་ཙམ་གྱི་ཡ་ང་མ་མཆིས་ཀྱང་། །དགྲ་འདུལ་གཉེན་སྐྱོང་འདི་སྣང་ཆོས་བརྒྱད་ལ། །སྤྱང་གྲུང་ཁུར་འཛིན་ཁྱོད་ལས་བླུན་པ་སུ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ལ་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་སུ་འགྲོ་བ། །


GLG012_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་སྒོམ་པ་གཉིས། དང་པོ་ལ་དངོས་དང་། བསླབ་བྱ་གཉིས། དང་པོ་ནི་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །ཞེས་ཉེས་དམིགས་ལ་འཇིགས་པ། ཡོན་ཏན་ལ་དད་པ། རང་འདྲའི་འགྲོ་བ་ལ་སྙིང་རྗེ་གསུམ་གྱི་སྒོ་ནས་བསམ་པ་ལ་དམ་པའི་ཆོས་ཀྱི་སྒྲ་ཙམ་མི་ཐོས་པའི་མུན་བསྐལ་ནི་མཚན་མོ་སྤྲིན་ནག་འཁྲིགས་པའི་སྨག་རུམ་ལྟ་བུ་ནས་ཆོས་དང་མཇལ་རྒྱུ་ཡོད་པའི་སྒྲོན་བསྐལ་ནི་མུན་རུམ་དེ་ན་གློག་འཁྱུག་པ་བཞིན་དུ་དཀོན་པས་སྔོན་ཆད་སྡིག་པ་རྒྱ་མཚོ་ཆེན་པོ་ཙམ་ནས་དགེ་བ་ཀུ་ཤའི་རྩེས་ཆུ་ཐིགས་བླངས་པ་ལྟར་སྟོབས་ཤིན་ཏུ་ཆུང་བའི་སྟེང་དུ་ཚེ་འདིར་ཡང་ཆོས་པའི་མིང་གཟུགས་ཀྱི་བློ་བྲིད་ཀྱིས་གཞན་མགོ་བསྐོར་བ་ལས་གསུང་རབ་དང་རང་སེམས་སྤྱོད་ཚུལ་རྣམས་ཞུས་དག་བཏང་ན་མི་དགེ་བའི་ཕྱོགས་ཆེས་མང་བར་གདའ། དེ་ཡང་རང་ལ་དགྲ་མ་རུང་བ་ཞིག་ཡོད་དོགས་པ་ལས་མྱུར་དུ་འོང་བའི་གཏམ་དང་དགྲ་དེའི་དཔའ་ནུས་ཚུར་ལུས་སྲོག་ལོངས་སྤྱོད་ལ་ཇི་ལྟར་གནོད་སོགས་ཀྱི་རྒྱུ་མཚན་ཡང་མ་ངེས་ན་དེ་ལ་འཇིགས་པ་དང་ཟོན་བྱེད་པ་མི་འོང་ལ། དགྲ་དེ་བྱུང་ན་རྨེག་མེད་དུ་འཇོམས་པ་དང་། དུས་ཀྱང་ལོ་གཅིག་ཚུན་ལ་འོང་ངེས་ཤིང་དེའི་བར་ལ་ནམ་འོང་ཆ་མེད་པར་ཤེས་ན་དལ་བར་སྡོད་པ་སྐད་ཅིག་མི་ནུས་པར། ཕ་རོལ་གྱི་དགྲ་ལས་སྟོབས་མངའ་ཐང་ཆེ་ངེས་ཀྱི་དཔོན་ཞིག་འཚོལ་ཞིང་གྲོགས་སུ་སྦྲན་ནམ།


GLG012_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བཙན་པོ་བཟོའམ། དེས་མི་སླེབ་པའི་ཐག་རིང་དུ་འགྲོ་བ་སོགས་སྟ་གོན་གང་རུང་བྱེད་པ་ལྟར་དགྲ་ངན་སོང་གི་སྡུག་བསྔལ་ཟེར་བ་དེ་ལོ་བརྒྱ་ཚུན་ལ་འོང་བར་ཤེས་ཤིང་། ཟླ་བ་རྟིང་མ་དང་མནར་མེད་ཀྱི་དམྱལ་བ་གཉིས་གང་སྔ་མི་ཤེས་པས་འཆི་བ་མི་རྟག་པ་དང་ངན་འགྲོའི་ངང་ཚུལ་ལ་གོང་དུ་མྱོང་བས་ཐོན་པའི་དབང་གིས་སྐྱབས་གནས་ཤིག་འཚོལ་བ་ལས་འོས་མི་འདུག །སྐྱབས་ཡུལ་ཡང་སློབ་དཔོན་ཕྱོགས་གླང་གིས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས།དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་འཁོར་བ་འདི་རྒྱ་མཚོ་ལྟར་གཏིང་ཟབ་ཅིང་། །འདོད་ཆགས་ལ་སོགས་པ་མི་དགེ་བའི་ཆུ་སྲིན་གདུག་པ་ཅན་གྱིས་གཙེས་པར་ཆུད་པའི་རང་རེ་སྐྱེ་རྒུ་རྣམས་གང་ལ་སྐྱབས་སུ་འགྲོ་ཞེས་དྲི་བའི་ཚུལ་དུ་གསུངས་པ་ལ་ལན་གྱི་ཚུལ་དུ་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། །གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པར་རིགས། །ཞེས་དགྲ་ཟླ་ལས་སྟོབས་དང་ཁ་དོག་ཆུང་བ་ཞིག་གིས་རང་ཕ་རོལ་གྱི་དགྲ་དེའི་འཇིགས་པ་ལས་སྐྱོབ་མི་ནུས་པ་བཞིན་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་སོགས་ལྷ་མི་མཐུ་བོ་ཆེ་ལ་བརྟེན་ཀྱང་ཁོང་རང་རྣམས་འཁོར་བ་ལས་མ་ཐར་བར་འཁོར་བའི་ཉེས་པས་མནར་བཞིན་པ་ཡིན་པས་གཏན་གྱི་སྐྱབས་སུ་མི་འོས། གང་འོས་ན། སྐྱབས་འགྲོ་བདུན་ཅུ་པར། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་དཀོན་མཆོག་གསུམ་


GLG012_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་སྐྱབས་སུ་གསུངས་པ་ནི་བཤད་མ་ཐག་པའི་སྐྱོན་དང་བྲལ་ཞིང་ཡོན་ཏན་དང་ལྡན་པས་བསླུ་བ་མེད་པར་ངེས་པ་རྙེད་ནས་སྐྱབས་སུ་འགྲོ་བ་ལ། འགྲོ་ཚུལ་གྱི་དམིགས་སྐོར་མང་ཡང་འདྲ་བཅོས་རྒྱས་བཀབ་ཀྱི་རང་བཟོ་མེད་པའི་ཆོས་འདི་གའི་ལུགས་སྲོལ་གྱི་བཞེད་པ། དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཞེས་པ་ལྟར་བསམ་དགོས་པས་སངས་རྒྱས་ཀྱི་སྐུ་སྒོམ་ཚུལ་ཡང་གསང་སྔགས་ཀྱི་སྐབས་སུ་སྒོམ་པའི་མདུན་དུ་དམ་ཚིག་པ་བསྐྱེད་པ་ལྟ་བུའི་ཆེད་དུ་གསལ་བཏབ་པ་དེ་འདྲ་མ་ཡིན་པར། དཔེར་ན་ཁྲོམ་དང་ཚོང་འདུས་ཆེན་པོར་ཕྱིན་པ་ན་བྲོ་ཤོན་ལ་སོགས་པའི་ལྟད་མོ་སྣ་ཚོགས་དང་རྒྱན་ཆ་ལུགས་དང་འཁོར་གཡོག་གི་མཛེས་པ་སོགས་གང་ཟག་མཆོག་དམན་རང་བློ་འཇུག་པའི་རིགས་མཐོང་བ་ན། སླར་གནས་དེ་མ་ཡིན་པའི་གཞན་དུ་སླེབ་པའི་དུས་དྲན་ཤེས་ཀྱིས་གསོས་བཏབ་པའི་ཚེ་དེ་རྣམས་ཀྱི་བྱད་དབྱིབས་རྒྱན་ཆ་ལུགས་སྤྱོད་ལམ་སོགས་མིག་གིས་མཐོང་རྒྱུ་ཡོད་པ་ལྟ་བུར་བཀྲ་ལམ་གྱི་འཆར་བ་ཡིན་གྱི། དེ་རྣམས་མདུན་གྱི་ཐད་ལྟ་བུར་ཆེད་གཉེར་སྒོམ་པའི་སྣང་བ་མི་འཆར་བཞིན་དུ་འདིར་ཡང་དེ་བཞིན་གཤེགས་པའི་བྲིས་འབུར་གྱི་སྐུ་གཟུགས་ལ་ཡང་ཡང་བལྟས་ཤིང་། སེམས་ཀྱིས་དེ་བཞིན་གཤེགས་པ་དེ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ན་བཟའ་ཆོས་གོས་གསུམ་དང་ལྡན་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་པ་འདུག་གོ་སྙམ་དུ་གསོས་བཏབ་པ་ན་སྔར་མིག་ཤེས་ཀྱི་ཡུལ་དུ་གྱུར་པ་དེས་རྐྱེན་བྱས་ནས་གསལ་ལམ་ལམ་པ་འཆར་བས་དེའི་ཚེ་མཐོང་ན་མི་མཐུན་པ་མེད་ཅིང་མཐོང་


GLG012_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་གྱིས་དོན་དང་ལྡན་པར་བྱེད་ནུས་པ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་མན་ཆད་ལ་མེད་པའི་སངས་རྒྱས་ཀྱི་སྐུའི་ཡོན་ཏན་ཕུལ་དུ་བྱུང་བར་འདུག་སྙམ་པའི་དད་པ་ལྷང་ལྷང་བ་དང་། དངོས་སུ་མཇལ་རྒྱུ་བྱུང་ན་སྙམ་པའི་གདུང་བ་དང་། སངས་རྒྱས་རྗེས་སུ་དྲན་པ་འདི་ལྟ་བུ་བསོད་ནམས་ཆེ་སྙམ་པའི་སྤྲོ་བ་རྣམས་ཤུགས་དྲག་པོ་མ་བྱུང་གི་བར་དུ་བསྒོམ། དེ་བཞིན་དུ་གསུང་གི་ཡོན་ཏན་ནི་བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཡང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོག་མཁྱེན་པར་མཛོད། །དེ་ནི་ལྷ་མིའི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། །ཅེས་པ་ལྟར་བསམ་དགོས་ཀྱང་སངས་རྒྱས་ཀྱི་གསུང་དང་འདྲ་བའམ་དེའི་དཔེར་འོས་པ་ཞིག་དངོས་སུ་ཐོས་པའི་སྐལ་བ་ཕྲ་བས། ད་ལྟ་པི་ཝང་ལྟ་བུ་རང་གི་བློ་འགྲོ་བའི་སྒྲ་སྙན་པ་ཞིག་ལས་རྗེས་སུ་དཔགས་ཏེ། གོང་གི་སྐུ་ཤིན་ཏུ་མཛེས་པའི་སངས་རྒྱས་དེའི་མགུར་ལས་འོངས་པའི་གསུང་གི་སྒྲ་སྙན་པ་ཡན་ལག་དྲུག་ཅུ་རྩ་བཞིའི་དབྱངས་ཅན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ཏུ་དྲི་བ་ཞུས་ན། ལེགས་སྦྱར་གྱི་སྐད་ལྟ་བུ་གཅིག་གི་སྒོ་ནས་བསྟན་པའི་དྲི་ལན་དེ་འགྲོ་བ་སོ་སོའི་སྐད་དུ་ཤར་ཏེ་ཐེ་ཚོམ་ཅིག་ཅར་དུ་སེལ་བ་སོགས་སྔར་བཞིན་དད་གདུང་སྤྲོ་གསུམ་གྱི་སྒོ་ནས་ཉམས་སུ་མྱོང་བར་བྱ། ཐུགས་ཀྱི་ཡོན་ཏན་ནི་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། ཁྱོད་ལས་གཞན་པ་ཐམས་ཅད་


GLG012_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་མཁྱེན་པའི་ཡོན་ཏན་ཆོས་མཐའ་དག་ལ་ལྐོག་ཏུ་མ་གྱུར་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་དབང་པོ་འཚམ་པར་རྗེས་སུ་འཛིན་པ་ལ་མཁས། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་པོར་ཁྱོད་ལ་ཕྱག་བགྱིའམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་སེམས་ཐམས་ཅད་ལ་རྗེས་སུ་བརྩེ་བའི་ཐུགས་རྗེ་ཆེན་པོས་བསྡམས་པས་གཡས་ནས་ཙན་དན་གྱི་ལྡེ་གུ་བྱུགས་པ་དང་གཡོན་ནས་སྟ་གྲིས་བཞོགས་པ་ལ་ཡང་ཉེ་རིང་མི་མངའ་བའི་ཕྱིར་ན་སེམས་ཅན་ཀུན་ལ་མ་རང་གི་བུ་གཅིག་པུ་ལ་བརྩེ་བ་ལྟ་བུ་མངའ་ཚུལ་སོགས་ལ་ཡང་སྔར་ལྟར་བསམ། འཕྲིན་ལས་ནི་བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་ཉོན་མོངས་གཞོམ་པར་བཤད། བདུད་ཀྱི་གཡོ་དག་བསྟན་པར་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གང་ཞིག་ཁྱོད་ཀྱིས་མ་མཛད་པ། །གཞན་ཀོ་ཅི་ཞིག་མཆིས་ལགས་ཀྱེ། །ཞེས་སེམས་ཅན་ལ་བརྩེ་བ་ཙམ་ཉན་རང་སོགས་ལ་ཡང་ཡོད་མོད། ཡོད་པ་ཙམ་གྱིས་མི་ཕན་པ་དཔེར་ན་མ་ལག་ཞ་མའི་བུ་ཆུས་ཁྱེར་ན་གྲོགས་གཞན་ལ་ར་མདའ་སྒྲན་ནས་འདོན་དགོས་པ་ལྟར་ལ། སངས་རྒྱས་ནི་འགྲོ་བ་རྣམས་སྒྲོལ་བའི་ནུས་མཐུ་ཡོངས་སུ་རྫོགས་པས་གཞན་ཕན་དུ་འགྱུར་ན་དམྱལ་བའི་མེ་དོང་ཡང་འདོད་ལྡན་མཐོ་རིས་ཀྱི་དགའ་ཚལ་དུ་འཇུག་


GLG012_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་སྤྲོ་བ་དང་བཅས་ཏེ་ཐོགས་པ་མེད་པར་དོན་མཛད་ཚུལ་རྣམས་སྔར་ལྟར་བསམ།དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དེ་ནི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། འགོག་པ་དང་ལམ་གྱི་བདེན་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་ལུང་གི་ཆོས་དཀོན་མཆོག་ལ་ཐོས་བསམ་བྱས་པས་རྟོགས་པའི་ཆོས་དཀོན་མཆོག་སྤངས་རྟོགས་ཀྱི་ཡོན་ཏན་བདེན་པ་གཉིས་མངོན་དུ་མཛད་པ་ལ་ངེས་ཤེས་རྙེད་ནས་ཆོས་དཀོན་མཆོག་ལ་དམིགས་པའི་དད་པ་བཅོས་མིན་མ་བྱུང་བར་དུ་བསྒོམ། དགེ་འདུན་དཀོན་མཆོག་ནི་བྱམས་འཇམ་དབྱངས་སྤྱན་རས་གཟིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། འོད་སྲུང་ཆེན་པོ་མཆོག་ཟུང་གཉིས་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་རྣམས་ལ་སྔར་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས་ལེགས་པར་དྲན་པར་བྱས་ཏེ། འདི་དག་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་དངོས་མ་ཐོབ་ཀྱང་བདེན་པ་གཉིས་ཉམས་སུ་ལེན་ཅིང་སྐྱབས་སྒྲུབ་པའི་ཟླ་གྲོགས་མཛད་པར་འདུག་སྙམ་པའི་ཡོན་ཏན་རྣམས་བསམ་མོ། །དེ་ལྟར་དང་བའི་དད་པ་ཁྱད་པར་ཅན་དང་ལྡན་པར་མ་ཟད་མངོན་འདོད་ཀྱི་བློ་གལ་ཆེ་བ་དཔེར་ན་འཇིག་རྟེན་གྱི་དཔོན་དེས་དགྲའི་གནོད་པ་ལས་སྐྱོབ་ཅིང་། སྨན་པ་མཁས་པས་འདུ་བ་འཁྲུགས་པའི་འཇིགས་པ་བསལ་ཡང་རང་དེ་དག་གི་གོ་འཕང་འཐོབ་རྒྱུ་མིན་ལ། ཁ་དྲག་དང་གསོ་དཔྱད་ཀྱིས་ཡིད་ཕྲོགས་ཏེ་བདག་ཀྱང་དེ་ལྟ་བུ་ཞིག་བྱུང་ན་སྙམ་པའི་བློ་སྐྱེ་བ་ཙམ་ནི་མི་སྲིད་པའི་ངེས་པ་ཅི་ཡོད། སྐྱེས་བུ་ཆུང་ངུ་ཁོ་ན་ལ་རང་དཀོན་མཆོག་གི་གོ་འཕང་ཐོབ་པ་མིན་ཡང་། དེའི་ཐུགས་རྗེས་གནས་སྐབས་ཀྱི་སྡུག་བསྔལ་ལས་སྐྱོབ། སྲིད་པའི་བདེ་བ་ལ་སྦྱོར་བ་ཉེ་ཚེ་བའི་སྐྱབས་ཀྱིས་སྐྱོབ་པ་ལྟར་ལ། འབྲིང་གི་སྐབས་སུ་ཡུལ་ཉན་རང་གང་རུང་གི་སློབ་


GLG012_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་སློབ་པའི་རྟོགས་པའི་ཡོན་ཏན་མངོན་དུ་བྱེད་པའི་ཚུལ་གྱི་སྒོ་ནས་སྐྱོབ་དགོས་ཤིང་། སྐྱེས་བུ་ཆེན་པོ་ལ་གནས་སྐབས་ཀྱི་སྐྱབས་བྱང་ཆུབ་སེམས་དཔའི་ལམ་དང་སྐྱབས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་མངོན་དུ་བྱེད་པའི་ཚུལ་གྱིས་སྐྱབས་གནས་སུ་འཛིན་དགོས་པས་འདུལ་བ་རྒྱ་ཆེར་འགྲེལ་ལས། སངས་རྒྱས་ལ་སྐྱབས་སྟོན་པ་པོ། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བཟུང་བར་བཤད་པ་ལྟར། དེ་ལྟ་བུའི་གོ་འཕང་དེ་དག་གིས་ཀྱང་མངོན་དུ་བྱ་སྙམ་པའི་བསམ་པ་ཡང་ཡང་གསལ་གདབ། འོ་ན་སྐབས་འདིར་སྐྱེས་བུ་ཆེན་པོ་གཙོ་ཆེ་བས་མི་གནས་པའི་མྱང་འདས་ལ་སྐྱབས་དངོས་ཞུ་ན། ཉན་རང་གི་མྱང་འདས་དང་དགེ་འདུན་ལ་སྐྱབས་སུ་བཟུང་བར་དགོས་པ་ཅི་ཡོད་སྙམ་ན། དམིགས་བསལ། ས་གཉིས་པ་ཐོབ་པའི་བྱང་སེམས་དེས། ས་དང་པོའི་སྤངས་རྟོགས་ཀྱི་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་མི་དགོས་པ་དེ་ཉིད་རྒྱུ་སྐྱབས་སུ་གྱུར་པས་ཆུ་བོའི་འཇིགས་པ་ལས་སྒྲོལ་བའི་ཟམ་པ་ལྟར་བྱེད་ནའང་། རང་རེ་ལམ་དུ་མ་ཞུགས་པ་རྣམས་ཀྱིས་ཐེག་པ་གསུམ་གའི་སྐྱབས་གནས་ལ་སྐྱབས་སུ་འགྲོ་དགོས་པས་གསུང་རབ་ཀྱི་གནད་མ་གོ་བའི་ཅལ་ཅོལ་གྱི་རྗེས་སུ་མི་འབྲང་ངོ་། །དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་དད་ཅིང་ཐོབ་འདོད་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། སྐྱིད་སྡུག་ཅི་བྱུང་ཡང་ཁྱེད་ཤེས་སྙམ་པའི་བློ་ལིངས་བསྐྱུར་ཡིད་ཆེས་ཀྱི་མོས་གུས་ཤིག་མེད་ན་ཁུག་པའམ་ཨ་ལོང་ལྟ་བུ་མེད་པ་ལ་ལྕགས་ཀྱུས་འདྲེན་མི་ནུས་པ་བཞིན། དཀོན་མཆོག་ཐུགས་རྗེ་ཆེ་ཡང་ཐབས་ཤེས་ཡ་བྲལ་དུ་འགྲོ་བས་བཤད་མ་ཐག་པའི་ཡོན་ཏན་དྲན་ལ་ཡོན་ཏན་ཐོབ་འདོད་མོས་


GLG012_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཕན་ཚུན་འགྲན་བཞིན་པའི་ངང་ནས་སེམས་ཅན་རྣམས་ལའང་སྙིང་རྗེ་ཆེན་པོའི་ཀུན་སློང་དང་བཅས་ཏེ། བདག་སོགས་སེམས་ཅན་རྣམས་ཀྱི་དོན་དུ་ཐུགས་རྗེ་ཆེན་པོའི་གཞན་དབང་གིས་བྱ་འཕུར་པ་ལྟར་བྱོན་པར་བསམས་ཏེ་འདི་ལྟར་བརྗོད་འཚལ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་སྟོན་པ་མཛད་དུ་གསོལ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་སྐྱབས་དངོས་མཛད་དུ་གསོལ། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་གྲོགས་མཛད་དུ་གསོལ། ཞེས་པའི་ཚིག་འཕྲེང་བ་ལྟ་བུར་གྲངས་སུ་བཅུག་སྟེ་ཐུན་རེ་ལ་བརྒྱ་རྩ་སོགས་ཇི་ལྟར་ནུས་པ་བརྗོད། སྔར་བཤད་པའི་སྐྱབས་འགྲོའི་ཚིག་བརྗོད་ཀྱང་རུང་མོད་འདིར་གསེར་ཞུན་ལས་བྱུང་བ་ལྟར་ངེས་ཅན་དུ་བདག་གི་བླ་མ་མཛད་དོ། །གཉིས་པ་ནི། དེ་ལྟར་ཐུན་དངོས་གཞི་ལ་སྐྱབས་སུ་སོང་བས་མི་ཆོག་པར། ཐུན་མཚམས་རྣམས་སུ་བསླབ་བྱ་ལ་ལེགས་པར་སློབ་དགོས་ཏེ། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་ལ་གཏན་གྱི་སྐྱབས་མི་འཆོལ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་རྣམས་ལ་གནོད་འཚེ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་བས་དཀོན་མཆོག་གསུམ་ལ་ཡིད་མི་ཆེས་པའི་མི་ལ་གཏན་གྱི་གྲོགས་མི་འཚོལ་བ་དེ་དགག་པའི་བསླབ་བྱ་གསུམ། སངས་རྒྱས་ཀྱི་སྐུ་གཟུགས་བཟོ་དང་རྒྱུ་ངན་པ་ལའང་སངས་རྒྱས་སུ་མོས། གསུང་རབ་ཀྱི་ཡི་གེ་ཚིག་བཞི་པ་ཡན་ཆད་ལའང་ཆོས་དཀོན་མཆོག་ཏུ་མོས། རབ་ཏུ་བྱུང་


GLG012_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟགས་ཙམ་འཛིན་པ་ལའང་དགེ་འདུན་དཀོན་མཆོག་ཏུ་མོས་པའི་སྒོ་ནས་སྒོ་གསུམ་གྱི་མི་གུས་པ་སྤང་ཞིང་། མཆོད་བསྟོད་བཀུར་བར་བྱེད་པ་ནི་སྒྲུབ་པའི་བསླབ་བྱ་གསུམ་སྟེ། ཚུལ་བཞིན་ཉམས་སུ་བསྟར་པ་ལ་བརྟེན་ནས་འདི་ཕྱི་ཀུན་གྱི་རྒུད་པ་མ་ལུས་པ་སེལ་ཞིང་ཕན་བདེ་ལེགས་ཚོགས་ཀུན་གྱི་འབྱུང་གནས་དམ་པར་འགྱུར་པ་ལགས་སོ། །སྨྲས་པ། གློག་ལྟར་མི་བརྟན་ཚེ་འདིར་བདེ་ཐབས་སུ། ཁ་དྲག་དཔོན་འཚོལ་གུས་པ་ལྷུར་ལེན་པ། །འདུན་མའི་ཡང་རྩེར་སོན་པའི་དགའ་བ་དང་། །དེ་ལ་ཡིད་སྨོན་བྱེད་རྣམས་མཐོང་བའི་ཚེ། །བཟོད་དཀའ་ངན་འགྲོའི་འཇིགས་ལས་སྐྱོབ་པའི་མགོན། །བསླུ་མེད་རིན་ཆེན་རྣམ་གསུམ་དགྱེས་པའི་འཛུམ། །ལྷུག་པར་སྟོན་པའི་གནད་འགག་འདི་འདྲ་དང་། །མཇལ་བ་སྔར་བསགས་བསོད་ནམས་བྱེ་བས་བསྐྲུན། །སྔོན་ཆད་མི་དགེའི་མཐུ་ཡིས་ངན་སོང་དུ། །མི་བཟད་སྡུག་བསྔལ་མྱོང་བ་དེས་ཆོག་མེད། །ད་ནི་སྙིང་ལ་རུས་པ་ལེགས་བཅུག་སྟེ། །མངོན་མཐོའི་རྟེན་བཟང་སྒྲུབས་ཤིག་ཤེས་ལྡན་ཀྱེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་བསྒོམ་པ་ནི། དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་ངན་སོང་གི་སྡུག་བསྔལ་གསུམ་དྲན་པས་ཆོས་བྱེད་སྙམ་པའི་བློ་ཙབ་ཙུབ་ཅིག་ཡོད་ཀྱང་། ཆོས་བྱེད་ལུགས་ཀྱི་གནད་ཅིག་མ་གོ་ན་ཆོས་ཀྱི་མཐུན་རྐྱེན་དུ་མིང་གིས་བཏགས་པའི་ཟས་གོས་ལོངས་སྤྱོད་ལ་ཆོག་མི་ཤེས། དེའི་ཆེད་དུ་སྡིག་པ་སྣ་ཚོགས་བསགས་ཏེ་ཆོས་བརྒྱད་ཁྲོ་བོ་འབའ་ཞིག་གིས་དུས་འདའ། འགའ་ཞིག་ལྟོ་གོས་གཏམ་གསུམ་ལ་གྱོང་བཀུར་པས་ལུས་ཀྱི་མི་དགེ་བ་གསུམ་ཅུང་ཟད་མགོ་ནོན་ནའང་།


GLG012_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བདུན་པོ་ཁོ་ནའི་དབང་དུ་སོང་སྟེ་ཆོས་བརྒྱད་དཀར་པོ་འབའ་ཞིག་གིས་དུས་འདས་ཏེ་སྒོ་གསུམ་སྡིག་ལྟུང་གིས་མ་སྦགས་པ་ཞིག་མི་འབྱུང་། དེ་ལ་བརྟེན་ནས་ཤི་བའི་འོག་ཏུ་ལས་དཀར་ནག་ལུས་ཀྱི་གྲིབ་མ་བཞིན་དུ་འབྲང་བས་རིན་ཆེན་འཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་དཀར་ནག་གི་ལས་འབྲས་མི་བསླུ་བར་གསུངས་ཤིང་། གསུང་བ་པོ་སྔར་སྐྱབས་འགྲོའི་སྐབས་སུ་རང་ཉིད་ལ་དད་པའི་ཉམས་མྱོང་ཚད་མ་སྐྱེས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པས་ཏིང་ངེ་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། ཞེས་སངས་རྒྱས་ཀྱིས་རྫུན་གསུང་བ་ནི་རྣམ་པ་ཐམས་ཅད་དུ་མེད་སྙམ་པའི་ལས་རྒྱུ་འབྲས་ལ་ཡིད་མི་ཕྱེད་པའི་དད་པ་ཞིག་མ་བྱུང་གི་བར་དུ་བསམ་དགོས་ལ། རང་ཉིད་ལ་དངོས་སུ་ལུས་ལ་ནད་དང་སེམས་ལ་སྡུག་བསྔལ་མེད་ཅིང་དགྲ་གདོན་གྱི་འཚེ་བ་དང་བྲལ་བ་མཐུན་རྐྱེན་འཛོམ་པ་སོགས་ཡོད་པའི་སྐབས་སམ། ཡང་ན་དེའི་བཟློག་ཕྱོགས་སམ། དེ་ཉིད་སྤེལ་བ་ལྟ་བུ་གསུམ་པོ་གང་རུང་ལས་འོས་མ་འདས་པས་རང་ལ་སྣང་ཚུལ་ཇི་ལྟར་ཡོད་པ་དེ་ཉིད་གསལ་བཏབ་ནས་བདེ་སྡུག་གི་སྣང་བ་ལྷང་ལྷང་བ་མ་ཤར་གྱི་བར་དུ་བསྒོམ། དེ་ནས་མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་ད་ལྟ་ཚ་བས་གདུངས་པ་ན་རླུང་བསིལ་པོ་ལུས་ལ་ཕོག་པ་ཡན་ཆད་ཀྱི་བདེ་བ་དང་། ཚེར་


GLG012_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྲ་མོས་རྨ་ཕྱུང་ཡན་ཆད་ཀྱི་སྡུག་བསྔལ་ནི་རང་གིས་སྔར་བྱས་པའི་དགེ་སྡིག་གི་འབྲས་བུ་ཁོ་ནར་འདུག །དེ་ཡང་ཚེ་སྔོན་མ་དགེ་བ་ཞིག་བསགས་པའི་མཐུས་འཕངས་པའི་མི་ལུས་འདི་ལྟ་བུ་ཐོབ་ནའང་། མི་དགེ་བ་བསགས་པས་རྫོགས་པའི་སྡུག་བསྔལ་འདི་དང་འདི་ཞེས་བྱ་བ་འདུག་གོ་སྙམ་དུ་རང་ཐོག་ཏུ་བསམ། དེ་བཞིན་དུ་དུད་འགྲོ་གནས་སྐབས་སུ་བདེ་བ་དང་ལྡན་པ་ཞིག་ལ་ཁ་ཕར་བལྟས་ཏེ་འཕེན་བྱེད་མི་དགེ་བས་འཕངས་པའི་ལུས་ཐོབ་ཀྱང་རྫོགས་བྱེད་དགེ་བས་རྫོགས་པའི་ལུས་འདི་ལྟ་བུ་ཐོབ་འདུག་གོ་སྙམ་པའི་མངོན་སུམ་དུ་ཉམས་སུ་མྱོང་བ་དང་། ལས་སྟོབས་ཅན་གཅིག་གིས་ལུས་མང་པོ་འཕེན་པ་དང་། ལས་སྟོབས་ཆུང་མང་པོས་ལུས་གཅིག་འཕེན་ཚུལ་དཔེར་ན་ཕྱུག་པོ་གཅིག་གིས་མཆོད་གནས་མང་པོར་ཞབས་ཏོག་བྱེད་པ་དང་དབུལ་པོ་མང་པོས་མཆོད་གནས་གཅིག་ལ་ཞབས་ཏོག་བྱེད་པའི་རྗེས་དཔག་གི་ཚུལ་ལ་ཡིད་ཆེས་ཀྱི་ངེས་པ་དྲངས་ཏེ། ད་ལྟ་འདེམ་ཁ་བྱུང་ན་ལྷའི་བདེ་བ་ཙམ་ལ་ལོངས་སྤྱོད་རྒྱུ་བྱུང་ཡང་ངོམས་མི་ཤེས་ཤིང་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་བཟོད་པ་འདི་ལྟ་ན། སྔར་ངན་སོང་གི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་པའི་རྒྱུ་ནི་མི་དགེ་བ་ཡིན་པར་འདུག །དེ་མ་སྤངས་ན་མི་འདོད་བཞིན་དུ་འབྲས་བུ་སྡུག་བསྔལ་མྱོང་བ་ལས་འོས་མ་མཆིས། སྡུག་བསྔལ་སྤོང་བ་ལ་དེའི་རྒྱུ་སྤང་བྱའི་སྡིག་པ་དེ་ཡང་རྐུན་མ་མི་ཡིན་ཞེས་པ་ལྟ་བུ་ཙམ་གྱིས་མི་ཆོག་པར་བཅར་ཏེ་ངོས་ཟིན་དགོས་པས་མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པ་ལྟར་སྡིག་པ་མི་དགེ་བ་བཅུར་འདུ་བ་ཡིན་པས་ལུས་ཀྱི་ལས་སྲོག་གཅོད་མ་བྱིན་ལེན་ལོག་གཡེམ། ངག་གི་ལས་


GLG012_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ། ཡིད་ཀྱི་ལས་བརྣབ་སེམས་གནོད་སེམས་ལོག་ལྟ་རྣམས་ལས་སེམས་ཅན་གྱི་རིགས་གང་བསད་ཀྱང་སྲོག་གཅོད་ཀྱི་མི་དགེ་བ་ཡིན་ནའང་། དཔེར་མཚོན་ན་གཞི་ལྷས་བྱིན་ལྟ་བུ་བསམ་པའི་ཁྱད་པར་དེར་འདུ་ཤེས་ཤིང་ཉོན་མོངས་དུག་གསུམ་གང་རུང་གི་སྒོ་ནས་ཀུན་སློང་གསོད་པར་འདོད་དེ་སྦྱོར་བ་རང་ངམ་གཞན་བྱེད་དུ་བཅུག་པ་གང་རུང་གིས་མཚོན་ལྟ་བུ་བསྣུན་ནས་མཐར་ཐུག་ཕ་རོལ་པོ་ཤི་བ་ན་སྲོག་གཅོད་ཀྱི་མི་དགེ་བ་རྫོགས་པར་འགྱུར། འདུ་ཤེས་འཁྲུལ་བ་དང་གསོད་སེམས་མེད་པར་རྐང་འོག་ཏུ་ཆུད་དེ་ཤི་བ་དང་ཕ་རོལ་པོའི་སྔོན་དུ་རང་ཤི་བ་སོགས་ལ་བཤད་མ་ཐག་པའི་གཞི་བསམ་པ་སྦྱོར་བ་མཐར་ཐུག་ཚང་བའི་མི་དགེ་བར་མ་སོང་ཡང་སྲོག་གཅོད་ཀྱི་མི་དགེ་བའི་ཁོངས་སུ་གཏོགས་སོ། །མ་བྱིན་ལེན་ནི། གཞི་རང་མི་དབང་ཞིང་གཞན་གྱིས་བདག་ཏུ་བཟུང་པའི་གསེར་ལྟ་བུ་དེར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་འབྲལ་བར་འདོད་དེ་སྦྱོར་བ་ཐབས་སྣ་ཚོགས་ཀྱིས་བླངས་པས་མཐར་ཐུག་ཐོབ་བློ་སྐྱེས་པའོ། །ལོག་གཡེམ་ནི། གཞི་གཞན་གྱིས་བདག་ཏུ་བཟུང་བ་དང་རང་གི་ཉེ་དུ་དང་ཁ་དང་བཤང་ལམ་སོགས་བགྲོད་བྱ་མིན་པ་དང་། རང་གི་ཆུང་མ་སོགས་བགྲོད་ཡུལ་ཡིན་ཡང་རྟེན་གྱི་དྲུང་དང་སྦྲུམ་མ་དང་བསྙེན་གནས་ལ་གནས་པ་ལྟ་བུ་ལ་དེར་འདུ་ཤེས་ཏེ་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་མི་ཚངས་པར་སྤྱད་འདོད་ཀྱིས་སྦྱོར་བ་དེའི་དོན་ལ་བརྩོན་པས་མཐར་ཐུག་དབང་པོ་གཉིས་སྦྱོར་བ་སོགས་སོ། །རྫུན་དུ་སྨྲ་བ་ནི། གཞི་མངོན་ཤེས་མེད་པ་ལྟ་བུ་དེ་ཡོད་པར་སྨྲ་བའི་ཡུལ་ལ་འདུ་ཤེས་མེད་པ་ལ་ཡོད་པར་བསྒྱུར་ཏེ་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་ཚུལ་དེ་སྨྲ་བར་འདོད་དེ་སྦྱོར་བ་ལུས་ངག་གང་རུང་གི་རྣམ་


GLG012_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བསྟན་པས་མཐར་ཐུག་དོན་གོ་བའོ། །ཕྲ་མ་ནི། གཞི་གང་ཟག་གཉིས་ལྟ་བུ་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་དབྱེ་བར་འདོད་དེ་སྦྱོར་བ་འབྱེད་ནུས་ཀྱི་ཚིག་སྨྲས་པ་མཐར་ཐུག་དོན་གོ་བའོ། །ཚིག་རྩུབ་ནི་གཞི་ཡིད་དུ་མི་འོང་བའི་འགྲོ་བ་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་ངག་རྩུབ་པོ་སྨྲ་བར་འདོད་དེ་སྦྱོར་བ་ཕ་རོལ་པོའི་སྙིང་ལ་བསྣུན་པའི་མི་སྙན་པ་བརྗོད་པས་མཐར་ཐུག་དོན་གོ་བའོ། །ངག་བཀྱལ་ནི་གཞི་སྔོན་མ་གསུམ་པོ་གང་རུང་དུ་མི་གཏོགས་པའི་དོན་མེད་དང་ལྡན་པའི་དོན་ལ་དེར་འདུ་ཤེས་ཏེ་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་བྱུང་རྒྱལ་དུ་སྨྲ་བར་འདོད་པས་སྦྱོར་བ་ཕྱི་རོལ་པའི་བསྟན་བཅོས་དང་བྲམ་ཟེའི་གསང་སྔགས་འདོན་པ། རྒྱལ་བློན་དམག་རྐུན་པོ་སོགས་འདུ་འཛིའི་གཏམ་སྨྲ་བ། ཆགས་སེམས་ཀྱིས་གླུ་དང་ཟློས་གར་ཚིག་བརྗོད་པ། དགེ་སྦྱོང་དག་རྙེད་པ་བཙལ་བའི་ཕྱིར་གཞན་ལ་ཁ་གསག་སྨྲ་བར་བརྩམས་ནས་མཐར་ཐུག་སྨྲས་ཟིན་པའོ། །བརྣབ་སེམས་ནི་གཞི་གཞན་གྱི་ནོར་ལ་དེར་འདུ་ཤེས་ཤིང་རང་ནོར་ལ་ཆགས་སེམས་དང་གསོག་སེམས། གཞན་ནོར་ལ་རོ་མྱང་སེམས་དང་འཁུ་སེམས་ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་གནོན་པའི་ཆོས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་རང་ལ་བྱུང་ན་སྙམ་པའི་རྔམ་སེམས་ཀྱིས་སྦྱོར་བ་རང་ལ་འབྱུང་བའི་ཆེད་དུ་ཡིད་ཀྱིས་རྩོལ་བ་མཐར་ཐུག་དེར་སྨོན་པའོ། །གནོད་སེམས་ནི་གཞི་ཡིད་དུ་མི་འོང་བའི་སེམས་ཅན་ལ་དེར་འདུ་ཤེས་ཤིང་གནོད་བྱེད་ཀྱི་རྒྱུ་ལ་མཚན་མར་འཛིན་པའི་ཞེ་སྡང་གི་སེམས། གནོད་བྱེད་ལ་མི་བཟོད་པའི་སེམས། ཚུལ་མིན་ཡིད་བྱེད་ཡང་ཡང་དྲན་པས་ཁོན་འཛིན་གྱི་སེམས། བརྡེགས་


GLG012_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བསད་ན་ཅི་མ་རུང་སྙམ་པའི་འཁུ་སེམས། ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་གནོན་པའི་སེམས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་གསོད་བཅིང་སོགས་བྱ་འདོད་པའི་བློས་སྦྱོར་བ་སེམས་ཀྱིས་དེ་བྱེད་པར་རྩོལ་ཞིང་མཐར་ཐུག་དངོས་སུ་ནུས་ན་བྱེད་པར་ཐག་བཅད་པའོ། །བདག་ཚངས་པའི་གོ་འཕང་ཐོབ་ན་སྙམ་པ་དང་མི་འདི་ཤི་ན་སྙམ་པ་ལྟ་བུ་བརྣབ་སེམས་དང་། གནོད་སེམས་རྗེས་མཐུན་པ་ཡིན་གསུང་ངོ་། །ལོག་ལྟ་ནི་གཞི་ལས་འབྲས་ལྟ་བུ་དེ་མེད་པར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་སྐུར་བ་འདེབས་པར་འདོད་པས་སྦྱོར་བ་ནི་བསམས་པ་ལྟར་མེད་པར་བསམས་ཏེ་མཐར་ཐུག་ཐག་བཅད་པའོ། །བཅུ་པོ་དེ་ལ་ཡང་ནང་གསེས་ཀྱི་ལྕི་ཡང་། བསམ་པ་ཉོན་མོངས་དྲག་པོས་ཀུན་ནས་བསླང་བ། །ཡུལ་བླ་མ་དང་ཕ་མ་ལྟ་བུ་བསད་པ། དེ་དག་གི་དཀོར་ཕྲོགས་པ། བསླུ་བ་དབྱེ་བ་ཚིག་རྩུབ་བརྣབ་སེམས་གནོད་སེམས་བྱེད་པ། གཞན་ཡང་དུད་འགྲོ་ལྟ་བུ་ལ་ལུས་བོངས་ཆེ་བ་གསོད་པ། དངོས་པོ་རིན་ཐང་ཆེ་ཞིང་མང་བ་རྐུ་བ། ཚངས་སྤྱོད་ལ་སོགས་བགྲོད་བྱ་མིན་པ་ལ་སྤྱོད་པ། དགེ་འདུན་འབྱེད་པའི་རྫུན་ཕྲ་མ་བྱེད་པ། དགྲ་བཅོམ་པ་འབྱུང་བ་མེད་པར་འདོད་པ། སྡིག་པ་ལ་བཤགས་སྡོམ་མེད་པར་དགའ་བཞིན་དུ་གོང་འཕེལ་དུ་བྱེད་པ་སོགས་རིགས་པས་རྗེས་སུ་དཔགས་ཏེ་ཤིན་ཏུ་ལྕི་ལ། དེའི་ལོག་ཕྱོགས་རྣམས་ནི་ལྟོས་ས་ལྟོས་འཇོག་གི་སྒོ་ནས་ཡང་བའོ། །དེ་ཡང་ས་བོན་སྣ་ཚོགས་བཏབ་ཀྱང་མྱུ་གུ་མི་འཆོལ་བར་འབྱུང་བ་བཞིན་སྡིག་པ་ཤིན་ཏུ་ལྕི་བས་རྣམ་སྨིན་གྱི་འབྲས་བུ་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་སྲོག་གཅོད་ཀྱིས་ཚེ་ཐུང་། མ་བྱིན་ལེན་གྱིས་ལོངས་སྤྱོད་དབུལ། ལོག་གཡེམ་གྱིས་ཆུང་མ་བསྲུང་དུ་མི་བཏུག །རྫུན་གྱིས་མི་ཁ་སྡང་།


GLG012_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མས་མཛའ་བཤེས་ཉུང་། ཚིག་རྩུབ་ཀྱིས་མི་སྙན་པ་མང་དུ་ཐོས། ངག་བཀྱལ་གྱིས་ཚིག་མི་བཙན། བརྣབ་སེམས་ཀྱིས་ཡིད་ཀྱི་རེ་བ་མི་འགྲུབ། གནོད་སེམས་ཀྱིས་འཇིགས་སྐྲག་ཆེ། ལོག་ལྟས་ཡང་དག་པའི་ལྟ་བ་ལ་རྨོངས་པར་འགྱུར། བདག་པོའི་འབྲས་བུ་ནི་སྲོག་བཅད་པས་བཟའ་བཏུང་དང་སྨན་གྱི་ནུས་པ་ཉམས། མ་བྱིན་ལེན་གྱིས་ལོ་འབྲས་ཉུང་ངུར་འགྱུར། ལོག་གཡེམ་གྱིས་གནས་འདམ་རྫབ་ཡ་ང་། རྫུན་སྨྲས་ནི་ཡུལ་དེར་བློ་བྲིས་དང་འཇིགས་པ་ཆེ། ཕྲ་མས་ནི་ས་ཕྱོགས་མི་སྙོམས་བགྲོད་དཀའ། ངག་རྩུབ་མོས་སྡོང་དུམ་དང་ཚེར་མ་སོགས་ཡིད་དུ་མི་འོང་། ངག་བཀྱལ་གྱིས་ལྗོན་ཤིང་ལ་འབྲས་བུ་མི་འཆགས། བརྣབ་སེམས་ཀྱིས་ཕུན་ཚོགས་ཐམས་ཅད་རིམ་གྱིས་འགྲིབ། གནོད་སེམས་ཀྱིས་ནད་འཁྲུག །མི་དང་མི་མིན་གྱི་འཚེ་བ་མང་། ལོག་ལྟས་ནི་བཟང་ངན་གོ་ལྡོག་པར་འགྱུར་བས་རྣམ་སྨིན་དང་རྒྱུ་མཐུན་ནི་གང་ཟག་རང་ལ་སྨིན་ཞིང་བདག་འབྲས་ནི་དེ་གནས་པའི་ཡུལ་དང་ས་ཕྱོགས་ལ་འབྱུང་ལ། དེ་ལ་ངེས་པ་དང་མ་ངེས་པ་གཉིས་ལས་མ་ངེས་པ་ནི་རྐྱེན་དང་མ་ཕྲད་ན་རྣམ་སྨིན་མི་འབྱིན་ཞིང་ཕྲད་ན་འབྱིན་པའི་སྐབས་ཤིག་ཀྱང་བཤད་མོད། ད་ལྟ་རང་རེ་རྣམས་ཀྱིས་བསགས་པའི་ལས་ཕལ་ཆེ་བ་ནི་དུག་གསུམ་དྲག་པོས་ཀུན་ནས་བསླང་བ་དང་། སྡིག་པ་རྒྱུན་ཆགས་སུ་བྱེད་པ། ཡུལ་ཁྱད་པར་ཅན་ལ་བསགས་པ་སོགས་ནས་མྱོང་བར་ངེས་པ་མང་ལ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། མཐོང་བའི་ཆོས་ལ་བསགས་པ་ལ། །མྱོང་འགྱུར་ལ་སོགས་ངེས་རྣམ་གསུམ། །ཞེས་གསུམ་དུ་ཡོད་པའི་དཔེར་ན་སྔོན་བྱུང་དུ་དགེ་འདུན་ལ་བུད་མེད་ཡིན་ཞེས་ངན་སྨྲས་བྱས་པས་ཚེ་དེར་མཚན་འགྱུར་བ་མཐོང་ཆོས་མྱོང་འགྱུར་སྐྱེ་བ་བརྒྱར་བུད་མེད་ཀྱི་ལུས་བླངས་


GLG012_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་གཉིས་ཀ་ཚང་བའི་གཏམ་རྒྱུད་དང་། རང་ལ་ངན་སོང་དུ་སྐྱེ་ངེས་ཀྱི་ལས་ཤིག་ཡོད་ན་ཚེ་དེ་ལ་སྦྱོར་ལམ་བཟོད་པ་ཙམ་ཡང་འཐོབ་མི་ནུས། འདོད་ཁམས་སུ་སྐྱེ་ངེས་ཀྱི་ལས་ཤིག་ཡོད་ན་འདོད་ཆགས་དང་བྲལ་བའི་འབྲས་བུ་འཐོབ་མི་ནུས། འཁོར་བར་སྐྱེ་ངེས་ཀྱི་ལས་ཤིག་ཡོད་ན་ཚེ་དེར་འཁོར་བ་ལས་གྲོལ་མི་ནུས་པ་སོགས་བཤད་མ་ཐག་པའི་ལས་འབྲས་ཀྱི་རྣམ་གཞག་ངེས་པར་བྱས་ཏེ་རང་རྒྱུད་ཀྱི་དུག་གསུམ་དང་དེས་ཀུན་ནས་བསླང་བའི་སྲོག་གཅོད་མ་བྱིན་ལེན་སོགས་གང་ལ་མངོན་པར་དགའ་བརྟགས་ནས་གང་དགའ་བ་དེ་གའི་གཞི་ནས་བཟུང་མཐར་ཐུག་གི་བར་ཡིད་ངོར་འཆར་དུ་བཅུག་པ་ན་དགྲ་ལ་ཞེ་སྡང་དམར་ལམ་ལམ་པ་དང་། ཡུལ་སེམས་ཅན་དང་དངོས་པོ་ལྟ་བུ་ལ་འདོད་ཆགས་བརྩེ་དུང་དུང་བ་བྱུང་བ་ན་དྲན་ཤེས་ཀྱིས་ཚིར་གྱིས་གཟུང་། སྔོན་ཆད་ཤེས་བཞིན་གྱིས་མ་ཟིན་པའི་སྡིག་པ་མང་དུ་བསགས་ཡོད་འདུག་ཀྱང་བསགས་པ་ལ་བསགས་པར་ངོ་མ་འཕྲོད། ད་རེས་ཟིན་པས་ཁོ་ནམ་བྱུང་ཙ་ན་གཉེན་པོ་བསྟེན་ཐུབ་པ་ཞིག་བྱེད། དེ་ཙམ་གྱིས་མི་ཆོག་པར་དགེ་བ་སྒྲུབ་པ་ལ་བརྩོན་པར་བྱེད། དེ་ལ་ཡང་ངོས་ཟིན་དགོས་པས་མི་དགེ་བ་བཅུ་གོ་ལྡོག་པ་དེ་དགེ་བ་བཅུ་ཡིན་ལ། འབྲས་བུ་དགེ་བ་སྟོབས་ཆེན་གྱི་སྒོ་ནས་སྲོག་གཅོད་སྤངས་པས་རྣམ་སྨིན་གྱི་འབྲས་བུ་མི་ལུས་འཐོབ། རྒྱུ་མཐུན་གྱི་འབྲས་བུ་ཚེ་རིང་། བདག་པོའི་འབྲས་བུ་སྨན་མཐུ་ཆེ་བ་སོགས་ཀྱིས་མཚོན་ཏེ། མི་དགེ་བའི་འབྲས་བུ་རྣམས་གོ་ལྡོག་ཚུལ་དུ་ལེགས་པར་བསམས་ནས་མོས་པ་དང་སྤྲོ་བ་མ་བྱུང་གི་བར་དུ་བསྒོམ། དགེ་མི་དགེའི་ཚུལ་ལ་གནད་འགག་ཞིབ་མོར་དཔྱད་ན་གོང་གི་གཞི་བསམ་པ་སྦྱོར་བ་མཐར་ཐུག་གི་བར་ཐམས་ཅད་དགེ་སེམས་


GLG012_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནས་ཟིན་པའི་སྦྱིན་གཏོང་ལྟ་བུ་གཅིག་པུ་དཀར་པོའི་ལས། གཞི་ནས་མཐར་ཐུག་གི་བར་མཐའ་དག་སྡིག་སེམས་ཀྱིས་ཟིན་ནས་རང་དོན་དུ་སྲོག་གཅོད་པ་ལྟ་བུ་གཅིག་ཏུ་གནག་པའི་ལས། མང་པོའི་སྲོག་སྐྱོབ་པའི་དོན་དུ་གང་ཟག་གཅིག་གསོད་པ་ལྟ་བུ་སྦྱོར་བ་སྲོག་བཅད་པའི་རྒྱུ་མི་དགེ་བའི་ལས་སྟོབས་ཆུང་དེས་རྒྱུ་མཐུན་གྱི་འབྲས་བུ་སྡུག་བསྔལ་བསྐྱེད་ཀྱང་། བསམ་པའི་ཁྱད་པར་དགེ་བའི་རྒྱུ་སྟོབས་ཆེ་བས་རྣམ་སྨིན་དང་བདག་འབྲས་བདེ་བར་འབྱིན་པས་ན་ལས་ནག་རྣམ་སྨིན་དཀར་བ་བླང་བྱ་དང་། མང་པོ་ཞིག་གསོད་པའི་བསམ་པས་མ་ཆགས་པའི་སྦྱིན་པ་གཏོང་བ་ལྟ་བུ་བསམ་པའི་ཁྱད་པར་མི་དགེ་བ་ཤུགས་ཆེ་བས་རྣམ་སྨིན་དང་བདག་འབྲས་སྡུག་བསྔལ་ཁོ་ན་འབྱིན་ཞིང་། རྒྱུ་མཐུན་གྱི་འབྲས་བུ་ཚེ་ཐུང་བ་དང་ལོངས་སྤྱོད་ཆེ་བའི་འབྲས་བུ་དཀར་ནག་འདྲེས་མར་ཡོད་པས་ལས་དཀར་རྣམ་སྨིན་ནག་པས་སྤང་དགོས་ཚུལ་སོགས་ལས་འབྲས་ཕྲ་མོ་ཡང་བསམ་ཞིང་བླང་དོར་བྱེད་པ་གནད་དུ་ཆེ། འོན་ཀྱང་སྒོམ་ཞྭ་པུས་འཁྱུད་དྲ་ཕད་ཀྱི་སྒྲིབ་ཤིང་དང་སྨིན་མ་གཟེངས་མཐོ་བའི་ལྟ་སྟངས་ཅན་ཕལ་ཆེར་ལ་ནི་དགེ་མི་དགེ་བཅུ་པོ་རགས་རིམ་ཙམ་ངོས་ཟིན་པའི་བླང་དོར་བྱུང་ཡང་སྐྱེན་པའི་ཚད་དུ་འདུག་གོ །ཁྱད་པར་དུ་ཡང་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་ལུས་རྟེན་འཐོབ་པའི་ཐབས་་སུ་གཞན་གྱི་སྲོག་སྐྱོབ་པ། རྟེན་ལ་མར་མེ་འབུལ་བ། གཞན་ལ་བྲན་ལྟར་གུས་པ། སྦྱིན་པ་ལ་བརྩོན་པ། ངག་བག་དང་ལྡན་པ། རང་ལ་ཡོན་ཏན་སྣ་ཚོགས་འབྱུང་བར་སྨོན་ལམ་འདེབས་པ། འབྲས་བུ་མི་དབྱུང་ཞིང་བུད་མེད་ལ་ཉེས་དམིགས་སུ་བལྟ་བ། །གཞན་གྱིས་མི་ནུས་པ་རང་གིས་སྒྲུབ་པ་ལ་བརྩོན་པ་སོགས་ཀྱིས། ཚེ་ཁ་དོག་རིགས་དབང་ཕྱུག་ཕུན་སུམ་ཚོགས་པ།ཚིག་


GLG012_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ། དབང་ཆེ་བ། །སྐྱེས་པ་དང་། སྟོབས་དང་ལྡན་པའི་ཡོན་ཏན་རྣམས་སྒྲུབ་པར་བྱེད་པ་ལ་སྔར་བཞིན་དུ་མོས་སྤྲོའི་བསམ་པ་ནན་ཏན་དུ་བྱ། དེ་ལྟར་དགེ་མི་དགེའི་ངོ་བོ་དང་འབྲས་བུ་རྣམས་དཔྱད་འཇོག་གཉིས་ཀའི་སྒོ་ནས་བསྒོམས་པའི་མཐར། བཤད་མ་ཐག་པའི་དགེ་བཅུ་སྒྲུབ་པ་དང་རྣམ་མཁྱེན་སྒྲུབ་པའི་རྟེན་བཟང་པོ་ཞིག་ཐོབ་པར་བྱེད་པ་ལ་སྔར་བཤད་པའི་མི་དགེ་བ་དེ་དག་གིས་མ་གོས་ཤིང་གསར་དུ་མི་གསོག་པ་ཞིག་ངེས་པར་དགོས་འདུག་ཀྱང་རང་གི་མངོན་སུམ་གྱིས་གྲུབ་པ་ཚེ་འདིར་ཡང་སྡིག་པ་དེ་ཙམ་ཞིག་བསགས། དེས་ཆ་ཙམ་དུ་ཡང་འགྲན་མི་ནུས་པའི་ཚེ་རབས་མང་པོར་རང་གཅིག་པུའི་ཆེད་ཙམ་དུ་མ་ཟད་དཔོན་གྲོགས་བུ་སྤུན་ཟླ་བུད་མེད་གཡོག་འཁོར་སྡེ་དགོན་སོགས་ཀྱི་དོན་དུ་སྡིག་པ་གྲངས་མེད་བསགས་པ་དེ། བཤེས་སྤྲིངས་ལས། ཁྱོད་ཀྱིས་བྲམ་ཟེར་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གཞན་གྱི་དོན་དུ་སྡིག་པ་བྱས་པ་རྣམས་རྣམ་སྨིན་མྱོང་ཚེ་ཡུལ་དེ་དག་དང་བགོ་བཤའ་བྱར་མེད་པར་རང་གཅིག་པུའི་ཐོག་ཏུ་འོང་ཞིང་མྱོང་ངེས་ཀྱི་ལས་ནི་བཟློག་ཏུ་མེད་པར་ཆོས་མངོན་པ་ལས་བཤད་འདུག་པས་ཇི་ལྟར་བྱས་ཀྱང་འཁོར་བ་ལས་ཐར་མི་ནུས་པ་འདྲ་སྙམ་དུ་ཡིད་བློང་བློང་པོར་གྱུར་པ་ན། ག་རེ་བདག་ཅག་གི་སྟོན་པ་ཐབས་མཁས་ཐུགས་རྗེ་ཅན་དེས་དྲང་ངེས་ཀྱི་ཆོས་མང་དུ་བཀའ་སྩལ་པའི་ཐེག་པ་འོག་མར་དེ་ལྟར་བཤད་ཀྱང་། ངེས་དོན་དུ་མཚམས་མེད་བྱས་པའི་སྡིག་པ་རྔམས་ཆེན་ཡང་བཤགས་སྡོམ་བྱས་པས་འདག་ནུས་པར་གསུངས་པས། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་


GLG012_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གཅུང་དགའ་བོ་ཆུང་མ་ལ་ཧ་ཅང་ཆགས་པ་དང་། སོར་འཕྲེང་གིས་མི་གཅིག་གིས་མ་ལོངས་པའི་སྟོང་བསད་པ། མ་སྐྱེས་དགྲས་ཡབ་གཟུགས་ཅན་སྙིང་པོ་བསད་པ་རྣམས་ཀྱང་བཤགས་སྡོམ་བྱས་པས་དག་ཅིང་སྔ་མ་གཉིས་ཀྱིས་དགྲ་བཅོམ་པ་ཐོབ་པ་དང་། བདེ་བྱེད་ཀྱིས་མ་བསད་ཀྱང་འགྱོད་སེམས་ཀྱིས་བླང་དོར་ཚུལ་བཞིན་བྱས་པས་དམྱལ་བར་དར་གྱི་ཕོ་ལོང་བརྡབས་པ་ཙམ་ཞིག་སྐྱེས་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་བཤད་པས་བདག་གིས་དེ་ཙམ་ཞིག་མ་ཐོབ་ཀྱང་ངན་འགྲོའི་སྒོ་ཁེགས་པ་ཞིག་བྱེད་སྙམ་པའི་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ཏེ་སྡིག་པ་བཤགས་པའི་ཡུལ་སྐུ་གསུང་ཐུགས་རྟེན་དགྲམ། དེ་དག་ལ་དཀོན་མཆོག་དངོས་ཀྱི་མོས་པ་བརྟན་པོ་བྱ། སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུའི་སུན་འབྱིན་པའི་འགྱོད་སེམས་དྲག་པོ་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་ཉེས་པ་ལས་སླར་ལྡོག་པའི་སྡོམ་སེམས་སྔོན་དུ་བཏང་ནས་དུག་གཞོམ་པའི་ཆེད་དུ་སྨན་དཀར་པོ་ཆིག་ཐུབ་བསྟེན་པ་ལྟར། རྗེ་བདག་ཉིད་ཆེན་པོས་མཛད་པའི་སྟོབས་བཞིའི་བཤགས་པ། གཞན་ཡང་འཕགས་པ་ཕུང་པོ་གསུམ་པའི་མདོ་ངན་སོང་དང་སྡིག་པ་སྦྱོང་པའི་གཟུངས་སྔགས་ཁྱད་པར་ཅན་དེ་བཞིན་གཤེགས་པའི་མཚན་བརྗོད་པ་སོགས་དང་བཅས་ཕྱག་འཚལ་བ་ནི་ལག་ལེན་དངོས་ཡིན་ནོ། །གཞུང་ཆེན་པོར་སུན་འབྱིན་པའི་སྐབས་སུ་གསེར་འོད་དམ་པའི་བཤགས་པ་གསུངས་པ་ནི་ཉེས་པ་རྣམས་སྔོ་བགྲང་བྱེད་པར་དགོངས་ཤིང་། གཉེན་པོ་ཀུན་སྤྱོད་ཀྱི་སྐབས་
མདོ་སྡེ་ཀློག་པ་སྐུ་གཟུགས་བཞེང་བ་མཆོད་པ་འབུལ་བ་སོགས་ནི་ཐུན་མཚམས་རྒྱུན་གྱི་སྤྱོད་ལམ་རྣམས་ལ་བྱ་བའི་དབང་དུ་མཛད། དེ་ཁོ་ན་ཉིད་ཀྱི་རྒྱས་འདེབས་པ་ནི་ཐུན་དངོས་དང་མཚམས་ཀྱི་ངེས་པ་མེད་ཀྱང་གང་ཟག་གི་བློ་རྣོ་རྟུལ་ལ་རག་ལུས་ལ། རབ་ཏུ་བྱུང་བ་ལྟ་བུ་ལ་དངོས་གཞིའི་ཚེ་ལྟུང་བ་ཕྱིར་བཅོས་པ་ཡང་བཤད་པས་སྤྱིར་བཏང་དམིགས་བསལ་ཕྱེད་པའི་སྒོ་ནས་ཉམས་སུ་ལེན་པ་ལགས་སོ། །སྨྲས་པ། སྐྱེ་བར་མ་རིག་སྟུག་པོའི་ལིང་ཐོག་གིས། །བླང་དང་དོར་བྱར་བལྟ་བའི་མིག་ལྡོངས་རྣམས། །བཞིན་རས་ནག་ནོག་གོས་ཀྱི་དྲི་མ་སོགས། །འཁྲུད་པར་བྱེད་པ་དོན་ཆེན་ཡིན་པར་རློམ། །ལ་ལ་བསགས་ཀྱང་འཛད་པ་ཟང་ཟིང་ནོར། །བྱ་ལམ་རྗེས་མེད་ཆུ་ཡི་རི་མོ་ལ། །དཀའ་བ་ཁྱད་དུ་བསད་ནས་སྒོ་གསུམ་གྱིས། །མི་བཟད་འབད་པ་དྲག་པོས་དཀའ་ཐུབ་བསྟེན། །རྨི་ལམ་ཡུལ་གྱི་བདེ་སྡུག་ཇི་བཞིན་དུ། །ལོང་མེད་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་སོགས། །ཆོས་བརྒྱད་གཡེང་བའི་ཁོལ་པོར་འཛད་པའི་ངང་། །མནར་མེད་དམྱལ་པའི་བུད་ཤིང་བྱས་ཀྱི་དོགས། །མི་ཤེས་བླུན་པོ་ཚེ་འདིའི་དོན་གྱི་ཆེད། །མི་དགེའི་ལས་ལ་འཇུག་པ་བདེན་མོད་ཀྱི། ཁོ་བོ་གསུང་རབ་མང་པོ་ཐོས་བཞིན་དུ། །གཏན་འདུན་རླུང་ལ་བསྐུར་བ་ངོ་རེ་གནོང་། ཀྭ་ཡེ་དཔྱིད་དུས་ས་བོན་གང་བཏབ་པའི། །སྟོན་ཀ་འབྲས་བུ་སོ་སོར་སྨིན་པ་བཞིན། །དཀར་ནག་རྒྱུ་ལས་བདེ་སྡུག་འབྲས་འབྱིན་པའི། །ཚུལ་འདི་བསམས་པའི་བླང་དོར་གནད་འགག་གཅེས། །འགྱོད་སྡོམ་སེམས་ཀྱིས་དཀོན་མཆོག་གསུམ་གྱི་དྲུང་། །སྡིག་ཚོགས་བཤད་ནུས་གཉེན་པོ་སྟོབས་བཞི་ཡིས། །ཡུན་རིང་གོམས་ཤིང་འདྲིས་པའི་ངན་སོང་གི།གནས་ངན་འདི་ཡི་རྒྱུ་ཚོགས་དྲུང་ནས་འབྱིན། །ཞེས་བྱ་བ་ནི་བར་


GLG012_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་ཚིགས་སུ་བཅད་པའོ། །

སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ།


GLG012_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ།འཇམ་དབྱངས་མགྲིན་འཁྱུད་སྨྲ་མཁས་ངག་གི་དབང་། །བརྩེ་ཆེན་ཕྱག་ན་པད་མའི་རང་གཟུགས་ཅན། །མཐུ་སྟོབས་གསང་བའི་བདག་པོའི་ངང་ཚུལ་གྱིས། །རིགས་གསུམ་སྒྱུ་དྲའི་གར་མཁན་ཙོང་ཁ་པ། ཁྱེད་གསུང་དང་པོའི་སྐྱེས་བུ་བློ་སྦྱོང་པའི། །ཐུན་མོང་ལམ་གྱི་རིམ་པའི་གནད་འགག་རྣམས། འཁྲུལ་མེད་ཚིག་ཉུང་དོན་རྒྱས་གོ་བདེ་བར། །ཡོངས་འཛིན་བླ་མའི་གསུང་བཞིན་བཤད་ཟིན་ནས། །སྡུག་ཀུན་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །བསྒྲལ་ནས་འགོག་ལམ་རིན་ཆེན་གླིང་མཆོག་ཏུ། །བགྲོད་བྱེད་རྒྱ་བོད་མཁས་པའི་ལེགས་བཤད་ཀྱི། །རྒྱུད་མར་གླུ་ལ་བློ་ལྡན་རྣ་བ་བློགས། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ནི་ལམ་སྒྲོན་ལས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་སྐྱེས་བུ་ཆུང་ངུ་ནི་མངོན་མཐོ་ལྷ་མིའི་གོ་འཕང་སོགས་དོན་དུ་གཉེར་བར་བྱེད་པ་ལས། ཚུལ་དེ་ཙམ་ཐོབ་བྱར་མི་འཇོག་པས་ལམ་བསླབ་པ་གསུམ་ལ་བརྟེན་ནས་འཁོར་བ་ལས་ཐར་བའི་ཞི་བདེ་ཙམ་དོན་དུ་གཉེར་བ་རྣམས་སྐྱེས་བུ་འབྲིང་དུ་བཤད་པས་ན་སྐབས་འདིར་ཞི་བ་ཙམ་དོན་དུ་མི་གཉེར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་དེའི་སྔོན་དུ་ངེས་པར་ཐར་པ་ཐོབ་དགོས་པས་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ཉམས་སུ་ལེན་པ་ལ་སླར་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་ཉམས་ལེན་རྣམས་གོ་རིམ་མ་ལོག་པར་བྱས་པས་རེ་ཞིག་ངན་སོང་གསུམ་དུ་སྐྱེས་ཏེ་སྡུག་བསྔལ་གྱི་སྡུག་བསྔལ་མྱོང་མ་དགོས་པ་ནི་བཙོན་དོང་ནས་ཐར་བའི་མི་


GLG012_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དགའ་བ་ཁྱད་པར་ཅན་ཐོབ་ནའང་། མི་དེ་སླར་བཙོན་ཁང་དུ་མི་འཇུག་པའི་གདེངས་མེད་པ་ལྟར་ཚེ་འདིར་གཉེན་པོ་སྟོབས་བཞིའི་སྒོ་ནས་སྔར་བྱས་ཀྱི་སྡིག་པ་རྣམས་བྱང་ཞིང་གསར་དུ་མ་བསགས་ལ་དགེ་བ་བཅུ་བསྒྲུབས་པའི་མཐུས་སྐྱེ་བ་ཕྱི་མར་བདེ་འགྲོའི་ལུས་ཤིག་ཐོབ་ཀྱང་ཉོན་མོངས་མ་སྤངས་པའི་དབང་གིས་ཚེ་སྔོན་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་པའི་བློ་སོ་ན་མི་སྡོད་པར་མི་དགེ་བའི་ལས་གསར་དུ་མི་གསོག་པའི་ཆ་ག་ལ་ཡོད། གལ་ཏེ་བསགས་ན་སླར་ཡང་ངན་སོང་གི་གནས་སུ་ལྡོག་པས་ན་སྤྱོད་འཇུག་ལས། བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྦྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྷུང་། །ཞེས་དཔེར་ན་ཚ་རེག་གིས་མནར་བ་ན་རླུང་བསེར་བུའམ་འབབ་ཆུ་ལྟ་བུ་ལུས་ལ་ཕོག་ཏུ་བཅུག་པའི་ཚེ་རེ་ཞིག་བདེ་བ་སྐྱེ་ནའང་ཡུན་སོང་བ་དང་གྲང་བའི་སྡུག་བསྔལ་བསྐྱེད་པ་བཞིན་ཟག་བཅས་ཀྱི་བདེ་བ་མཐའ་དག་ནི་འགྱུར་བའི་སྡུག་བསྔལ་ཤ་སྟག་ཡིན་པས་གནས་སྐབས་ཀྱི་བདེ་བ་ལ་ཡིད་བརྟན་མི་རུང་བ་འདུག །ད་ལྟ་ལས་ཉོན་གཉིས་ཀྱིས་འཁོར་བ་འདིར་ཉིང་མཚམས་སྦྱོར་དུ་བཅུག་ནས་མངོན་པར་བཅིངས་པ་འདི་ལ་ངེས་པར་འབྱུང་བའི་བློས་འདོར་འདོད་ཀྱིས་བསམ་པ་དང་བཅས་ཏེ་འབད་པས་བསྒྲུབས་པས་བཅིངས་པ་ལས་རྣམ་པར་ཐར་པ་ནི་ཞི་བའི་གོ་འཕང་ཡིན་པས་འདི་ཉིད་དོན་དུ་གཉེར་བར་བྱེད་པ་ལ་འཁོར་བའི་སྡུག་བསྔལ་བསམ་པ། དེ་ལས་ཐར་བར་བྱེད་པའི་ལམ་ཉམས་ལེན་གྱི་རིམ་པ་བཤད་པ་དང་གཉིས། དང་པོ་ལ་སྡུག་བསྔལ་དང་ཀུན་འབྱུང་གི་སྒོ་ནས་བསམ་པ། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་གཉིས། དང་པོ་ལ་སྡུག་བསྔལ་འཁོར་བའི་ཉེས་དམིགས་དང་། ཀུན་འབྱུང་འཁོར་བའི་


GLG012_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རིམ་གཉིས་ལས། དང་པོ་ནི་མདོ་ལས། དགེ་སློང་དག །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །ཞེས་འབྲས་བུ་སྡུག་བསྔལ་བདེན་པ་དང་པོ་དང་། རྒྱུ་ཀུན་འབྱུང་བདེན་པ་རྗེས་སུ་གསུངས་པ་འདི་རྒྱུ་འབྲས་གོ་ལྡོག་པ་ལྟ་བུར་སྣང་ཡང་དགོས་པ་ཁྱད་པར་ཅན་ལ་དགོངས་པའི་ཚུལ་བཞི་བརྒྱ་པ་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདི་ནི་བྱིང་བ་ལ། །འཇིགས་པ་ཅིས་ན་སྐྱེ་མི་འགྱུར། །ཞེས་འབྲས་བུ་སྡུག་བསྔལ་ལ་བདེ་བར་འཛིན་པའི་བློ་ཡོད་ན་དེའི་རྒྱུ་ལས་དང་ཉོན་མོངས་པ་ལ་འཇིགས་པ་དང་སྤོང་སེམས་མི་སྐྱེ་ལ། དེ་ལས་གོ་ལྡོག་ན་འབྲས་བུ་དེ་མི་འདོད་བའི་དབང་གིས་དེའི་རྒྱུ་འགོག་པར་བྱེད་པ། དཔེར་ན་རང་རེ་ས་སྐམ་པོ་ཞིག་གི་སྟེང་ན་ཡོད་པའི་ཚེ་གློ་བུར་དུ་ཆུ་ཞིག་བྱུང་ནས་ལུས་དང་གོས་སྟན་སོགས་གཤེར་ཏེ་གྲང་བའི་རེག་བྱས་ཉེན་པ་ནི་སྡུག་བསྔལ་བདེན་པ། ཆུ་དེ་གང་ནས་བྱུང་བརྟགས་ནས་ཕྱོགས་འདི་ཞེས་བྱ་བ་ནས་བྱུང་བར་ངེས་པ་ནི་ཀུན་འབྱུང་བདེན་པར་ངེས་པ། ལུས་གྲང་རེག་ལས་གྲོལ་བ་ནི་འགོག་པའི་བདེན་པ། དེའི་ཐབས་སུ་ཆུ་འོལ་ཀ་བསྒྱུར་བའི་བྱ་བ་བྱེད་པ་ནི་ལམ་གྱི་བདེན་པ་སྟེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་ཆུས་གཤེར་བ་ལ་སྡུག་བསྔལ་དུ་ངོ་མ་ཤེས་ན་ཆུ་དེ་དགག་འདོད་ཀྱི་བློ་མི་འབྱུང་། རླན་དང་བྲལ་བ་དེ་བདེ་བར་མ་ཤེས་ན་ཆུ་འགོག་བྱེད་ཀྱི་རགས་བརྩིག་པའི་བློ་མི་འོང་བས་བདེ་སྡུག་གང་གི་ཡང་འབྲས་བུ་ངོས་ཟིན་པར་བྱས་ནས་དེ་སྐྱེད་བྱེད་ཀྱི་རྒྱུ་ལ་འདོར་


GLG012_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མཛད་པ་ནི་གནད་ཤིན་ཏུ་ཆེ་བའི་ཕྱིར་ཚུལ་དེ་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ་ཐོག་མར་སྡུག་བསྔལ་བདེན་པ་བསམ་པ་ལ་ལམ་རིམ་དུ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་སོ་སོར་གསུངས་པའི་སྐྱེ་རྒ་སོགས་སྤྱི་ལ་སྦྱར་བ་ནི་སྤྲོས་པ་ཆེ་བའི་དབང་དུ་མཛད་པ་ཡིན་ཞིང་། སྐབས་དོན་སྙིང་པོ་དྲིལ་ན། ངན་སོང་གསུམ་ནི་སྔར་སྐྱེས་བུ་ཆུང་ངུའི་དུས་མྱོང་བ་ཚད་ཐུབ་བསྒོམས་ཟིན་པས་ཆང་འཐུངས་པས་ནད་དྲག་པོ་བསླང་སྟེ་སྐྱུགས་ལོག་པ་ཞིག་ལ་ཆང་མཐོང་ཙམ་ནས་དེ་ལ་མི་སྡུག་པའི་བློ་སྐྱེ་བའི་མཐུས་བྱེ་བྲག་གི་རོ་སྐྱུར་པ་དང་ངན་པ་སོགས་ཆེད་དུ་བསམ་མི་དགོས་པར་རྟ་རྒྱུག་པའི་ཞར་ལ་མེ་ཏོག་ཆོད་པ་ལྟར་འོང་བས། ངན་སོང་གི་སྐྱེ་བའི་སྡུག་བསྔལ་ཆེད་དུ་མ་བསྒོམས་པས་སྐྱོན་དུ་མི་འགྱུར་ཞིང་། །དངོས་དོན་བདེའི་འགྲོའི་སྡུག་བསྔལ་ལ་གཙོ་ཆེར་སྦྱར་ཏེ་བསམ་པ་ལ། མི། བདེ་འགྲོ་གཞན་གཉིས། ཞར་བྱུང་རིགས་དྲུག་ཐུན་མོང་གི་སྡུག་བསྔལ་སྒོམ་པ་དང་གསུམ། དང་པོ་ནི་ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པ་རྣམས་ནི་རྒ་བ་དང་འཆི་བ་སོགས་ཀྱི་སྡུག་བསྔལ་སྣ་ཚོགས་ཀྱི་གནས་སུ་གྱུར་ཅིང་སེམས་རབ་ཏུ་མ་ཞི་བས་དུག་གསུམ་གྱིས་ལུས་སེམས་ངལ་བཞིན་དུ་མཐར་འཆི་བའི་ཆོས་ཅན་ལས་མ་འདས་མོད། དེ་ཡང་སྐྱེ་གནས་བཞིར་གསུངས་པ་ཡང་གཙོ་ཆེ་བ་མངལ་སྐྱེས་ཀྱི་དབང་དུ་བྱས་ཏེ། སློབ་སྤྲིངས་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་བཅེར་བས་འགགས། །རབ་ཏུ་དོག་པ་མུན་ནག་འཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །ཞེས་ཕོ་བའི་འོག་ལོང་ཁའི་སྟེང་ན་ཁ་སྒལ་ཚིགས་ལ་བལྟས་ནས་དྲི་ང་ཞིང་མི་གཙང་པའི་ལྗན་ལྗིན་གྱི་ཁྲོད་དུ་ཡོད་པ་ལས་རིམ་གྱིས་མེར་མེར་པོ་ནས་རྐང་ལག་འགྱུས་པའི་བར་རྣམས་


GLG012_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་སྐབས་སུ་མས་བཟའ་བཏུང་ཚ་བ་བསྟེན་ན་མེ་དོང་དུ་ཆུད་པ། གྲང་བ་བསྟེན་ན་འཁྱགས་སྦུབས་སུ་གནས་པ། མཆོང་བ་དང་རྒྱུག་པ་སོགས་ཀྱི་ཚེ་གཡང་ལ་ལྷུང་བ་ལྟ་བུའི་ཉམས་འཆར་བ་སོགས་མའི་སྤྱོད་ལམ་མི་གཟོ་བ་མཐའ་དག་ལ་བརྟེན་པའི་སྡུག་བསྔལ་ཐོག་ཏུ་འབབ་བཞིན་པ་གནས་ཞག་ཉིས་བརྒྱ་དྲུག་ཅུ་རྩ་དྲུག་སོང་བ་ན་ལས་ཀྱི་རླུང་གིས་མགོ་བོ་ཐུར་དུ་བསྟན་ཏེ་མངལ་སྒོའི་རུས་པ་ཤིན་ཏུ་དོག་པ་ནས་ཕྱིར་འབྱུང་པའི་ཚེ་བ་གླང་གི་པགས་པ་དམར་བཤུས་བྱས་པ་ལ་སྦྲང་མ་མཆུ་ཅན་གྱིས་ཟོས་པ་ལྟ་བུའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་བཞིན་དུ་སྐྱེ་ཞིང་། བཙས་ནས་ཀྱང་རེ་ཞིག་གི་བར་སྟན་འཇམ་པ་ལ་བཞག་ཀྱང་ཚེར་དོང་དུ་བཅུག་པ་ལྟ་བུའི་ཚ་གྲང་གི་སྡུག་བསྔལ་ཆུང་ངུ་ཙམ་ཡང་བཟོད་དཀའ་བའི་ཚུལ་རྣམས་རང་གི་ཚེ་སྔོན་མ་དང་འདིའི་བར་དུ་ཉམས་སུ་མྱོང་ཟིན་པ་ཞིག་ཡིན་ནའང་། མངལ་གྲིབ་དང་ན་ཚོད་གཞོན་པའི་དབང་གིས་ད་ལྟ་དྲན་པའི་ཡུལ་དུ་མ་གྱུར་པས་རྗེས་སུ་དཔགས་པའི་ཚུལ་གྱིས་བསྒོམ་པ་ལ་སྔར་སྐྱེས་བུ་ཆུང་ངུའི་སྐབས་བཞིན་བཤད་མ་ཐག་པའི་སྡུག་བསྔལ་དེ་རང་ཐོག་ལ་ཇི་ལྟར་བྱུང་བའི་ཚུལ་གྱིས་བསམས་པ་ན། ད་ལྟ་རང་ཤོང་གི་བུམ་པ་ལྟ་བུ་ཞིག་གི་ནང་དུ་ཞག་གཅིག་ཆུད་དེ་སྟེང་འོག་ཀུན་ཏུ་བཤང་གཅི་སོགས་མི་གཙང་བའི་རྫས་ཀྱིས་གང་བར་གྱུར་ན་བཟོད་ཐབས་མེད་པ་མངོན་སུམ་གྱིས་གྲུབ་ལ། དེས་གོང་གི་སྡུག་བསྔལ་གྱི་ཆ་ཙམ་དུ་ཡང་མི་འགྱུར་བའི་ཕྱིར་ན་བདེ་འགྲོར་སྐྱེ་བ་ལེན་པ་ལ་ཡང་སྐྱུགས་ནད་ཅན་གྱིས་ཟན་མཐོང་བ་ལྟ་བུའི་ཞེན་ལོག་མ་བྱུང་གི་བར་དུ་བསྒོམ་གསུང་། དེ་བཞིན་དུ་རྒ་བའི་སྡུག་བསྔལ་ཡང་རྒྱ་ཆེ་རོལ་བ་ལས། རྒ་བས་གཟུགས་སྡུག་གཟུགས་མི་སྡུག་པར་བྱེད། །རྒ་བས་


GLG012_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག །རྒ་བས་བདེ་བ་འཕྲོག་ཅིང་བརྙས་པ་བྱེད། །རྒ་བས་འཚོ་བྱེད་རྒ་བས་མདངས་ཀྱང་འཕྲོག །ཅེས་སྐྲ་དཀར་ཞིང་ལུས་གུག་པ། དཔྲལ་བ་གཉེར་མས་ཁེབས་པ་སོགས་ལུས་ཀྱི་མཐུ་ཉམས་པའི་ཚུལ་ལ་མཚོན་ན། སྔར་ན་ཚོད་དར་བབ་ཀྱི་དུས་ལུས་དྲང་ཞིང་སྐྲའི་མདོག་གནག་པ་པགས་པ་ལ་གཉེར་མ་སོགས་མེད་པའི་གཞོན་ཤ་ཅན་དེ་ད་ལྟ་ལུས་ལ་འཕོས་ཀྱང་འཕོས་པ་དང་ཁྱད་པར་མེད་པ་འདི་བཞིན་དུ་སོང་འདུག །སླར་ཡང་ལོ་ཟླ་ཞག་མང་སོང་རིམ་གྱིས་ཟླ་བ་མར་གྱི་ངོ་བཞིན་རྣམ་པར་འགྲིབས་ནས་འཆི་བདག་གི་ཁར་ཆུད་པར་འདུག་སྙམ་དུ་སྐྱོ་ཤས་ཀྱི་མྱོང་བ་དྲག་པོ་མ་ཐོན་གྱི་བར་དུ་བསམ། དེ་བཞིན་དུ་ལུས་ཀྱི་མཐུ་ཉམས་པས་ལྡང་འདུག་ཚུལ་བཞིན་དུ་མི་འོང་། འགྲོ་བའི་ཚེ་གོམ་པ་འཁྱོར། ངག་ལྡབ་ལྡིབ་དུ་སྨྲ་བས་མཚོན་ཏེ་དབང་པོ་ཉམས་པས་མིག་རྣ་སོགས་ཀྱིས་སྔར་ལྟ་བུའི་མཐོང་ཐོས་སོགས་ཇི་བཞིན་མི་འབྱུང་ཞིང་དྲན་པ་མི་གསལ་བས་བརྗེད་ངས་ཅན་དུ་འགྱུར། བཟའ་བཏུང་ཡང་སྔར་ཟ་བའི་ཚོད་ཙམ་དུ་ཟོས་ན་ནད་སྣ་ཚོགས་སྐྱེད་པར་བྱེད་པའི་ཚུལ་རྣམས་གོང་བཞིན་བསྒོམ། ཉམས་ལེན་བྱེད་པ་པོ་ན་ཚོད་གཞོན་ནུ་ཞིག་ཡིན་ན་མགོ་བོ་དཀར་བ་སོགས་བཤད་མ་ཐག་པའི་སྐྱོན་ཕལ་ཆེར་རང་ཉམས་ལ་དཔགས་ཏེ་གཞལ་རྒྱུ་མེད་མོད། ན་ཚོད་རྒན་པོ་ཞིག་ལ་ཕར་བལྟས་ནས་འདི་ཡང་མའི་མངལ་ནས་བཙའ་བའི་དུས་རྒས་ཤིང་འཁོགས་པ་འདི་ག་མིན་པ་ཐག་ཆོད། བདག་ལྟ་བུའི་གཞོན་ནུ་ཞིག་གནས་སྐབས་འདི་འདྲར་གྱུར་འདུག་གོ་བསམ་པའི་ཚུལ་གྱིས་བསྒོམ་གསུང་། ན་བའི་སྡུག་བསྔལ་ནི་སྔར་རང་ཉིད་ནད་དྲག་པོས་འདེབས་མྱོང་བའམ་མིན་ན་ནད་པ་གཞན་དག་ལ་རྗེས་སུ་དཔགས་ཏེ་ཡུན་རིང་པོ་ནས་འདུ་བ་འཁྲུགས་པའི་ནད་


GLG012_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དམ། གློ་བུར་དུ་གདོན་དང་མཚོན་ལ་སོགས་པས་གཙེས་པའི་ཚུལ་ནི། རྒྱ་ཆེར་རོལ་པ་ལས། དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། །རྩ་ཤིང་གེལ་བ་ནགས་སྨན་མདངས་ཀྱང་འཕྲོག །དེ་ལྟར་ནད་འདིས་འགྲོ་བའི་མདངས་འཕྲོག་ཅིང་། །དབང་པོ་ཟུངས་དང་སྟོབས་ནི་ཉམས་པར་བྱེད། །ཅེས་ཚ་གྲང་ཤས་ཆེ་ཆུང་གི་ཟུག་གཟེར་སོགས་གདུང་བ་སྣ་ཚོགས་ཀྱིས་ཉམ་ཐག་པས་ལུས་ཀྱི་ཤ་ལྤགས་བསྐམས་ཤིང་བསྒུལ་སྐྱོད་དཀའ། ཡིད་དུ་འོང་བའི་ཟས་སྐོམ་རྣམས་ནད་ལ་གནོད་ཀྱི་དོགས་ནས་སྨན་པ་སོགས་ཀྱིས་ཟར་མི་སྟེར། ཡིད་དུ་མི་འོང་བའི་ཟས་དང་སྨན་སྣ་ཚོགས་གཏར་སྲེག་རྣམས་མི་འདོད་བཞིན་དུ་བསྟེན་དགོས་ཚུལ་བསམ་མོ། །འཆི་བའི་སྡུག་བསྔལ་ནི། རྒྱ་ཆེར་རོལ་པ་ལས། འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །ཕྱིར་མི་འོང་ཞིང་འཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཀླུང་རྒྱུན་མཚུངས། །ཞེས་ནད་ལས་ཐར་བ་ཞིག་བྱུང་ན་དཀའ་བ་དེ་ཙམ་སྤྱོད་རིང་ཆོག་ནའང་། །ཕལ་ཆེར་ནི་ཐབས་སྣ་ཚོགས་བྱས་པས་ཀྱང་ནད་ཇེ་ཆེར་སོང་སྟེ་སྨན་པས་བོར། མོ་བོན་གྱིས་བསླུས། གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ནས་སྨྲེ་སྔགས་འདོན། ཤི་དགེ་དང་དུར་འདེབས་ཀྱི་གཤོམ་ར་འདིང་། རང་ཉིད་ཀྱང་བཀྲག་མདངས་ཉམས། ཁ་བསྐམས། །མཆུ་བརྫེས། སྣ་ཞོམ་མིག་ཀོང་མོར་སོང་། དབུགས་བརྩེགས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད། གཉེན་བཤེས་འཁོར་གཡོག་རྫས་ནོར་ཕུན་ཚོགས་ཀུན་དང་བྲལ། གཅེས་པར་བསྐྱངས་པའི་ལུས་ཀྱང་མལ་དུ་བཞག་སྟེ་ཆགས་ཞེན་དྲག་པོའི་དབང་གིས་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་ཚུལ་གྱི་སྡུག་བསྔལ་དྲག་པོས་མནར་བ་རྣམས་


GLG012_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མོ། །དགྲ་ལ་བརྟེན་པའི་སྡུག་བསྔལ་ནི། མི་སྡུག་པའི་དགྲ་ཞིག་གིས་ལུས་སྲོག་གཏམ་དོན་ལ་གནོད་པ་བྱས་དོགས་པའི་སྡུག་བསྔལ་ལྟ་ཅི་སྨོས། དགྲ་དངོས་སམ་མི་མཛའ་བ་ཞིག་དང་གནས་ཁང་གཅིག་ཏུ་འཚོག་དགོས་བྱུང་ནའང་ཡིད་མི་བདེ་བ་ནག་ཡོར་རེ་བ་ལྟ་བུའི་སྣང་བ་འཆར། དེ་ཕྱོགས་གཞན་ཞིག་ཏུ་སོང་ན་ནམ་ལངས་པ་ལྟ་བུའི་སྤྲོ་བ་འབྱུང་ཚུལ་ལ་བརྟེན་ནས་དགྲ་སྡང་བ་དང་ཕྲད་ཀྱི་དོགས་པའི་སྡུག་བསྔལ་བསམ། གཉེན་ལ་བརྟེན་པའི་སྡུག་བསྔལ་ནི། གཉེན་བཤེས་དང་། དེའི་ནང་ནས་ཀྱང་ཤིན་ཏུ་མཛའ་བ་ཞིག་ཡུལ་གཞན་དུ་སོང་བ་ལ་དེ་དག་གི་ཡོན་ཏན་དང་ཕུན་ཚོགས་རྣམས་དྲན་ཏེ་སྒོ་གསུམ་སྡུག་བསྔལ་དྲག་པོ་དང་། དེ་ལས་གོ་ལོག་ན་དགའ་བ་ཆེན་པོ་འབྱུང་བའི་ཚུལ་གྱི་གཉེན་སྡུག་པ་དང་བྲལ་གྱི་དོགས་པའི་སྡུག་བསྔལ་བསམ། འདོད་པ་ལ་བརྟེན་པའི་སྡུག་བསྔལ་ནི། ཚོང་པ་དང་ཞིང་ལས་པ་སོགས་ཀྱིས་འབད་པས་བསྒྲུབས་ཀྱང་ཚོང་ཟོག་སྟོར་བ་དང་ལོ་ཏོག་སེར་བས་བཅོམ་པ། དབུ་གཙོ་དང་ཞང་བློན་རྣམས་ཀྱིས་དགྲ་མ་ཐུལ་ཞིང་གཉེན་མ་འཁྱོངས་པ། རབ་ཏུ་བྱུང་བ་ལ་ལ་གཉེན་པོ་ཞན་པས་ཚུལ་ཁྲིམས་ཀྱི་འགོ་མི་ཐོན་པ། ཤེས་རབ་དམན་པས་ཐོས་བསམ་གྱི་བྱ་བ་མ་འགྲུབ་པ་སོགས་འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ། གཞན་ཡང་ཁ་དྲག་པོ་ཞན་པོར་སོང་བ། ཕྱུག་པོ་སྤྲང་པོར་སོང་བ། མི་མང་པོ་གཅིག་པུར་སོང་བས་མཚོན་ཏེ་རྒྱལ་ཁམས་ལ་བརྟགས་ན་སྔར་གྱི་ས་ན་མི་འདུག་པ་སོགས་མདོར་ན་བཀྲེས་སྐོམ་ཚ་གྲང་མི་འདོད་པ་སྣ་ཚོགས་པས་མིའི་ལུས་རྟེན་འདི་ཉིད་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པར་མྱོང་བ་སྙིང་ཐག་པ་ནས་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །བྱང་ཆུབ་ལམ་རིམ་དུ་སྡུག་བསྔལ་བརྒྱད་བསམ་པ་


GLG012_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲུག་བསམ་པ་སོགས་སྤྱི་ལྡོག་ཏུ་གསུངས་ནའང་། འཁྲིད་ཀྱི་སྐབས་འཇུག་པ་བདེ་བའི་དབང་དུ་མཛད་དེ་སྡུག་བསྔལ་བདུན་པོ་གཙོ་ཆེར་མི་ལ་སྦྱར་ནས་དེའི་མཇུག་ཏུ་བདེ་འགྲོ་གཞན་གཉིས་ཀྱི་སྡུག་བསྔལ་དང་སྡུག་བསྔལ་བརྒྱད་པ་དང་། གསུམ་དང་དྲུག་བསམ་པ་རྣམས་སྤྱིར་མཛད་པ་ཡིན་ནོ། །གཉིས་པ་བདེ་འགྲོ་གཞན་གཉིས་ཀྱི་སྡུག་བསྔལ་བསམ་པ་ནི། བཤེས་སྤྲིངས་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་འཕྲེང་བརྙིངས་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །ཞེས་འདོད་པའི་ལྷ་རྣམས་ལ་མི་ལྟ་བུའི་སྐྱེ་རྒ་སོགས་ཀྱི་སྡུག་བསྔལ་མེད་ནའང་། འཆི་བར་ཉེ་བའི་ཚེ་གློ་བུར་དུ་ལུས་ཀྱི་བཀྲག་མདངས་ཉམས་ཤིང་བདེ་བའི་སྟན་ལ་འདུག་སྙིང་མི་འདོད་པ། མེ་ཏོག་གི་འཕྲེང་བ་བརྙིངས་པ། གོས་ལ་དྲི་མ་ནག་ནོག་ཆགས་པ། སྔོན་མེད་པའི་ལུས་ལ་རྔུལ་འབྱུང་བ་རྣམས་འཆི་ལྟས་ལྔ། ལུས་ཀྱི་འོད་ཆུང་དུ་སོང་བ། ཁྲུས་ཆུ་ལུས་ལ་ཆགས་པ། གོས་རྒྱན་ལས་སྒྲ་མི་སྙན་པ་འབྱུང་བ། མིག་གི་རྫི་མ་འཁྲབ་པ། ཡུལ་གཅིག་ལ་ཆགས་པ་ལྔ་པོ་ཉེ་བའི་འཆི་ལྟས་ཏེ་བཅུ་པོ་དེ་རྣམས་འཆི་ལྟས་སུ་རིག་ནས་སྡུག་བསྔལ་ཞིང་། ཁྱད་པར་སྐབས་གསུམ་པ་ཞེས་བྱ་བ་གང་དུ་སྐྱེ་འགྱུར་གྱི་གནས་ཀྱང་བརྟགས་ན་ཤེས་པ་ཡིན་པས། དེ་མ་ཐག་དམྱལ་བར་སྐྱེས་ངེས་ལྟ་བུ་ཡིན་ན་དམྱལ་བར་སྐྱེས་ཟིན་པ་དང་ཁྱད་པར་མེད་པའི་སྡུག་བསྔལ་དྲག་པོ་མི་བཟད་པ་ཡོད་པས་མི་ལྟ་བུ་ལ་ངན་སོང་དུ་སྐྱེས་དོགས་པ་ཙམ་ལས་རྟག་བརྟན་ཐེར་ཟུག་དེ་འདྲ་མེད་པས་ལྷའི་སྡུག་


GLG012_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ལྷག་པར་ཆེ་བ་ཡིན་གསུང་། གཞན་ཡང་བསོད་ནམས་ཆེན་པོའི་ལྷ་རྣམས་མཐོང་བའི་ཚེ་ཆུང་བ་རྣམས་སྤ་བཀོང་བ་དང་། སྟོབས་ཆེ་བས་ཆུང་བ་གནས་གཞན་དུ་བསྐྲོད་པ་དང་། ལྷ་མ་ཡིན་དང་འཐབ་པའི་ཚེ་ཕན་ཚུན་གཅིག་གིས་གཅིག་གསོད་ཅིང་ལུས་དང་ཡན་ལག་གཏུབ་ཅིང་གཅོད་པའི་སྡུག་བསྔལ་སྣ་ཚོགས་པ། གཟུགས་གཟུགས་མེད་ཀྱི་ལྷ་རྣམས་ནི་མངོན་གྱུར་གྱི་སྡུག་བསྔལ་དེ་དག་དང་མི་ལྡན་ནའང་རྒྱ་མཚོའི་གཟིངས་ཀྱི་ཕུག་རོན་སླར་ཡང་གཟིངས་ལ་འཁོར་བ་ལྟར་ཏིང་ངེ་འཛིན་གྱི་འཕེན་པ་ཟད་དེ་ཤི་བའི་རྗེས་སུ་སླར་ཡང་འདོད་ཁམས་ཀྱི་སྡུག་བསྔལ་མངོན་གྱུར་སྤྱོད་དགོས་ཚུལ་ལེགས་པར་བསྒོམ་མོ། །གསུམ་པ་ཞར་བྱུང་རིགས་དྲུག་ཐུན་མོང་གི་སྡུག་བསྔལ་བསམ་པ་ནི། གཞན་ཡང་འཁོར་བ་ལས་མ་གྲོལ་ཕྱིན་ཆད་བསོད་ནམས་ཀྱི་མཐུས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ཚངས་པར་གྱུར་ཀྱང་སླར་བྲན་དུ་འགྱུར་བ་ལྟ་བུ་ནི་འགྲུབ་པའི་སྡུག་བསྔལ། ཚེ་འདིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནི་གྲུབ་ཟིན་པའི་སྡུག་བསྔལ། འབྲས་ཚ་བའི་སྟེང་དུ་ཚྭ་ཆུ་བཏབ་པའི་འགྱུར་བྱེད་ཀྱི་རེག་པ་དང་ཕྲད་པས་སྡུག་བསྔལ་ཆེར་སོང་བ་ལྟ་བུ་ནི་སྡུག་བསྔལ་གྱི་སྡུག་བསྔལ། ཕྱིན་པས་ངལ་བ་ན་བསྡད་པས་བདེ་བར་སྣང་བ་ལ་ནམ་ཞིག་ན་ཡན་ལག་དང་སྐེད་པ་ན་བ་དེ་འགྱུར་བའི་སྡུག་བསྔལ། འཁྱགས་པའི་སྦུབས་སུ་ཆུད་པ་ཞིག་དེ་ལས་མ་ཐར་གྱི་བར་དུ་དྲོ་བའི་སྐབས་མེད་པ་ལྟ་བུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་དོན་ཧྲིལ་གྱི་དྲིལ་ན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་བླངས་ཕྱིན་ཆད་ད་ལྟའི་ཕུང་པོ་ལ་བརྟེན་པའི་སྡུག་བསྔལ་མྱོང་ཞིང་ཕྱི་མའི་སྡུག་བསྔལ་འདྲེན་པ་


GLG012_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོས་མེད། ཉེར་ལེན་གྱི་དོན་འདུན་པ་དང་འདོད་ཆགས་ཡིན་པས་དཔེར་ན་ཤིང་ལས་བྱུང་བའི་མེ་ལ་ཤིང་གི་མེ་ཟེར་བ་བཞིན་མ་འོངས་པའི་ལུས་ཐོབ་འདོད་དང་ད་ལྟའི་ལུས་ལ་ཆགས་པའི་དབང་གིས་ཕུང་པོ་འགྲུབ་པ་རྒྱུ་ལ་བརྟེན་ནས་བཏགས་པ། དེ་བཞིན་དུ་འབྲས་བུ་བསྐྱེད་པའི་ཤིང་ལ་འབྲས་བུའི་ཤིང་དུ་གྲགས་པ་ལྟར་གྲུབ་པའི་ཕུང་པོ་དེས་འདུན་པ་དང་འདོད་ཆགས་བསྐྱེད་པ་འབྲས་བུའི་སྒོ་ནས་བཏགས་པ་སྟེ་གཅིག་ལས་གཅིག་བྱུང་བས་འཁོར་བར་འཁོར་རོ། །བཤད་མ་ཐག་པའི་སྡུག་བསྔལ་དེར་མ་ཟད་ཡིད་བརྟན་དུ་མི་རུང་བ་ནི་བཤེས་སྤྲིངས་ལས། །ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དང་བཤེས་ཉིད་དང་། །ལྡོག་པ་ཉིད་དུ་མཆིས་པས་དེ་སླད་དུ། །འཁོར་བ་དག་ནས་ངེས་པ་འགའ་མ་མཆིས། །ཞེས་ཕ་མ་དང་གཉེན་བཤེས་དགྲ་གཉེན་མང་པོ་གོ་ལྡོག་པ་སྐྱེ་བ་རིམ་བརྒྱུད་ལ་འོང་བར་མ་ཟད་ཚེ་འདིར་ཡང་ཚེ་སྟོད་ལ་ཤིན་ཏུ་མཛའ་བ་དག་ཚེ་སྨད་ལ་དགྲར་འགྱུར་བ་དང་། ལོ་སྔོན་མ་གཅིག་གིས་གཅིག་གསོད་དུ་ཆ་བའི་མི་ཞིག་ལོ་རྟིང་མ་གཉེན་གྱི་དྭངས་མར་འགྲོ་བ་སོགས་མངོན་སུམ་གྱིས་གྲུབ་པས་དགྲ་གཉེན་ལ་ངེས་གཟུང་གི་ཡིད་བརྟན་མི་ཐུབ་པས་ངེས་པ་མེད་པའི་སྡུག་བསྔལ་བསམ། ཆོག་མི་ཤེས་པ་ནི་བཤེས་སྤྲིངས་ལས། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །བདེ་བའི་དོན་དུ་མེ་ལ་ཀུན་བརྟེན་ཀྱང་། །ཞི་བར་མི་འགྱུར་དེ་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །ཅེས་སྔོན་ཆད་ཕུན་སུམ་ཚོགས་པའི་ལྷའི་བདུད་རྩི། བར་མ་མའི་ནུ་ཞོ། ཐ་མ་མི་གཙང་བའི་ཁུ་བ་དང་ཁྲོ་ཆུ་ཁོལ་མ་བཏུངས་


GLG012_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའང་རྒྱ་མཚོ་ཆེན་པོ་གྲངས་མེད་པ་ལས་ཆེས་མང་མོད། དེས་ཀྱང་ངོམས་སུ་མེད་པ་མཛེ་ཅན་མེ་ལ་བརྟེན་པའི་དཔེ་ལྟར་འདོད་པའི་ལོངས་སྤྱོད་ལ་ངོམས་མི་ཤེས་པར་བསམ། ལུས་རྟེན་བགྲང་མི་ནུས་པ་ནི་མྱ་ངན་བསལ་བ་ལས། ཕན་ཚུན་འཐབ་དང་བརྩོད་པའི་ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤུངས་ན་དེ་ལྟར་མཐོ་བ་ནི། ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །ཞེས་ནད་སྣ་ཚོགས་ཀྱི་སྒོ་ནས་ལུས་དོར་བ་གཞན་རྣམས་ཕར་ཞོག །མཚོན་གྱིས་གཏུབས་ཏེ་ཤི་བའི་མགོ་བོ་རྣམས་སྤུངས་ན་ཚངས་པའི་འཇིག་རྟེན་ལས་མཐོ་བར་འགྱུར་བས། ད་དུང་འཁོར་བ་ལས་མཐར་ན་ལུས་ཡང་ཡང་འདོར་བའི་སྣང་ཚུལ་དེ་ལས་མ་འདས་སྙམ་དུ་བསམ། མངལ་སྒོ་གྲངས་མེད་འགྲིམ་པ་ནི། མ་ཡི་ཐུག་མཐའ་རྒྱ་ཐུག་ཚི་གུ་ཙམ། །རི་ལུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་རང་ཅག་གི་རྩ་བའི་མ་དེའི་མ། དེའི་ཡང་མ་ཞེས་བགྲང་བའི་ཆེད་དུ་ས་ཆེན་པོ་འདི་རིལ་བུ་ཆུང་ངུར་དྲིལ་ནས་བགྲངས་ཀྱང་འདྲེན་མི་ཐུབ་པ་ཐུག་མཐའ་ཞེས་པ་ནུས་པས་དངོས་སུ་བསྟན་ནས། དོན་གྱིས་རང་གི་མ་ཡང་བགྲང་བར་མི་ནུས་པའི་ཕྱིར་ན་སྔར་ཉིང་མཚམས་སྦྱར་བ་དང་སླད་ནས་སྦྱོར་བར་འགྱུར་བ་ལ་ཡིད་ངེས་པར་འབྱུང་བར་བྱའོ། །མཐོ་དམའ་མ་ངེས་པ་ནི། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་ལྷ་རྣམས་ཀྱི་བདག་པོ་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གོ་འཕང་ཐོབ་ཀྱང་སྔར་བྱས་ཀྱི་མི་དགེ་བའི་ལས་མ་ཟད་པའི་མཐུས་


GLG012_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གསོས་འདེབས་པ་པོ་བྱུང་ན་ཡང་བྲན་དང་ངན་སོང་སོགས་དམན་པའི་གནས་སུ་སྐྱེ་བར་འགྱུར་ཞིང་རང་འོད་ཀྱིས་འཇིག་རྟེན་སྣང་བར་བྱེད་པའི་ཉི་ཟླ་ཡང་མུན་པའི་སྨག་རུམ་དུ་སྐྱེ་བ་དང་། སྟོབས་འབྱོར་གྱི་དྲེགས་པས་མྱོས་པ་མང་པོའང་རྒྱལ་པོའི་ཆད་ལས་དང་ཕ་རོལ་གྱི་དགྲ་ཟླས་བཅོམ་པས་ཁས་ཞན་ལ་མངའ་ཐང་དང་བྲལ་བའི་ཚུལ་རྣམས་བསམ། ཐམས་ཅད་ཤུལ་དུ་ལུས་འགྲོ་བ་ནི་སྤྱོད་འཇུག་ལས། ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །མཛའ་བ་གཞན་དག་ཅི་ཞིག་སྨོས། །ཞེས་འཆི་བའི་དུས་སུ་གྲོགས་མེད་གཅིག་པུར་འགྲོ་བའི་ཚུལ་རྣམས་ལ་ཡིད་འཇིགས་ཞུམ་ཞུམ་པ་མ་བྱུང་གི་བར་དུ་བསྒོམ་མོ། །བཤད་མ་ཐག་པའི་སྡུག་བསྔལ་དེ་དག་ཀྱང་རང་རེ་རྣམས་ཀྱིས་སྔོན་ཆད་མྱོང་ཟིན་པ་དང་། །ད་ལྟའི་སྤྱོད་ཚུལ་ལ་དཔགས་ན་སླར་ཐོག་ཏུ་འབབ་པ་ལས་འོས་མེད་དོ། །པོ་ཏོ་བའི་ཞལ་ནས། རིགས་དྲུག་གང་དུ་སྐྱེས་ཕན་ཆད་ན་ཚ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བ་ནི་ན་རྒྱུ་ཅིག་ན་བ་ཡིན། འཆི་རྒྱུ་ཅིག་འཆི་བ་ཡིན་གྱི་དེ་ལ་མི་འོས་པ་ཅིག་གློ་བུར་དུ་བྱུང་བ་མིན། འཁོར་བའི་མཚན་ཉིད་དམ་རང་བཞིན་ཡིན། འཁོར་བར་གནས་རིང་ལ་དེ་ལས་མ་འདས། རང་ཅག་དེ་ལ་ཡིད་འབྱུང་ན་སྐྱེ་བ་སྤོང་དགོས། དེ་ལ་རྒྱུ་སྤོང་དགོས་ཞེས་གསུངས་པས་ཀྱང་ཤེས་སོ། །སྨྲས་པ། མངལ་མི་གཙང་རྫས་ཀྱི་ལྗན་ལྗིན་ཁྲོད། །ཡུལ་གཟུགས་སྣང་མི་མཐོང་མུན་ཁུང་དུ། །ཡོངས་སྡུག་བསྔལ་དྲག་པོས་རབ་བཅེར་བའི། །ལུས་ལང་ཚོ་རྒྱས་པའི་མཛེས་སྡུག་


GLG012_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །སྐྲ་མིག་སྨན་མདོག་དེ་གངས་ལྟར་དཀར། །མདངས་འོད་བཀྲག་ཅན་དེ་མུན་ལྟར་གནག །ལུས་དྲང་པོར་སྐྱེས་པ་གཞུ་ལྟར་གུག །ཡུལ་འདོད་ལ་སྲེད་བྲལ་རྒ་བས་ནོན། །སྨན་མོ་བོན་རིམ་གྲོས་མ་ཕན་པར། །ཞག་རེ་རེས་སོང་གི་ཇེ་ཐུར་ན། །གྲོགས་ཉེ་དུ་གཡོག་འཁོར་སུན་ནས་འབྱོལ། །འདི་གཤིན་རྗེས་འབོད་པའི་ཕོ་ཉ་ཡིན། །དུས་ད་ལྟ་སེམས་དང་དབྱེར་མེད་འདྲའི། །གཟུགས་ཟག་ཕུང་མལ་སྟན་སྟེང་བཞག་ནས། །ཡིད་རྣམ་ཤེས་གཅིག་པུར་བར་དོ་ཡི། །འཕྲང་རིང་པོ་བརྒལ་ནས་འཁོར་བར་འཁྱམ། །ཐབས་དུ་མའི་སྒོ་ནས་ཉེར་བཟློག་ཀྱང་། །སྡང་དགྲ་གདོན་འཚེ་བ་ཆར་ལྟར་འབབ། །ཤ་ཐང་ཐང་བསྒྲུབས་ཀྱང་ལོངས་སྤྱོད་གཉེན། །སོས་ཐེན་པའི་སྤྲིན་ལྟར་ཕྱོགས་བཅུར་འཐོར། །ལུས་ལྷ་ཡི་དཔལ་ལ་སྤྱོད་བཞིན་དུ། །སེམས་དམྱལ་པའི་སྡུག་བསྔལ་དངོས་མྱོང་བའི། །ལྷ་འཆི་བའི་ལྟས་ཀྱི་སྡུག་བསྔལ་དེས། །སྙིང་ལྕགས་ལས་བྱས་ཀྱང་འགས་མིན་ནམ། །བྱ་ནམ་མཁའི་དབྱིངས་སུ་འཕུར་འཕུར་ནས། །མཐར་ས་ལ་འབབ་པ་ཇི་བཞིན་དུ། །གནས་སྲིད་རྩེར་ཕྱིན་ཀྱང་ཁམས་གསུམ་འདིར། །ལར་མགལ་མེ་ལྟ་བུར་འཁོར་བས་སྐྱོ། །དཔལ་ལྷ་མིའི་དབང་ཕྱུག་དམ་པ་རྣམས། །བྲན་ཡང་བྲན་འགྱུར་ཞིང་གནས་ངན་ལེན། །ལྷ་ཉི་ཟླ་མུན་པའི་རུམ་སྐྱེ་ན། །ད་འཁོར་བར་ཕྱི་ཕྱག་འཚལ་རེ་རན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཀུན་འབྱུང་འཁོར་བའི་འཇུག་རིམ་བསྒོམ་པ་ནི། བཤད་མ་ཐག་པའི་སྲིད་པ་འཁོར་བའི་སྡུག་བསྔལ་གྱི་གནས་ཚུལ་ཤེས་པར་བྱས་ནས། དེ་མི་འདོད་ན་དེའི་རྒྱུ་སྤོང་


GLG012_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། སྤོང་བ་ལ་རྒྱུ་ངོས་ཟིན་དགོས་པས་གང་ཡིན་ན་ཀུན་འབྱུང་ཡིན་ལ། དེ་ལ་ལས་ཉོན་གཉིས་ཡོད་པའི་གཙོ་བོ་ནི་ཉོན་མོངས་པ་སྟེ། དཔེར་ན་ཞིང་ས་སྐམ་པོ་ལ་ས་བོན་བཏབ་ཀྱང་ཆུ་ལུད་སོགས་དང་མ་ཕྲད་ན་འབྲས་བུ་མི་འབྱིན་པ་ལྟར་རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་པའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་དུད་འགྲོར་སྐྱེ་བའི་ལས་བསགས་པའི་མི་ཞིག་ལས་དེ་དང་མ་ཕྲད་པའི་སྔོན་རོལ་དུ་ཞི་བའི་གོ་འཕང་ཐོབ་ན་ལས་དེ་སྟོང་ཟད་དུ་སོང་ནས་འབྲས་བུ་མི་འབྱིན་པ་ཡིན་པས་སྤྱོད་འཇུག་ལས། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་འཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང་། །ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །ཞེས་འགྲོ་བ་ཐམས་ཅད་དགྲར་ལངས་ཀྱང་ཚེ་ཕྱི་མ་སྡུག་བསྔལ་ལ་སྦྱོར་མི་ནུས་ལ། །ཉོན་མོངས་པའི་དགྲ་འདི་རྐྱེན་དང་ཕྲད་ན་སྡུག་བསྔལ་དྲག་པོས་མནར་ཏེ་ཐལ་བར་རློག་པ་ལས་འོས་མི་འདུག །དེ་ཡང་ཉོན་མོངས་དེ་ངོས་བཟུང་ན་ཆགས་སྡང་སོགས་སྐྱེས་པས་སེམས་བློང་བློང་པོར་སོང་བ་ལྟ་བུ་ལ་མ་ཞི་བར་འཇོག་པས་དེ་འདྲ་བའི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཤེས་པ་ཅིག་གི་སྟེང་ནས་ངོས་འཛིན་དགོས་ལ། རང་རེ་རྣམས་ཀྱི་རྒྱུད་ལ་ཉོན་མོངས་པ་བག་ལ་ཉལ་བའི་ཚུལ་གྱིས་ཡོད་པ་ནི་ཤོག་བུ་ལ་སྣུམ་ཕོག་པ་བཞིན་དབྱེ་དཀའ་བས་མི་ནད་


GLG012_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཡོད་པ་ཞིག་འཕྲལ་དུ་ལུས་ཐང་པོ་ཡོད་པ་འདྲ་བ་ལ་ནད་སློང་བྱེད་ཀྱི་ཟས་ཟོས་པས་ཟུག་གཟེར་བསྐྱེད་པ་བཞིན་ཡིད་དུ་འོང་བའི་བུ་ཕོ་མོ་དང་རྟ་ཕྱུགས་གོས་དང་རིན་པོ་ཆེ་སོགས་དངོས་པོ་མཐོང་བ་ན་དེས་གསོས་བཏབ་པའི་འདོད་ཆགས་བག་ལ་ཉལ་བ་དེ་མངོན་གྱུར་གྱི་ཚུལ་དུ་ལངས་ཏེ། དེ་དག་ལ་ལྟ་བ་དང་རེག་པ་སོགས་ལོངས་སྤྱོད་འདོད་ཀྱི་བློ་དུང་དུང་བ་ཡོང་བའི་ཉོན་མོངས་དེ་འདོད་ཆགས་ཡིན་པས་ཉམས་ལེན་གྱི་ཚེ་རང་ཉིད་ཡུལ་གང་ལ་འདོད་ཆགས་ཡོད་པ་བཞིན་དངོས་སུ་ལྟར་ཡོད་དམ་མེད་ནའང་སེམས་ཀྱིས་གསལ་བཏབ་ན་སྔར་ཤེས་པ་སོ་ན་ཡོད་པ་དེ་འདོད་ཆགས་མངོན་གྱུར་གྱི་བློས་ཀུན་རྟོག་རགས་པ་གཞན་རྣམས་འགགས་ཏེ་བསྲན་པར་མི་བཟོད་པའི་ཆགས་པ་སྐྱེས་པ་ན་དེ་ཉིད་བཅར་གྱིས་ངོས་ཟིན་པ་བྱས་ནས་རྗེས་སུ་ཁོ་ནམ་བྱུང་ཙ་ན་དེའི་གཉེན་པོ་བསྟེན་པ་ཞིག་དགོས་ཀྱི་ཉོན་མོངས་པ་ཁ་རྒྱལ་དུ་སོང་བའི་ཆོས་དེས་གར་ཡང་མི་ཕྱིན་གསུང་། དཔེར་ན་ལྷས་བྱིན་ཞེས་བྱ་བའི་མི་ཞིག་གསོད་རྒྱུ་ཡིན་ན་དེའི་བྱས་དབྱིབས་སོགས་གཞན་དང་མ་འདྲེས་པར་ངེས་པར་བྱས་ནས་སླར་ནམ་བྱུང་བའི་ཚེ་མཚོན་བསྣུན་དགོས་པ་ལྟ་བུ་སྟེ། དགེ་བའི་བཤེས་གཉེན་འབན་གུང་རྒྱལ་གྱིས། ཉོན་མོངས་པའི་མཁར་སྒོར་གཉེན་པོའི་མདུང་ཐུང་འཛིན་གསུང་བ་ཡང་འདི་དག་ལ་དགོངས་པར་སྣང་ངོ་། །དགྲའམ་མི་མཛའ་བ་ཞིག་མཐོང་བའི་ཚེ་མནར་སེམས་རྩུབ་མོས་འདི་ལ་ཐབས་གང་འདྲ་ཞིག་གི་སྒོ་ནས་གནོད་པ་བྱ་ན་སྙམ་པའི་ཞེ་སྡང་དྲག་པོ་སོལ་མེ་རླུང་གིས་སྤར་བ་ལྟ་བུའི་དམར་ལམ་ལམ་པ་སྐྱེས་པའི་ཉོན་མོངས་དེ་ཁོང་ཁྲོ། བདག་འཛིན་གྱི་


GLG012_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་རིགས་མཐོ་བ། ནོར་གྱིས་ཕྱུག་པ། ཐོས་པའི་ཡོན་ཏན། ལུས་ཀྱི་སྒྱུ་རྩལ་སོགས་ལ་བརྟེན་ནས་གང་ཟག་ཆེ་གེ་མོ་འདི་དག་གིས་བདག་གི་བ་སྤུའི་ཁུང་བུ་གཅིག་ཙམ་ལ་ཡང་མི་བསྡོ་སྙམ་པའི་རང་ཉིད་ལ་མཆོག་ཏུ་འཛིན་པའི་ཁེངས་པའི་རྣམ་པ་ཅན་གྱིས་ཉོན་མོངས་དེ་ང་རྒྱལ། སྐར་ཁུང་མེད་པའི་ཁང་པའི་ནང་དུ་དངོས་པོ་ཁ་དོག་དང་དབྱིབས་མི་འདྲ་བ་མང་པོ་ཡོད་ཀྱང་མུན་པའི་དབང་གིས་དཀར་ནག་དང་ལེགས་ཉེས་སོགས་མི་ཤེས་པ་བཞིན་དུ་ལས་འབྲས་བདེན་བཞི་དེ་ཁོ་ན་ཉིད་སོགས་ཇི་ལྟ་ཇི་སྙེད་ཀྱི་གནས་ལུགས་མཐའ་དག་བསྒྲིབས་ཏེ་མི་གསལ་བར་བྱེད་པ་པོའི་ཉོན་མོངས་དེ་མ་རིག་པ། དཀོན་མཆོག་གསུམ་དང་ལས་འབྲས་སོགས་གསུང་རབ་ནས་བཤད་པ་འདི་དག་བདེན་ནམ་མི་བདེན་སྙམ་པ་ལྟ་བུའི་ཡུལ་ལ་ངེས་ཤེས་བསྐྱེད་པ་ལ་གེགས་བྱེད་པ་པོའི་ཉོན་མོངས་དེ་ཐེ་ཚོམ། མི་རྟག་པ་ཡིན་པས་རང་དུས་ཀྱི་སྐད་ཅིག་མ་གཉིས་པ་ལ་འཇིག་ཅིང་། གཅིག་མ་ཡིན་པར་དུ་མ་ཚོགས་པའི་ཕུང་པོ་ལྔ་ལྟ་བུའི་གདགས་གཞིའི་སྟེང་ནས་ང་དང་ངའི་ཞེས་བདག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ་འཇིག་ཚོགས་ལ་ལྟ་བ། ཕུང་པོའི་སྟེང་ནས་ངར་བཟུང་བ་དེ་རྟག་པ་ཐེར་ཟུག་གམ་འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་བ་མེད་པར་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་མཐར་འཛིན་པའི་ལྟ་བ། འཇིག་ལྟ་མཐར་ལྟ་ལོག་ལྟ་གསུམ་པོ་གང་རུང་དང་། དེ་དག་གང་ལ་བརྟེན་ནས་འབྱུང་བའི་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ་ལྟ་བ་མཆོག་ཏུ་འཛིན་པ། རང་གི་བློ་ངོར་


GLG012_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འཆལ་ཚུལ་སྤངས་པའི་ཚུལ་ཁྲིམས་དང་། སྐྲ་བྲེགས་པས་གཡང་གཞི་དང་ཀེང་རུས་འཆང་བ། ཟས་གཅོད་པ་མེ་ལྔ་བསྟེན་པ་རྐང་པ་གཅིག་གིས་འགྲེང་སྟེ་ཉི་མ་ལ་བལྟ་བ། གཅེར་བུ་ལུས་ལ་ཐལ་བ་བྱུགས་ཤིང་ངག་མི་སྨྲ་བ་ལྟ་བུའི་བརྟུལ་ཞུགས་དང་། དེ་དག་གང་ལ་བརྟེན་ནས་འབྱུང་བའི་ཕུང་པོ་ལ་དམིགས་ནས་གྲོལ་བ་ཐོབ་པར་འདོད་པའི་ཤེས་རབ་ཉོན་མོངས་ཅན་དེ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། དེ་ཡང་འདི་ནི་ཚུལ་ཁྲིམས་རྣམ་དག་ལ་རློམ་པའི་མཆོག་འཛིན་མིན་གྱི། སོ་སྐྱེ་ཐ་མལ་བ་མངོན་ཤེས་ཐོབ་ནས་ཚེ་སྔ་མ་ཁྱི་ཕག་གི་བརྟུལ་ཞུགས་འཛིན་པ་ལྟ་བུ་མཐོང་བས་རྒྱུ་དེས་མི་ལུས་ཐོབ་པར་བཟུང་ནས་ད་ལྟ་བརྟུལ་ཞུགས་དེ་འཛིན་པ་སོགས་ལོག་ལྟ་ཞིག་དགོས་གསུང་། ལས་འབྲས་དང་ཚེ་སྔ་ཕྱི་མེད་ཅེས་སྐུར་བ་འདེབས་ཤིང་། འཇིག་རྟེན་འཆགས་འཇིག་ཚངས་པ་དབང་ཕྱུག་ཁྱབ་འཇུག་སོགས་ཀྱིས་བྱས་པར་འདོད་པའི་ཤེས་རབ་ཉོན་མོངས་ཅན་དེ་ལོག་ལྟ་ཡིན་ནོ། །དེ་ལྟར་ཉོན་མོངས་པ་གཞན་རྣམས་ཀྱང་ཚིག་བཤར་དང་སྐྱོར་སྦྱང་ཙམ་དུ་སོང་བ་ཡིན་པའི་རེ་རེ་བཞིན་ནས་རང་རྒྱུད་ལ་མངོན་གྱུར་ཏུ་སྐྱེད་བཅུག་ནས། རྗེས་སུ་འབད་རྩོལ་ལ་མ་ལྟོས་པར་སྐྱེས་མ་ཐག་ནས་ངོས་འཛིན་པ་ལ་དཀའ་བ་མེད་པ་སྔར་འདྲིས་ཀྱི་མི་ཁྲོམ་ཁྲི་ཕྲག་ཚོགས་པའི་ཁྲོད་ནས་ཀྱང་མཐོང་བ་ཙམ་གྱིས་ངོ་ཤེས་པ་ལྟ་བུ་ཞིག་མ་བྱུང་ན་དགྲ་ངོ་མ་ཤེས་པར་ཁྲོམས་གསེབ་ཏུ་ལོང་མདའ་འཕེན་པ་དང་འདྲ་གསུང་། དེ་ཡང་ཉོན་མོངས་པ་བཅུ་པོ་གང་རུང་རེ་མངོན་གྱུར་ཏུ་སྐྱེས་ན་ཅུང་ཟད་ངོ་འཕྲོད་པ་སླ་ནའང་། ལྡན་པ་དང་འདུས་པའི་ནད་སྨན་པ་རྣམས་ཀྱིས་ངོས་འཛིན་ཅུང་དཀའ་བ་ལྟར་ཉོན་མོངས་པ་གཉིས་ལྡན་


GLG012_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྡན་གྱི་ཚུལ་དུ་མངོན་གྱུར་ཏུ་སྐྱེས་ན་ཉམས་འོག་ཏུ་ཆུད་དཀའ་བ་ཤིང་རྟ་ལྟ་བུ་ལ་འདོད་ཆགས་ཀྱི་བློ་མངོན་གྱུར་བས་ཐོབ་ཏུ་རེ་བའི་ཚེ་གཞན་གྱིས་བཙན་ཐབས་སུ་ཁྱེར་ན་དེ་ལ་ཞེ་སྡང་སྐྱེ། ཞེ་སྡང་ཆེ་ཆུང་གི་རྒྱུ་ཤིང་རྟ་ལ་དམིགས་པའི་འདོད་ཆགས་ཆེ་ཆུང་གིས་བྱེད་ཅིང་། ཡན་ལག་བདུན་ཙམ་ཚོགས་པ་ལ་ཁོ་རང་གི་ངོས་ནས་ཤིང་རྟར་འཛིན་པའི་བདེན་ལྟ། དེ་ལ་མཆོག་ཏུ་འཛིན་པ་སོགས་དུས་གཅིག་ལ་ཉོན་མོངས་པ་བཞི་ཙམ་མངོན་གྱུར་ཏུ་སྐྱེ་བས་ཞིབ་མོར་དཔྱད་དེ་ངོ་འཕྲོད་པ་བྱེད་དགོས་ལ། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་དང་འཇིག་ལྟ་གཉིས་གཅིག་ཏུ་བྱས་ཀྱང་འགལ་བ་མེད་མོད། སྤུ་རིས་འབྱེད་ཚེ་སོ་སོར་བྱ་སྟེ། དཔེར་ན་ཐག་པའི་གནས་ལུགས་མི་གསལ་བར་བྱེད་པའི་མུན་པ་དེ་མ་རིག་པ་དང་། དེ་ལ་བརྟེན་ནས་ཐག་པ་ལ་སྦྲུལ་དུ་འཛིན་པའི་བློ་དེ་འཇིག་ལྟ་ལྟ་བུ་ཡིན་པས་འདི་གཉིས་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་བྱས་ནས་ཆགས་སྡང་གི་དབང་གིས་ཉེས་པ་ཐམས་ཅད་བསྐྱེད་པའི་ཕྱིར། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཉེས་པ་མ་ལུས་པ་བསྐྱེད་པའི་རྒྱུ་ཉོན་མོངས་པ་འདི་ད་ལྟ་ཅུང་ཟད་འགོ་གནོན་པའི་ལུགས་སུ་བྱས་ཀྱང་། རྩ་བ་ནས་དྲུངས་འབྱིན་པར་མ་ནུས་ན་མེ་ལོང་ལ་འཆར་བའི་གཟུགས་བརྙན་ལྟར་བག་ལ་ཉལ་བ་དེས་ཉོན་མོངས་པ་འཕེལ་བའི་རྟེན་བྱེད། མེ་ལོང་དང་བྱད་བཞིན་ཕྲད་པ་ན་དེ་མ་ཐག་


GLG012_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་འཆར་བ་བཞིན་དགྲ་གཉེན་སོགས་ཡུལ་སྣ་ཚོགས་ལ་བརྟེན་ནས་མངོན་གྱུར་ཏུ་སྐྱེ་བའི་དམིགས་པའི་སྒོ་ནས་ཉོན་མོངས་པ་འཕེལ་བར་བྱེད། དགེ་བའི་བཤེས་གཉེན་དང་གྲོགས་ཆོས་བྱེད་ལས་རིང་དུ་འགྱུར་ཞིང་ཉོན་མོངས་པ་ཤིན་ཏུ་ཆེ་བའི་གྲོགས་ངན་པའི་གཏམ་དང་ཀུན་སྤྱོད་སོགས་ཀྱི་འདུ་འཛི་ལ་བརྟེན་ནས་ཉོན་མོངས་པ་འཕེལ་བར་བྱེད། མི་དགེ་བའི་བཤེས་གཉེན་སོགས་ཀྱིས་ཉོན་མོངས་པ་མ་སྤངས་བཞིན་དུ་ཐར་པ་ཐོབ་པ་སྐད་ཀྱི་བཤད་པའི་དབང་གིས་ཉོན་མོངས་པ་འཕེལ་བར་བྱེད། ཁ་ཏོན་སོགས་ཤིན་ཏུ་བྱང་བ་ཞིག་སེམས་རྒྱ་ཡན་དུ་བཏང་ཡང་ངག་ནས་ཐོགས་མེད་དུ་འགྲོ་བ་བཞིན་སྔར་ནས་ཧ་ཅང་འདྲིས་པས་གོམས་པའི་དབང་གིས་ཉོན་མོངས་པ་འཕེལ་བར་བྱེད། གང་ཟག་འདིས་ཕན་གནོད་འདི་ལྟར་བྱས་སྙམ་པ་ལྟ་བུའི་ཆགས་སྡང་གིས་སྒྲོ་སྣ་ཚོགས་འདོགས་པ་དང་། མི་འདིས་སྡིག་པ་ཆེན་པོ་བྱས་སོང་ཡང་ད་ལྟ་སྐྱིད་པར་འདུག་པས་ལས་འབྲས་མི་བདེན་སྙམ་པ་ལྟ་བུའི་ཚུལ་མིན་ཡིད་བྱེད་ཀྱི་སྒོ་ནས་ཉོན་མོངས་པ་འཕེལ་བར་བྱེད་པས་རྒྱུ་དྲུག་པོ་འདི་དག་ངོས་ཟིན་པར་བྱས་ནས་འཕྲང་དམ་སར་དགྲ་ལ་བསྒུགས་རྒྱག་པ་ལྟ་བུའི་ཉམས་ལེན་ཞིག་མ་བྱུང་བར་ཉོན་མོངས་པའི་དབང་དུ་གྱུར་ན་འདི་ཕྱི་ཐམས་ཅད་དུ་སྡིག་པ་སྣ་ཚོགས་པ་བསྐྱེད་ནས་འཁོར་བའི་སྡུག་བསྔལ་ལ་སྦྱོར་ཞིང་མྱ་ངན་ལས་འདས་པ་ལས་རིང་དུ་བྱེད་པར་གདའ་བས་སྔོན་ཆད་འདི་ལ་གྲོགས་སུ་བཟུང་བས་བདག་རྒུད་པ་ཐམས་ཅད་ཀྱི་རྩ་བར་སོང་འདུག །ཚེ་འདིའི་གནོད་པ་ཅུང་ཟད་བྱས་པ་ལའང་དགྲ་ཞེས་སྙིང་ན་ན་ལྟར་བྱེད་ན། ཚེ་རབས་ཐོག་མ་མེད་


GLG012_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་ད་ལྟའི་བར་སྡུག་བསྔལ་ཁོ་ན་ལ་སྦྱོར་པའི་དགྲ་ཉོན་མོངས་པ་འདི་ལ་ནུས་པ་ཐོན་པ་ཞིག་ཅིའི་ཕྱིར་མི་བྱེད། འདི་འཇོམས་པར་བྱེད་པའི་གཉེན་པོ་ཡང་ཡང་བསྟེན་ནས་དྲུངས་ཕྱུང་ན་དགྲ་གཞན་ལྟར་ཁོ་སླར་བལྡབ་རྒྱུ་མེད་པས། ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིང་ཡོངས་བཟུང་ནས། །ནུས་པ་བརྟས་ནས་དེ་ནས་ཕྱིར་ལྡོག་གི །ཉོན་མོངས་དགྲ་ཚུལ་དེ་དང་འདྲ་མ་ཡིན། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤངས། །བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང་། །བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད། །ཅེས་སོ། །དེ་ལྟར་ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པ་རྣམས་ནི་འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བ་ལས་མ་འདས། དེ་ལ་ཡང་ཚེ་ཟད་ནས་དུས་ལ་བབ་པའི་འཆི་བ། ཟས་དང་སྤྱོད་ལམ་སོགས་ལོག་པས་གློ་བུར་དུ་འཆི་བའི་རྐྱེན་དགུ་མདོ་ལས་གསུངས་པ་སོགས་རྣམ་གྲངས་མང་ན་ཡང་། འཆི་ཁ་དང་ཤི་ཟིན་པའི་འོག་ཏུ་ཕན་གནོད་བྱེད་པ་ནི་སྔར་བཤད་པའི་ཉོན་མོངས་པ་རྣམས་ཀྱིས་སེམས་པའི་ལས་དང་བསམ་པའི་ལས་གཉིས་ཀྱི་དགེ་མི་དགེའི་ལས་བསགས་པ་ལ་བརྟེན་ནས་བདེ་སྡུག་འབྱུང་བ་ཡིན་ལ། དེ་ཡང་ཚེ་འདིར་དགེ་བ་སྟོབས་ཆེར་བྱེད་པ་ཞིག་མངའ་ཐང་དང་ལུས་སྲོག་ལ་གནོད་པ་དང་འཆི་ཁར་གནད་གཅོད་ཆེན་པོ་འབྱུང་བ་ཡང་སྲིད་ལ། སྡིག་པ་ཤས་ཆེར་སྤྱོད་པ་ལ་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བ་ཡང་ཡོད་པས་བླུན་པོ་ལ་ལ། ལས་འབྲས་མི་བདེན་པ་འདི་ལྟ་བུའོ་ཞེས་ལོག་རྟོག་བྱེད་པ་


GLG012_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་མོད། དེ་དག་ནི་ཚེ་སྔོན་མའི་དགེ་སྡིག་སྟོབས་ཆེན་པོའི་འབྲས་བུ་ཚེ་འདིར་མ་སྨིན་པའི་ངེས་པའང་ཅི་ཡོད། རྣམ་པ་གཅིག་ཏུ་ན་སྤྱོད་འཇུག་ལས། བསད་བྱའི་མི་ཞིག་ལག་བཅད་དེ། །གལ་ཏེ་ཐར་ན་ཅིས་མ་ལེགས། །གལ་ཏེ་མི་ཡི་སྡུག་བསྔལ་གྱིས། །དམྱལ་བ་བྲལ་ན་ཅིས་མ་ལེགས། །ཞེས་སྲོག་ལ་འབབ་པའི་ཉེས་པ་ཞིག་ལག་པ་བཅད་པས་ཐར་བ་བཞིན་ཕྱི་མ་དམྱལ་བར་སྐྱེ་དགོས་པ་ཞིག་མིའི་རྟེན་ལ་སྡུག་བསྔལ་མྱོང་བས་གོ་ཆོད་པ་ལྟ་བུ་དང་། སྒྲ་སྒྲོག་གི་རྒྱལ་པོ་གཙུག་ཕུད་ཅན་གྱིས་འཕགས་པ་ཀཱ་ཏྱ་ཡ་ན་ལ་ཐལ་བ་གཏོར་བས་ཐོག་མར་རིན་པོ་ཆེ་སོགས་ཀྱི་ཆར་བབས་ཀྱང་རྗེས་སུ་ས་ཆར་བབས་པའི་འོག་ཏུ་ནོན་པ་ལྟ་བུས་ཤེས་ནུས་ལ། ཁྱད་པར་སྐྱེ་བ་དེ་མ་ཐག་པ་དེ་བདེ་འགྲོ་དང་ངན་འགྲོ་གང་དུ་སྐྱེ་བ་ཆོས་མངོན་པ་ལས། ལས་ཀྱིས་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་དགེ་མི་དགེའི་ལས་སྣ་ཚོགས་རང་རྒྱུདལ་ཡོད་བཞིན་པ་ན་ཚེ་དེར་དགེ་སྡིག་གང་ལ་གོམས་པ་ཤས་ཆེ་བའི་སེམས་འཆི་ཁའི་གནས་སྐབས་སུ་ཡང་འོང་བས་ཕྱི་དབུགས་ཆད་ཁའི་གནས་སྐབས་ཀྱི་འཆི་སེམས་དེ་རགས་པ་དང་། ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ཆད་པའི་བར་དེར་འཆི་སེམས་ཕྲ་མོ་ཡིན། འཆི་སེམས་རགས་པའི་སྐབས་དགྲ་གཉེན་ལ་ཆགས་སྡང་སོགས་མི་དགེ་བའི་སེམས་དང་། དཀོན་མཆོག་རྗེས་སུ་དྲན་པ་སོགས་དགེ་བའི་སེམས་སྔར་གོམས་པ་གང་ཆེ་རང་སྟོབས་ཀྱིས་དྲན་པ་དང་། ལ་ལ་ནད་ཀྱི་དབང་གིས་མི་གསལ་བ་རྣམས་ལ་གྲོགས་ཀྱིས་དགེ་བའི་གཏམ་སྣ་ཚོགས་ཀྱི་སྒོ་ནས་གསོས་བཏབ་སྟེ། དཔེར་


GLG012_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡིག་པ་ཡང་ལྕི་ཆ་སྙོམས་པ་དང་འཆི་ཁའི་དུས་འབྲས་བུ་ཉེ་རིང་མེད་པ་ལ་གོམས་པ་གཙོ་ཆེ་བས །སྡིག་པ་ཆེན་པོ་སྤྱོད་པའི་མི་ཡང་འཆི་ཁར་དགེ་སེམས་མངོན་གྱུར་གྱི་ངང་ནས་ཤི་ན་བདེ་འགྲོར་སྐྱེ་ཞིང་། དགེ་བ་སྟོབས་ཆེན་བསགས་ཀྱང་འཆི་ཁར་སྡིག་སེམས་མངོན་གྱུར་བྱུང་ན་ངན་འགྲོར་སྐྱེ་བའི་གནད་འགག་ཅིག་འདིར་སྣང་མོད། འོན་ཀྱང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་སྔར་བྱས་ཀྱི་ལས་རྣམས་དྲན་པས་དགའ་བ་དང་འགྱོད་པ་གང་རུང་འོང་བའི་ཕྱིར་ན་དགེ་སྡིག་གི་རྣམ་དབྱེ་མི་ཤེས་པའི་སྡིག་ཅན་ཞིག་ལའང་ཚེ་འདིར་གོམས་པ་ཤས་ཆེ་བའི་སྡིག་སེམས་དེ་ག་འབྱུང་བ་ལས་འོས་མེད། འོན་ཀྱང་དེ་བཞིན་གཤེགས་འི་མཚན་དང་གཟུངས་སྔགས་ཁྱད་པར་ཅན་གྱིས་ངན་འགྲོའི་སྐྱེ་གནས་ལས་བཟློག་པའི་ཕན་ཡོན་ནི་ཆེའོ། །འཆི་སེམས་ཕྲ་མོའི་དུས་སུ་དགེ་མི་དགེའི་སྣང་བ་གང་ཡང་མི་འཆར་བས་ལུང་མ་བསྟན་གྱི་སེམས་ཡིན། དེ་ཡང་སྤྱིར་བཏང་ལ་དགེ་བ་བྱེད་པ་རྣམས་གནད་གཅོད་ཆུང་ཞིང་གཟུགས་ཡིད་དུ་འོང་བ་རྨི་ལམ་ལྟ་བུར་མཐོང་བ་དང་མུན་པའི་ཁྲོད་ནས་སྣང་བར་འགྲོ་བ་ལྟ་བུ་འབྱུང་ལ། མི་དགེ་བ་བྱེད་པ་རྣམས་ནི་དེ་ལས་གོ་ལྡོག །དགེ་སྡིག་ཅན་གང་ཡང་འཆི་ཁའི་ཚེ་ད་ནི་འཆི་བ་འདུག་སྙམ་པའི་ལུས་ལ་ཆགས་པ་དྲག་པོ་ཞིག་སྐྱེས་པས་རྒྱུ་བྱས། རྣམ་ཤེས་འཕོས་པ་དང་མཉམ་དུ་སྲང་མདའི་མཐོ་དམའ་ལྟར་བར་དོའི་ལུས་གང་དུ་སྐྱེ་འགྱུར་གྱི་བྱད་དབྱིབས་ཅན་དུ་གྲུབ་སྟེ། དམྱལ་བའི་བར་དོ་ནི་སྡོང་དུམ་མེས་འཚིག་པ། དུད་འགྲོའི་བར་དོ་ནི་དུ་བ། ཡི་དྭགས་ཀྱི་བར་དོ་ནི་ཆུ། འདོད་ལྷ་དང་མིའི་བར་དོ་གསེར། གཟུགས་ཁམས་པའི་བར་དོ་ཁ་དོག་དཀར་


GLG012_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་པ་ཅན། ལྷའི་བར་དོ་གྱེན། མིའི་བར་དོ་ཐད་ཀ་ངན་སོང་གི་བར་དོ་ཐུར་དུ་འགྲོ་ཞིང་། ཞག་ཞེ་དགུ་ཚུན་ལ་ཕ་མ་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་སྟེ། དེར་ཆགས་སྡང་གི་དབང་གིས་ཞུགས་པས་ཉིང་མཚམས་སྦྱོར་ཞིང་། དམྱལ་བར་སྐྱེ་བ་ལྟ་བུ་ལ་སྲོག་གཅོད་པའི་ཡུལ་གྱི་སེམས་ཅན་མཐོང་བས་རྐྱེན་བྱས་ཏེ་སྐྱེ་བ་སོགས་མགལ་མེའི་འཁོར་ལོ་ལྟར་འཁོར་བར་འཁྱམས་ཚུལ་ལ་ངེས་འབྱུང་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །སྨྲས་པ། སྔོན་ཐོག་མེད་དུས་ནས་རང་སེམས་དང་། དུས་སྐད་ཅིག་འབྲལ་བ་མེད་པ་ཡི། །གྲོགས་ཉོན་མོངས་འདི་གོ་བསྟེན་བསྟེན་པས། །མཐའ་མི་མངོན་འཁོར་བའི་རྒྱ་མཚོར་བསྐྱུར། །ལས་མི་འབོད་རླུང་གིས་རབ་བསྐྱོད་ནས། །ཡོངས་སྡུག་བསྔལ་གསུམ་གྱི་རྦ་ཀློང་དུ། །དུས་གཏན་དུ་མགལ་མེ་ལྟར་འཁོར་བ། །འདི་བསམས་ཀྱིན་ཉོན་མོངས་དྭངས་མའི་དགྲ། །ཚེ་འདི་སྣང་དགྲ་ཞིག་བསད་པ་ལ། །རང་གོ་ཆོད་དཔའ་བོར་རློམ་བྱེད་ན། །དུས་གཏན་གྱི་དགྲ་བོ་ཉོན་མོངས་འདི། །ད་གདུལ་བའི་དུས་ལ་ངེས་པར་བབ། །རྟེན་དལ་འབྱོར་མི་ལུས་ལེགས་ཐོབ་ཅིང་། །ལམ་བསླབ་གསུམ་གནད་འགག་ཤེས་དུས་འདིར། ཁོང་ཀུན་འབྱུང་དཔུང་ཚོགས་མ་བཅོམ་ན། །སླར་སྐྱེ་འཆིའི་ཐང་ལ་འོ་བརྒྱལ་དོགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་ནི། མ་རིག་པ་ནི་མུན་པས་ཕྱི་རོལ་གྱི་གཟུགས་མི་མཐོང་བར་བྱེད་པ་ལྟ་བུ། དེ་ལ་ལས་འབྲས་ལ་རྨོངས་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པ་གཉིས་ཡོད་པའི་དེ་གཉིས་གང་རུང་ལས་འདུ་བྱེད་ཀྱི་ལས་དཀར་ནག་བསགས་


GLG012_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བརྟེན་ནས་བདེ་འགྲོ་དང་ངན་འགྲོར་འཕེན་པ་ཡིན་པས་འཕེན་ཚུལ་ནི། འཕེན་བྱེད་ཀྱི་རྒྱུ། འགྲུབ་བྱེད་ཀྱི་རྒྱུ། འཕངས་པའི་འབྲས་བུ། གྲུབ་པའི་འབྲས་བུ་དང་བཞིར་ཡོད་པའི་བདེ་འགྲོ་ལ་མཚོན་ན། རང་གི་སྐྱེ་བ་སྔ་མའི་དགེ་བའི་ལས་ཀྱི་ཀུན་སློང་དུ་གྱུར་པ་དེ་ཁོ་ན་ཉིད་ལ་རྨོངས་ཤིང་ལས་འབྲས་ལ་མ་རྨོངས་པའི་མ་རིག་པའི་རྟེན་འབྲེལ་དེས་ཀུན་ནས་བསླང་སྟེ་བསགས་པའི་འདོད་ཁམས་ཀྱི་སས་བསྡུས་པའི་དགེ་བའི་ལས་འདུ་བྱེད་ཀྱི་རྟེན་འབྲེལ་དེ་ཉིད་ཀྱིས་རྒྱུ་དུས་ཀྱི་རྣམ་པར་ཤེས་པའི་རྟེན་འབྲེལ་ལ་བག་ཆགས་བཞག་པ་ནི་འཕེན་བྱེད་ཀྱི་རྒྱུའོ། །དེ་ལྟར་ལས་ཀྱི་བག་ཆགས་བསྒོས་པ་དེ་ལ་མངོན་པར་འགྲུབ་པའི་ཆེད་དུ་ཚོར་བ་བདེ་བ་དང་མི་འབྲལ་ཞིང་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྲེད་པའི་རྟེན་འབྲེལ་དང་། དེ་བཞིན་དུ་འདུན་ཞིང་ཆགས་པར་བྱེད་པ་ལེན་པའི་རྟེན་འབྲེལ་གཉིས་ཀྱིས་གསོས་བཏབ་པས་ཡང་སྲིད་ཕྱི་མ་འདྲེན་པའི་སྲིད་པའི་རྟེན་འབྲེལ་མཐུ་ཅན་དུ་གྱུར་པ་གསུམ་པོ་འདི་འགྲུབ་བྱེད་ཀྱི་རྒྱུ་ཡིན་ལ། དེ་ལ་བརྟེན་ནས་རྒྱུ་དུས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་འདིའི་མའི་མངལ་དུ་ཉིང་མཚམས་སྦྱར་བས་འབྲས་དུས་ཀྱི་རྣམ་པར་ཤེས་པ་ཚོར་བ་འདུ་ཤེས་འདུ་བྱེད་རྣམས་ཀྱི་ཕུང་པོ་ནི་མིང་གི་རྟེན་འབྲེལ། ཕ་མའི་ཁུ་ཁྲག་གམ་དྲོད་གཤེར་ལྟ་བུ་གཟུགས་ཀྱི་རྟེན་འབྲེལ་ཏེ་དེ་གཉིས་བསྡོམས་པས་མིང་གཟུགས་ཀྱི་རྟེན་འབྲེལ། དེ་ནས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་གྲུབ་པ་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་དེ་ལས་ཆེར་སོང་བ་ན་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡིད་དུ་འོང་མི་འོང་བར་མ་གསུམ་པ་ལ་རེག་ཅིང་སྤྱོད་པ་རེག་པའི་རྟེན་འབྲེལ། དེ་ལྟར་སྤྱད་པ་ལ་བརྟེན་ནས་ཚོར་བ་བདེ་སྡུག་


GLG012_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་གསུམ་སྐྱེ་བ་ནི་ཚོར་བའི་རྟེན་འབྲེལ་ཏེ་བཞི་པོ་འདི་འཕངས་པའི་འབྲས་བུ། སྐྱེ་གནས་བཞི་པོར་རྣམ་ཤེས་ཉིང་མཚམས་སྦྱར་ཟིན་པ་དེ་ཕྱིར་བཙས་པ་སྐྱེ་བའི་རྟེན་འབྲེལ། སྐྱེས་པའི་ཕུང་པོ་ན་ཚོད་སྨིན་པར་གྱུར་པ་རྒ་བ་དང་། ཕུང་པོ་དོར་བ་ནི་ཤི་བ་སྟེ་རྒ་ཤིའི་རྟེན་འབྲེལ་གཉིས་པོ་མངོན་པར་གྲུབ་པའི་འབྲས་བུ་ཡིན་པས་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ལ་བརྟེན་ནས་བདེ་འགྲོ་དང་ངན་འགྲོར་འཁོར་བའི་ཚུལ་ལེགས་པར་བསྒོམས་ན་སྐྱེས་བུ་ཆུང་འབྲིང་གཉིས་ཀའི་ཆོས་སྐོར་གྱི་གནད་རྣམས་ཚང་ཞིང་། དགེ་བའི་བཤེས་གཉེན་ཕུ་ཆུང་པ་ཆེན་པོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ལ་བརྟེན་པའི་བློ་སྦྱོང་མཛད་པ་ཡིན་ནོ། །དེང་སང་ཕྱག་ལེན་དུ་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་སྔར་བཤད་པ་ལྟར་ཁྲིད་ནས། བློ་ཡངས་པ་རྣམས་ལ་རྟེན་འབྲེལ་བཅུ་གཉིས་གྱི་རིམ་པ་སྙིང་པོ་བསྡུས་ཙམ་གྱི་དམིགས་སྐོར་གསུང་ཞིང་། བློ་འབྲིང་མན་ཆད་ལ་ཆད་ལྷག་ཏུ་མི་འགྱུར་བས་འདི་པའི་དམིགས་སྐོར་མི་འབབ་ལ། གང་ཟག་གི་རིགས་ལ་ལར་རྟེན་འབྲེལ་བཅུ་གཉིས་ཀྱི་སྐོར་འདི་འཆར་སྐྱེན་པ་ཞིག་འོང་བས་སྐྱེས་བུ་ཆུང་ངུའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྐྱབས་འགྲོའི་བར་དཀྱུས་ལྟར་ལ། ངན་འགྲོའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཇུག་ལྡོག་གི་སྐོར་ལ་བརྟེན་ནས་སྐྱེས་བུ་ཆུང་ངུ་དང་། བདེ་འགྲོའི་འཇུག་ལྡོག་ལ་བརྟེན་ནས་སྐྱེས་བུ་འབྲིང་གི་ཉམས་འཁྲིད་མཛད་སྲོལ་ཡོད་ཅེས་བདག་གི་བླ་མ་གསུང་ངོ་།།སྨྲས་པ། ཚེ་སྔ་མའི་རྣམ་པར་ཤེས་པ་ལ། །ལས་ཉོན་མོངས་ཀྱི་བག་ཆགས་རབ་བསྒོས་པ། །སྲེད་ལེན་པ་གཉིས་ཀྱིས་གསོས་བཏབ་པས། །ཚེ་ཕྱི་མའི་ཡང་སྲིད་


GLG012_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཅན་འགྲུབ། །མིང་གཟུགས་གྲུབ་པའི་ཕུང་པོ་ལ། ཁམས་སྐྱེ་མཆེད་རྣམ་པར་བཀྲ་བ་དེས། །ཡུལ་འདོད་ལ་སྤྱོད་པའི་རེག་ཚོར་ཅན། །སྐྱེ་རྒས་དང་ཤི་བས་སླར་ཡང་འཁོར། །ལར་སྲིད་པའི་རྟེན་འབྲེལ་བཅུ་གཉིས་ཀྱི། །རྒྱུ་འབྲས་བུར་འཆར་བའི་སྣང་ཚུལ་འདི། །སྔར་ལུགས་འབྱུང་དུ་གྲངས་མེད་ཉམས་སུ་མྱོང་། །ལུགས་ལྡོག་ཏུ་བསྒྲུབ་ན་མི་ལེགས་སམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དེ་ལས་ཐར་པའི་ལམ་ཉམས་ལེན་གྱི་རིམ་པ་ནི་བཤེས་སྤྲིངས་ལས། །མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་ལམ་བསླབ་པ་རིན་པོ་ཆེ་གསུམ་ལ་བསླབ་དགོས་པ་ཡིན་ལ། དེ་ཡང་སེམས་རྣམ་པར་གཡེང་བ་གཡེང་བ་མེད་པར་བྱེད་པ་ཚུལ་ཁྲིམས་ཀྱི་བསླབ་པས་ཉོན་མོངས་པ་མངོན་གྱུར་སུན་ཕྱུང་ནས་འབྲས་བུ་འདོད་ཁམས་ཀྱི་ལྷ་མིའི་བདེ་བ་ལ་ལོངས་སྤྱོད། སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་བྱེད་པ་ཏིང་ངེ་འཛིན་གྱི་བསླབ་པས་ཉོན་མོངས་པ་མངོན་གྱུར་མགོ་མནན་ནས་འབྲས་བུ་གཟུགས་གཟུགས་མེད་ཀྱི་ལྷའི་བདེ་བ་ལ་སྤྱོད་པར་བྱེད། སེམས་མ་གྲོལ་བ་གྲོལ་བར་བྱེད་པ་ཤེས་རབ་ཀྱི་བསླབ་པས་ཉོན་མོངས་པའི་ས་བོན་རྩ་བ་ནས་བཅད་དེ་འབྲས་བུ་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་སྐྱེ་བར་བྱེད་པ་ལ་སེམས་ལས་སུ་རུང་བ་ཏིང་


GLG012_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་གྱི་བསླབ་པ་སྔོན་དུ་འགྲོ་དགོས། དེ་ལ་ཡང་སེམས་གཡེང་བ་མེད་པའི་ཕྱིར་དུ་ཚུལ་ཁྲིམས་ཀྱི་བསླབ་པ་སྔོན་དུ་འགྲོ་དགོས་པས་འདི་དག་རྒྱུ་དང་འབྲས་བུའི་ཚུལ་དུ་གོ་རིམ་མ་ལོག་པར་ཉམས་སུ་བླངས་ན་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར་ན། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་གསུངས་པའི་དོན་ཡང་ཐོབ་བྱ་འགོག་པའི་བདེན་པ་མངོན་དུ་བྱེད་པ་ལ་ཐོབ་བྱེད་ལམ་གྱི་བདེན་པ་ཉམས་སུ་ལེན་པ་སྔར་སྡུག་བསྔལ་དང་ཀུན་འབྱུང་གི་ཚུལ་དང་མཚུངས་པ་ཡིན་མོད། དེ་ཡང་སྐྱེས་བུ་ཆེན་པོའི་ལམ་ཉམས་སུ་མི་ལེན་པར་སྐྱེས་བུ་འབྲིང་ཙམ་གྱི་གདུལ་བྱ་ལ་བཤད་མ་ཐག་པའི་ལམ་རྣམས་རྒྱས་པར་སྟོན་དགོས་ནའང་། སྐབས་འདིར་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ཡིན་པས་ཚུལ་ཁྲིམས་ཀྱི་སློབ་ཚུལ་ཙམ་ལས་བསླབ་བ་གཞན་གཉིས་ཞི་ལྷག་གི་སྐབས་སུ་འབྱུང་བས་འདིར་སྤྲོ་མི་དགོས་སོ། །དེ་ལྟར་ན་སྔར་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་མི་དགེ་བཅུ་སྤོང་དང་འདིར་བསྟན་ཚུལ་ཁྲིམས་དག་ཀྱང་སྤྱོད་པ་སྤྱི་བསླབ་གྱི་ཚུལ་ཁྲིམས་ཀྱི་ཁོངས་སུ་འདུ་བས་སོ་སོར་མི་དགོས་སོ་སྙམ་ན། དགོས་ཏེ་ཉམས་མགུར་དུ། སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདིས། ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །ཞེས་སྐྱེས་བུ་ཆེ་འབྲིང་གི་ལམ་རྒྱུད་ལ་སྐྱེ་བ་ལ་མི་དགེ་བཅུ་སོགས་སྡིག་ལྟུང་འདག་ཐབས་གལ་ཆེ་བར་གསུངས་ཤིང་། བྱང་ཆུབ་སེམས་དཔའ་ལ་སོ་ཐར་གྱི་སྡོམ་ལྡན་ཡིན་མིན་གཉིས་ཡོད་པའི་སོ་ཐར་གྱི་སྡོམ་ལྡན་མིན་པ་ལ་དེའི་དོད་ཐུབ་མི་དགེ་བཅུ་སྤོང་ལས་དངོས་བསྟན་ཚང་བར་མི་འབྱུང་བས་སྐབས་འདིའི་ཉམས་ལེན་དུ་འོས་པའི་ཕྱིར། ཚུལ་ཁྲིམས་ཀྱི་བསླབ་པ་ནི་བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་


GLG012_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རྟེན་ལེགས་པར་གསུངས། །ཞེས་རང་གི་གཉེན་པོ་ཆེ་ཆུང་དང་བསྟུན་ཏེ་སོ་སོར་ཐར་པ་རིགས་བདུན་པོ་གང་རུང་གི་སྡོམ་པ་བླང་། བླངས་པ་ཙམ་གྱིས་མི་ཆོག་པར་སྲུང་དགོས་པས་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་དགག་པའི་གཉེན་པོར་བསླབ་བྱ་ཕྲ་རགས་རྣམས་ཁོང་དུ་ཆུད་པར་བྱེད། བག་མེད་པའི་གཉེན་པོར་བླང་དོར་གང་ཡིན་དྲན་པས་གསལ་འདེབས་ཤིང་ལེགས་ཉེས་དཔྱོད་པའི་ཤེས་བཞིན་གྱིས་བྱ་ར་བལྟ་ཞིང་ངོ་ཚ་ཁྲེལ་ཡོད་དང་རྣམ་སྨིན་ལ་འཇིགས་པར་བྱེད། མ་གུས་པའི་གཉེན་པོར་སྟོན་པ་དང་དེས་གསུངས་པའི་བཅས་པ་དང་དེ་ཉམས་སུ་ལེན་པའི་གྲོགས་རྣམས་ལ་ཡིད་ཆེས་ཀྱི་སྒོ་ནས་གུས་པར་བྱེད། ཉོན་མོངས་མང་བའི་གཉེན་པོར་གང་ཤས་ཆེ་བ་དེ་ལ་འབུར་འཇོམས་སུ་བྱས་ནས་ཉིན་རེ་ཞིང་ཁས་བླངས་པའི་བསླབ་པ་དང་འགལ་མ་འགལ་བརྟགས་ནས་འགལ་བ་རྣམས་ཕྱིར་བཅོས་དང་སྟོབས་བཞི་སོགས་ཀྱི་སྒོ་ནས་བཤགས་སྡོམ་བྱེད་དགོས་ཏེ། ཚངས་པས་ཞུས་པ་ལས། བསླབ་པ་ལ་ནི་བརྟེན་པར་བྱ། །དེ་ལ་སྙིང་ནས་ནན་ཏན་བྱ། །ཕྱིར་ནི་སྤང་བར་མི་བྱ་ཞིང་། །སྲོག་གི་ཕྱིར་ཡང་གཞག་མི་བྱ། །རྟག་ཏུ་ནན་ཏན་གནས་པར་བྱ། །འདུལ་བ་ལ་ནི་འཇུག་པར་བྱ། །ཞེས་འབྱུང་བས་ཚུལ་ཁྲིམས་རྣམ་པར་དག་པ་འཕྲལ་ཡུན་ཐམས་ཅད་ཀྱི་བདེ་ལེགས་ཀྱི་རྩ་བ་ཡིན་ཞིང་། །ལྷག་ཏུ་སྙིགས་མ་ལྔ་བདོ་བའི་དུས་འདིར་ཕན་ཡོན་ལྷག་པར་ཆེ་བ་ཏིང་འཛིན་རྒྱལ་པོའི་མདོ་སྡེ་སོགས་ལས་གསུངས་ཤིང་། ཁྱད་པར་ཇོ་བོ་བཀའ་གདམས་པ་རྣམས་ཚུལ་ཁྲིམས་གཙང་བ་ལ་གཙོ་བོར་མཛད་པས་ཤ་ར་བའི་ཞལ་ནས། སྤྱིར་ལེགས་ཉེས་ཅི་བྱུང་ཡང་ཆོས་ལ་བརྟེན་པ། དེའི་ནང་ནས་ཀྱང་འདུལ་བ་ནས་ཇི་ལྟར་
འབྱུང་བ་ལ་བརྟེན་ན་བལྡབ་ཀྱང་མི་དགོས་པ་ཞེ་གཙང་བ་བརྟག་ཐུབ་པ་ཉམས་དགའ་བ་མཐའ་བཟང་བ་ཡིན་གསུང་བ་ཐུགས་ཤིན་ཏུ་མོད་པར་སྣང་བས་རྩ་བ་མེད་པའི་ཡལ་ག་འཚོལ་བ་བཞག་ནས་ལམ་འདི་ཉིད་ལ་ཉམས་ལེན་སྙིང་པོར་མཛད་པར་འཚལ་ལོ། །སྨྲས་པ། གཞི་ཚུལ་ཁྲིམས་གཙང་མའི་ཞིང་ས་ལ། །སེམས་ལས་སུ་རུང་བའི་ཆུ་ལུད་ཀྱིས། །ལམ་ལྷག་མཐོང་མྱུ་གུའི་འབྲས་སྨིན་པས། །གནས་འཁོར་བའི་དབུལ་ཕོངས་རྩ་བ་གཅོད། །བློ་བག་ཡོད་ས་སྲུང་སྟེང་འགྱིང་བའི། །སེམས་མཉམ་པར་འཇོག་པའི་མིག་སྟོང་ཅན། །བདག་འཛིན་མེད་ཀྱི་རྡོ་རྗེ་རྩེ་བརྒྱ་པས། །གཞི་སྲིད་པའི་ས་འཛིན་བགྲོད་པ་བཅོམ། །འབྲོག་འཁོར་བ་མཐའ་མེད་ཀྱི་ཚང་ཚིང་ཁྲོད། །ཆོས་བསླབ་གསུམ་དཔག་བསམ་ཤིང་འཁྲུངས་པས། །ཡོངས་སྡུག་བསྔལ་གྱི་མེ་ལྕེས་སྲེག་མིན་པའི། །དུས་གཏན་བདེའི་འཆི་མེད་ཚལ་དུ་མཛེས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ།


GLG012_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ།ཕྲ་ཞིང་རྣམ་པར་དག་པའི་མཚོན་རྣོན་པོས། །རྨོངས་པའི་དྲ་བ་མ་ལུས་གཅོད་མཛད་པ །འཇམ་དཔལ་རྡོ་རྗེའི་སྒྱུ་འཕྲུལ་ཙོང་ཁ་པ། ཁམས་གསུམ་འགྲོ་བའི་བླ་མའི་ཞལ་ལུང་ལས། །སྡུག་ཀུན་ཉེས་དམིགས་ཚུལ་ལས་ངེས་འབྱུང་བའི། །རིན་ཆེན་ཡུ་བས་བཏེགས་པའི་བསླབ་གསུམ་གདུགས། །མྱང་འདས་ནོར་བུའི་ཏོག་གིས་རབ་མཛེས་པའི། །ལེགས་བཤད་སྲིད་རྩེའི་བར་དུ་འཁོར་ཟིན་ནས། །མ་སྨད་སྙིང་རྗེའི་མ་དྲོས་ཀླུང་ཆེན་ལས། །རླབས་ཆེན་སྤྱོད་པའི་ཆུ་གཏེར་རྣམ་པ་བཞི། །ནམ་ཡང་ཆད་པ་མེད་པར་འབབ་པའི་རྒྱུན །ཀུན་མཁྱེན་རྒྱ་མཚོར་འཇུག་ཚུལ་འདི་ན་བཤད། །


GLG012_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་ལ་ལམ་སྒྲོན་ལས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སྐྱེས་བུ་འབྲིང་གི་སྐབས་སུ་སྲིད་པ་འཁོར་བའི་སྡུག་བསྔལ་ལ་འཇིགས་ཏེ་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་སྐྱེས་ནས། སྐྱེས་བུ་འབྲིང་གི་ལམ་ཁོ་ནས་བློ་སྦྱོང་བ་རྣམས་རང་ཉིད་གཅིག་པུ་ཞི་བ་དོན་དུ་གཉེར་བ་ཡིན་མོད། སྐབས་འདིར་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་བ་ནི་རང་རྒྱུད་ཀྱི་སྡུག་བསྔལ་ལ་རྗེས་སུ་དཔགས་ཏེ་སེམས་ཅན་གཞན་རྣམས་ཀྱང་དེ་བཞིན་དུ་སྡུག་བསྔལ་བ་མ་བཟོད་པར་དེ་དག་སྡུག་བསྔལ་ལས་ཐར་བར་འདོད་ནས་དེའི་ཐབས་སྒྲུབ་པ་པོ་དེ་ནི་སྐྱེས་བུ་ཆེན་པོ་ཡིན་ལ། ཐབས་གང་གི་སྒོ་ནས་སྒྲུབ་ན། ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤངས་བྱས་ཤིང་། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །ཅེས་བདེན་བཞི་ལ་འཇུག་ལྡོག་གི་ལམ་ཉམས་སུ་བླངས་པས་ཐར་པ་ཐོབ་ཀྱང་རང་དོན་ཡོངས་སུ་མ་རྫོགས་པས་གཞན་དོན་རྒྱ་ཆེན་པོ་མི་འབྱུང་བས་དེ་ལྟར་ན་གཞན་དོན་རྒྱ་ཆེན་སྒྲུབ་པའི་མཐུ་མེད་པའི་ཉན་རང་གི་ལམ་ལ་མི་འཇུག་པར་ཐེག་པ་ཆེན་པོ་ལ་ཞུགས་ཏེ་སེམས་ཅན་གྱི་དོན་སྒྲུབ་དགོས་པ་ནི་སློབ་སྤྲིངས་ལས། ཤིན་ཏུ་རྙེད་སླའི་རྩྭ་ཁམ་འགའ་ལྟ་ཕྱུགས་ཀྱང་རང་ཉིད་ཟ། །ཤིན་ཏུ་སྐོམ་པས་གདུངས་པའང་ཆུ་ཞིག་རྙེད་ན་དགའ་མགུར་འཐུང་། །འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྗིད་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་


GLG012_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས། ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང་། ཁུར་ལ་མི་རྩེག་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་དེ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་ཚེ་འདིའི་བདེ་བ་སྒྲུབ་པ་ཙམ་ནི་དུད་འགྲོ་ལ་ཡང་ཡོད་པས་ན་སྐྱེས་བུ་མཆོག་རྣམས་ཀྱི་ནུས་པའམ་རྩལ་ནི་ཉི་ཟླས་མུན་པ་སེལ་བ་དང་ས་ཆེན་པོས་འཇིག་རྟེན་འདེགས་པ་ལྟར་སྙིང་སྟོབས་ཆེན་པོས་གཞན་ཕན་གྱི་ཁུར་འཁྱེར་བར་བྱེད་པ་ཡིན་པས་དེ་ལ་མེད་དུ་མི་རུང་བ་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་འཁོར་བར་སྡུག་བསྔལ་བའི་འགྲོ་བ་ཞིག་ཀྱང་སེམས་བསྐྱེད་མ་ཐག་པ་ནས་བྱང་ཆུབ་སེམས་དཔར་འགྱུར་བར་གསུངས་ཤིང་། བྱང་ཆུབ་ཀྱི་སེམས་དང་མི་ལྡན་ན་ལྷག་པའི་བསླབ་པ་རིན་པོ་ཆེ་སོགས་ཡོན་ཏན་ཇི་ཙམ་ཡོད་ཀྱང་ཐེག་པ་ཆེན་པོ་བའི་གྲལ་དུ་མི་ཚུད་པ་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་ཆུ་ལུད་ནི་འབྲུ་སྣ་ཚོགས་བསྐྱེད་པའི་ཐུན་མོང་གི་རྒྱུ་དང་། རྗེའུའི་རིགས་ཅན་གྱི་མ་ནི་བུ་རིགས་རྒྱུད་མི་གཅིག་པ་སྣ་ཚོགས་སྐྱེད་པར་བྱེད་པ་ཡིན་ལ། ཐུན་མོང་མ་ཡིན་པའི་རྒྱུ་ས་བོན་ནས་དང་། ཕ་བྲམ་ཟེ་ལྟ་བུ་རིགས་གཅིག་ཏུ་ངེས་པ་ཞིག་དགོས་ཀྱི། ནས་བཏབ་པའི་མྱུ་གུ་གྲོ་སྐྱེ་བ་དང་། ཕ་བྲམ་ཟེའི་བུ་ལ་གདོལ་བའི་རིགས་མི་འབྱུང་


GLG012_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་དུ་ཐེག་པ་ཆེ་ཆུང་གང་གི་སྒོ་ནས་འཁོར་བ་ལས་སྒྲོལ་བར་བྱེད་པ་ལ་བདག་མེད་རྟོགས་པའི་ཤེས་རབ་སོགས་གཉིས་ཀ་ལ་དགོས་པའི་མ་ལྟ་བུ་ཡིན་ནའང་། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་ཕ་ལྟ་བུ་འདི་ཉིད་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བར་བྱེད་པའི་རྡོ་རྗེ་རིན་པོ་ཆེ་དང་མཚུངས་པས་དམན་པའི་རྒྱན་མཐའ་དག་ཟིལ་གྱིས་གནོན་པར་བྱེད་པའི་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ཉམས་སུ་ལེན་པ་ལ་བྱང་ཆུབ་ཀྱི་སེམས་ཇི་ལྟར་བསྐྱེད་པའི་ཚུལ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་གཉིས། དང་པོ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་རིམ་པ་དང་། སེམས་བསྐྱེད་ཆོ་གས་འཛིན་པའི་ཚུལ་གཉིས། དང་པོ་ནི་སྤྱིར་སེམས་སྐྱེད་པར་བྱེད་པའི་རྐྱེན་ནི་སངས་རྒྱས་དང་བྱངཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་དངོས་སུ་མཐོང་བ་དང་། དངོས་སུ་མ་མཐོང་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང་། དེ་དག་ཕྲ་ཞིང་ཞིབ་པར་ཐོས་པ་མིན་ནའང་སངས་རྒྱས་འཐོབ་པ་ལ་ཆོས་དེ་མེད་དུ་མི་རུང་བ་སོགས་ཀྱི་རྒྱུ་མཚན་འོལ་སྤྱི་ཙམ་ཐོས་པས་ཐེག་ཆེན་གྱི་བསྟན་པ་ནུབ་པ་མ་བཟོད་པ་དང་། བསྟན་པ་ནུབ་པ་ལ་མངོན་དུ་ཕྱོགས་པ་མིན་ཡང་སྙིགས་མའི་དུས་ཆེས་ངན་པ་འདིར་ཉན་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་རྙེད་དཀའ་ན་བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས་སྙམ་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་པ་དང་། རིགས་དང་དགེ་བའི་བཤེས་གཉེན་དང་སྙིང་བརྩེ་བ་དང་སྐྱོ་ངལ་མེད་པ་སྟེ་རྒྱུ་བཞི་ལ་བརྟེན་ནས་སེམས་བསྐྱེད་པ། རང་གི་སྟོབས་དང་། གཞན་གྱི་སྟོབས་དང་། ཚེ་རབས་སྔོན་མ་ལ་ཐེག་པ་ཆེན་པོར་གོམས་པ་རྒྱུའི་སྟོབས་དང་། ཚེ་འདིར་དགེ་བ་ལ་གོམས་པ་སྦྱོར་པའི་སྟོབས་ཏེ་རྒྱུ་བཞི་དང་སྟོབས་བཞི་སོགས་སེམས་བསྐྱེད་


GLG012_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་རྐྱེན་མང་དུ་བཤད་ལ། དེང་སང་ཕྱག་ལེན་གྱི་སྙིང་པོར་ཇོ་བོ་ཆེན་པོ་ཨ་ཏི་ཤ་ནས་བརྒྱུད་པར་མན་ངག་བདུན་པ་དང་། རྒྱལ་བའི་སྲས་པོ་ཞི་བ་ལྷ་ནས་བརྒྱུད་པའི་མན་ངག་གཉིས་ལ་བརྟེན་པའི་ཇོ་བོ་ཆེན་པོའི་ལུགས་ཀྱི་དང་པོ་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་དགོས་པའི་རྒྱུ་མཚན་སངས་རྒྱས་ཀྱི་གོ་འཕང་ནི་བྱང་ཆུབ་ཀྱི་སེམས་ལས་འབྱུང་། དེ་ལྷག་བསམ་ལས་འབྱུང་། དེ་སྙིང་རྗེ་ལས་འབྱུང་། དེ་བྱམས་པ་ལས་འབྱུང་། དེ་དྲིན་དུ་གཟོ་བ་ལས་འབྱུང་། དེ་དྲིན་དྲན་པ་ལས་འབྱུང་། དེ་མར་ཤེས་པ་ལས་འབྱུང་བའི་གོ་རིམ་གྱི་གནད་དེ་ལྟར་ཡོད་ནའང་། སྙིང་རྗེ་ཆེན་པོ་ལྷག་བསམ་དང་བྱམས་པའི་བར་ཁོ་ནར་འབྱུང་བ་ལས་གཞན་དུ་མི་འབྱུང་བའི་ངེས་པ་ནི་མེད་དེ། འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་ཐོག་མར་འགྲོ་བ་རྣམས་ལ་འཁོར་བ་ལས་བསྒྲལ་བའི་ཕྱིར་དུ་དམ་བཅའ་བ་ཡང་སྙིང་རྗེ་ལ་རག་ལུས་པར་མ་ཟད། བར་དུ་བྱ་དཀའ་བས་སྒྱིད་ལུག་སྟེ་ལམ་དམན་པར་མི་གོལ་བ་དང་། མཐར་སངས་རྒྱས་ནས་ཀྱང་ཉན་རང་ལྟར་ཞི་བར་མི་གནས་པར་སེམས་ཅན་མཐའ་དག་གི་དོན་མཛད་པར་ངལ་བ་མེད་པ་ཡང་སྙིང་རྗེ་ཆེན་པོ་ལ་རག་ལུས་མོད། དེ་ལྟར་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་ཡང་ཡིད་དུ་འོང་བ་ཞིག་དགོས་པས་སེམས་ཅན་ཐམས་ཅད་མར་ཤེས་དགོས་ལ། ལམ་འདི་དག་ལ་མ་སྦྱངས་པའི་སྐྱེ་བོ་རྣམས་ཀྱང་རང་གི་མ་ལ་སོགས་པའི་གཉེན་རྣམས་ལ་དྲིན་བསམ་པ་དང་དྲན་པའི་སྒོ་ནས་བྱམས་པ་དང་སྙིང་རྗེ་ཉི་ཚེ་བ་སྐྱེ་ནའང་། མི་མཛའ་བའི་དགྲ་སོགས་ལ་མི་སྐྱེ་བར་མ་ཟད་དེའི་ལྡོག་ཕྱོགས་སྡུག་བསྔལ་


GLG012_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲད་འདོད་དང་བདེ་བ་དང་འབྲལ་འདོད་ཀྱི་བློ་འབྱུང་བའི་ཕྱིར་ན་རང་རེ་རྣམས་ཀྱང་ཐོག་མར་བཏང་སྙོམས་ཤིག་མ་བསྒྲུབས་ན་ལམ་སྒོམ་བློ་བྱས་ཀྱང་བྱམས་སྙིང་རྗེ་ཕྱོགས་རིས་ཅན་དུ་འགྲོ་བས་དེའི་གཉེན་པོར་ཐོག་མར་བཏང་སྙོམས་སྒོམ་དགོས་མོད། འོ་ན་མ་སོགས་ལ་ཡིད་འོང་གི་བྱམས་པ་སྒྲུབ་དགོས་ན་ད་ལྟ་ཡིད་འོང་གི་བློ་ཡོད་པ་དེ་བཀག་ནས་ཅི་བྱ་སྙམ་ན། རྒྱུ་འབྲས་བདུན་གྱི་ཡིད་འོང་ལ་ཆགས་པ་ཅུང་ཟད་ཀྱང་མ་འདྲེས་པ་དགོས་ལ། ད་ལྟ་རང་ཅག་ཚོའི་བློ་ལ་ཡོད་བཞིན་པའི་བྱམས་པ་ནི་ཆགས་པས་བསླངས་པ་ཡིན་པས། དཔེར་ན་ས་སྒང་གཤོངས་མི་སྙོམས་པ་ལ་གནས་མལ་མི་བདེ་བ་བཞིན་ཆགས་སྡང་གི་མཐོ་དམའ་ཅན་ལ་བྱམས་པ་འོང་བའི་སྐབས་མེད་དོ། །དེ་ཡང་ཚོར་བ་བཏང་སྙོམས་ལྟ་བུ་མ་ཡིན་པའི་སེམས་ཅན་རྣམས་ལ་རང་བློ་ཆགས་སྡང་དང་བྲལ་བའི་ཚད་མེད་བཏང་སྙོམས་ཤིག་སྒོམ་པར་བྱེད་པ་ལ་ཐོག་མར་དགྲ་གཉེན་གང་ཡང་མིན་པའི་སེམས་ཅན་ཞིག་གི་ལེགས་པར་གསལ་བཏབ་པས་དེའི་བྱད་དབྱིབས་དང་སྤྱོད་ཚུལ་སོགས་ཡིད་ལ་ཤར་བ་དང་དེ་ལ་དམིགས་ནས་སྡང་བ་དང་བྱམས་པའི་རྟོག་པ་སྐྱེ་བཅུག་པ་ན་དེ་ལ་མི་མཐུན་པར་བལྟ་བའི་ཞེ་སྡང་དང་མཐུན་པར་བལྟ་བའི་འདོད་ཆགས་གཉིས་ཀ་ཧ་ཅང་ཆེ་བ་མི་འབྱུང་ཡང་། ཆེ་ཆུང་ཅུང་ཟད་འདུག་ན་གང་ཆེ་བ་དེའི་གཉེན་པོ་བསྟེན་ནས་སེམས་སྙོམས་པ་མ་བྱུང་གི་བར་དུ་བསྒོམ་གསུང་། ཐོག་མར་བར་མ་ལ་སྒོམ་པ་ཡུལ་དེ་ལ་བཏང་སྙོམས་ཤས་ཆེ་བས་སྐྱེ་བ་སླ་བའི་དབང་དུ་བཏང་བ་ཡིན་ཞིང་། དེ་ནས་ཚེ་འདིར་སྙིང་ན་བའི་དགྲ་ཞིག་དང་ཤིན་ཏུ་མཛའ་བའི་གཉེན་ཞིག་དམིགས་ཡུལ་དུ་བྱས་ཏེ་དེ་དག་ལ་ཆགས་སྡང་གི་རྟོག་པ་མངོན་གྱུར་སྐྱེས་བྱུང་བ་དང་། དགྲ་རྣམས་ཀྱང་ཚེ་སྔོན་


GLG012_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གྲོགས་བྱས་ནས་ཕན་མང་དུ་བཏགས་པ་དང་གྲོགས་རྣམས་ཀྱང་ཚེ་སྔོན་མའི་དགྲར་གྱུར་ནས་རང་བསད་པ་སོགས་གནོད་པ་བྱས་ཚུལ་ལེགས་པར་བསམས་པའི་སྒོ་ནས་ཆགས་སྡང་གི་རྟོག་པ་མགོ་སྙོམས་པ་ཡིན་ལ། འོན་ཀྱང་སྐྱེས་བུ་འབྲིང་གི་སྐབས་ཀྱི་དགྲ་གཉེན་ལ་ངེས་པ་མེད་ཚུལ་གྱི་སྐོར་ལ་མྱོང་བ་ཐོན་ན་སྐབས་འདིར་དམིགས་པ་སྐྱོང་ཤིན་ཏུ་སླ་བར་སྣང་ངོ་། །དམིགས་ཡུལ་གསུམ་པོ་འདི་གས་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟར་འགྲོ་བ་རྣམས་ལ་འབད་མེད་སྙོམས་པའི་བློ་བྱུང་ན་དེས་ཆོག་ལ། ད་དུང་སྐྱེ་དཀའ་སེ་བ་བྱུང་ཚེ་རིགས་མི་གཅིག་པ་མང་པོ་ལ་སྤོས་ཀྱིན་སྒོམ་པ་གནད་ཡིན་ནོ། །དེ་ལྟར་དགྲ་གཉེན་བར་མའི་འགྲོ་བ་མཐའ་དག་ལ་གཅིག་ཏུ་སྡང་བ་གཅིག་ཏུ་ཆགས་པའི་བློ་འགོ་སྙོམས་ཟིན་ནས་ཐོག་མར་གཞན་དོན་དོན་གཉེར་གྱི་བློའི་གཞི་སྒྲུབ་པར་བྱེད་པ་ལ་སེམས་ཅན་ཐམས་ཅད་མར་ཤེས་པའི་སླད་དུ་འདི་ལྟར་བསམ་སྟེ། འཁོར་བ་ལ་མཐའ་མེད་པ་བཞིན་དུ་བདག་གི་སྐྱེ་བ་ལ་མཐའ་མེད་པས་སེམས་ཅན་ཐམས་ཅད་ཀྱི་མངལ་དུ་བདག་ཉིང་མཚམས་སྦྱར་ནས་སྐྱེ་བ་མ་བླངས་པ་ག་ལ་ཡོད་སྙམ་དུ་བསམས་པ་ན་མོས་པའི་དབང་གིས་འཆར་ཡང་། སྤྱི་ལྡོག་ཏུ་བསྒོམས་པས་ངེས་ཤེས་འདྲོངས་དཀའ་བས་ན་རང་གི་མདུན་དུ་ད་ལྟའི་མ་དེ་ཉིད་རྒན་གཞོན་དབྱིབས་ཆ་བྱད་སྤྱོད་ཚུལ་ཇི་ལྟར་ཡོད་པ་གསལ་བཏབ། དེས་ཚེ་འདིའི་མ་བྱས་པ་དངོས་སུ་གྲུབ་པ་འདི་ག་འདྲ་བ་ཞིག་སྐྱེ་བ་གཞན་མང་པོར་ཡང་བྱས་ཡོད་དེ། དཔེར་ན་མདོ་ལས་དེ་བཞིན་གཤེགས་པའི་སྐུ་ཚེ་དེའི་ཡུམ་གྱི་སྔོན་སློབ་པ་ལམ་གྱི་གནས་སྐབས་ཀྱི་མ་མང་དུ་བྱས་ཚུལ་དང་། གང་ཟག་གཞན་གྱི་སྔོན་དང་ཕྱི་མའི་མཐའ་གསུངས་པ་ཚད་མའི་སྐྱེས་བུའི་བཀའ་བསླུ་


GLG012_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པ་ཡིན་སྙམ་པའི་སྒོ་ནས་རྗེས་སུ་དཔགས་ཏེ་བསྒོམས་ན་གཏིང་ཕྱིན་པའི་ངེས་ཤེས་ཁྱད་པར་ཅན་ཞིག་རྙེད་འོང་། དེ་ནས་ཚེ་འདིའི་ཕ་དང་ཉེ་དུ་བར་མ་དགྲ་དམྱལ་བ་སོགས་འགྲོ་བ་རིགས་གཞན་ལའང་བསྒོམས་པས་མཐར་སེམས་ཅན་ཐམས་ཅད་མར་ཤེས་པའི་བློ་རང་གིས་ཕར་བཅོས་པ་མ་ཡིན་པའི་ཚེ་འདིའི་མ་དང་འདྲ་བའི་སྣང་བ་འཆར་བ་ཞིག་འོང་། དེ་ལ་མྱོང་བ་ཐོན་ནས་དྲིན་དྲན་པ་ནི་སྔར་ལྟར་རང་གི་མའི་སྣང་ཚུལ་མཐའ་དག་གསལ་བཏབ། མ་འདིས་བདག་ཟླ་བ་བཅུའི་བར་དུ་མངལ་དུ་བཟུང་། རང་གི་བདེ་བ་དང་ལྟོགས་སྐོམ་སོགས་ཁྱད་དུ་བསད། ཕན་གནོད་ཀྱི་སྤྱོད་ལམ་ཐམས་ཅད་བུའི་ཆེད་དུ་བྱས་ཏེ་དལ་འབྱོར་གྱི་ལུས་སྲོག་འདི་ཉིད་བྱིན་པ་ཡིན་པས་ཐོག་མར་དྲིན་ཆེ། མངལ་ནས་བཙས་ཟིན་ནས་འཇམ་པའི་གོས་སྟན་ལ་བཞག །བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། དགའ་བའི་འཛུམ་གྱིས་བསུས། སྙན་པའི་མིང་ནས་བོས། མངར་བའི་ནུ་ཞོ་བསྣུན། ཟས་ལྕེས་བསྙོད། སྣབས་ཁས་ཕྱིར། མི་གཙང་བ་ལག་པས་ཕྱིས། ཤའི་དྲོད་ལ་བཅར། མེ་ཆུ་གཡང་སའི་འཇིགས་པ་ལས་བསྐྱབས། བུ་ན་བ་ལས་རང་ན་བ་དང་བུ་ཤི་བ་ལས་རང་ཤི་བ་ལ་སྙིང་ཐག་པ་ནས་འདེམ་པ་སོགས་ཀྱི་སྒོ་ནས་བསྐྱངས་པས་བར་དུ་དྲིན་ཆེ། ནར་སོན་ནས་ཟ་ལུགས་འགྲོ་ལུགས་སོགས་ཀྱིས་མཐའ་རྟེན་པའི་ཡོན་ཏན་རང་གིས་བསླབ་པ་དང་གཞན་སློབ་ཏུ་འཇུག་པ། སྡིག་སྡུག་གཏམ་ངན་ཁྱད་དུ་བསད་དེ་ཤ་ཐང་ཐང་དུ་འབད་པས་བཙལ་བའི་ས་ཁང་ནོར་རྫས་སྙིང་ལྟར་གཅེས་པ་མཐའ་དག་བྱིན་པས་ཐ་མར་དྲིན་ཆེ་ཚུལ་རྣམས་བསམས་པས་མིག་ནས་མཆི་མ་འཁྲུག་པ་དང་ལུས་ཀྱི་བ་སྤུ་ལྡང་བ་


GLG012_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྩད་ཡམ་ཡམ་བློང་བློང་བ་མ་བྱུང་གི་བར་དུ་བསྒོམ། དེ་ནས་རིམ་གྱིས་ཕ་ནས་བཟུང་དགྲའི་བར་དང་རིགས་དྲུག་གི་འགྲོ་བ་གཞན་རྣམས་ལ་ཚེ་སྔོན་མའི་མར་གྱུར་པ་གྲངས་ཀྱིས་མི་ཆོད་པ་བྱས་པའི་གནས་སྐབས་སུ་ཚེ་འདིའི་མས་འདི་ལྟར་བྱས་པ་ལྟ་བུ་དང་ཚུལ་མཚུངས་པའི་སྒོ་ནས་བསམ། དེ་ཡང་བཤད་མ་ཐག་པ་ཐམས་ཅད་དུད་འགྲོ་སོགས་ལ་མི་ཚང་ཡང་མིར་གྱུར་དུས་ཀྱི་མ་མ་བྱས་པ་མེད་པ་ལ་དགོངས་པར་སྣང་། དྲིན་དྲན་པ་ལ་མྱོང་བ་སྐྱེས་པའི་རྗེས་སུ་དྲིན་གཟོ་བ་ནི་སློབ་སྤྲིངས་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་པོར་མེད། །ཅེས་མར་གྱུར་སེམས་ཅན་རྣམས་ཉོན་མོངས་པའི་གདོན་གྱིས་རྒྱུད་དཀྲུགས། བླང་དོར་ལ་བལྟ་བའི་མིག་གཏི་མུག་གིས་ལྡོངས། ཟབ་མོ་དམ་པའི་ཆོས་ཀྱི་འཁར་བ་དང་བྲལ། ཐར་པའི་གྲོང་དུ་འཁྲིད་པའི་དགེ་བའི་བཤེས་གཉེན་གྱི་དམིགས་བུས་བོར། མཐོ་རིས་དང་ཐར་པའི་ངལ་སྟེགས་ལ་བརྡེག་འཆོས་ཏེ་འཁོར་བའི་གཡང་དུ་ལྷུང་། སྡུག་བསྔལ་གསུམ་གྱི་བཙོན་རར་འཁྱམས་པ་འདི་དག་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་ཚེ་རབས་མང་པོར་རང་ལ་ཕན་བཏགས་པའི་དྲིན་ཅན་གྱི་ཕ་མ་ཤ་སྟག་ཡིན་པས་མ་དེ་རྣམས་ཀྱིས་ཀྱང་བུ་བདག་ལ་མི་རེ་ན་སུ་ལ་རེ། བུ་བདག་ལ་མ་དེ་རྣམས་སྐྱོང་བའི་ཁུར་མ་བབ་ན་གཞན་སུ་ལ་བབ། དཔེར་ན་འདི་སྣང་གི་ཕ་མ་མཛའ་གྲོགས་ཤིག་བཙོན་རའམ་འབྲོག་དགོན་པ་ཆོམ་རྐུན་དང་གཅན་གཟན་གྱི་འཇིགས་པ་ཡོད་པར་ཆུད་པ་ལས་ཐར་བའི་ཐབས་ཤིག་རང་ལ་ཡོད་བཞིན་དུ་བློས་བོར་ནས་བདེ་བར་


GLG012_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད་ན་དེ་ལས་ངོ་ཚ་དང་ཁྲེལ་ཆུང་བ་མི་འོང་བ་ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། རྒྱ་མཚོ་དང་ནི་རི་རབ་དང་། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་པ་ལྟར་ཡིན་པས་བདག་གིས་དྲིན་ཅན་གྱི་མ་རྣམས་སྐྱོབ་པའི་ནུས་པ་ཡོད་བཞིན་དུ་དོར་ནས་རང་གཅིག་པུ་ཞི་བ་དོན་དུ་གཉེར་བའི་དམན་པའི་ལམ་དུ་བཞུགས་ན་དམ་པ་རྣམས་ཐུགས་གཏིང་ནས་ཁྲེལ་བར་འདུག་པས་དེ་སྤངས་ཏེ་འགྲོ་བ་ཀུན་ལ་ཕན་པ་བསྒྲུབ་པར་བྱ་སྙམ་དུ་བསམ། འོ་ན་ཕན་ཇི་ལྟ་བུའི་ཚུལ་གྱིས་འདོགས་ན་བཀྲེས་པ་ལ་ཟས། སྐོམ་པ་ལ་བཏུང་བ། ནད་ཀྱིས་མནར་བ་ལ་སྨན། ཕོངས་པ་ལ་ཟང་ཟིང་གི་ནོར་སོགས་ཀྱང་གནས་སྐབས་སོ་སོའི་སྡུག་བསྔལ་སེལ་ཞིང་། རང་གི་ཚོགས་གསོག་པའི་རྒྱུ་ཡིན་པས་མི་བྱ་བ་མ་ཡིན་མོད། སྲིད་པའི་སྟོབས་འབྱོར་ལ་སྦྱར་བ་ཉིད་འགྲོ་བ་རྣམས་ལ་ཕན་བཏགས་པའི་གཙོ་བོར་བཟུང་ཚེ། དེ་དག་གིས་ཚངས་པ་དང་འདོད་པའི་ལྷ་དགའ་རབ་དབང་ཕྱུག་དང་འཁོར་ལོས་སྒྱུར་རྒྱལ་ཀྱང་གྲངས་མེད་བྱས་པས་བརྟན་པ་མ་ཐོབ་བར་དབུལ་ཕོངས་ཚ་གྲང་གི་སྡུག་བསྔལ་གྱི་གནས་སྐབས་འདི་ལྟར་གྱུར་ན། བདག་གིས་ཀྱང་འདི་དག་ཟག་བཅས་ཀྱི་བདེ་བ་ལ་གཙོ་བོར་སྦྱར་ན་སྟོབས་འབྱོར་ཇི་ཙམ་ཆེ་བ་ཙམ་གྱིས་བདེ་བ་དེ་སྡུག་བསྔལ་དུ་འགྱུར་ཚབས་ཆེ་བ་རྨ་འབྲས་ལ་འགྱུར་བྱེད་ཀྱི་རྫས་ཚ་བ་ལྟ་བུ་བཏབ་པ་ལྟར་སྡུག་བསྔལ་ཇེ་འཕེལ་དུ་འགྲོ་བ་དང་འདྲ་བར་འདུག་པས་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གང་རུང་ལ་དགོད་པར་བྱ་སྙམ་པའི་ཡིད་འཁུལ་ངེས་སུ་བསམ་མོ། །དེ་ལྟར་གཞན་དོན་དོན་གཉེར་གྱི་བློ་


GLG012_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་གཞི་བསྒྲུབས་པ་ཙམ་གྱིས་མི་ཆོག་པས་བློ་དངོས་སྐྱེ་བ་ལ་བྱམས་སྙིང་རྗེ་ལྷག་བསམ་གསུམ་སྒོམ་དགོས་པའི་བྱམས་པ་དང་སྙིང་རྗེ་གཉིས་ལ་བདེ་བ་ལ་སྦྱོར་འདོད་དང་སྡུག་བསྔལ་དང་འབྲལ་འདོད་ཀྱི་བློ་གང་མངོན་དུ་གྱུར་པ་དང་རྗེས་སུ་འབྲེལ་བ་ལས་རྒྱུ་འབྲས་ཀྱི་གོ་རིམ་ངེས་ཅན་དུ་མེད་ཀྱང་། སྤྱིར་བཏང་ཕྱག་ལེན་དུ་བྱམས་པ་སྔོན་དུ་མཛད་པས། རིན་ཆེན་ཕྲེང་བ་ལས། རྫེའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆེ་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་ཀྱང་ནི་སྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་འཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་ཕན་ཡོན་མཐའ་ཡས་པའི་བྱམས་པ་སྒོམ་པ་ནི་ཚེ་འདིའི་མ་ལ་ནད་དང་དབུལ་ཕོངས་སོགས་སྡུག་བསྔལ་མངོན་གྱུར་ཡོད་དམ་མེད་ནའང་འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཙམ་ཡིན་པས་བདེ་བ་དང་མི་ལྡན་ཚུལ་བསམས་ལ། བདེ་བ་དང་མི་ལྡན་པའི་མ་འདི་ཉིད་བདེ་བ་ལ་དགོད་འདོད་ཀྱི་བློ་ཤུགས་དྲག་པོར་བསྐྱེད་ནས་ངག་ཏུ། བདེ་བས་ཕོངས་པའི་མི་རྒན་འདི་རྣམས་བདེ་བ་དང་ཕྲད་ན་ཅི་མ་རུང་། བདེ་བ་དང་ཕྲད་པར་གྱུར་ཅིག །ཅི་ནས་ཀྱང་བདེ་བ་དང་ཕྲད་པར་བྱའོ། །ཞེས་ལན་མང་པོ་བརྗོད་ཅིང་དེ་ལྟར་བསམ་མོ། །དེ་བཞིན་དུ་དགྲ་གཉེན་སོགས་འགྲོ་བ་རིས་མེད་རྣམས་ལ་ཡང་སྔར་གྱི་གོ་རིམ་ལྟར་སྒོམ་དགོས་པས། ངན་སོང་གསུམ་ལ་སྡུག་བསྔལ་མངོན་གྱུར་དང་བདེ་


GLG012_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་སྡུག་བསྔལ་ཡོད་མེད་ཅི་རིགས་ཀྱང་སྐབས་དང་སྦྱར་རོ། །འོན་ཀྱང་དགྲས་གནོད་པ་འདི་ཞེས་བྱ་བ་བྱས་པས་ཕན་བཏགས་ཤན་འདྲ་སྙམ་ན་རང་གིས་སྐྱེ་བ་སྔོན་མ་ཕར་གནོད་པ་བྱས་པའི་ལེ་ལན་ཚུར་ལ་འཁོར་བ་ཡིན་ནམ། རྣམ་པ་གཅིག་ཏུ་ན་ཁོ་རང་ལ་རང་དབང་མེད་པར་ཉོན་མོངས་པ་དེས་རྒྱུད་བསྐུལ་བར་འདུག །ཚེ་འདིའི་མའམ་ཉེ་དུ་ལྟ་བུ་ཞིག་གདོན་གྱིས་སྨྱོས་ཏེ་བདག་ལ་མཚོན་ཆ་སོགས་རྡེག་ཏུ་བྱུང་ན་དེ་ལ་ཞེ་སྡང་མི་སྐྱེ་བའི་ཁར་གདོན་དང་འབྲལ་བའི་ཐབས་ལ་བརྩོན་པ་བྱེད་པ་བཞིན་ཚེ་སྔོན་མའི་མ་རྒན་འདི་སྣང་གི་འཁྲུལ་ངོར་དགྲར་བཏགས་པ་འདི་ཡང་ཉོན་མོངས་པའི་གདོན་གྱིས་སྨྱོས་འདུག་པས་ཉོན་མོངས་པའི་གདོན་འདི་དང་བྲལ་ཏེ་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་སོགས་སྔར་ལྟར་ཉམས་སུ་ལེན་པ་ནི་གནད་དམ་པ་ཡིན། འོ་ན་གོང་དུ་དགྲ་རྣམས་ཀྱང་མར་བསྒོམས་ཟིན་པས་བྱམས་པ་སྐྱེ་དཀའ་བ་ཞིག་མི་འོང་ངམ་སྙམ་དུ་དོགས་ན། ཤིན་ཏུ་མ་བརྟགས་པ་སྟེ། ཁྲེལ་ཆུང་གི་སྐྱེ་བོ་ལ་ལ་ཚེ་འདིའི་མ་ཡང་གསོད་པ་དང་དགྲར་བལྟས་ཏེ་གནོད་པ་སྣ་ཚོགས་བྱེད་པ་མངོན་སུམ་དུ་གྲུབ་པས་སོ། །སེམས་ཅན་རྣམས་ལ་བྱམས་པ་བསྒོམས་ནས། སྙིང་རྗེ་ནི་སྔར་ལྟར་ཚེ་འདིའི་མ་སྡུག་བསྔལ་གསུམ་པོ་གང་རུང་གིས་མནར་བ་ལ་དམིགས་ནས་ཀྱེ་མ་བདག་གི་ཚེ་འདིའི་མ་ལ་སྡུག་བསྔལ་གྱིས་དངོས་སུ་གནོད། ཀུན་འབྱུང་གིས་བརྒྱུད་ནས་གནོད་པས་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མི་འདུག །སྡུག་བསྔལ་འདི་ལས་ཐར་ན་ཅི་མ་རུང་བསམས་ཏེ་ངག་ནས། སྡུག་བསྔལ་གྱིས་མནར་བའི་མ་རྒན་སེམས་ཅན་འདི་ཐམས་ཅད་སྡུག་


GLG012_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་བྲལ་ན་ཅི་མ་རུང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །ཅི་ནས་ཀྱང་སྡུག་བསྔལ་དང་བྲལ་བར་བྱའོ། །ཞེས་མང་དུ་བརྗོད་ཅིང་ཡིད་ལ་བསམ་པར་བྱའོ། །དེ་ཡང་དགྲ་གཉེན་བར་མ་མཐའ་དག་ལ་ཁ་སྤོས་ཏེ་བསམ། འདི་དག་ཀྱང་སྐྱེས་བུ་ཆུང་འབྲིང་གི་ཉམས་ལེན་ཉམས་འོག་ཏུ་ཆུད་ན་རང་ཉམས་ལ་དཔགས་ཏེ་སྒོམ་སླ་བར་ལམ་རིམ་ཆེན་མོ་ལས་གསུངས་སོ། །སེམས་ཅན་བདེ་བ་དང་ལྡན་འདོད་དང་སྡུག་བསྔལ་དང་འབྲལ་འདོད་ཀྱི་བློ་ཙམ་ཐེག་པ་དམན་པ་ལའང་ཡོད་པས། བཤད་མ་ཐག་པའི་བྱམས་སྙིང་རྗེ་གཉིས་ལ་དེ་ཙམ་གྱིས་མི་ཆོག་པར་དེ་ལྟར་བྱའོ་སྙམ་པའི་ལྷག་བསམ་རྣམ་དག་འདྲེན་ནུས་པའི་བྱམས་སྙིང་རྗེ་ཡིན་པས་དེ་གཉིས་ཀྱིས་དྲངས་པའི་ལྷག་བསམ་རྣམ་དག་ནི་འགྲོ་བ་རྣམས་སྡུག་བསྔལ་ལས་ཕྲལ་ཅིང་བདེ་བ་ལ་དགོད་བློ་ཙམ་མིན་པའི་ངེས་པར་བདག་གིས་བྱ་སྙམ་པའི་དམ་བཅའི་ཚུལ་གྱིས། ཀྱེ་མ་ཡིད་དུ་འོང་བའི་སེམས་ཅན་འདི་རྣམས་བདེ་བ་ལ་སྦྱོར་བ་དང་སྡུག་བསྔལ་ལས་ཐར་བར་བྱེད་པའི་ཁུར་དེ་ཡང་བདག་གིས་འཁྱེར་རོ་སྙམ་པའི་བསམ་པ་དང་བཅས་ཏེ་ངག་ཏུ། བདེ་བ་དང་མི་ལྡན་པའི་མ་རྒན་སེམས་ཅན་འདི་རྣམས་བདེ་བ་དང་ལྡན་པ་ཞིག་བདག་གིས་བྱའོ། །སྡུག་བསྔལ་གྱིས་མནར་བའི་སེམས་ཅན་འདི་རྣམས་སྡུག་བསྔལ་དང་བྲལ་བ་ཞིག་བདག་གིས་བྱའོ། །ཞེས་ལན་གྲངས་མང་པོར་བརྗོད་ནས་ཡི་དམ་བཅས་པའི་ལྷག་བསམ་རྣམ་དག་བསྐྱེད་པའི་མཐུས། སྐྱབས་འགྲོའི་སྐབས་སུ་བཤད་པའི་སྐུ་གསུང་ཐུགས་དང་འཕྲིན་ལས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས། ཡོན་ཏན་ཁྱད་པར་ཅན་འདི་དང་ལྡན་པའི་གོ་འཕང་འདི་ཐོབ་ན་སེམས་ཅན་རྣམས་ཀྱང་འདྲེན་ནུས་པར་འདུག་སྙམ་སྟེ་


GLG012_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པས་གྲངས་མེད་གསུམ་གྱི་འགོ་རྩོམ་པའི་སེམས་བསྐྱེད་དང་མཚུངས་པ་ཡིན་ནོ། །འོ་ན་དྲིན་གཟོའི་སྐབས་ཀྱང་འགྲོ་བ་རྣམས་མྱང་འདས་ལ་དགོས་པར་བྱ་བསམ་པ་ཡོད་པས་ལྷག་བསམ་རྣམ་དག་ལ་ལྷག་པོ་མེད་དོ་སྙམ་ན། དཔེར་ན་དངོས་པོ་འདི་བདག་གིས་ཉེ་བར་བྱ་བསམ་པ་དང་། འཚོང་ཐག་བཅད་པ་མི་འདྲ་བ་ལྟར་དྲིན་གཟོ་དག་ལྷག་བསམ་ལ་ཡང་ཁྱད་པར་དེ་བཞིན་དུ་ཡོད་པས་སྤུ་རིས་ཕྱེད་དགོས། དེ་ལྟར་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་ལེགས་པར་སྦྱངས་ནས་འཁྲིད་ཚུལ་མ་གཏོགས་ཞི་བ་ལྷའི་ལུགས་ཀྱང་དོན་གྱིས་ཚང་བས་སོ་སོར་དགོས་པའི་ངེས་པ་མེད་ནའང་། ལམ་རིམ་ཆེ་ཆུང་དུ་ལུགས་གཉིས་ཀ་གསུངས་པ་དང་། གདུལ་བྱ་བློ་སྣ་ཚོགས་པའི་དབང་གིས་ཕྱག་ལེན་དུ་མཛད་པས་རྒྱལ་བའི་སྲས་པོ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་བདག་གཞན་བརྗེ་བ་ནི་སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་དགོས་ཏེ། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་བདག་གཅེས་འཛིན་རྒུད་པ་ཀུན་གྱི་


GLG012_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དང་། གཞན་གཅེས་འཛིན་ཕན་བདེ་ཀུན་གྱི་གཞི་ཡིན་པས་ཉམས་སུ་ལེན་པ་གལ་ཆེ་ལ། ད་ལྟ་རང་ལ་སྣང་ཚུལ་ཕྲ་མོ་ཙམ་མི་བཟོད་པའི་ངང་ཚུལ་འདི་ལ་དཔགས་ན་བདག་གཞན་བརྗེ་བ་ཙམ་གྱི་བློ་མི་སྐྱེ་སྙམ་དུ་མི་སེམས་ཏེ། དཀའ་ལས་ཕྱིར་བཟློག་མི་བྱ་སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གི་མིང་ཐོས་འཇིགས་པ་ཡང་། །དེ་ཉིད་མེད་ན་མི་དགར་འགྱུར། །ཞེས་མི་མཛའ་བའི་དགྲ་མཐོང་བ་ཙམ་གྱིས་འཇིགས་ཤིང་སྙིང་དུ་མི་སྡུག་པ་ཞིག །སླར་མཐུན་པར་བྱས་ན་སྔར་མི་དགའ་བའི་སེམས་དེ་ཕྱིས་ཤིན་ཏུ་ཡིད་དུ་འོང་བ་ཞིག་ཏུ་འགྱུར་འགྲོ་བ་ལྟར་གོམས་པའི་དབང་གིས་བདག་གཞན་ཡང་བརྗེ་བར་ནུས་པས་ཉམས་སུ་ལེན་པ་ལ། བདག་གཞན་བརྗེ་ཞེས་པའི་དོན་དཔེར་ན་ལྷས་བྱིན་ལྟ་བུའི་ངོས་ནས་མཆོད་སྤྱིན་ལ་ངའོ་སྙམ་དུ་སེམས་པ་མིན་གྱི། རང་ལྷས་བྱིན་ལ་གཅེས་འཛིན་གྱི་བློ་དེའི་ཚབ་ཏུ་གཞན་མཆོད་སྦྱིན་ལ་གཅེས་པར་འཛིན་ཞིང་། གཞན་མཆོད་སྦྱིན་ཡལ་བར་འདོར་བའི་ཚབ་ཏུ་རང་ལྷས་བྱིན་ཡལ་བར་འདོར་བའི་བློ་སྐྱེད་པ་དེ་ལ་བདག་གཞན་བརྗེ་བར་མིང་གིས་བཏགས་པ་ཡིན་པས། བདག་གཞན་བརྗེ་བའི་དམིགས་སྐོར་དངོས་ལ་སྔར་ཕན་ཆད་བདག་གཅེས་པར་བཟུང་སྟེ་རང་དོན་བསྒྲུབས་པས་སྡུག་བསྔལ་གྱི་རྒྱུ་ཁོ་ནར་སོང་སྙམ་ནས་གཞན་ལ་འཆར་བའི་བློ་དེ་རང་ལ་བཀབ་ནས་སྦྱོང་། རང་ལ་གཅེས་པའི་བློ་དེ་འགྲོ་བ་གཞན་ལ་སྤོས་ནས་སྦྱངས་པས་གོམས་པའི་དབང་གིས་ད་ལྟའི་ཡལ་བར་འདོར་བ་དང་གཅེས་འཛིན་གྱི་བློ་གཉིས་གོ་ས་འཕོ་ཐུབ་པ་འོང་གསུང་། དེ་ཡང་འཆར་སླ་བའི་ཆེད་དུ་བློ་སྦྱོང་དོན་བདུན་མ་ལས་ཇི་ལྟར་བཤད་པ་བཞིན་རིན་ཆེན་འཕྲེང་


GLG012_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། བདག་ལ་དེ་དག་སྡིག་སྨིན་ཞིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་པ་ལྟར་གཏོང་ལེན་གཉིས་གཙོ་བོར་མཛད་པ་ཕྱག་ལེན་དུ་སྣང་བས་སྔར་ལྟར་རང་གི་མདུན་དུ་གསལ་བཏབ་སྟེ་དེ་ལ་མི་དམིགས་པའི་སྙིང་རྗེ་དྲག་པོ་དང་བཅས་པའི་སྒོ་ནས། རང་གི་སྣ་བུག་གཡས་ནས་རླུང་སངས་ཀྱིས་བུས་པ་དང་མཉམ་དུ་རང་རྒྱུད་ལ་ཡོད་པའི་ཟག་བཅས་ཀྱི་དགེ་བ་དང་བདེ་བ་ཐམས་ཅད་རླུང་གི་རྟ་ལ་ཞོན་ཏེ་མདུན་གྱི་མ་དེའི་སྣ་བུག་གཡོན་པ་ནས་ཞུགས་ལུས་སེམས་ཅན་ཐམས་ཅད་ཁྱབ་པས་བདེ་བ་ཁྱད་པར་ཅན་དང་ལྡན་པར་བསམ། ཡང་རང་གི་སྣ་བུག་གཡོན་པ་ནས་རླུང་རྔུབ་པ་དང་མཉམ་དུ་མ་དེའི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་རླུང་གིས་དྲངས་ཏེ་སྙིང་གི་ནང་དུ་ནག་ཕུང་ངེ་བྱུང་བ་དང་། མ་དེ་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་བདེ་བ་དང་ལྡན་པར་བྱས་སོང་སྙམ་པ་སྤེལ་མའི་ཚུལ་དུ་ཡང་ཡང་སྦྱང་། དེ་ནས་ཚེ་འདིའི་ཕ་དང་ཉེ་དུ་བར་མ་དགྲ་བོ་སོགས་འགྲོ་བ་རིགས་དྲུག་སོ་སོར་སྦྱོང་། ད་ལྟར་རང་རེ་ལ་དེ་ཙམ་གྱི་བློ་ནུས་ཆེ་བ་མེད་ཀྱང་གོམས་པའི་དབང་གིས་ཟས་གོས་གནས་མལ་ནས་བཟུང་མགོ་བོ་རྐང་ལག་སོགས་གཏོང་བ་ལ་ཡང་འཇིགས་པ་མེད་པ་ཞིག་འོང་བ་ཡིན་གསུངས་སོ། །སྨྲས་པ། མཐའ་མེད་སྲིད་པའི་སྡུག་བསྔལ་རྒྱ་མཚོ་ཆེར། །སྙིང་ནས་ཞེན་པ་ལོག་པའི་བརྩོན་འགྲུས་ཀྱིས། །བསླབ་གསུམ་རིན་ཆེན་ཐེམ་སྐས་ལ་འཛེགས་ཏེ། །རང་ཉིད་ཞི་བདེའི་ཁང་པར་འཇུག་པ་རྣམས། །སྐྱེ་བར་ཕན་པ་བསྒྲུབས་པའི་མར་གྱུར་འགྲོ། །འཁོར་བ་སྡུག་བསྔལ་དྲག་པོའི་བཙོན་ར་རུ། །ཆུད་ནས་ཉམ་


GLG012_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཆོ་ངེ་འདེབས་མཐོང་བཞིན། །བོར་ནུས་ཁྱོད་ལས་ཁྲེལ་གཞུང་ཆུང་བ་སུ། །འགྲོ་ཀུན་ཕ་མར་ཤེས་པའི་དྲིན་དྲན་པས། །བྱམས་དང་སྙིང་རྗེའི་རླུང་ཤུགས་དྲག་པོ་ཡིས། །གཞན་ཕན་ཁུར་ཆེན་འཁྱེར་བའི་ལྷག་བསམ་གྲུ། །ཀུན་མཁྱེན་ནོར་བུའི་གླིང་དུ་ཐོགས་མེད་འགྲོ། །སྙིང་ལ་ཚེར་ལྟར་རྩུབ་པའི་དགྲ་བོ་ཡང་། བདག་གཞན་མཉམ་དང་བརྗེ་བའི་སེམས་བཟང་པོས། །གཉེན་བཤེས་མཛའ་གྲོགས་ཡིན་པར་རང་ངོ་འཕྲོད། །ཕྱོགས་འཛིན་འཁྲུལ་བའི་བློ་ཡི་གཞི་རྩ་ཆོད། །རང་ལ་གཅེས་པར་འཛིན་པའི་བློ་དོར་ནས། །གནོད་ལན་ཕན་པས་འཇལ་བའི་ལྡེ་མིག་གིས། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཕན་བདེའི་སྒོ། །ཅིག་ཅར་འབྱེད་པའི་སྐལ་བཟང་འདི་རྨད་བྱུང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་སེམས་བསྐྱེད་ཆོ་གས་བཟུང་བ་ནི། སྔར་བཤད་པའི་གཞན་དོན་དོན་གཉེར་དང་བྱང་ཆུབ་དོན་གཉེར་གཉིས་ཀྱི་བློ་ལེགས་པར་སྦྱངས་པས་ཆོ་ག་ལ་མ་ལྟོས་པར་སེམས་བསྐྱེད་པའི་ངོ་བོ་ཙམ་ཞིག་སྐྱེ་ཡང་། ཡང་དག་པའི་ལམ་དུ་ཆུད་པ་ལ་ཆོ་ག་ཕུན་སུམ་ཚོགས་པ་གལ་ཆེ་བས་དེའི་ལག་ལེན་སྦྱོར་བ་སྐྱབས་འགྲོ་ཚོགས་བསག་སེམས་སྦྱོང་བ། དངོས་གཞི་སྨོན་སེམས་ཆོ་གས་འཛིན་པ། མཇུག་ཚེ་འདི་དང་སྐྱེ་བ་གཞན་དུ་སེམས་བསྐྱེད་མི་ཉམས་པའི་སླད་དུ་བསླབ་པ་བརྗོད་པ་རྣམས་ལམ་གྱི་རིམ་པ་ཆེ་ཆུང་ལས་ཤེས་དགོས་ཤིང་། ཞིབ་ཆའི་ཕྱག་ལེན་མཐའ་དག་མཐོང་བ་བརྒྱུད་པ་ལ་རག་ལས་པས་རང་བཟོ་དང་སླ་ཆོས་སུ་མ་སོང་བར་བྱའོ། །དེ་ཡང་བྱམས་པའི་རྣམ་པར་ཐར་པའི་མདོ་ལས། རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་མ་ནུས་ཀྱང་སེམས་བསྐྱེད་པ་ཙམ་


GLG012_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་ཡོན་ཆེན་པོ་འབྱུང་བར་གསུངས་མོད། འོན་ཀྱང་རྣམ་འགྲེལ་ལས། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་སྙིང་རྗེ་ཆེན་པོས་དྲངས་པའི་ལྷག་བསམ་གྱི་སྒོ་ནས་སྨོན་སེམས་བསྐྱེད་པའི་དགོས་པ་སེམས་ཅན་སྡུག་བསྔལ་དང་བྲལ་ན་སྙམ་པའི་སེམས་བཟང་བ་ཙམ་མ་ཡིན་པར་ཐབས་ལ་འཇུག་དགོས། དེ་ལ་རང་ཉིད་ཐོག་མར་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་སུ་བྱང་ཆུབ་སེམས་དཔའི་བསླབ་བྱ་རྣམས་ལ་སྒྲུབ་པ་སྙིང་པོར་བྱེད་དགོས་པས་སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་ཡུལ་ཞིག་ཏུ་འགྲོ་བར་འདོད་པ་དང་འགྲོ་བ་ལ་བརྩོན་པ་གཉིས་དཔེར་བཟུང་སྟེ་སྨོན་སེམས་དང་འཇུག་སེམས་ཀྱི་བྱེ་བྲག་གསུངས་པའི་དབང་དུ་བྱས་ནས་སྨོན་སེམས་ལ་ལེགས་པར་སྦྱངས་པའི་མྱོང་བ་སྣ་ཟིན་རྒྱུད་ལ་སྐྱེས་པ་ན་བྱང་སྡོམ་གྱི་བསླབ་བྱ་རྣམས་ཉན་ཏེ་ཕྱིན་དྲུག་སོགས་ལ་བསླབས་པའི་ཕན་ཡོན་མ་བསླབས་པའི་ཉེས་དམིགས་རྩ་ལྟུང་དང་ཉེས་བྱས་སོགས་ལེགས་པར་ཤེས་ནས་བླང་དོར་དེ་ལ་སྤྲོ་བ་ཤུགས་དྲག་པོ་བཅོས་མ་མ་ཡིན་པ་སྐྱེས་པ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་སྲོལ་གཅིག་ཏུ་འདྲེས་པའི་རྒྱལ་སྲས་ཀྱི་སྡོམ་པ་ཆོ་གའི་སྒོ་ནས་ཕོག་སྟེ་རྩ་ལྟུང་དང་ཉེས་བྱས་སྲུང་ཚུལ་ཕྱིར་བཅོས་དང་བཅས་པའི་ལག་ལེན་རྗེ་བདག་ཉིད་ཆེན་པོས་ཚུལ་ཁྲིམས་ལེའུའི་རྣམ་བཤད་དུ་རྒྱས་པར་བཀའ་སྩལ་པ་ལམ་རིམ་ཆེ་ཆུང་དུ་ཞལ་འཕངས་


GLG012_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཅིང་གསེར་ཞུན་དུ་ཡང་བྱུང་མོད། དེང་སང་ཕྱག་ལེན་དུ་འཇུག་སྡོམ་ལེན་པའི་སྐོར་འདི་བཞག་ནས་ཕྱིན་དྲུག་སོགས་ཀྱི་ཉམས་འཁྲིད་མཛད་པ་ཡིན་ལ། དེ་ལྟར་ན་གཞུང་ཆེན་མོ་དག་ནས་སྨོན་འཇུག་དང་ཕྱིན་དྲུག་གི་གོ་རིམ་མཛད་པ་ལས་འགལ་བའི་སྐྱོན་ཡོད་དམ་སྙམ་ན། གོ་རིམ་དེ་ལྟ་བུའི་ཚུལ་གྱིས་སྐྱེ་བ་ཡོད་པ་ལ་དགོངས་ཀྱི། ཐམས་ཅད་ལ་དེ་ལྟར་མ་ངེས་པ་ལམ་དུ་མ་ཞུགས་པའི་གང་ཟག་གིས་འཇུག་སྡོམ་བླངས་ཏེ་དེའི་རྗེས་སུ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚོགས་ལམ་ཆུང་ངུ་ཐོབ། ཚོགས་ལམ་འབྲིང་དུ་སླེབ་པ་དང་སྨོན་སེམས་དེ་འཇུག་སེམས་སུ་གནས་འགྱུར་བའི་ཚུལ་གྱིས་འཇུག་སེམས་སྐྱེས་པ་ཡོད། ཡང་འཇུག་སྡོམ་ལེན་མ་མྱོང་བ་ཞིག་གིས་སྨོན་སེམས་བསྐྱེད་ནས་ཚོགས་ལམ་ལ་ཞུགས། ཚོགས་ལམ་འབྲིང་དུ་སླེབ་པ་དང་འཇུག་པའི་སེམས་བསྐྱེད། འབྲིང་གི་ཐ་མར་འཇུག་སྡོམ་བླངས་པའང་འོང་བས་མཐའ་གཅིག་ཏུ་གོ་རིམ་གྱི་ངེས་པ་མེད་པ་དེའི་ཕྱིར་ན་བསླབ་བཏུས་ལས། དེ་བས་ན་རང་གི་མཐུ་དང་འཚམ་པར་དགེ་བའི་རྩ་བ་གཅིག་ཙམ་ཡང་ཡང་དག་པར་བླངས་ཏེ་བསྲུང་བར་བྱ། ཞེས་སྨོན་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་དེས་བསླབ་བྱ་མཐའ་དག་ལ་སློབ་མི་ནུས་པས་ཐོག་མར་དགེ་བའི་རྩ་བ་གཅིག་ཙམ་འཛིན་པ་སོགས་རང་བློ་དང་བསྟུན་ནས་རིམ་གྱིས་བློ་སྦྱངས་ཏེ་མཐར་སྤྱོད་པ་མཐའ་དག་ལ་སློབ་ནུས་པར་གསུངས་པས་དེའི་དབང་དུ་བྱས་ཏེ་སྨོན་སེམས་ཆོ་གས་བཟུང་བའི་རྗེས་སུ་ཕྱིན་དྲུག་ལ་འཁྲིད་པ་ཡིན་ནོ། །འོ་ན་སྐབས་འདིར་ཞི་ལྷག་གི་བར་གྱི་དམིགས་པ་མཐའ་དག་རྫོགས་པར་གཏོང་བས་ན། འཇུག་སྡོམ་མ་བླངས་པ་རང་ཚིག་དངོས་སུ་འགལ་ལོ་སྙམ་


GLG012_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ན། སྔར་རྒྱུ་འབྲས་མན་ངག་བདུན་སོགས་ཀྱི་སྒོ་ནས་དམིགས་རིམ་འཁྲིད་པ་མཐའ་དག་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེ་བའི་གཞིར་གྱུར་པའི་མྱོང་བ་རྗེས་མཐུན་པ་ཙམ་ལས་མཚན་ཉིད་པ་མིན་པས་འཆད་པར་འགྱུར་བའི་ཕྱིན་དྲུག་གི་སྐོར་ཡང་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཉམས་མྱོང་ལ་བག་ཆགས་འཇོག་པའི་གཞི་རྟེན་ཙམ་དུ་དགོངས་ནས་སྔོན་གྱི་བཤེས་གཉེན་རྣམས་ཀྱིས་སྐྱེས་བུ་གསུམ་གྱི་ཉམས་འཁྲིད་རིང་བ་ལོ་དང་ཐུང་བ་ཟླ་བའི་བར་ཙམ་དུ་མཛད་པ་ཡིན་གྱི། དེ་ལྟ་མིན་པར་ལྷག་བསམ་རྣམ་དག་འདྲེན་ནུས་ཀྱི་སྙིང་རྗེ་ཆེན་པོ་མཚན་ཉིད་པ་རྒྱུད་ལ་སྐྱེས་སྐྱེས་ཀྱི་བར་དུ་བསྒོམས་པ་ལྟ་བུས་མཚོན་ཏེ། བཤེས་གཉེན་བསྟེན་ཚུལ་ནས་བཟུང་ཞི་ལྷག་གི་ཉམས་ལེན་མཐའ་དག་དེ་ལྟར་བྱས་པ་ཞིག་ལ་ཉམས་འཁྲིད་དུ་ངོས་འཛིན་དགོས་ན། ཡུན་རིང་པོར་ཚེགས་ཆེན་པོས་སྒྲུབ་དགོས་པ་དག་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འབད་མེད་དུ་འགྲུབ་པར་འགྱུར་པ་མི་སྲིད་དོ། །དེས་ན་གོང་དུ་རྒྱུ་འབྲས་མན་ངག་བདུན་གྱི་མཐར་སེམས་བསྐྱེད་པ་དེ་ལ་གྲངས་མེད་གསུམ་གྱི་འགོ་རྩོམ་པའི་བྱང་ཆུབ་ཏུ་ཐོག་མར་སེམས་བསྐྱེད་པ་ལ་དེ་ལྟ་བུ་དགོས་ཞེས་སེམས་བསྐྱེད་མཚན་ཉིད་པའི་དབང་དུ་བྱས་ནས། ལམ་གྱི་གོ་རིམ་ལྟར་འཁྲིད་དམིགས་སུ་ངོ་སྤྲད་པར་འཁྲུལ་ཏེ། དམིགས་སྐོར་དང་སེམས་བསྐྱེད་ཆོ་གས་བཟུང་བ་སོགས་ནས་རང་ཉིད་བྱང་སེམས་ཚོགས་ལམ་པར་ཁས་བླངས་ཤིང་རློམ་ན་དེ་ལས་ཤིན་ཏུ་རྨོངས་པ་མེད་པས་གོ་བར་བྱ་འཚལ། རྒྱུ་མཚན་དེ་དག་གི་ཕྱིར་ན་ལམ་དུ་མ་ཞུགས་པ་ནས་འཇུག་སྡོམ་ལ་རིངས་པར་བྱས་ཀྱང་ཉོན་མོངས་པ་མང་ཞིང་གཉེན་པོ་ཆུང་


GLG012_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་འདིར་རྩ་ལྟུང་སོགས་སྲུང་མ་ནུས་ན་སངས་རྒྱས་སྲས་དང་བཅས་པ་དང་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་བསླུས་པར་འགྱུར་བ་སོགས་ཉེས་དམིགས་མཐའ་ཀླས་པ་བཤད་པས་དགག་བྱ་ཆེ་ཞིང་དགོས་པ་ཆུང་བ་ལ་དགོངས་ཏེ་དངོས་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་གདུལ་བྱའི་བློ་དང་བསྟུན་ཏེ་མཛད་པ་ཡིན་ནོ། །སྨྲས་པ། ཉམས་མྱོང་གོ་ཡུལ་ཤར་བའི་མྱུ་གུ་དག །དཀའ་སྤྱད་རླན་གཤེར་དྲོད་ཀྱིས་ཉེར་སྨིན་པས། །རྟོགས་པ་ཚད་མའི་འབྲས་བུ་གཡུར་ཟ་བ། །ཐེག་གསུམ་སྐྱེ་འཕགས་བགྲོད་པ་གཅིག་པའི་ལམ། །རྐྱེན་ངན་ཐོག་ཏུ་བབ་པའི་མཚོན་རྣོན་པོས། །འགྲོ་རྣམས་ཕ་མར་ངེས་བློའི་སྲོག་བྲལ་ཡང་། །སྙིང་རྗེའི་བདུད་རྩིས་ལྷག་བསམ་འཆི་བ་མེད། །བསྒྲུབས་ཟིན་རྒྱལ་སྲས་ནམ་མཁའི་པདྨོ་བཞིན། །ཐེག་ཆེན་ལམ་གྱི་བགྲོད་ཚུལ་མཁའ་ལྟར་ཡངས། །རྒྱ་བོད་མཁས་པའི་གསུང་རབ་མཚོ་ལྟར་ཟབ། །དེང་དུས་སྐྱེ་བོའི་བློ་གྲོས་མུན་ལྟར་གནག །མཁས་རློམ་ཕལ་གྱི་རྣམ་དཔྱོད་རྩྭ་ལྟར་ཕྲ། །དེ་ཕྱིར་བློ་དམན་རྣམས་ལ་དཀའ་བའི་མདུད། ལེགས་བཤད་སོར་མོའི་འཕྲུལ་གྱིས་རབ་འགྲོལ་བའི། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་བང་མཛོད་ནས། ཤེས་ལྡན་འདོད་འཇོའི་དངོས་པོ་འཛད་དུ་མེད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལ་མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་རྒྱལ་


GLG012_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྫོགས་པ་ལ་ཚེ་རབས་མང་པོ་བརྒྱུད་དགོས། དེ་ལ་ཡང་ཕྱོགས་རེ་ཙམ་མ་ཡིན་པའི་ལོངས་སྤྱོད་ལུས་འཁོར་ལས་ཀྱི་མཐའ་གང་བརྩམས་འགྲུབ་པ་སོགས་ཕུན་སུམ་ཚོགས་པ་ན་ཉོན་མོངས་མི་འཕེལ་བའི་འཇུག་ལྡོག་གི་གནད་ཤེས་ན་ལམ་གྱི་ས་ཆོད་ཤིན་ཏུ་ཆེ་བ་འོང་བ་ནི་མངོན་མཐོ་ལ་ལྟོས་པའི་གྲངས་ངེས། རྟེན་དེ་ལ་བསྒྲུབ་པར་བྱ་བ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་གྱིས་གཞན་དོན་དང་། ཤེས་རབ་བསམ་གཏན་བརྩོན་འགྲུས་གསུམ་གྱིས་རང་དོན་ཏེ་དོན་གཉིས་སྒྲུབ་པ་ལ་ལྟོས་པའི་གྲངས་ངེས། ཟང་ཟིང་གིས་ཕོངས་པ་སེལ་བ། གཞན་གནོད་སྤངས་པས་འཚེ་བ་མེད་པ། གནོད་ལན་གནོད་པ་མི་འཇལ་བ། གཞན་དོན་གྱི་དཀའ་སྤྱད་ལ་མི་སྐྱོ་བ། རྫུ་འཕྲུལ་སོགས་ཀྱིས་གཞན་ཡིད་འདུན་པ། ལེགས་པར་བཤད་པས་ཐེ་ཚོམ་འགྲོལ་བ་སྟེ་གཞན་དོན་རྫོགས་པར་སྒྲུབ་པ་ལ་བལྟོས་པའི་གྲངས་ངེས། ལོངས་སྤྱོད་ལ་ཆགས་པ་མེད་པས་བསླབ་པ་ལ་གུས་པ། གཞན་སྐྱོན་ལ་བརྟེན་པའི་སྡུག་བསྔལ་ལ་བཟོད་པས་དགེ་བ་ལ་ཡིད་སྤྲོ་བ། ཞི་གནས་ཀྱིས་ལུས་སེམས་ལས་སུ་རུང་བས་ལྷག་མཐོང་གི་ཤེས་རབ་འཕེལ་བ་སྟེ་ཐེག་ཆེན་ཐམས་ཅད་སྡུད་པ་ལ་བལྟོས་པའི་གྲངས་ངེས། གཏོང་བ་ལ་གོམས་པ་ནི་ལོངས་སྤྱོད་ལ་མི་ཆགས་པའི་ཐབས། བག་མེད་ལས་སྲུང་བ་ནི་ཐོབ་འདོད་ཀྱི་གཡེང་བ་སྡོམ་པའི་ཐབས། སྡུག་བསྔལ་དང་དུ་ལེན་པ་ནི་སེམས་ཅན་མི་གཏོང་བའི་ཐབས། སྐྱོ་ངལ་མེད་པའི་བརྩོན་པ་ནི་དགེ་བ་འཕེལ་བའི་ཐབས། ལུས་སེམས་ཤིན་ཏུ་སྦྱངས་པ་ནི་ཉོན་མོངས་པ་སེལ་བའི་ཐབས། ཕྲ་ཞིབ་ཀྱི་རྣམ་པར་དཔྱོད་པ་ནི་ཤེས་སྒྲིབ་


GLG012_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བའི་ཐབས་ཏེ་ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་མཛད་པ་ལ་ལྟོས་པའི་གྲངས་ངེས། ཚུལ་ཁྲིམས་དང་དེའི་འཁོར་གྱི་ཚུལ་དུ་སྦྱིན་པ་དང་བཟོད་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པའི་ངོ་བོ། ཕར་ཕྱིན་ཐ་མ་གཉིས་ནི་བསླབ་པ་གཞན་གཉིས་ཀྱི་ངོ་བོ། བརྩོན་འགྲུས་ནི་གསུམ་ག་ལ་དགོས་པས་བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས། ལོངས་སྤྱོད་ལ་མི་བལྟ་བའི་སྦྱིན་པ་ཡོད་ན་མ་ཆགས་པའི་རྒྱུ་ལས་ཚུལ་ཁྲིམས་སྐྱེ། ཚུལ་ཁྲིམས་ཡོད་ན་ཉེས་སྤྱོད་བསྡོམས་པའི་རྒྱུ་ལས་བཟོད་པ་སྐྱེ། བཟོད་པ་ཡོད་ན་དཀའ་བ་ལ་མི་སྐྱོ་བའི་རྒྱུ་ལས་བརྩོན་འགྲུས་སྐྱེ། བརྩོན་འགྲུས་ཡོད་ན་ཉིན་མཚན་དུ་འབད་པའི་རྒྱུ་ལས་བསམ་གཏན་སྐྱེ། བསམ་གཏན་ཡོད་ན་ལུས་སེམས་ལས་སུ་རུང་བའི་རྒྱུ་ལས་ཤེས་རབ་སྐྱེ་བས་ཕར་ཕྱིན་དྲུག་པོ་དེ་དག་ཀྱང་སྔ་མ་སྔ་མ་དམན་ཞིང་ཕྱི་མ་ཕྱི་མ་མཆོག་ལ། རགས་པ་དང་ཕྲ་བའང་དེ་བཞིན་ཏེ། མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གྲངས་ངེས་དེ་ལྟ་བུ་དང་ལྡན་པའི་ཐེག་པ་ཆེན་པོའི་ལམ་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པ་ལ་རང་རྒྱུད་སྨིན་པར་བྱེད་པ་ཕར་ཕྱིན་དྲུག་ལ་བསླབ་པ། གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་པའི་དངོས་པོ་བཞི་ལ་བསླབ་པ་གཉིས། དང་པོ་ལ་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་དང་དྲུག །དང་པོ་ནི། རང་གི་ལུས་དང་ལོངས་སྤྱོད་ལ་མི་བལྟ་བར་བྱང་ཆུབ་སེམས་དཔའི་མ་ཆགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པ་གང་ཡིན་པ་དང་དེས་ཀུན་ནས་བསླང་སྟེ་སྦྱིན་བྱའི་དངོས་པོ་ཡོངས་སུ་གཏོང་བའི་ལུས་


GLG012_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ལས་དེ་སྦྱིན་པའི་ངོ་བོ་ཡིན་ལ། དེ་བཏང་བས་སྦྱིན་པའི་ཕར་ཕྱིན་ཇི་ལྟར་རྫོགས་པར་འགྱུར་ན། ལུས་ངག་ལས་སེམས་གཙོ་ཆེ་ཞིང་དེ་ཡང་ལོངས་སྤྱོད་སོགས་ལ་སེར་སྣ་བཅོམ་པ་ཙམ་གྱིས་མི་ཆོག་སྟེ་དེ་ཙམ་ནི་ཉན་རང་དགྲ་བཅོམ་ལ་ཡང་ཡོད་པས་འདིར་ཕན་ཡོན་དང་ཉེས་དམིགས་བསམས་པའི་སྒོ་ནས་སྙིང་ཐག་པ་ནས་གཏོང་སེམས་དགོས་པས་སྐྱེས་རབས་ལས། བདག་མེད་འཇིག་སླ་སྙིང་པོ་མེད་པའི་ལུས། །སྡུག་བསྔལ་དྲིན་མེད་རྟག་ཏུ་མི་གཙང་བའི། །ལུས་ཀྱིས་གཞན་ལ་ཕན་ཐོགས་འགྱུར་བ་ལ། །དགའ་བར་མི་འགྱུར་དེ་ནི་མཁས་མ་ཡིན། །ཞེས་པ་ལྟར་ལགས། འོ་ན་སྦྱིན་པ་བཏང་བས་འགྲོ་བ་རྣམས་ཀྱི་དབུལ་བ་བོར་བ་ལ་བརྟེན་ནས་སྦྱིན་པའི་ཕར་ཕྱིན་རྫོགས་སམ་སྙམ་ན། སྤྱོད་འཇུག་ལས། གལ་ཏེ་འགྲོ་བ་དབུལ་བོར་བ། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །ཞེས་དེ་ལྟ་ན་ད་དུང་སེམས་ཅན་ཕོངས་པ་དཔག་ཏུ་མེད་པ་ཡོད་པའི་ཕྱིར་སྔོན་གྱི་སངས་རྒྱས་རྣམས་ཀྱིས་སྦྱིན་པའི་ཕར་ཕྱིན་མ་རྫོགས་པར་འགྱུར་བར་གསུངས་པས་རང་གི་ལོངས་སྤྱོད་དང་དགེ་བ་ཐམས་ཅད་ལ་སེར་སྣ་མེད་པར་སྙིང་ཐག་པ་ནས་བཏང་བའི་འབྲས་བུ་དང་བཅས་པ་གཞན་ལ་གཏོང་བའི་བློ་གོམས་པ་ཡོངས་སུ་རྫོགས་པ་སྦྱིན་པའི་ཕར་ཕྱིན་ཏེ། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་སོ། །དེ་ལྟ་བུའི་སྦྱིན་པའི་ཕར་ཕྱིན་ཉམས་སུ་ལེན་པར་བྱེད་པ་ལ། །དགེ་བའི་བཤེས་གཉེན་ཤ་ར་བས། ང་ནི་


GLG012_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལ་གཏོང་བའི་ཕན་ཡོན་མི་བརྗོད་ཀྱི་འཛིན་པའི་ཉེས་དམིགས་བརྗོད་པ་ཡིན། ཞེས་རབ་བྱུང་གི་བྱང་སེམས་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་གྱི་བར་ཆད་དུ་འགྱུར་བཞིན་དུ་ཤ་ཐང་ཐང་གི་སྒོ་ནས་འབད་པས་ཟང་ཟིང་གི་དངོས་པོ་ཙམ་རེ་སྦྱིན་པ་བྱ་མི་རིགས་པས་ཆོས་ཀྱི་སྦྱིན་པ་ཉིད་གཙོ་བོར་བྱ་དགོས་ཤིང་འབད་མེད་ལྷུན་གྲུབ་ཏུ་རྙེད་པ་བྱུང་བ་རྣམས་ཆགས་པ་མེད་པར་གཏོང་དགོས་ནའང་གཙོ་བོར་ཟང་ཟིང་སྦྱིན་པ་ནི་ཁྱིམ་པའི་བྱང་སེམས་རྣམས་ཀྱིས་བྱ་དགོས་པའི་ཕྱིར་རྟེན་གྱི་སྒོ་ནས་སྦྱིན་པ་གཏོང་ཚུལ་སྤྱིར་བཏང་དམིགས་བསལ་ལེགས་པར་ཕྱེད་པར་བྱས་ཏེ་ཆོས་དང་མི་འཇིགས་ཟང་ཟིང་གི་སྦྱིན་པ་ལག་ཏུ་བསྟར་བ་ལ། སྦྱིན་པ་གསུམ་པོ་དེ་བྱས་པ་ལ་འབྲས་བུ་མེད་དོ་སྙམ་པ་དང་ཆོས་ལོག་དང་གཅིག་གི་ཆེད་དུ་འགྲོ་བ་གྲངས་མེད་པ་ཡལ་བར་དོར་ནས་དེ་སྐྱོབ་པ་དང་། སྲོག་བཅད་པའི་ཤ་ཁྲག་གི་སྦྱིན་པ་ཆོས་སུ་འགྱུར་རོ་སྙམ་པ་སོགས་ལྟ་ངན་མཆོག་ཏུ་འཛིན་པའི་བསམ་པ་དང་། སྦྱིན་ཡུལ་རྣམས་ལ་བརྙེས་པ་དང་། གཞན་ལ་འགྲན་འདོད་དང་། ཆོས་ཀྱི་ཚིག་དོན་བཟང་བ་འདི་ལྟ་བུ་དང་། སེམས་ཅན་འདི་ཙམ་གྱི་སྲོག་བསྐྱབས་པ་དང་། དངོས་པོ་ཁྱད་པར་ཅན་འདི་ཙམ་བདག་མིན་པ་གཞན་གྱིས་བྱར་མེད་དོ་སྙམ་པའི་ཁེངས་སེམས་དང་། སྦྱིན་པ་གསུམ་པོ་འདི་ལྟར་བྱས་ཞེས་སྙན་གྲགས་འོང་དུ་རེ་བ་དང་། སྦྱིན་པ་དེ་ཙམ་བྱར་མི་ནུས་སྙམ་པའི་ཞུམ་པ་དང་། བྱས་པ་ལ་འགྱོད་པའི་སེམས་དང་། གཉེན་རྣམས་ལ་སྦྱིན་པ་གསུམ་པོ་གང་འགྲུབ་བྱེད་ཅིང་དགྲ་སོགས་ལ་མི་བྱེད་པའི་ཕྱོགས་རིས་ཅན་དང་། ཆོས་བཤད་པ་དང་སྲོག་བསྐྱབས་པ་སོགས་ལ་གཏང་རག་དང་། ཕར་དངུལ་བྱིན་ན་ཚུར་གསེར་འོང་དུ་རེ་བ་ལྟ་བུ་དང་། ཕྱི་མ་རྣམ་


GLG012_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྱི་འབྲས་བུ་རང་མཁས་པ་དང་འཇིགས་པ་མེད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འོང་རེ་བ་སོགས་ཀྱི་བསམ་པ་མཐའ་དག་སྤངས་ཏེ། ཕར་ཕྱིན་བསྡུས་པ་ལས། སློང་བ་མངོན་དུ་འོངས་ན་རྒྱལ་སྲས་དེས། །རྫོགས་པའི་བྱང་ཆུབ་ཚོགས་ནི་སྤེལ་བའི་ཕྱིར། །དེས་གཞན་འདུ་ཤེས་བདག་ལ་བཞག་བྱས་ཤིང་། །དགེ་བའི་བཤེས་གཉེན་འདུ་ཤེས་དེ་ལ་བསྐྱེད། །ཅེས་འདི་ལ་བརྟེན་ནས་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱའོ་སྙམ་པ་དགོས་པ་ལ་དམིགས་པ་དང་། དང་པོ་ནས་བདག་གི་ཆོས་དང་གཞན་སྐྱོབ་པའི་ནུས་པ་དང་བདོག་པ་ཐམས་ཅད་གཞན་ལ་བཏང་ཟིན་པ་ཡིན་པས་བཅོལ་བའི་རྫས་ལེན་པ་དང་མཚུངས་པ་ཡིན་སྙམ་དུ་དངོས་པོ་ལ་དམིགས་པ་དང་། འདི་རྣམས་བདག་གི་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱེད་པའི་དགེ་བའི་བཤེས་གཉེན་ཡིན་ནོ་སྙམ་པའི་ཞིང་ལ་དམིགས་པ་སྟེ་བསམ་པ་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་ཇི་ལྟར་གཏོང་ན། ཆོས་ཟབ་པ་སྦས་ནས་མི་ཟབ་པ་སྟོན་པ་དང་། འཇིགས་པ་ཐམས་ཅད་སེལ་ནུས་བཞིན་དུ་ཕྱོགས་རེ་ཙམ་སྐྱོབ་པ་དང་། དངོས་པོ་ངན་པ་དང་གྲངས་ཉུང་བ་དང་གཞན་གྱི་ལག་ནས་ཕྲོགས་ཏེ་སྟེར་བ་སོགས་ཁ་ན་མ་ཐོ་བའི་ཉེས་པས་མ་གོས་ཤིང་། བཞིན་མདངས་གསལ་ཞིང་འཛུམ་པ། ངག་སྙན་པར་སྨྲ་བ། གཞན་ལ་འཚེ་བ་མེད་ཅིང་རང་གི་དཀའ་སྤྱད་ཁུར་དུ་བཟོད་པའི་སྒོ་ནས་སྦྱིན་བྱའི་ཡུལ་དགྲ་གཉེན་བར་མ་ཡོན་ཏན་ཅན་སྐྱོན་ཅན་མཐོ་དམའ་མཉམ་གསུམ་སྐྱེད་པ་དང་སྡུག་པ་སྟེ། བཅུར་བཤད་པའི་དགོས་པ་དགྲ་ལ་བྱམས་པ་ཡོན་ཏན་ཅན་ལ་དང་བ་སོགས་སོ་སོར་ངོས་ཟིན་པའི་ཆེད་དེ་དོན་དྲིལ་ན་དེར་སེམས་ཅན་ཐམས་ཅད་འདུས་པས་སྐབས་དང་


GLG012_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ནས་ཆོས་ཀྱི་སྦྱིན་པ་ནི་ཐེག་པ་ཆེ་ཆུང་གི་དམ་པའི་ཆོས་གསུང་རབ་དགོངས་འགྲེལ་དང་བཅས་པ་དང་། སྒྲ་ཚད་བཟོ་གསོ་ལ་སོགས་པ་ཐུན་མོང་བའི་རིག་གནས་སོགས་ལྷག་བསམ་དག་པའི་སྒོ་ནས་རང་གིས་ཇི་ལྟར་ཤེས་པ་བཞིན་སྟོན་ཅིང་བསླབ་པའི་གཞི་འཛིན་དུ་འཇུག་པ་སོགས་ཉན་པ་པོའི་བློ་དང་སྦྱར་ནས་འདི་དག་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་བྱས་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག་སྙམ་དུ་བསམ་ཞིང་ངག་ཏུ་ཡང་བརྗོད་དགོས་ཏེ། ཆོས་བཤད་པའི་རྗེས་སུ་དགེ་བ་བསྔོ་བ་མཚན་ཉིད་དང་ལྡན་པའི་བཤེས་གཉེན་རྣམས་ཀྱི་ཕྱག་ལེན་དུ་སྣང་ངོ་། །དེར་མ་ཟད་རང་ཉིད་ཆོས་འཆད་པ་པོའི་མིང་དུ་བཏགས་པ་མིན་ཡང་གྲོགས་སྐྱེ་བོ་གཞན་དག་སྡིག་པ་མི་དགེ་བར་འཇུག་པར་འདུག་ན་གླེང་མོའི་ཚུལ་གྱིས་བླང་དོར་བསྟན་ཏེ་དེ་ལས་བཟློག་ནས་དགེ་བ་ལ་སྦྱོར་བ་སོགས་བསམ་པ་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་ཆོས་སྦྱིན་ལ་དངོས་སུ་འབད་ཅིང་། དངོས་སུ་སྦྱིན་པར་བྱ་བའི་ཡུལ་མ་རྙེད་ན་སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་བསྟན་པར་མོས་ཤིང་ཆོས་ཀྱི་སྦྱིན་པ་དེའི་མཐུས་ཕན་པ་རྒྱ་ཆེན་པོ་བྱུང་པར་བསམ་པ། དཔེར་ན་ཆོས་ཀྱི་སྒྲ་ཐོས་པས་དམྱལ་བ་པ་རྣམས་གནས་ངན་ལེན་སྡུག་བསྔལ་ལས་ཐར་བར་མོས་པ་སོགས་ཀྱི་སྒོ་ནས་སྨོན་ལམ་ཁྱད་པར་ཅན་གདབ། དེ་བཞིན་དུ་སེམས་ཅན་རྣམས་ལ་རྒྱལ་པོའི་ཆད་པས་ནག་ཅན་ཁྲིམས་ལ་སྦྱོར་བ། གཅན་གཟན་དང་དགྲ་ལ་སོགས་པས་ལུས་སྲོག་ལོངས་སྤྱོད་ལ་རྒོལ་བ། མེ་དང་ཆུ་ལ་སོགས་པའི་འཇིགས་པ་རྣམས་ལས་དངོས་སུ་རང་སྟོབས་ཀྱིས་ནུས་ན་བསྐྱབ། མི་ནུས་ན་དེ་ལས་ཐར་བའི་ཐབས་བསྟན། འཇིག་རྟེན་གྱི་ཁམས་གཞན་དུ་སྡུག་


GLG012_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་འདི་དག་གིས་མནར་བ་དཔག་ཏུ་མེད་པ་ཡོད་པས་དེ་དག་རྣམས་ལ་མི་འཇིགས་པའི་སྦྱིན་པ་བཏང་བ་དང་དེའི་མཐུས་འཇིགས་པ་ལས་གྲོལ་བར་སྙིང་ཐག་པ་ནས་བསམ། རང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་ལྡན་དུ་གྱུར་པར་མོས་བློས་སྤྲུལ་ཏེ་ཚ་བའི་དམྱལ་བར་ཆར་ཆེན་པོ་ཕབ་ནས་མེ་བསད་པ་སོགས་དམིགས་པ་དང་སྨོན་ལམ་འདེབས། ཟང་ཟིང་གི་སྦྱིན་པ་ཡང་བཟའ་བཏུང་གནས་མལ། ན་བའི་གསོས་སྨན། དར་ཟབ་རིན་ཆེན། རྟ་གླང་པོ། ས་མཁར་ཡུལ་ཞིང་། མགོ་བོ་མིག་ཡན་ལག་ཉིང་ལག་སོགས་ལུས་ལོངས་སྤྱོད་ཐམས་ཅད་བསམ་པ་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་སྦྱིན་ཞིང་། རང་ཉིད་བཀྲེས་ཤིང་ཕོངས་པས་དེ་ལྟར་བྱར་མེད་ཚེ། དཔེར་ན་ཟས་གཡོས་སུ་བྱས་པ་དང་མ་བྱས་པ་དཔག་ཏུ་མེད་པ་སྤྲུལ་ནས་ཡི་དྭགས་སོགས་བཀྲེས་པས་ཉེན་པའི་འགྲོ་བ་རྣམས་ལ་སྦྱིན་པས་སྡུག་བསྔལ་དེ་ལས་ཐར་བར་བསམ་པ་སོགས་ཡུལ་དང་རྫས་སྐབས་ཐོབ་སྦྱར་ཏེ་རྒྱ་ཆེན་པོར་སྤྲོ་བ་ནི་བྱང་སེམས་ཤེས་རབ་ཅན་གྱི་སྦྱིན་པ་ཡིན་པས་བཤད་མ་ཐག་པའི་སྦྱིན་པའི་ཉམས་ལེན་གསུམ་པོ་དེ་ཡང་འདི་ནས་བཟུང་སྟེ་ཆོས་ཚིགས་བཅད་བཞི་པ་ཡན་ཆད་སྟོན་པ། ཚ་བས་གདུངས་པ་ལ་བསིལ་བའི་གནས་ཁང་སྟོན་པ། ངན་སློང་ལ་ཟས་གོས་སྟེར་བ་སོགས་ནུས་པ་རྣམས་དངོས་སུ་བྱ་དགོས་ཀྱི། ནུས་བཞིན་དུ་དམིགས་པས་བྱེད་པ་ནི་རང་མགོ་རང་གིས་གཡོགས་པར་གསུང་དེ་ལྟར་སྔར་བཤད་པ་རྣམས་ངེས་པར་བྱས་ནས་སྦྱིན་པ་གཏོང་བའི་དངོས་པོ་ལ་ཡིད་ཆགས་པའི་སེར་སྣ་དང་། བདག་ལ་ལོངས་སྤྱོད་མེད་པས་སྟེར་མི་ནུས་སྙམ་པ་དང་། དངོས་པོ་ཡིད་དུ་


GLG012_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་ལ་དམིགས་བསལ་གྱི་ཆགས་སེམས་གང་འདུག་པ་དེ་ལེགས་པར་བརྟག །བདག་སྔར་ཡི་དྭགས་དང་རྣམ་ཐོས་ཀྱི་བུ་སོགས་མཐོ་དམའ་བགྲང་གིས་མི་ལང་བར་སྐྱེས་འདུག་ནའང་ད་ལྟའི་སྣང་ཚུལ་ནི་འདི་ལྟར་འདུག །དངོས་པོ་འདི་ལས་ལྷག་པ་ཡིད་བཞིན་ནོར་བུ་ཐོབ་ནས་དེ་དང་བྲལ་བ་བསམ་གྱིས་མི་ཁྱབ་སྙམ་ཡང་ཡང་བསམས་ཏེ་མི་མཐུན་ཕྱོགས་འགོ་གནོན། གཏོང་སེམས་མངོན་གྱུར་སྐྱེས་ཀྱང་ལན་དང་རྣམ་སྨིན་ལ་རེ་བའི་བསམ་པ་ཤས་ཆེ་བ་འདུག་ན། སྔར་མཆོད་སྦྱིན་གྲངས་མེད་པ་ཞིག་བྱས་ཏེ་བརྒྱ་བྱིན་དང་ཚངས་པ་སོགས་ཀྱི་གོ་འཕང་ཐོབ་ཀྱང་དོན་མེད་དུ་སོང་འདུག་པས་ད་རེས་ཟས་ཁམ་གཅིག་སྦྱིན་པར་བཏང་བ་ཡན་ཆད་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་སྙམ་པའི་འདུན་པ་དུ་རེ་བ་དང་བཅས་ཐུན་དངོས་གཞི་ལ་ཡིད་ཀྱིས་སྤྲུལ་དེ་སྦྱིན་པ་གསུམ་པོ་གཏོང་བའི་དམིགས་པ་ནན་ཏན་དང་། ཐུན་མཚམས་སུ་དངོས་སུ་གཏོང་བ་དང་ཡིད་གོམས་པ་ལ་འབད་པར་བྱ། དེས་ན་སྦྱིན་པ་གསུམ་པོ་དེ་བྱ་ནུས་ཚད་ཉམས་སུ་བླང་བར་བྱའམ་སྙམ་ན། མཐའ་གཅིག་ཏུ་མ་ངེས་ཏེ། སྤྱོད་འཇུག་ལས། སྙིང་རྗེའི་བསམ་པ་མ་དག་པར། །ལུས་ནི་བཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དུ་ཡང་། །དོན་ཆེན་འགྲུབ་པའི་རྒྱུར་བཏང་ངོ་། །ཞེས་སྙིང་རྗེ་ཆེན་པོས་ལུས་ཀྱི་ཤ་གཅོད་པ་སོགས་ཀྱི་དཀའ་སྤྱད་བསྒྲིབས་ཏེ་ཡིད་མི་འབྱུང་བ་མ་རྙེད་ཀྱི་བར་དང་། དགོས་པ་ཆུང་ངུའི་ཆེད་དང་། བདུད་རིགས་ཀྱིས་མཐོ་འཚམས་པ་དང་སྨྱོན་པ་སོགས་ཀྱིས་སློང་བ་ལ་ལུས་ཀྱི་སྦྱིན་པ་དུས་དང་དགོས་པ་དང་སྦྱིན་ཡུལ་གྱི་སྒོ་ནས་སྟེར་དུ་མི་རུང་བ་ནི་ལུས་ཀྱི་དངོས་པོ་གཏོང་མི་གཏོང་གི་ཁྱད་པར་དང་། ཕྱིའི་དབང་དུ་བྱས་ན་བློ་ཤིན་ཏུ་


GLG012_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པ་དང་། རབ་ཏུ་བྱུང་བ་ལ་ཕྱི་དྲོའི་ཁ་ཟས་དུས་ཀྱི་སྒོ་ནས་སྟེར་དུ་མི་རུང་། སྡོམ་བརྩོན་ལ་ཤ་ཆང་སྒོག་བཙོང་ལྷག་མ་མི་གཙང་བས་སྦགས་པ། ཕ་རོལ་གྱིས་གནོད་པ་བྱེད་ངེས་པའི་སྲོག་ཆགས་ནད་པ་ལ་མི་འཕྲོད་པའི་ཟས། ཚོད་བགམ་པ་དང་ནོར་གྱི་འདུ་ཤེས་ཅན་ལ་གླེགས་བམ་ལྟ་བུ་ཡུལ་གྱི་སྒོ་ནས་སྦྱིན་དུ་མི་རུང་བ། མི་འདོད་པས་སྡུག་བསྔལ་བཞིན་དུ་བྲན་སྟེར་བ་ལྟ་བུ་དངོས་པོའི་སྒོ་ནས་སྦྱིན་དུ་མི་རུང་བ། མི་རུང་བ་ཞིག་རྒྱལ་པོའི་ཕྱག་སྦལ་ནས་འཐོན་ན་འགྲོ་བ་གྲངས་མེད་པ་སྡུག་བསྔལ་ལ་སྦྱོར་བ་བཙོན་རའི་འཇིགས་པ་ལས་སྐྱོབ་པའི་སྦྱིན་པ་དང་། གནོད་སེམས་ཀྱིས་སློང་བ་ལ་དུག་མཚོན་སོགས་སྦྱིན་པ་ནི་དགོས་པའི་སྒོ་ནས་སྦྱིན་དུ་མི་རུང་བས་སྤྱིར་བཏང་དམིགས་བསལ་ལེགས་པར་ཕྱེད་པར་བྱས་ནས་བདག་ཀྱང་མྱུར་དུ་འཆི་བའི་ཆོས་ཅན་ཡིན་པས། བཏང་བྱའི་དངོས་པོ་འདི་རྣམས་ཀྱིས་ཀྱང་བདག་འདོར། བདག་གིས་ཀྱང་འདི་རྣམས་འདོར་བས་གང་ལ་ཡང་སྙིང་པོ་མེད་སྙམ་དུ་སྙིང་ཐག་པ་ནས་གཏོང་སེམས་ལ་གོམས་པར་བྱ་བ་ལགས་སོ། །སྨྲས་པ། ཡིད་གཏོང་སེམས་དྲག་པོས་ལུས་ལོངས་སྤྱོད། །དྲིན་འཁོར་ཐབས་མེད་པའི་འགྲོ་བ་ལ། །དུས་གྲངས་མེད་བྱིན་པས་གཏན་བདེའི་ནོར། །གཏེར་འཛད་མེད་བང་མཛོད་དེང་འདིར་གྲུབ། །ལར་མི་བཟད་དབུལ་ཕོངས་སྡུག་བསྔལ་འདི། །རང་གཅིག་པུའི་ཐོག་ཏུ་བབ་མིན་པའི། །མ་འགྲོ་བ་ཀུན་གྱི་སྣང་ཚུལ་ཏེ། །འདི་བརྟགས་ན་བློ་ཡིས་བཟོད་ཐབས་མེད། །སྔར་དཀར་མིན་ལས་མང་བསགས་པའི་མཐུས། །དུས་ད་ལྟའི་སྣང་


GLG012_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདི་ལྟར་ན། །ད་སྦྱིན་པའི་ཕར་ཕྱིན་རྫོགས་བྱས་ནས། །མཐའ་མི་མངོན་སེམས་ཅན་སྒྲོལ་བར་སྨོན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི་སྤྱོད་འཇུག་ལས། ཉ་ལ་སོགས་པ་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། །སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་སེམས་ནི་ཚུལ་ཁྲིམས་ཡིན་ཞིང་། སེམས་དེ་ལ་གོམས་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ཡིན་པས་སེམས་ཅན་ཐམས་ཅད་གནོད་འཚེ་དང་བྲལ་མ་བྲལ་ལ་ལྟོས་མི་དགོས་སོ། །དེ་ཡང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་ལམ་སྒྲོན་དུ། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །ཞེས་པའི་ཚིག་ལ་འཁྲུལ་ནས་སོ་སོ་ཐར་པའི་ཚུལ་ཁྲིམས་དངོས་བསྟན་ལ་ཁས་བླངས་ཚེ་བྱང་སེམས་ཀྱི་བསླབ་པ་ལ་སློབ་པའི་རྟེན་ཅན་དུ་གྱུར་པའི་ལྷ་ཡོད་པས། ལམ་སྒྲོན་འགྲེལ་པར། ད་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་བསྟན་པར་འདོད་ནས་ཞེས་བཤད་པས་ཁྱད་པར་ཅན་མ་ཡིན་པའི་ཐུན་མོང་བ་ཞིག་བཤད་པ་མི་རིགས་མོད། འོ་ན་གང་ལ་ངོས་འཛིན་སྙམ་ན་སོ་ཐར་གྱི་སྡོམ་ལྡན་བྱང་སེམས་ཀྱི་བསླབ་པ་ལ་སློབ་པ་ཞིག་ཡིན་ན་སོ་ཐར་གྱི་སྡོམ་པ་དངོས་དེ་དང་ཐུན་མོང་བའི་སྤོང་སྡོམ་ནི་སྐབས་འདིའི་སྡོམ་པའི་ཚུལ་ཁྲིམས་ལ་ངོས་འཛིན་ལ། སོ་ཐར་གྱི་སྡོམ་ལྡན་མིན་ན་སོ་ཐར་དང་ཐུན་མོང་


GLG012_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་དགེ་བཅུ་སྤོང་བའི་སྤོང་སྡོམ་དེ་ལ་ཉེས་སྤྱོད་སྡོམ་པའི་ཁྲིམས་སུ་ངོས་འཛིན་པའི་ཕྱིར་ན་ཕར་ཕྱིན་བསྡུས་པ་ལས། མཐོ་རིས་ཐར་བའི་བདེ་ལམ་གྱུར་པ་སྟེ། །ལས་ལམ་བཅུ་པོ་འདི་ལས་ཉམས་མི་བྱ། །འདི་ལ་གནས་པས་འགྲོ་ལ་ཕན་སེམས་པའི། །བསམ་པའི་ཁྱད་པར་འབྲས་བུ་ཡོད་པར་འགྱུར། །ཞེས་རབ་བྱུང་ཡིན་ན་མཁན་སློབ་ཀྱི་དྲུང་དུ་ཁས་བླངས་པའི་རྩ་བ་དང་ཡན་ལག་གི་ཉེས་པས་གོས་མ་གོས་དང་། སོ་ཐར་གྱི་སྡོམ་པ་དང་མི་ལྡན་ན་སྔར་སྐྱེས་བུ་ཆུང་ངུའི་སྐབས་སུ་བཤད་པའི་མི་དགེ་བ་བཅུའི་དབང་དུ་སོང་མ་སོང་ཡང་ཡང་དྲན་ཤེས་ཀྱིས་བརྟག་ཅིང་། བཀའ་གདམས་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་ཉིན་རེ་ཞིང་དགེ་སྡིག་གང་བྱས་ལ་རྡེའུ་དཀར་ནག་བཏང་ནས། བརྩིས་པས་དཀར་པོ་མང་བ་ལ་སྤྲོ་བ་དང་ནག་པོ་མང་བ་ལ་འགྱོད་སེམས་དྲག་པོའི་སྒོ་ནས་ཐུན་དངོས་གཞི་ལ་ཐོག་མར་རྡེའུ་ནག་པོའི་གྲངས་ཇི་ཙམ་བྱུང་གི་སྡིག་པ་དྲན་ཤེས་ཀྱིས་ཟིན་པ་རྣམས་ལ་ཕྱིར་འཆོས་དང་། བཤགས་སྡོམ་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བྱ་བ་དང་བདག་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག་སྙམ་དུ་བསམ་པ་དང་ངག་ནས་ཀྱང་བརྗོད་ཅིང་། ཆགས་སེམས་ཀྱི་ཡུལ་ལ་ཆགས་པ་དྲག་པོ་སྐྱེས་པ་ཁ་རྒྱལ་དུ་མ་བཏང་བར་ཁ་ན་མ་ཐོ་བའི་ཉེས་པ་དང་མི་སྡུག་པ་དྲན་པའི་སྒོ་ནས་འགོ་གནོན་པ་སོགས་ཉོན་མོངས་གང་ཆེ་བ་དེ་ལ་རྣམ་སྨིན་སོགས་བསམས་ནས་གཉེན་པོ་བསྟེན་ཏེ་བསྒོམས་པས་ཚུལ་ཁྲིམས་དག་པ་ཞིག་འོང་། མི་དགེ་བ་བཅུ་སྤོང་བའི་ཚུལ་དེ་སྐྱེས་བུ་གསུམ་གང་བྱུང་བ་ངོ་བོ་འདྲ་ཡང་བསམ་པའི་ཁྱད་པར་གྱིས་དབྱེ་དགོས་སོ། །དགེ་བ་ཆོས་


GLG012_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ཀྱི་ཚུལ་ཁྲིམས་ནི་བྱང་སེམས་ཀྱི་ཚུལ་ཁྲིམས་དང་ལྡན་པས་ལུས་ངག་གི་དགེ་བ་བྱས་པ་རྣམས་ཡིན་ལ། དེ་ཡང་བསླབ་པ་གསུམ་དང་ཞིང་ཁྱད་པར་ཅན་བླ་མ་སོགས་ལ་རིམ་གྲོ་བྱེད་པ། དཀོན་ཅོག་གསུམ་ལ་བསྔགས་པ་བརྗོད་ཅིང་གཞན་གྱི་དགེ་བ་ལ་ཡི་རང་བའི་ཚིག་སྨྲ་བ། ཚུར་གནོད་པ་ལ་སྔོན་ལས་སུ་བལྟ་བ། དགེ་བ་རྣམས་བསྔོ་སྨོན་རྒྱས་འདེབས་པ། དཀོན་ཅོག་ལ་མཆོད་པ་འབུལ་བ། བག་ཡོད་པས་དགེ་བ་རྒྱུན་མི་གཅོད་པ། དབང་པོའི་སྒོ་ཉོན་མོངས་པའི་ཕྱོགས་ལས་སྲུང་བ། ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་སྨད་ལ་རྣལ་འབྱོར་ལ་བརྩོན་པ། དགེ་བའི་བཤེས་གཉེན་ནམ་མ་རྙེད་ན་རང་གིས་བཤེས་གཉེན་བྱས་ཏེ་གཉེན་པོ་བསྟེན་པ། ཉེས་པ་རྣམས་ཡུལ་ཁྱད་པར་ཅན་ལ་བཤགས་པ་རྣམས་ལས། ཏིང་ངེ་འཛིན་སྒོམ་པ་ལྟ་བུ་ཐུན་དངོས། དཀོན་ཅོག་གི་མཆོད་པའི་སྟ་གོན་སོགས་ཐུན་མཚམས། བག་ཡོད་བསྟེན་པ་དང་ཤེས་བཞིན་གྱི་བྱ་ར་སོགས་ནི་གཉིས་ཀ་ལ་དགོས་ཤིང་བླ་མ་ལ་བསུ་བ་དང་སྟན་བསྟབ་པ་སོགས་ནི་དུས་ཀྱི་ངེས་པ་མེད་མོད། ད་ལྟ་ཕྱག་ལེན་ལ་ཐུན་དངོས་གཞི་ལ་བཤད་མ་ཐག་པ་མཐའ་དག་དཔྱད་འཇོག་སྐབས་དང་སྦྱར་ཏེ་དམིགས་པ་སྐྱོང་བ་ལགས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་འདོགས་པ་སྟེ། དེ་ལ་ཡང་རྣམ་པ་བཅུ་གཅིག་ཏུ་བཤད་པའི། ཁ་ན་མ་ཐོ་བ་མེད་པའི་སྒོ་ནས་ལོངས་སྤྱོད་རྐུན་པོས་མི་འཁྱེར་བའི་ཐབས་བསྟན་པ་ནི་བྱ་བ་བྱེད་པའི་གྲོགས་ཀྱི་དོན་བྱེད་པ་དང་ནད་པ་ལ་སྨན་དང་རྐང་པ་ཉམས་པ་ལ་གཞོན་པས་གནས་སུ་སྐྱེལ་བ་ལྟ་བུ་ནི་སྡུག་བསྔལ་གྱི་གྲོགས་ཀྱི་དོན་བྱེད་པ། ཆོས་བསྟན་ནས་


GLG012_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྤྱོད་ལས་ལྡོག་པའི་ཐབས་སྟོན་པ་ལྟ་བུ་ཐབས་ལ་རྨོངས་པའི་དོན་བྱེད་པ། བསྙེན་བཀུར་སོགས་བྱེད་པ་ལྟ་བུ་ཕན་འདོགས་པས་དོན་བྱེད་པ། སེངྒེ་དང་སྟག་ལ་སོགས་པའི་གནོད་པ་ལས་སྐྱོབ་པ་ལྟ་བུ་འཇིགས་པས་ཉེན་པའི་དོན་བྱེད་པ། ཕ་མ་དང་བྲལ་བའམ་ཆོམ་རྐུན་གྱིས་ནོར་འཕྲོགས་པ་སོགས་མྱ་ངན་གྱིས་ཟིན་པ་ལ་མི་རྟག་པའི་གཏམ་གྱི་སྒོ་ནས་སེལ་བ་ལྟ་བུ་མྱ་ངན་གྱིས་གཟིར་བའི་དོན་བྱེད་པ། ཁ་ཟས་ཀྱིས་དབུལ་བ་ལ་ཡིད་དུ་འོང་བའི་ཟད་སྟེར་བ་ལྟ་བུ་ཕོངས་པའི་དོན་བྱེད་པ། ཆོས་དང་མཐུན་པའི་གོས་སྟེར་བ་དང་འདོད་ཆགས་ཅན་ལ་མི་སྡུག་པ་སྟོན་པ་སོགས་གནས་འཆའ་བར་འདོད་པའི་དོན་བྱེད་པ། ཕ་རོལ་པོ་དགེ་བ་ལ་སྦྱོར་མི་ནུས་པར་མཐོང་ན་མི་འདོད་པའི་ལུས་ངག་གི་སྤྱོད་ལམ་སྤངས་ཏེ་སེམས་ལ་ཕན་པར་བྱ་བ་ནི་བློ་མཐུན་པར་འདོད་པའི་དོན་བྱེད་པ། ཚུལ་ཁྲིམས་སོགས་ཀྱི་ཡོན་ཏན་ལ་གཟེངས་བསྟོད་པ་ནི་ཡང་དག་པར་ཞུགས་པའི་དོན་བྱེད་པ། སྡིག་པ་བྱས་པ་ལ་ཆད་པ་གཅོད་པ་ལྟ་བུ་ནི་ལོག་པར་ཞུགས་པའི་དོན་བྱེད་པ། དམྱལ་བ་སྤྲུལ་ནས་གཞན་སྡིག་པ་ལས་ལྡོག་པ་ལྟ་བུ་དང་ཆོ་འཕྲུལ་ཡ་མ་ཟུང་བསྟན་ནས་གཞན་འདུན་པར་བྱེད་པ་ལྟ་བུ་ནི་རྫུ་འཕྲུལ་གྱི་སྒོ་ནས་གདུལ་བྱའི་དོན་བྱེད་པ་སྟེ་བཅུ་གཅིག་པོ་འདི་དག་ལ་དངོས་སུ་བྱ་ནུས་མི་ནུས་དང་དུས་ལ་ངེས་མི་ངེས་སྣ་ཚོགས་ཀྱང་། ཐུན་དངོས་ལ་དཔྱད་སྒོམ་གྱི་ཚུལ་གྱིས་ཉམས་སུ་ལེན་དགོས་པས་ཚིག་བཤད་ཙམ་དུ་མ་སོང་བ་གནད་དུ་ཆེ། དེ་ཡང་ཕར་ཕྱིན་བསྡུས་པ་ལས། ཚུལ་ཁྲིམས་ཉམས་པས་རང་དོན་མི་ནུས་ན། །གཞན་དོན་ཚུལ་ལ་མཐུ་ཡོད་ག་ལས་


GLG012_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །དེ་ཕྱིར་གཞན་དོན་ལེགས་པར་བརྩོན་པ་ཡིས། །འདི་ལ་རིམ་གྲོ་གློད་པར་རིགས་མ་ཡིན། །ཞེས་དོན་གཉིས་སྒྲུབ་པ་ལ་ཚུལ་ཁྲིམས་འདི་རྩ་བ་ལྟ་བུར་གསུངས་པས། གཞན་གནོད་གཞི་བཅས་སྤོང་བའི་ཚུལ་ཁྲིམས་ལ་གོམས་པ་གོང་ནས་གོང་དུ་འཕེལ་བའི་ཐབས་བྱ་འཚལ་ལོ། །སྨྲས་པ། ཕུན་ཚོགས་དལ་འབྱོར་རྟེན་གྱི་སྐྱེད་ཚལ་དུ། །རྣམ་གསུམ་ཚུལ་ཁྲིམས་ཡོངས་འདུ་ས་བརྟོལ་ལ། །མྱང་འདས་འབྲས་བུའི་ཁུར་ཆེན་གྱིས་དུད་པར། །ཕན་བདེའི་རོ་བརྒྱའི་སྙིང་པོ་ཅི་ཡང་འཛག །གྲངས་མེད་བསྐལ་པར་བསགས་པའི་སྦྱིན་པ་ཡི། །ཕུང་པོ་གཅིག་ཏུ་དཀར་བའི་ལོངས་སྤྱོད་ཀྱང་། །ལྷ་མིའི་རྟེན་ལ་ཉམས་སུ་མྱོང་མི་མྱོང་། །བྱེད་པོ་ཚུལ་ཁྲིམས་ཁོ་ནར་རག་ལུས་ན། །ལན་ཅིག་ཐོབ་པའི་རྟེན་བཟང་ཤིང་རྟ་འདི། །བག་མེད་ལྷུང་བའི་འདམ་དུ་ཉེར་བྱིང་བ། །ཕྱིར་བཅོས་འཕྲུལ་གྱིས་བདེ་བའི་ཐང་ཡངས་པོར། །མི་འདོན་དལ་བར་འདུག་རྣམས་གདོན་གྱིས་བརླམས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་བཟོད་པའི་ཕར་ཕྱིན་ནི་སྤྱོད་འཇུག་ལས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། དེ་དག་གཞོམ་གྱིས་ཡོངས་མི་ལང་། ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ལ་ལངས། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །དེ་བཞིན་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མི་ལངས་གི །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །ཞེས་རང་གིས་


GLG012_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་རྣམས་ལ་ཁོང་ཁྲོ་བ་ལ་སོགས་པ་འགོག་པའི་སེམས་ཀྱི་གོམས་པ་ཡོངས་སུ་རྫོགས་པ་དེ་བཟོད་པའི་ཕར་ཕྱིན་རྫོགས་པ་ཡིན་གྱི་སྐྱེ་རྒུ་མཐའ་དག་མི་སྲུན་པའི་བློ་དང་འབྲལ་མི་དགོས་པ་ཡིན་པས། ཞི་བ་ལྷས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་ཡུལ་དམ་པ་ལ་ཁོང་ཁྲོ་བྱས་པས་དགེ་བའི་རྩ་བ་འཇོམས་པར་ཐམས་ཅད་ཡོད་སྨྲ་བའི་གཞུང་ལས་ཀྱང་བྱུང་ཞིང་། དམིགས་བསལ་འཇུག་པར། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་བྱང་སེམས་སྟོབས་ཆུང་བས་བྱང་སེམས་སྟོབས་ཆེ་བ་ལ་ཁྲོས་པས་དགེ་བ་བསྐལ་བརྒྱར་བསགས་པ་འཇོམས་ནུས་ལ་བྱང་སེམས་མིན་པའི་སོ་སྐྱེས་བྱང་སེམས་ལ་ཁྲོས་ན་བསྐལ་བ་སྟོང་གི་དགེ་བའི་འབྲས་བུ་མི་འབྱིན་པ་སོགས་ཤིན་ཏུ་ལྕི་བར་གསུངས། རང་རེ་རྣམས་ཀྱིས་ཁོང་ཁྲོ་ནི་རྐྱེན་ཆུང་ངུ་རེ་ལ་ཡང་འབད་མེད་དུ་གསོག །ཡུལ་བྱང་སེམས་ནི་གང་ཟག་མེ་དོང་ཐལ་བས་གཡོགས་པ་ལྟར་གང་ན་ཡོད་ཆ་མེད་པས་སྔར་བྱས་ཀྱི་དགེ་བ་ནི་གཏན་བརླག་ལྟ་བུར་སོང་ཟིན་འདུག་པས་རྒུད་པ་ཀུན་གྱི་རྩ་བར་ངེས་ཤིང་། ཞི་བ་ལྷས། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་ཁྲོ་བ་སྤངས་ན་ཚེ་འདིར་ལུས་སེམས་མི་མནར་བར་མ་ཟད། སྐྱེ་བ་མཐའ་དག་ཏུ་བདེ་བའི་རྒྱུར་སྣང་བས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་སྙམ་པའི་ཡིད་དུ་རེ་བ་དང་བཅས་


GLG012_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཐོག་མར་གནོད་བྱེད་ཀྱིས་གནོད་པ་བྱེད་བཞིན་པ་ཡིན་ན་དང་མིན་ན་སྔར་བྱས་པ་ཞིག་གསལ་བཏབ་ནས་ཞེ་སྡང་དམར་ལམ་པ་སྐྱེས་བྱུང་བའི་ཚེ་དེའི་ངོ་བོ་ལ་བལྟས་ནས། སྤྱོད་འཇུག་ལས། གང་ཚེ་ཉོན་མོངས་དབང་གྱུར་པས། །བདག་སྡུག་ཉིད་ཀྱང་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ལུས་ལ། །གནོད་མི་བྱེད་པར་ཇི་ལྟར་འགྱུར། ཞེས་དཔེར་ན་ལ་ལ་གཞན་ལ་མི་དགའ་བའི་ཉོན་མོངས་དྲག་པོ་སྐྱེས་པ་ན་རང་ལྕེབ་པ་དང་མཚོན་འདེབས་པ་གཡང་ལ་མཆོང་བ་སོགས་རང་སྲོག་རང་གིས་གཅོད་པ་མངོན་སུམ་གྱིས་གྲུབ་པས་བདག་གཅེས་འཛིན་གྱིས་རང་ལ་རང་གིས་གནོད་པ་བྱ་མི་ནུས་བཞིན་དུ་ཉོན་མོངས་པའི་གཞན་དབང་གིས་དེ་ལྟར་བྱེད་པ་ལ་ཁྲོ་བའི་གོ་སྐབས་མེད་ན། འགྲོ་བ་གཞན་ཉོན་མོངས་པའི་ཤུགས་དྲག་པོས་རང་དབང་དང་བྲལ་ཏེ་གནོད་པ་བྱེད་པ་ལ་ཅིའི་ཕྱིར་ཁྲོ་སྙམ་དུ་བསམ། འོ་ན་གནོད་བྱེད་དེར་རང་དབང་ཡོད་པས་ཁོ་རང་གི་གཉེན་སོགས་ལ་གནོད་པ་མི་བྱེད་དོ་སྙམ་ན། གཉེན་ལ་ཕན་འདོགས་པ་དེ་ག་འདོད་ཆགས་ཀྱི་གཞན་དབང་དུ་སོང་བར་འདུག །སེམས་ཅན་རྣམས་ལ་རང་དབང་དང་ལྡན་ན་ཐམས་ཅད་སྡུག་བསྔལ་མི་འདོད་པས་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་མེད་པར་ཐག་ཆོད་སྙམ་དུ་བསྒོམས་པས་རྒྱལ་པོ་ལྟ་བུས་དབང་མེད་དུ་གནོད་པ་བྱེད་པར་བཏང་བའི་མི་དེ་ལ་འཆར་བའི་སྣང་བ་ལྟ་བུ་ཞིག་འོང་གསུང་། གཞན་ཡང་འགྲོ་བ་ཁོ་རང་གི་རང་བཞིན་ལ་གནོད་པ་དེ་གྲུབ་ན་མེ་ཚ་ཞིང་སྲེག་པ་དང་འདྲ་ལ། གལ་ཏེ་གློ་བུར་དུ་བྱུང་བ་ཞིག་ཡིན་ན་ཉི་མ་སྤྲིན་གྱིས་བསྒྲིབས་པར་ནམ་མཁའ་ལ་ཁྲོ་མི་རིགས་པ་ལྟ་བུ། དེ་བཞིན་དུ་དངོས་སུ་ནད་བསྐྱེད་པ་ནི་དབྱུག་པ་ལྟ་བུའི་མཚོན་དང་། བརྒྱུད་ནས་


GLG012_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་གིས་རྦད་པས་གང་ཟག་དེས་བྱས་པ་ཅི་ཞིག་ཡོད། གནོད་པ་བྱེད་པའི་རྩ་བའི་རྒྱུ་ལ་ཁྲོ་ན། རང་གིས་སྔོན་ཆད་གཞན་ལ་གནོད་པ་འདི་ལྟ་བུ་བྱས་པ་ལས་བྱུང་བའི་ཚུལ་སྤྱོད་འཇུག་ལས། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་སོ། །དེར་མ་ཟད་བདག་ལ་གནོད་བྱེད་འདིས་ངན་སྨྲས་དང་རྨ་ཕྱུང་བ་སོགས་གནོད་པ་ཕྲ་མོ་ཡང་མི་བཟོད་པ་འདི་ལྟར་ན། ད་ལྟ་ངན་འགྲོའི་རྒྱུ་མང་དུ་བསྒྲུབས་པས་དམྱལ་བར་སྐྱེས་ན་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་རང་ལ་ཞེ་ཁྲེལ་ཡང་ཡང་འདེབས། གཞན་ཡང་ཆུ་ཐོག་ཏུ་ཆར་བབས་ན་གཉིས་ཀ་རླན་གཤེར་ཡིན་པ་ལས་མ་འདས་པ་ལྟར། བདག་ལུས་དང་མཚོན་ཆ་གཉིས་ཀ་སྡུག་བསྔལ་གྱི་རྒྱུ་ཡིན་པས་ཟུག་རྔུ་བསྐྱེད་པ་ལས་འོས་ཅི་ཡོད། རང་དོན་སྒྲུབ་པའི་ཉན་ཐོས་ཀྱང་ཁྲོ་བར་མི་བྱེད་ན་བདག་སེམས་ཅན་ཐམས་ཅད་ཕ་མར་ཤེས་ཏེ་གཞན་ཕན་སྒྲུབ་པར་སེམས་བསྐྱེད་ནས་འདི་ལྟར་བྱ་ག་ལ་རིགས་སྙམ་དུ་བསྒོམས་པས་ལུས་སེམས་བདེ་འབོལ་གྱི་འགྲོ་བ་ཡིན་གསུང་ད་དུང་གཞན་གྱིས་བསྟོད་པ་བྱས་པ་ལ་དགའ་བར་འདུག་ན་སྨད་པ་ལ་མི་དགའ་བ་ཤུགས་ཀྱིས་འོང་བས། སྤྱོད་འཇུག་ལས། བསྟོད་དང་གྲགས་པའི་རིམ་གྲོ་ནི། །བསོད་ནམས་མི་འགྱུར་ཚེར་མི་འགྱུར། །བདག་སྟོབས་མི་འགྱུར་ནད་མེད་མིན། །ལུས་བདེ་བར་ཡང་མི་འགྱུར་རོ། །ཞེས་བསྟོད་པ་དང་སྙན་གྲགས་ཀྱིས་ཕྱི་མར་མ་ཟད་འདིའི་བདེ་བ་ཡང་འཕེལ་བར་མི་བྱེད་པའི་སྟེང་དུ་རང་ཉིད་དོན་མེད་ཀྱི་གཡེང་བར་འཇུག་པ་དང་། གཞན་གྱིས་


GLG012_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་བྱེད་པའི་ཉེས་པ་དུ་མ་བསྐྱེད་ལ། སྙན་གྲགས་ཉམས་པའི་རྒྱུར་སོང་ནས་དེས་གནས་སྐབས་གཞན་རྐྱེན་གྱི་འཚེ་བ་དང་མཐར་ཐུག་གཡེང་བ་མེད་པས་བྱང་ཆུབ་བསྒྲུབས་ཏེ་བདེ་བ་མང་པོ་ཞིག་འཕེལ་བར་འདུག་པ་དེ་སངས་རྒྱས་ཀྱི་བྱིན་རླབས་ཡིན་སྙམ་དུ་དགའ་བ་སྒོམ་པ་དང་། མཚོན་ལྟ་བུ་ཕོག་ན་སེམས་ལ་མ་གནོད་ཀྱང་ལུས་ལ་ཅུང་ཟད་གནོད་མོད་ངན་སྨྲས་སོགས་ཀྱིས་ལུས་སེམས་གང་ལ་ཡང་མི་གནོད་པའི་ཚུལ་བསམ། དེ་ལྟར་བསྒོམ་པས་ཀྱང་རང་ལ་བསྟོད་སྨད་བྱས་པ་མགོ་སྙོམས་པ་བྱུང་ནའང་། ད་དུང་དགྲ་ལ་ཕུན་སུམ་ཚོགས་པ་འདུག་པ་མི་བཟོད་པའི་བློ་ཐོལ་གྱི་ཤར་བྱུང་ན། སྤྱོད་འཇུག་ལས། གལ་ཏེ་དགྲ་ཞིག་དགའ་ནའང་། །དེ་ལ་ཁྱོད་དགར་ཅི་ཞིག་ཡོད། ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས་ནི། །དེ་ལ་གནོད་པའི་རྒྱུར་མི་འགྱུར། ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ། །གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། གལ་ཏེ་འཚེངས་པར་འགྱུར་ཞེ་ན། །དེ་ལས་ཕུང་པའང་གཞན་ཅི་ཡོད། །ཉོན་མོངས་ཉ་པས་བཏབ་པ་ཡི། །མཆིལ་བ་འདི་ནི་མི་བཟད་གཟེ། །དེས་བཟུང་སེམས་དམྱལ་བུམ་པར་ནི། །དམྱལ་བའི་སྲུང་མས་བདག་འཚེད་ངེས། །ཞེས་སེམས་ཅན་ཁོ་རང་གིས་རྙེད་པའི་བདེ་བ་ལ་ཁྲོ་བའི་དོན་མེད་ལ་ཁྲོས་ཀྱང་གནོད་པར་ཅི་ལ་འགྱུར། གལ་ཏེ་གནོད་དུ་ཟིན་ཀྱང་རང་གཞན་གཉིས་ཀ་དམྱལ་བར་སྲེག་པའི་ལས་ཡིན་པ་འདུག་སྙམ་དུ་སྡོམ་སེམས་དྲག་པོ་བྱ། དེ་ལྟར་གནོད་པ་བྱེད་པ་པོ་རྣམས་ལ་དམིགས་པའི་ཁོང་ཁྲོའི་གཉེན་པོ་བསྟེན་པར་ནུས་ནའང་། རང་སྡུག་བསྔལ་ཐོག་ཏུ་བབས་པ་འདི་མི་བཟོད་པར་འདུག་སྙམ་ན། སྡུག་བསྔལ་དེ་ལ་བཅོས་སུ་མེད་ན་མི་དགའ་བ་


GLG012_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་དགོས་ནུས་མེད་ཅིང་། བཅོས་སུ་ཡོད་ན་བཅོས་པས་ཆོག་པས་མི་དགའ་བ་བྱ་ཡང་མི་དགོས་ལ། ད་ལྟ་མི་འདོད་པའི་སྡུག་བསྔལ་འབབ་པ་འདི་ཚེ་སྔོན་མ་མི་དགེ་བ་བྱས་པའི་འབྲས་བུ་ཡིན་པས་ཚེ་འདིར་སྡུག་བསྔལ་གྱི་ཚོར་བ་འདི་ལྟ་བུ་ཞིག་མ་མྱོང་ན་བླང་དོར་མི་འགྲུབ་པར་འཁོར་བའི་འཁོར་ལོ་འཁོར་བ་ཁོ་ནར་ཟད། ད་རེས་སྡུག་བསྔལ་འདིས་རྐྱེན་བྱས་ནས་འཁོར་བ་ལས་ཡིད་འབྱུང་སྟེ་ཐར་པ་མྱ་ངན་ལས་འདས་པ་སྒྲུབ་པའི་རྩ་བ་བྱས་པས་བཀའ་དྲིན་ཆེ། གཏར་སྲེག་སོགས་དཔྱད་རྩུབ་མོའི་སྡུག་བསྔལ་བསྟེན་པས་ནད་ཀྱི་གདུང་བ་ཞི་བ་ལྟར་ཕྱི་མ་མནར་མེད་དུ་སྐྱེ་དགོས་པའི་སྡུག་བསྔལ་གྱི་ཚབ་ལ་ཚེ་འདིར་ནད་ཀྱིས་ཐེབས་པ་ལ་སོགས་པའི་སྡུག་བསྔལ་བྱུང་བས་གོ་བཅད་སྙམ་དུ་བསམ། བཤད་མ་ཐག་པ་དེ་རྣམས་ཐུན་དངོས་གཞི་ལ་མྱོང་བ་ཐོན་པར་བྱས་ནས། ཐུན་མཚམས་ལ་གོས་ཕྱག་དར་ཁྲོད་པ་སོགས་ཚངས་སྤྱོད་འཕེལ་བའི་གནས་ལ་བརྟེན་པའི་སྡུག་བསྔལ་དང་ལེན། བསྟོད་སྨད་སོགས་འཇིག་རྟེན་གྱི་ཆོས་ལ་བརྟེན་པའི་སྡུག་བསྔལ་དང་ལེན། སྟན་ལ་གློ་མི་འབེབས་པའི་སྤྱོད་ལམ་གྱི་སྡུག་བསྔལ་དང་ལེན། དཀོན་ཅོག་མཆོད་པ་སོགས་ཆོས་ཡོངས་སུ་འཛིན་པ་ལ་བརྟེན་པའི་སྡུག་བསྔལ་དང་ལེན། གཟུགས་མི་སྡུག་པ་དང་གོས་ངན་པ་སོགས་ཉམས་སུ་བླང་ཞིང་གླུ་གར་སོགས་འདོད་ཡོན་ལས་ལྡོག་པའི་སློང་མོས་འཚོ་བ་ལ་བརྟེན་པའི་སྡུག་བསྔལ་དང་ལེན། དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པས་དུབ་པ་ལ་བརྟེན་པའི་སྡུག་བསྔལ་དང་ལེན། གཞན་གྱི་སྲོག་སྐྱོབ་པ་སོགས་སེམས་ཅན་དོན་བྱེད་ལ་བརྟེན་པའི་སྡུག་བསྔལ་དང་ལེན། ཚོང་


GLG012_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤངས་པ་འཕྲལ་གྱི་བྱ་བ་ལ་བརྟེན་པའི་སྡུག་བསྔལ་རྣམས་དངོས་སུ་དང་དུ་ལེན་ཞིང་མི་ནུས་པ་རྣམས་ཀྱང་དང་དུ་ལེན་པ་ལ་ཡིད་ཀྱི་གོམས་པ་ནན་ཏན་དུ་བྱས་པས། སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོའང་བཟོད་པར་བྱ། །ཞེས་རིམ་གྱིས་གོམས་ན་མཐར་གང་ལའང་ཇི་མི་སྙམ་པའི་བཟོད་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་འགྱུར་བ་ལགས་སོ། །སྨྲས་པ། སྐྱེ་བར་བསགས་པའི་དགེ་ཚོགས་ནགས་ཀྱི་ཀླུང་། ཁོང་ཁྲོའི་མེ་ཕུང་གཅིག་གིས་རབ་བསྲེགས་ནས། །མི་དགེའི་སྡོང་དུམ་སྲིད་པའི་རྩེར་སྤུངས་པའི། །མི་བཟོད་དགྲ་འདི་སྡུག་བསྔལ་ཀུན་གྱི་གཞི། དབང་མེད་ལས་ཉོན་རི་གཟར་རྩེ་མོ་ནས། །དཀར་མིན་འབྲས་བུ་ཐུར་དུ་རྒྱུག་པའི་རྦབ། །འཁོར་བའི་གཅོང་རོང་ཁྲོད་དུ་གནས་པ་རྣམས། །བཅོམ་པའི་གཤིས་ལུགས་འདི་ལ་སུ་ཞིག་གཤུང་། །ཀུན་འབྱུང་དཔུང་ཚོགས་བཤམས་པའི་གཡུལ་ངོ་ན། །བཟོད་པའི་གོ་ཆ་བཙན་པོ་ལེགས་བགོས་ཚེ། །རྡེག་རྡུང་ཚིག་རྩུབ་མཚོན་གྱིས་འབིགས་མིན་པའི། །མྱང་འདས་གནས་སུ་བགྲོད་པར་བྱེད་འདི་མཚར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ནི་སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་དགེ་བ་བསྡུ་བ་དང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དུ་སེམས་མངོན་པར་སྤྲོ་བ་ཕྱིན་ཅི་མ་ལོག་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་མཐར་ཕྱིན་པ་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ཡང་མདོ་སྡེ་རྒྱན་ལས། དགེ་བའི་ཚོགས་ཀྱི་ནང་ན་བརྩོན་


GLG012_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་མཆོག །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ། །བརྩོན་འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག །དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་འཐོབ། །བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན། །བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ན་འགྲོ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་འཚང་རྒྱ། ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་ནི་བརྩོན་འགྲུས་ཡིན་པས་དེ་ཉམས་སུ་ལེན་པར་བྱེད་པ་ལ་ཐོག་མར་གོ་ཆའི་བརྩོན་འགྲུས་ལ། བསྐལ་པ་ཆེན་པོ་སྟོང་ཕྲག་རེ་ལ་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་བྱེ་བ་ཕྲག་འབུམ་འགྱུར་གྱི་བར་དུ་སེམས་ཅན་གཅིག་གི་སྡུག་བསྔལ་བསལ་བའི་ཆེད་དུ་དམྱལ་བ་ཁོ་ནར་གནས་པ་ལ་བརྟེན་ནས་སངས་རྒྱས་སྒྲུབ་དགོས་པ་བྱུང་ཡང་བརྩོན་འགྲུས་མི་གཏོང་ན་དེ་ལས་ཐུང་བ་ལྟ་ཅི་སྨོས་སྙམ་པ་གོ་ཆའི་བརྩོན་འགྲུས་དང་། འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ལ་ཞག་གཅིག་ཏུ་བྱས་པའི་རིམ་པ་བཞིན་ཟླ་བ་དང་ལོར་བརྩིས་ནས་ལོ་འབུམ་སོང་བ་ན་བྱང་ཆུབ་ཀྱི་སེམས་གཅིག་སྐྱེ་ཞིང་སངས་རྒྱས་གཅིག་མཐོང་བ་ལྟ་བུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ན་སེམས་ཅན་གཅིག་གི་སེམས་དང་སྤྱོད་པ་ཤེས་ཤིང་། དེ་འདྲ་བའི་ཡུལ་སེམས་ཅན་རེ་རེ་བཞིན་ནས་བྱེད་དགོས་པ་བྱུང་ཡང་དེ་དག་ལ་ཡུན་རིང་བར་མི་སེམས་པར་སྤྲོ་བར་བྱེད་པ་ནི་གོང་ན་མེད་པའི་བརྩོན་འགྲུས་སུ་བཤད་པས་རང་རེ་རྣམས་ཀྱིས་སྔར་སྦྱིན་པའི་སྐབས་ཀྱང་ཐོག་


GLG012_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཟན་ཁམ་གཅིག་ལས་བརྩམས་ནས་བསམ་སྦྱོར་གཉིས་ཀས་སྦྱིན་པ་ལ་གོམས་པར་བྱས་པས་མཐར་ལུས་དང་མགོ་བོ་གཏོང་བ་ལ་ཡང་ཞུམ་པ་མེད་པར་བྱུང་ཚུལ་བཞིན་འདིར་ཡང་ཐོག་མར་བདག་གིས་སྔ་དྲོ་འདིའི་ཡུན་གྱི་བར་དགེ་བའི་བྱ་བ་འདི་ཙམ་ཞིག་བྱེད་སྙམ་དུ་བསམ་པ་དང་། བསམས་པ་བཞིན་དུ་སྦྱིན་སོགས་ཀྱི་དགེ་བ་གང་ཡིན་པ་དེ་ལ་བརྩོན་འགྲུས་ཆེན་པོས་འབད་ཅིང་། རིམ་གྱིས་ཞག་གྲངས་ཟླ་བ་ལོ་ཇི་སྲིད་འཚོའི་བར་ལྟ་བུའི་དམ་བཅའ་དང་བཅས་ཏེ་བརྩོན་འགྲུས་བརྩམས་ཀྱང་དེ་ལ་ཡུན་རིང་བ་དང་དཀའ་བའི་སྣང་བ་མི་འཆར་བ་དང་སྤྲོ་བ་ཆེར་འཕེལ་བས་སྔར་བཤད་པའི་གོ་ཆའི་བརྩོན་འགྲུས་དེ་དག་ཀྱང་སྒྲུབ་ནུས་པ་ཞིག་འོང་བ་ཡིན་ལ། ཐུན་དངོས་གཞིའི་སྐབས་དཀོན་ཅོག་རྗེས་སུ་དྲན་པས་དུག་གསུམ་གྱི་གཉེན་པོ་བསྟེན་པ་སོགས་ཇི་ལྟར་རིགས་པའི་དཔྱད་འཇོག་གི་དམིགས་པ་ཐུན་དེ་མ་རྫོགས་ཀྱི་བར་དུ་གཞན་གྱིས་བར་མ་བཅད་པར་བྱེད་སྙམ་པའི་འཕེན་པ་བཏང་ཞིང་། སྙོམ་ལས་དང་དམན་པའི་བདེ་བ་ལ་སྲེད་པ་བཀག་ནས་བརྩོན་འགྲུས་ཆེན་པོས་བྱས་པས་ཐུན་སྔ་མ་རྣམས་ལ་དཀའ་སེ་འོང་ཡང་། རིམ་གྱིས་བསྒོམ་པ་ན་དཀའ་བ་མེད་ཅིང་སྤྲོ་བ་ཆེར་འཕེལ་བ་ཡིན་གསུང་། དེ་ཡང་ད་དུང་ལོངས་ཡོད་སྙམ་པའི་ཕྱི་ཤོལ་གྱི་ལེ་ལོ་ཞིག་བློ་ལ་ཐོལ་གྱི་ཤར་བྱུང་བ་ན། སྤྱོད་འཇུག་ལས། སྙོམ་ལས་བདེ་བའི་རོ་མྱང་དང་། །གཉིད་ལ་བརྟེན་པའི་སྲེད་པ་ཡི། །འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། །ལེ་ལོ་ཉེ་བར་སྐྱེ་བར་འགྱུར། །ཞེས་དགེ་བ་ལ་ཞག་འཕུལ་ཉིན་འཕུལ་གྱི་ཕྱི་བཤོལ་བྱེད་པའི་ལེ་ལོའི་རྒྱུ་གཉིད་རྨུགས་སོགས་དམན་པའི་རོ་ལ་ཆགས་པ་ལས་འབྱུང་བར་


GLG012_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས། ལུས་ཀྱི་སྤྱོད་ལམ་རླུང་འོང་ས་དང་གོས་སྲབ་ཏུ་གཏོང་བ་ཁམས་གསེང་བ་ཡང་བྱེད་ཅིང་དམིགས་པ་ནི་རྒན་གཞོན་མེད་པར་ཤི་བ་མིག་གིས་མཐོང་བ་བཞིན་བདག་ཀྱང་མྱུར་དུ་འཆི། ཤི་བའི་འོག་ཏུ་རྟེན་བཟང་འདི་འདྲ་རྙེད་པ་དཀའ་སྙམ་དུ་བསམ་པས་སྐོམ་འཐུང་བའི་ལོངས་ཡང་མེད་པ་ལྟ་བུའི་ཤེས་པ་ཙབ་ལིང་ངེ་བ་ཞིག་མ་སྐྱེས་བར་བསྒོམ། ད་དུང་གཉེན་པོ་མཐར་མ་ཕྱིན་པས་བྲེ་མོའི་གཏམ་སོགས་དམན་པའི་བདེ་བ་ལ་སྲེད་པའི་སྣང་བ་བྱུང་བ་ན། སྤྱོད་འཇུག་ལས། དགའ་བའི་རྒྱུ་ནི་མཐའ་ཡས་པའི། །དམ་ཆོས་དགའ་བའི་མཆོག་སྤངས་ནས། །སྡུག་བསྔལ་རྒྱུ་ཡི་གཡེང་བ་དང་། །རྒོད་སོགས་ལ་ཁྱོད་ཅི་ཕྱིར་དགའ། །ཞེས་གནས་སྐབས་ཀྱི་བདེ་བ་ཕྲ་མོ་འདི་དག་ལ་རྣམ་པར་གཡེངས་པས་དམ་པའི་ཆོས་ཀྱི་སྒོ་འགགས་ཏེ་བདག་ངན་སོང་དུ་སྐྱེ་བ་འདུག་སྙམ་དུ་བསམ། དེ་བཞིན་བསྒོམས་པས་བདག་གིས་ཐོབ་བྱ་སངས་རྒྱས་བཅོམ་ལྡན་འདས་འདི་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པས་འཐོབ་པར་དཀའ་སྙམ་པའི་བློ་ཞུམ་པ་ཞིག་འབྱུང་བས་དེའི་ཚེ་འདི་སྙམ་དུ། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུང་བས་བདེན་འདི་གསུངས། སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་བ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་འཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་པ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་


GLG012_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐོབ། །ཅེས་ཡོན་ཏན་ཁྱད་པར་དང་ལྡན་པའི་བཅོམ་ལྡན་འདས་དེས་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་པར་གསུངས་ན་བདག་ཅིའི་ཕྱིར་སངས་རྒྱས་ཐོབ་པར་མི་འགྱུར་སྙམ་གཟེངས་བསྟོད་པའི་ཚུལ་གྱིས་བསྒོམ། སངས་རྒྱས་ཐོབ་པར་འགྱུར་སྙམ་པའི་གཟེངས་བསྟོད་ཀྱང་རྐང་ལག་ལ་སོགས་པའི་ལུས་གཏོང་བ་ཞིག་མི་ནུས་སོ་སྙམ་ན། སྤྱོད་འཇུག་ལས། གསོ་དཔྱད་ཕལ་བ་འདི་འདྲ་བ། །སྨན་པ་མཆོག་གིས་མ་མཛད་དེ། །ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །ནད་ཆེན་དཔག་མེད་གསོ་བར་མཛད། ཚོད་མ་ལ་སོགས་སྦྱིན་པ་ལའང་། འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང་། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་པ། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཅེས་མགོ་དང་མིག་ལ་སོགས་པ་གཏོང་བ་ལ་ཚོད་མའི་ཚ་བ་འདྲེན་པ་ཙམ་གྱི་བློ་སྐྱེ་བའི་ཚེ་གཏོང་བ་ཡིན་པས་དཀའ་བ་མི་འདུག་སྙམ་པའི་སྤྲོ་བ་ཆེན་པོ་བསམ། དེ་ལྟར་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚེ་འཁོར་བར་སྐྱེ་བ་ལེན་པ་མི་བཟོད་དོ་སྙམ་ན། སྤྱོད་འཇུག་ལས། །སྡིག་པ་སྤངས་ཕྱིར་སྡུག་བསྔལ་མེད། །མཁས་པའི་ཕྱིར་ན་མི་དགའ་མེད། །འདི་ལྟར་ལོག་པར་རྟོག་པ་དང་། །སྡིག་པས་སེམས་དང་ལུས་ལ་གནོད། །བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །ཞེས་བྱང་སེམས་ཀྱིས་སྡིག་པ་སྤངས་པས་རྒྱུ་མེད་པའི་ཕྱིར་ན་འབྲས་བུ་སྡུག་བསྔལ་མི་འབྱུང་ངོ་སྙམ་དུ་བསྒོམ། དགེ་བ་ཆོས་


GLG012_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ནི་དཀོན་ཅོག་མཆོད་པ་སོགས་ལ་བརྩོན་པ་དང་། སེམས་ཅན་དོན་བྱེད་ནི་གཞན་གྱི་ནོར་རྐུན་པོས་མི་འཁྱེར་བའི་ཐབས་སྟོན་པ་ལ་བརྩོན་པ་སོགས་ཚུལ་ཁྲིམས་ཀྱི་སྐབས་ལྟར་ལ་མི་འདྲ་བའི་ཁྱད་པར་སྐབས་ཐོབ་ཕྱེ་སྟེ་དམིགས་པ་བསྐྱང་ངོ་། བཤད་མ་ཐག་པའི་ཡོན་ཏན་དེ་དག་ཀྱང་སྣ་རེ་ཙམ་སྐྱེས་པ་ལ་ཆོག་མི་ཤེས་པར་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པ་དང་མ་བསླབས་པའི་ཕན་ཡོན་དང་ཉེས་དམིགས་དྲན་པའི་སྒོ་ནས་མོས་པའི་སྟོབས་བརྩོན་འགྲུས་རྩོམ་པ་ལ་ཕྱིར་མི་ལྡོག་པ་བརྟན་པའི་སྟོབས། སྤྲོ་བ་ཆེན་པོ་དང་བཅས་ཏེ་འཕྲོ་མི་གཅོད་པ་དགའ་བའི་སྟོབས། དུབ་ན་ངལ་གསོ་བའི་གནད་ཤེས་པ་དོར་བའི་སྟོབས་རྣམས་ཀྱི་སྒོ་ནས། སྤྱོད་འཇུག་ལས། འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ། །གཡུལ་ངོར་རལ་ཁ་ལྷགས་པ་བཞིན། །ཉོན་མོངས་མཚོན་ལས་གཟུར་བྱ་ཞིང་། །ཉོན་མོངས་དགྲ་རྣམས་འཇེབས་པར་བཏབ། །ཅེས་དགྲ་འཐབ་ལ་མཁས་པས་ཕར་དགྲ་ལ་མཚོན་བསྣུན་པ་དང་ཚུར་བརྡེག་པ་ལ་ཟོན་བྱེད་པ་ལྟར། འདིར་ཡང་ཉོན་མོངས་པ་མངོན་གྱུར་འཇོམས་པ་དང་། བག་ལ་ཉལ་གྱི་ཉོན་མོངས་པས་ཚུར་སེམས་ལ་རྨ་ཕྱུང་བ་ལ་ཟོན་བྱེད་པ་གཉིས་ཀའི་ཚུལ་གྱིས་བརྩོན་འགྲུས་བསྐྱེད་ཅིང་ཉམས་སུ་ལེན་འཚལ་ལོ། །སྨྲས་པ། གཏི་མུག་གཉིད་དང་རྨུགས་སོགས་བདེ་བའི་རོ། །དོན་མེད་རྣམ་པར་གཡེང་བའི་རྒོད་བག་ལ། །ཇི་ཙམ་སྤྱད་ཀྱང་ངོམས་པ་མེད་པ་འདི། །སྐོམ་པས་བ་ཚྭའི་ཆུ་ལས་འཐུང་བ་བཞིན། །ཞེ་སྡང་དབང་གིས་སྟོབས་ལྡན་དགྲ་བོ་ལ། །མི་ནུས་བཞིན་དུ་གཟེངས་བསྟོད་མཐོ་བརྩམས་ན། །ངེས་པར་སྒྲུབ་ནུས་སངས་རྒྱས་གོ་འཕང་ལ། །ཞུམ་པར་


GLG012_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་བློ་ངན་འདི་ཀོ་ནོར། །ལོང་མེད་ཚེ་འདིའི་སྣང་ཚུལ་ཤེས་བཞིན་དུ། །གཏན་གྱི་བདེ་བ་སྒྲུབ་པའི་དམ་ཆོས་ལ། །ཞག་འཕུལ་ཉིན་འཕུལ་མེད་པར་བརྩོན་པའི་ལྕག །བྲབས་ན་ཐར་པའི་གླིང་དེར་བགྲོད་པར་ངེས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ལྔ་པ་ལ་བསམ་གཏན་གྱི་ཕར་ཕྱིན་ནི་སྤྱོད་འཇུག་ལས། །དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་བཞག །ཅེས་སེམས་དམིགས་པ་ལས་གཞན་དུ་མི་གཡེང་བར་གནས་པས་སེམས་རྩེ་གཅིག་པ་ལ་སྒོམ་པ་མཐར་ཕྱིན་པ་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་ལ། དེ་ཡང་ལམ་རིམ་ཆེ་ཆུང་སོགས་གོང་མ་རྣམས་ཀྱི་གསུང་རབ་ཏུ་བསམ་གཏན་དང་ཤེས་རབ་ཀྱི་སྐོར་ལ་མདོར་བསྟན་རྒྱས་བཤད་ཀྱི་ཚུལ་དུ་ཞི་ལྷག་གཉིས་ལོགས་སུ་མཛད་ནའང་། དངོས་དོན་གཅིག་གི་ཉམས་ལེན་སྙིང་པོར་བསྒྲིལ་བའི་ཚེ་ཞི་གནས་ཀྱི་དམིགས་པ་ས་བཅད་ལྔ་པ་དང་། ལྷག་མཐོང་གི་དམིགས་པ་ས་བཅད་དྲུག་པར་མཛད་ནས་མཇུག་ཏུ་བསྡུ་བའི་དངོས་པོ་བཞིས་དོན་བསྡུ་བ་ལགས་པས་དེ་ལྟར་ན་བསམ་གཏན་ནམ་ཏིང་ངེ་འཛིན་གྱི་ཉམས་ལེན་ཞི་གནས་བསྒོམ་པ་ལ། དགོངས་འགྲེལ་ལས། སྐྱེ་བ་པོ་ཡིས་ལྷག་མཐོང་དང་། །ཞི་གནས་བསྒོམ་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང་། མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་གནས་ངན་ལེན་གྱི་འཆིང་བ་མྱོང་བ་ས་བོན་དང་བཅས་པ་རྩ་བ་ནས་དྲུངས་ཕྱུང་བ་ཤེས་རབ་དང་། །མཚན་མའི་འཆིང་བ་མྱོང་བ་མངོན་གྱུར་འགོ་གནོན་པ་བསམ་གཏན་ཡིན་པས་དེ་གཉིས་ལ་ཞི་ལྷག་གི་མིང་དུ་བཏགས་ཏེ་ཐེག་པ་གསུམ་གྱི་ཏིང་ངེ་འཛིན་མིང་


GLG012_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གི་འདོགས་ཕྱོགས་རྣམ་གྲངས་མང་བ་མཐའ་དག་དོན་ཞི་ལྷག་གཉིས་སུ་མ་འདུས་པ་མེད་ཅིང་། ཞི་གནས་ནི་དམིགས་པ་གཅིག་ལ་དྲན་ཤེས་རྒྱུན་ཆགས་སུ་གཏད་པས་སེམས་དམིགས་པ་ལ་ངང་གིས་གནས་ཏེ་ལུས་སེམས་ཤིན་སྦྱངས་ཀྱི་དགའ་བདེ་སྐྱེས་པ་ན་ཏིང་ངེ་འཛིན་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་ན་ཤེས་རབ་ཀྱིས་མཚན་འཛིན་གྱི་འཆིང་བ་གཅོད་པར་བྱེད་པ་ལ་ཡང་ཟླ་བ་སྒྲོན་མེའི་མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་དཔེར་ན་ཆུའི་བྱ་བ་བྱེད་པ་ལ་ཆུ་དེ་སྡོད་པའི་སྣོད་གཅིག་དགོས་པ་བཞིན་དུ་དམིགས་པ་ལ་འཇུག་པར་འཇུག་མཁན་གྱི་སེམས་མི་གཡོ་བ་དགོས་པས་གནས་ལུགས་ཀྱི་དོན་རི་མོ་སྣ་ཚོགས་ཀྱི་བཀོད་པ་མ་འདྲེས་པར་སོ་སོར་མཐོང་བར་བྱེད་པ་ལ་མ་རིག་པའི་མུན་པས་བསྒྲིབས་ན་ཤེས་རབ་ཀྱི་མར་མེ་སྤར་ཏེ་བལྟ་དགོས་པར་རྣམ་གཡེང་གི་རླུང་གིས་བསྐྱེད་དེ་མི་གསལ་བས་ན་དེ་ཉིད་སྒོ་དགག་པའི་ཏིང་འཛིན་མེད་དུ་མི་རུང་བ་སྟེ། ཞི་གནས་ལ་བརྟེན་ནས་གཞན་དུ་མི་གཡེལ་བ་མ་བྱུང་ན་གནས་ལུགས་ཀྱི་དོན་དུ་མ་ཟད་ལས་འབྲས་བྱམས་སྙིང་རྗེ་བཟླས་བརྗོད་སོགས་དགེ་བ་གཞན་རྣམས་ཀྱང་འབྲས་བུ་ཆུང་བའི་ཕྱིར། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་དང་། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་པ་ལྟར་རོ། །དེ་ཡང་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །


GLG012_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ཏེ། །ཐོག་མར་ཞི་གནས་བཙལ་བྱ། །ཞེས་བདག་འཛིན་གྱི་རྩ་བ་ཆོད་པར་བྱེད་པ་ལ་བདག་མེད་རྟོགས་པའི་ཤེས་རབ་སྒོམ་དགོས། དེའི་སྔོན་དུ་ཞི་གནས་སྒོམ་པ་ལ། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ ། ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་པ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་ཟས་གོས་སོགས་ཆོས་སྒྲུབ་པའི་མཐུན་རྐྱེན་རྙེད་སླ་ཞིང་། །གཅན་གཟན་དང་ཆོམ་རྐུན་དགྲ་གདོན་གྱི་འཚེ་བ་མེད་པ། ནད་མི་བསྐྱེད་པའི་ས་བཟང་བ། ཆོས་ལྡན་གྱི་གྲོགས་དང་ལྡན་པ། དོན་མེད་ཀྱི་གཡེང་བའི་འདུ་འཛི་མཐའ་དག་གིས་དབེན་པ་ནི་ཆོས་འདི་ཉམས་སུ་ལེན་པའི་གནས་ཀྱི་ཁྱད་པར་ཡིན་ལ། གནས་དེ་དང་ལྡན་ཡང་གང་ཟག་རང་ངོས་ནས་རྣམ་གཡེང་གི་རྒྱུ་བསྒྲུབས་ན་ཐབས་ཤེས་ཡ་བྲལ་དུ་འགྲོ་བས་ཟས་གོས་བཟང་པོ་དང་མང་བ་ལ་དགའ་བ་སྤངས་ཏེ་འདོད་པ་ཆུང་བ། ཟས་བསོད་སྙོམས་དང་གོས་ཕྱག་དར་ཁྲོད་པས་ཆོག་ཤེས་པ། ཚོང་ཁེ་སྤོགས་སྨན་དཔྱད་དང་སྐར་རྩིས་སོགས་བྱ་བ་མང་པོ་ལ་མི་འཇུག་ཅིང་ཚུལ་ཁྲིམས་དག་པ། འདོད་པའི་ཉེས་དམིགས་དང་མི་རྟག་པའི་ངང་ཚུལ་ལེགས་པར་བསམ་པའི་ཆོས་དྲུག་ལ་བརྟེན་ནས་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །དེའི་ཚུལ་ལ། དམིགས་པ་གཏད་པར་བྱ་བའི་ཡུལ་དེ་བཞིན་གཤེགས་པས་རྣལ་འབྱོར་པའི་དམིགས་པ་བཞི་གསུངས་པའི་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྟེན་འབྲེལ་དང་། འབྱུང་བ་ལྔ་དང་རྣམ་ཤེས་ཀྱི་ཆ་རྣམས་སོ་སོར་དམིགས་པ་དང་། དབུགས་ཕྱི་ནང་དུ་འགྲོ་བ་བགྲང་


GLG012_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུ་རྣམས་དཔྱད་པ་རྣམ་སྦྱོང་གི་དམིགས་པ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་མིག་ལ་སོགས་པའི་ཁམས་བཅོ་བརྒྱད་དང་། སྐྱེ་མཆེེད་བཅུ་གཉིས་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། དགེ་མི་དགེའི་ལས་འབྲས་ཀྱི་རྒྱུ་རྐྱེན་ལ་དམིགས་པ་ལྟ་བུ་རྣམས་མཁས་པའི་དམིགས་པ། འདོད་པའི་ས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་གོང་མ་ལ་ཞི་བ་དང་འོག་མ་ལ་རགས་པའི་ཞི་རགས་ཀྱི་རྣམ་པ་ཅན་དུ་བལྟ་བ་ལྟ་བུ་ཉོན་མོངས་རྣམ་སྦྱོང་གི་དམིགས་པ། ཁྱབ་པའི་དམིགས་པ་དེ་ཐམས་ཅད་ཀྱི་ཁོངས་སུ་འདུ་བ་ཡིན་ལ། དེ་ཡང་། ནམ་གྲུས་ཞུས་པ་ཉན་སར་དྲངས་པ་ལས། ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདོད་ཆགས་སྤྱོད་པ་ཁོ་ན་ཞིག་ཡིན་ན་ནི་དམིགས་པ་མི་སྡུག་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེ་སྡང་སྤྱོད་པ་ཞིག་ཡིན་ན་ནི་བྱམས་པ་ལའོ། །གཏི་མུག་སྤྱོད་པ་ཞིག་ཡིན་ན་རྐྱེན་འདི་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ལའོ། །ང་རྒྱལ་སྤྱོད་པ་ཞིག་ཡིན་ན་ནི་ཁམས་ཀྱི་རབ་ཏུ་དབྱེ་བ་ལ་སེམས་ཉེ་བར་གཏོད་པར་བྱེད་དེ། ཞེས་སྐྱེ་བ་སྔོན་མ་ནས་ཆགས་སོགས་ཉོན་མོངས་པ་ལ་ཤས་ཆེར་གོམས་པས་ཡུལ་ཆུང་ངུ་ལ་ཡང་དུག་གསུམ་ཆེ་ཞིང་ཡུན་རིང་དུ་སྐྱེ་བ་རྣམས་ཀྱི་གཉེན་པོར་འདོད་ཆགས་སོགས་ཉོན་མོངས་པ་གང་ཤས་ཆེ་བ་དེ་ཉིད་འཇོམས་པར་བྱེད་དགོས་པ་ཡིན་ཞིང་། ཚེ་སྔོན་མ་ནས་གོམས་འདྲིས་ཆུང་བ་དང་། ཚེ་འདིར་ཉོན་མོངས་ཆ་མཉམ་དུ་སྤྱོད་པ་རྣམས་ལ་རང་ཉིད་གང་འདོད་པའི་དམིགས་པ་ཞིག་ལས་དམིགས་ཀྱིས་བཀར་མི་དགོས་པ། དཔེར་ན་རླུང་ནད་དང་མ་འདྲེས་པའི་ཚད་པས་ན་བར་ཚ་བའི་


GLG012_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཁོ་ནས་ཆོག་ལ་ཚད་རླུང་འདྲེས་མ་ཡིན་ན་ཚ་བའི་སྨན་སྟེང་དུ་རླུང་གི་སྨན་གྱི་ཁ་ཚར་བསྣན་དགོས་པ་བཞིན་ནོ། །ལ་ལ་དག་མདོ་ལས་ཏིང་ངེ་འཛིན་གྱི་དམིགས་པ་བཞིར་གསུངས་པས་ན་དམིགས་པ་དེ་དག་ཐམས་ཅད་སྒོམ་དགོས་སོ་སྙམ་པའི་ལོག་རྟོག་སྐྱེ་སྲིད་མོད། དེ་ལྟར་བྱས་ན་སེམས་གནས་པའི་གྲོགས་སུ་མི་འགྱུར་བར་མ་ཟད་གཡེང་བའི་རྒྱུ་བྱེད་པས་དཔལ་ལྡན་དཔའ་པོས། དམིགས་པ་གཅིག་ལ་བརྟན་ཚུལ་དུ། །ཡིད་ཀྱི་བསམ་པ་བརྟན་པར་བྱ། །དམིགས་པ་མང་པོ་བརྒྱུད་པ་ལས། །ཡིད་ནི་ཉོན་མོངས་འཁྲུག་པར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པས་གནད་དུ་འགྲོ་བའི་དམིགས་པ་སློབ་དཔོན་བྱང་ཆུབ་བཟང་བོས། ལུས་ཁ་ཊྭཱཾ་གར་སྒོམ་པ་དང་ལུས་ལ་བརྟན་པའི་ཐིག་ལེ་ལ་དམིགས་པ་ལྟ་བུ་ཁ་ནང་བལྟས་ཀྱི་ཞི་གནས་དང་། སྐུ་དང་གསུང་ལ་དམིགས་པ་ཁ་ཕྱིར་བལྟས་ཀྱི་ཞི་གནས་ཞེས་གསུངས་པའི་ཕྱག་ལེན་ཕྱི་མ་ཉིད་གཙོ་ཆེ་བར་གནང་མོད། སྐུ་གཟུགས་མདུན་དུ་བཞག་པ་ལ་མིག་གིས་བལྟས་པའི་ཧར་སྒོམ་བྱེད་པར་མི་རིགས་པར་སློབ་དཔོན་ཡེ་ཤེས་སྡེས་བཀག་པའི་ཤུགས་ལ། རྟེན་ཅན་རྡེའུ་ཤིང་བུ་ཞེས་སོགས་སྒོམ་ཆེན་པ་མཐའ་དག་གི་ངག་ལས་རླུང་ལྟར་གྲགས་པ་ཀུན་ཤུགས་ཀྱིས་ཁེགས་འགྲོ་བས། ལུགས་འདི་ལ་ཏིང་ངེ་འཛིན་ཡིད་ཤེས་ལ་སྒྲུབ་པ་ཉིད་ཐོག་མ་ནས་བྱེད་དགོས་མོད། དེ་ཡང་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ཀྱི་སྒོ་ནས་ཞི་གནས་སྒྲུབ་པར་གོང་མ་མཐའ་དག་བཞེད་ཅིང་། ལམ་རིམ་ཆེ་ཆུང་རྣམས་སུ་རྒྱས་པར་གསུངས་པས། དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཉེས་པ་ལྔ་སྤོང་


GLG012_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་ཞི་གནས་སྒོམ་པ་ལ་མི་སྤྲོ་ཞིང་དེའི་མི་མཐུན་ཕྱོགས་ལ་དགའ་བ་ནི་ལེ་ལོ། གང་དམིགས་པར་བྱ་བའི་ཡུལ་མི་གསལ་བར་དམིགས་པ་སྟོར་པ་ནི་བརྗོད་པ། དམིགས་པ་མ་བརྗེད་ཀྱང་བྱིང་རྒོད་གང་རུང་གི་དབང་དུ་ཤོར་བ། དེའི་དབང་དུ་ཤོར་བ་ངོས་ཟིན་ཀྱང་དེ་སྤོང་བའི་གཉེན་པོ་འདུ་མི་བྱེད་པ། བྱིང་རྒོད་དང་བྲལ་བའི་ཚེ་དམིགས་པ་གནད་དུ་མི་བསྣུན་པར་བྱིང་རྒོད་ཀྱི་གཉེན་པོ་ཧ་ཅང་འདུ་བྱེད་པ་སྟེ་ཉེས་པ་ལྔ་པོ་འདི་བཅར་གྱིས་ངོས་ཟིན་པ་བྱས་ནས་དེའི་གཉེན་པོ་ནི་དབུས་མཐའ་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོགས་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་པ་ཏིང་ངེ་འཛིན་ལ་བརྩོན་འགྲུས་རྒྱུན་ལྡན་དུ་རྩོམ་ནུས་པ་ནི་གནས་པ་པོ་ཡིན་ལ་དེ་གང་ལ་གནས་ན། ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་གནས། འདུན་པ་དེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བས་ཡིད་ཕྲོགས་པའི་དད་པ་ལས་བྱུང་། བརྩོན་འགྲུས་བརྩམས་པའི་འབྲས་བུ་ཤིན་སྦྱངས་བཞིས་ནི་ལེ་ལོ་འཇོམས་པར་བྱེད། བརྗེད་པའི་གཉེན་པོ་ནི་ཀུན་ལས་བཏུས་ལས། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ་རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་སྔར་ནས་ཡང་ཡང་འདྲིས་པར་བྱས་


GLG012_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་པའི་ཡུལ་གང་ཡིན་པ་དེ་མ་དོར་བར་ཐུ་རེ་དྲན་པ་ནི་མ་བརྗེད་པ་ཡིན་ལ། དམིགས་པ་དེ་ལས་སེམས་གཞན་དུ་མི་འཕྲོ་བའི་ཁྱད་ཆོས་གསུམ་ལྡན་གྱི་དྲན་པས་ནི་བརྗེད་པ་འཇོམས་པར་བྱེད་དོ། །བྱིང་རྒོད་ཀྱི་གཉེན་པོ་ནི་དབུ་མ་སྙིང་པོ་ལས། ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། ཞེས་དྲན་པས་སེམས་དམིགས་པ་ལ་གནས་པ་དེ་བྱིང་རྒོད་ཀྱི་དབང་དུ་སོང་ན་གླང་པོ་ཆེ་མ་དུལ་བ་ལྕགས་ཀྱུས་འདུལ་བ་བཞིན་ཤེས་བཞིན་གྱིས་བྱིང་རྒོད་ཀྱི་བྱ་ར་བྱས་ནས་དེའི་དབང་དུ་མི་གཏོང་པ་སྤྱོད་འཇུག་ལས། ལུས་དང་སེམས་ཀྱིས་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་དེ་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་སེམས་བཟུང་སྟེ་དམིགས་པའི་རྒྱུན་བསྐྱངས་པས་བྱིང་བ་དང་རྒོད་པ་སེལ། དེ་ལྟ་བུའི་བྱིང་རྒོད་སེལ་བ་ལ། ད་ལྟའི་བྱིང་རྒོད་ཅེས་སྒོམ་ཆེན་ཀུན་གྱི་ངག་ལས་རླུང་ལྟར་གྲགས་ནའང་། ཕལ་ཆེར་ནི་མིང་ཙམ་ལས་ངོས་འཛིན་རྒྱུ་མེད་ཅིང་། ངོས་ཟིན་པའི་ལུགས་སུ་བྱས་པ་རྣམས་བྱིང་རྨུགས་ཀྱི་དབྱེ་བ་མ་ཕྱེད་པར་གཅིག་ཏུ་བྱས་ཏེ་བྱིང་བ་མཐའ་དག་ཏིང་ངེ་འཛིན་རྣལ་མར་ངོས་བཟུང་ནས་རི་སུལ་དུ་མི་ཚེ་སྟོང་པར་འཛད་པ་ཆེས་མང་ངོ་། །ཇི་ལྟར་ན། ཀུན་ལས་བཏུས་ལས། རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་ཡུལ་ཡིད་དུ་འོང་བ་ལ་འདོད་ཆགས་ཀྱིས་སེམས་མ་ཞི་བ་ཞིག་ལ་བཤད་པས་ཞེ་སྡང་བའི་


GLG012_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་དགྲ་ལ་རྣམ་རྟོག་འཕྲོ་བ་རྣམས་ནི་རྒོད་པ་མ་ཡིན་ཡང་། ཞི་གནས་ལ་བར་དུ་གཅོད་པའི་སེམས་གཞན་དུ་འཕྲོ་བའི་རྣམ་རྟོག་མཐའ་དག་ཞི་གནས་ཀྱི་གེགས་སུ་བྱས་ཏེ་དགག་དགོས་སོ། །དེ་བཞིན་དུ་སྒོམ་རིམ་བར་པ་ལས། གང་གི་ཚེ་དམུས་ལོང་ལྟ་བུའམ་མི་མུན་པར་ཞུགས་པ་ལྟ་བུའམ། མིག་བཙུམས་པ་ལྟ་བུར་སེམས་ཀྱིས་དམིགས་པ་གསལ་བར་མི་མཐོང་བ་དེའི་ཚེ་བྱིང་བར་གྱུར་པར་རིག་པར་བྱའོ། །ཞེས་དམིགས་པ་གང་ལ་གཏད་པ་དེ་ལ་དྭངས་ཆ་ཙམ་ཡོད་ཀྱང་དམིགས་པའི་འཛིན་སྟངས་ཀྱི་ངར་ཆ་དམ་སྦྲིང་ངེ་བ་མེད་ན་མི་གསལ་ཞིང་འཛིན་སྟངས་དམའ་རུ་སོང་བའི་ཤེས་པ་ཞིག་ལ་བྱིང་བར་ངོས་འཛིན། རྨུགས་པ་ནི་གཏི་མུག་གི་ཆ་ཤས་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བའི་རྣམ་པ་ཅན་གྱི་ཤེས་པ་སྒྲིབ་ལུང་མ་བསྟན་ནམ་མི་དགེ་བ་ཞིག་ཡིན་པས་རྨུགས་པ་ལ་དགེ་བ་མེད་ལ་བྱིང་བ་ལ་དགེ་བ་ཡང་ཡོད་དོ། །བྱིང་རྒོད་བྱུང་ཚེ་སྤོང་པའི་གཉེན་པོ་འདུ་མི་བྱེད་པའི་ལྡོག་ཕྱོགས་སུ་ཀུན་ལས་བཏུས་ལས། སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། །ཞེས་སེམས་དགེ་མི་དགེ་ལུང་མ་བསྟན་གང་རུང་ལ་སྐུལ་བའི་སེམས་བྱུང་དེ་སེམས་པ་ཡིན་པས་སྐབས་འདིར་ཤེས་བཞིན་གྱིས་བྱིང་རྒོད་ངོས་ཟིན་ན་དབུ་མ་སྙིང་པོ་ལས། ཞུམ་པ་དམིགས་པ་རྒྱ་ཆེན་དང་། །བསྒོམས་པས་ཡངས་པ་ཉིད་དུ་བྱ། །ཞེས་སེམས་ནང་དུ་བསྡུས་དྲགས་པའི་སྐྱོན་ཡིན་པས་ན་དམིགས་པ་ཅུང་ཟད་སྤྲོས་པས་བཟློག །དེས་ཀྱང་མ་སེལ་བར་བྱིང་བ་ཤུགས་ཆེར་སོང་ན་རེ་


GLG012_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དམིགས་པ་གློད་ནས་དཀོན་མཆོག་གསུམ་དང་གཏོང་བ་ཚུལ་ཁྲིམས་ལྷ་རྗེས་སུ་དྲན་པ་དྲུག་དང་། དལ་འབྱོར་ཐོབ་པའི་ཕན་ཡོན་སོགས་བསམ་པ། སྤྱོད་ལམ་འཆག་པ། སྣང་བའི་མཚན་མ་ཡིད་ལ་བྱེད་པ། གདོང་ཆུས་འཁྲུ་བ། བསིལ་བར་གནས་པ་སོགས་ཀྱི་སྒོ་ནས་བཟློག་པ་དང་། དབུ་མ་སྙིང་པོ་ལས། རྒོད་པ་མི་རྟག་ལ་སོགས་པ། །ཡིད་ལ་བྱེད་པས་ཞི་བར་བྱ། །ཞེས་འདོད་ཆགས་ཀྱི་ཡུལ་ལ་རྒོད་པ་ན་མི་རྟག་པ་དང་སྡུག་བསྔལ་སོགས་སྐྱོ་ཤས་དྲག་པོ་བསྒོམས་པས་བཟློག་པ་ཡིན་ནོ། དེས་མཚོན་པའི་ཞེ་སྡང་སོགས་རྟོག་པ་སྣ་ཚོགས་གང་འཕྲོ་བ་དེ་གའི་གཉེན་པོ་སྒོམ་པ་གནད་དུ་ཆེ། མདོར་ན་དབང་པོའི་སྒོ་མི་སྲུང་བ། ཟས་ཀྱི་ཚོད་མི་རིག་པ། ནམ་གྱི་ཆ་སྟོད་ཆ་སྨད་ལ་ཉལ་བ། གཉིད་རྨུགས་དང་འདོད་པའི་ཡུལ་ཧ་ཅང་བསྟེན་དྲགས་པ་སོགས་ཐུན་མོང་གི་རྒྱུ་རྣམས་ཀྱང་སྤང་བའོ། །བྱིང་རྒོད་ཀྱི་གཉེན་པོ་ཧ་ཅང་འདུ་བྱེད་པ་སེལ་བ་ནི། སྒོམ་རིམ་ཕྱི་མ་གཉིས་ལས། གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་རྩོལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ཞེས་སེམས་གནས་བརྒྱད་པའི་མཐར་བྱིང་བ་དང་རྒོད་པས་གང་རུང་གི་དབང་དུ་མི་འགྲོ་བའི་སེམས་མཉམ་པའི་དུས་ཡིན་པས་དེའི་ཚེ་སེམས་གཟེངས་བསྟོད་པ་དང་ནང་དུ་འགུགས་པ་སོགས་བྱིང་རྒོད་ཀྱི་ཟོན་ཆེན་པོ་འདུ་བྱེད་པའི་རྩོལ་བ་ཆེས་ན་ཏིང་ངེ་འཛིན་གྱི་སྐྱོན་ཡིན་པས་གློད་ཤེས་པའི་འདུ་བྱེད་བཏང་སྙོམས་བྱེད་པ་ནི་བྱིང་རྒོད་ཀྱི་གཉེན་པོ་བསྟེན་དྲགས་པ་དེའི་གཉེན་པོ་ཡིན་ལ། གློད་ཟེར་བའི་མིང་ཙམ་རྣ་བར་ཐོས་པས་གློད་རབ་ལ་སྒོམ་རབ་ཅེས་སྨྲ་མོད། དེ་ནི་བྱིང་བའི་དབང་དུ་སོང་བའི་སེམས་ཀྱི་དྭངས་ཆ་ཙམ་ལ་སྒོམ་རྣལ་མར་ངོས་བཟུང་


GLG012_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་མཚང་སྟེ། སྐབས་འདིར་གློད་ཤེས་པ་ནི་རྩོལ་བ་གློད་པ་ཡིན་གྱི། འཛིན་སྟངས་ཀྱི་ངར་གཏོང་བ་ནི་མིན་ཞིང་། དུས་ཀྱང་སྒོམ་ཆེན་ཕལ་ཆེར་ཉམས་མྱོང་ཅུང་ཟད་སྐྱེས་པ་ན་གློད་ལ། རང་རེའི་ལུགས་བྱིང་རྒོད་ཀྱི་དཔལ་ཆགས་པ་ཞེས་སེམས་གནས་དགུ་པའི་དུས་ཡིན་པས་མི་འདྲའོ། །དེ་ལྟར་ཉེས་པ་ལྔ་དང་། དེའི་གཉེན་པོ་སྤོང་པའི་འདུ་བྱེད་བརྒྱད་ཀྱིས་ཉམས་སུ་ལེན་ཚུལ་རྣམས་ཉམས་འོག་ཏུ་ལེགས་པར་ཆུད་པར་བྱས་ནས་ཉམས་སུ་ལེན་དགོས་པས། ལེན་ཚུལ་བཤད་མ་ཐག་པའི་ཚིག་རིས་དེ་འདྲ་ཞིག་བློ་ལ་བྱང་བར་བྱས་པས་ཆོག་གི་སྙམ་ན། དོན་དེ་དག་ཐོས་པར་བྱས་པའི་སྒོ་ནས་ཉམས་ལེན་སེམས་ཐོག་ཏུ་འདྲིལ་མ་ཤེས་ན་ཁ་ཕྱིར་བལྟས་ཀྱི་བཤད་ཡམ་གྱིས་ཆོས་དང་གང་ཟག་སོ་སོར་སོང་བ་མང་ཞིང་། བླུན་པོ་ལ་མན་ངག་གི་སྙིང་པོ་ཞིག་གིས་ཆོག་མོད་སྔར་བཤད་པའི་གཞུང་ཆེན་པོ་ནས་བཤད་པ་དེ་དང་ངལ་བ་ཙམ་གྱི་འབྲས་བུར་ཟད་དོ་སྙམ་དུ་སེམས་པ་ནི། དཔེར་ན་ཡུལ་ཐག་རིང་པོ་ཞིག་ཏུ་འགྲོ་ན་འགྲོ་བའི་ལམ་གྱི་གནས་ཚུལ་མཐའ་དག་རང་སྟོབས་སམ་གཞན་ལ་བརྟེན་པ་གང་རུང་གིས་རྒྱུས་ཡོད་པ་ཞིག་ངེས་པར་དགོས་ཀྱི། ཐམ་ཐོམ་དུ་ཕྱིན་པས་དོན་མི་འགྲུབ་པ་ལྟར། སྒོམ་གྱི་སྐྱོན་སེལ་བོགས་འདོན་གྱི་གནད་མི་ཤེས་པར་ལུས་གནད་བསྲངས་པ་དང་མིག་བཙུམས་ནས་སྡོད་པའི་སྙིང་རུས་ལ་གྲུབ་པའི་དབང་ཕྱུག་ཆེན་པོར་རེ་བ་མཐའ་དག་སྡོམ་གསུམ་དུ། བླུན་པོས་ཕྱག་རྒྱ་ཆེ་བསྒོམས་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །ཞེས་པའི་དོན་ཐོག་ཏུ་བབ་པར་སྣང་མོད། །དེང་དུས་ནི་རང་གཞན་ཀུན་ལ་ངང་ཚུལ་འདི་དག་གིས་དབྱར་


GLG012_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྲིན་བུའི་གྲངས་བཞིན་ཁྱབ་ཅིང་འཕེལ་པའི་ཕྱིར་ཐམས་ཅད་མཁྱེན་པ་བུས། བདག་གིས་ཆོས་མིན་སྨྲ་རུ་ཆོས་དང་འགལ། །ཆོས་བཞིན་སྨྲས་ན་བོད་རྣམས་དགྲ་རུ་ལྡང་། །ཞེས་བགྲོས་གླེང་མང་བ་རང་ཉིད་བྱ་རོག་ལུས་དཀར་སྒྲུབ་པར་ཟད་དོ། །སྔར་བཤད་པ་དེ་དག་ངེས་པར་བྱས་ནས་དམིགས་པ་གཅིག་ལ་སྒྲིལ་ཚུལ།ལམ་སྒྲོན་ལས། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་བཞག་པར་བྱ། །ཞེས་སྐབས་སུ་བབ་ཅིང་རང་ཉིད་དམིགས་པ་གཅིག་ལ་གཏོད་པའི་ཡུལ་ནི་སྤྱིར་བཏང་ལ་སྐུ་གཟུགས་ལྟ་བུ་འོས་ཤིང་། དེའི་ནང་ནས་ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དམིགས་པས་ཞར་བྱུང་དུ་སངས་རྒྱས་རྗེས་དྲན་གྱི་བསོད་ནམས་རྒྱ་ཆེར་གསོག་པ། དཔེར་ན་ཟུར་རྡོ་གཅིག་གིས་རྩིག་པ་གཉིས་ཀྱི་གོ་ཆོད་པ་དང་། མི་གཅིག་གིས་ཚོང་ལྟ་བུའི་དོན་གཅོད་པའི་ཞོར་ལ་བྲེལ་བ་གཞན་ཆོད་འགྲོ་བ་དང་མཚུངས་པས། ཐོག་མར་སྐུ་གཟུགས་བྲིས་འབུར་སོགས་ལ་བལྟ་བ་དང་བསམ་པ་མང་དུ་བྱས་པས་གཙུག་ཏོར་ཞལ་ཁྱིམ་སྤྱན་ཕྱག་ཞབས་ན་བཟའ་སོགས་ཀྱི་དབྱིབས་དང་། སྤྱན་གྱི་དཀར་ནག་གིས་མཐའ་རྟེན་པ་ཚུལ་གྱི་ཁ་དོག་ཀྱང་མ་འདྲེས་པ་སོ་སོར་བསམ། བཞུགས་པ་ལ་བཞེངས་པའི་རྣམ་པ་དང་སྔོན་པོ་ལ་དཀར་པོར་འཆར་བ་ལྟ་བུ་ལྡོག་ཕྱོགས་སྣ་ཚོགས་ཀྱི་རྗེས་སུ་མི་འབྲང་ཞིང་། ཐོག་མ་ཉིད་ནས་སངས་རྒྱས་དངོས་ཀྱི་རྣམ་པ་དང་སྤྱན་གྱི་དཀར་ནག་ཚུན་མ་འདྲེས་པར་མི་འབྱུང་ཡང་།


GLG012_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སྐུ་གཟུགས་མཐོང་བའི་དབྱིབས་དང་སྐུའི་རྣམ་པ་རགས་པ་ཙམ་འཆར་བ་ལ་རྒྱུན་བསྐྱངས་ནས་བསྒོམས་པས་མཐར་ཇི་ལྟར་བཤད་པ་ལྟར་འབྱུང་གི །ཉམས་ལེན་བྱས་ཙམ་ནས་ཇི་ལྟ་བ་འབྱུང་དུ་རེ་བའི་ཤ་ཐང་ཐང་བྱས་ནས་སྒོམ་གྱི་གེགས་སུ་འགྲོ་བས་མཚམས་ཟིན་པས་བྱས་ཏེ། སྟན་འཇམ་ཞིང་བདེ་བ་ལ་རྐང་པ་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ། མིག་འབྱེད་འཛུམ་རན་པར་སྣ་རྩེར་ཕབ། ལུས་དྲང་པོར་བསྲངས། ལག་པ་མཉམ་གཞག་མགོ་ཐད་ཀར་སྣ་རྩེ་དང་ལྟེ་བ་དྲང་པོར་བྱས། སོ་དང་མཆུ་རང་བབས། ལྕེ་རྩེ་རྐན་ལ་རེག་པ། དབུགས་དལ་བུས་རྒྱུ་བ་སྟེ་ལུས་ཀྱི་སྤྱོད་ལམ་བརྒྱད་དང་ལྡན་པའི་སྒོ་ནས་རླུང་གི་འགྲོ་འོང་ཉེར་གཅིག་བགྲང་བ་སོགས་བྱ་བ་ནི་ཕྱི་རོལ་ཏུ་གཡེང་བ་བཟློག་པའི་ཐབས་ཡིན་གསུང་། དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་དད་པས་དྲངས་པའི་འདུན་པ་ཤུགས་དྲག་པོའི་སྒོ་ནས་དགེ་སྦྱོར་ལ་སྤྲོ་སིང་ངེ་བའི་བརྩོན་འགྲུས་དང་བཅས་ཏེ་སྔར་གོམས་འདྲིས་སུ་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་དེ་ཉིད་སངས་རྒྱས་དངོས་ཀྱི་རྣམ་པར་སྨིན་མཚམས་ཀྱི་ཐད་ཀྱི་ནམ་མཁར་ཆེ་ཆུང་བློ་དང་འཚམ་པ་ཞིག་གསལ་བཏབ། དམིགས་ཡུལ་དེ་ཉིད་མ་བརྗེད་པར་དྲན་པའི་སེམས་དམིགས་པ་ལ་དུ་རེར་གནས་པའི་གསལ་ཆའི་ངར་དང་ལྡན་ཞིང་། གཞན་དུ་མི་འཕྲོ་བའི་གནས་ཆ་བརྟན་པོ་གཉིས་ཟུང་ལྡན་གྱི་སྒོ་ནས་སྟོང་དུ་ལྷགས་པ་སོགས་ཀྱི་སྐྱོན་མི་འབྱུང་ཙམ་གྱི་ངོས་བསྒྲིམས་ཏེ་བསྒོམ། དེ་ལ་ཅུང་ཟད་གནས་པ་སྙམ་བྱེད་པ་ན་དམིགས་པ་དྲན་པས་མ་བརྗེད་པའི་མུ་ནས་ཤེས་བཞིན་གྱིས་བྱ་ར་བྱས་པས་དམིགས་པའི་གསལ་ཆ་དང་འཛིན་སྟངས་ཀྱི་ངར་ཆའི་ཤུགས་དམ་སྦྲེང་སྦྲེང་བ་དེ་ཅུང་ཟད་ཞན་དུ་སོང་བ་


GLG012_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཚེ་བྱིང་བ་ཕྲ་མོ་བྱུང་སྙམ་སྟེ་བཀག །གསལ་ཆའི་ངར་ཆ་ཧད་ཀྱི་ཤོར་ནས་དྭངས་ཆ་ཙམ་ལས་མི་འདུག་ན་བྱིང་བ་རགས་པར་ངོ་ཤེས་པར་བྱེད། འདོད་པའི་ཡུལ་ཡིད་དུ་འོང་བའི་རྣམ་པ་འཆར་ལ་ཁད་བྱུང་བ་ན་རྒོད་པ་ཕྲ་མོ་དང་འདོད་ཆགས་ཀྱི་རྣམ་པ་ཧད་ཀྱི་སྐྱེས་པ་རྒོད་པ་རགས་པར་རྟོགས་ནས་དེ་དག་གི་གཉེན་པོའི་སྒོ་ནས་བྱིང་རྒོད་བཅད་དེ་རྩ་བའི་དམིགས་པའི་སྟེང་དུ་གསལ་ལེ་ཧྲིག་གེར་ཐུན་ཚད་ཆུ་ཚོད་གཅིག་གི་རིང་འཇོག་གང་ཐུབ་བྱེད་དགོས་ཀྱང་བསྒྲིམས་དྲག་ན་རྒོད་ཤས་དང་། གློད་དྲག་པ་ན་བྱིང་ཤས་སྐྱེ་བའི་ཕྱིར་གྲིམས་ལྷོད་རན་པའི་མཚམས་ཤིན་ཏུ་དཀའ་བས་མཁས་པ་ཙན་དྲ་གོ་མིས། བརྩོན་པ་བསྟེན་ན་རྒོད་པ་འབྱུང་འགྱུར་ཞིང་། །དེ་སྤངས་ན་ནི་ཞུམ་པ་སྐྱེ་བར་འགྱུར། །འདི་ཡིས་རིགས་པར་མཉམ་འཇུག་རྙེད་དཀའ་ན། །བདག་གིས་སེམས་དཀྲུགས་པས་ནི་ཅི་ཞིག་བགྱི། །ཞེས་ལས་དང་པོ་བ་ལ་ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་ལྡན་གྱི་ཉམས་ལེན་གནད་དུ་དྲིལ་བ་དེ་ཉིད་སྒྲ་ཇི་བཞིན་པ་མི་སྐྱེ་ནའང་། སེམས་གནས་དགུའི་ནང་ཚན་སེམས་འཇོག་པའི་དམིགས་པ་ཞེས་དམིགས་རྟེན་ལ་ཡུན་དུ་མི་གནས་ཀྱང་ཉམས་དང་སྦྱར་ཏེ་བསྒྲིམས་ནས་སྒོམ་པ་ལ་ཚུལ་ཇི་ལྟར་བྱ་ན། སེམས་གནས་དང་པོའི་ཚེ་དམིགས་པ་ཁོ་ན་ལ་སེམས་ཀྱི་གནས་ཆ་མི་སྡོད་པར་རྣམ་རྟོག་རི་གཟར་གྱི་འབབ་ཆུ་ལྟ་བུར་འོང་བས། དེ་ཉམས་ལེན་བྱས་པས་རྟོག་པ་མང་དུ་སོང་སྙམ་པ་འབྱུང་མོད། དེ་ནི་སྔར་ཉམས་ལེན་གྱི་གནད་མེད་པའི་དུས་དཔེར་ན་ལམ་ཆེན་ཞིག་ལ་འགྲུལ་པ་རྒྱུན་མི་འཆད་དུ་འགྲོ་ཡང་དེ་ལ་ཆེད་དུ་བལྟ་བའི་འདུན་པ་མེད་པའི་དབང་གིས་མང་ཉུང་གི་རྟོག་དཔྱོད་མི་འབྱུང་ལ། འབད་པས་བལྟས་ནས་མི་ཁལ་སོགས་མང་


GLG012_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་འདྲ་བྱུང་སྙམ་པ། སྔོན་ཆད་རྟོག་པ་འོག་འགྱུའི་འཁོར་ལོ་བསྐོར་ཡང་ངོས་མ་ཟིན་པ་ལ་སྐབས་འདིར་སེམས་ཀྱི་ཉམས་ལེན་བྱས་པ་ལ་བརྟེན་ནས་རྣམ་རྟོག་ངོས་ཟིན་གྱི་ཉམས་ཤིག་འོང་བས་མགོན་པོ་བྱམས་པས་མདོ་སྡེ་རྒྱན་དུ་སེམས་གནས་པའི་ཐབས་དགུ་པོ་དེ་སྟོབས་དྲུག་གིས་འགྲུབ་ལུགས་ཡིད་ལ་བྱེད་པ་བཞིར་བཤད་པའི་སྐབས་ཀྱི་སྟོབས་དྲུག་གི་ནང་ཚན་ཐོས་པའི་སྟོབས་ཀྱིས་འགྲུབ་པའི་སེམས་གནས་དང་པོ་སེམས་འཇོག་པ་ཞེས་བྱ་བ་དམིགས་པའི་གདམས་པ་ཐོས་པ་ཙམ་གྱི་རྗེས་སུ་འབྲངས་ནས་དམིགས་པ་ལ་སེམས་གཏད་པ་ཙམ་གྱི་སྐབས་ཡིན་ནོ། །དེ་ནས་རིམ་གྱིས་བསྒོམས་པ་ན་གཅོང་རོང་དོག་མོའི་འབབ་ཆུ་ལྟར་རེས་རྣམ་རྟོག་ཞི་ཞིང་རེས་ཐོ་ལེར་སྐྱེ་བའི་རྣམ་རྟོག་ངལ་གསོ་བའི་ཉམས་ཤིག་འོང་། དེའི་ཚེ་སྟོབས་གཉིས་པ་བསམ་པས་འགྲུབ་པའི་སེམས་གཉིས་པ་རྒྱུན་དུ་འཇོག་པ་ཞེས་བྱ་བ་དམིགས་པ་ལ་རྒྱུན་ཅུང་ཟད་མཐུད་ནུས་པ་ཡིན། སེམས་གནས་འདི་གཉིས་ལ་བྱིང་རྒོད་ཆེས་མང་ཞིང་ཏིང་ངེ་འཛིན་ཉུང་ངུ་ལས་མི་འོང་བས་ཡིད་བྱེད་བཞིའི་ནང་གི་དང་པོ་བསྒྲིམས་ཏེ་འཇུག་པའི་སྐབས་སོ། །དེ་ནས་ཅུང་ཟད་གོམས་པ་ན་ལུང་པ་ཕུ་གསུམ་གྱི་རྫིང་ཆུ་ལྟ་བུ་འགལ་རྐྱེན་གྱིས་མ་དཀྲུགས་པའི་ཚེ་སེམས་གནས་པ་སྙམ་བྱེད་ལ། རྐྱེན་བྱུང་ཚེ་མི་གནས་པའི་རྣམ་རྟོག་ཐང་ཆད་པའི་ཉམས་ཤིག་འོང་། དེའི་ཚེ་སྟོབས་གསུམ་པ་དྲན་པས་འགྲུབ་པའི་སེམས་གནས་གསུམ་པ་གླན་ཏེ་འཇོག་པ་ཞེས་བྱ་སེམས་གཡེང་བ་མྱུར་དུ་རྟོགས་ནས་སླར་དམིགས་པ་ལ་གློན་པ་དང་། སེམས་གནས་བཞི་པ་ཉེ་བར་འཇོག་པ་ཞེས་བྱ་བ་རྒྱ་ཆེན་པོ་ལས་བསྡུས་ཏེ་ཕྲ་བར་བྱེད་པ་དང་སྟོབས་


GLG012_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཤེས་བཞིན་གྱིས་འགྲུབ་པའི་སེམས་གནས་ལྔ་པ་དུལ་བར་བྱེད་པ་ཞེས་བྱ་བ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་དགའ་བ་དང་། སེམས་གནས་དྲུག་པ་ཞི་བར་བྱེད་པ་ཞེས་བྱ་བ་རྣམ་གཡེང་གི་ཉེས་དམིགས་རིག་ནས་འགོག་པ་དང་། སྟོབས་ལྔ་པ་བརྩོན་འགྲུས་ཀྱིས་འགྲུབ་པའི་སེམས་གནས་ལ་བདུན་པ་དང་བརྒྱད་པ་གཉིས་ཡོད་པའི་བདུན་པ་རྣམ་པར་ཞི་བར་བྱེད་པ་ཞེས་བྱ་བ་ཆགས་སེམས་ཉོན་མོངས་རྩོལ་བས་སྤངས་ཏེ་ཞི་བར་བྱེད་སེམས་གནས་གསུམ་པ་ནས་བདུན་པའི་བར་གྱི་ལྔ་པོ་འདི་ལ་བྱིང་རྒོད་ཀྱིས་བར་དུ་གཅོད་པས་ཡིད་བྱེད་བཞིའི་ནང་གི་གཉིས་པ་སྐབས་སུ་ཆད་ཅིང་འཇུག་པའི་དུས་སོ། །དེ་ནས་རིམ་གྱིས་བསྒོམས་པས་རྒྱ་མཚོ་རླབས་དང་བཅས་པ་ལྟ་བུ་རྣམ་རྟོག་ཅི་བྱུང་ཡང་གཉེན་པོ་དྲན་འཛིན་ཅུང་ཟད་བསྟེན་པས་རང་མལ་དུ་ཞི་འགྲོ་བས་རྣམ་རྟོག་འདུ་བྱེད་པ་ཞེས་བྱ་བའི་ཉམས་འོང་། དེའི་ཚེ་སྔར་བཤད་པའི་སྟོབས་ལྔ་པས་འགྲུབ་པའི་སེམས་གནས་བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ཞེས་བྱ་བ་ཏིང་ངེ་འཛིན་རྒྱུན་ཆགས་སུ་འགྲུབ་པ་ཡིན་ནོ། །སེམས་གནས་བརྒྱད་པ་ལ་བྱིང་རྒོད་ཀྱིས་བར་དུ་མི་གཅོད་པར་ཡིད་བྱེད་བཞིའི་ནང་གི་གསུམ་པ་སྐབས་སུ་ཆད་པ་མེད་པར་འཇུག་པའི་དུས་སོ། །དེ་ནས་རིམ་གྱིས་བསྒོམས་པས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཡུལ་རྐྱེན་ཅི་བྱུང་ཡང་གཉེན་པོ་དྲན་འཛིན་གྱི་འབད་རྩོལ་ལ་མ་ལྟོས་པར་ཏིང་འཛིན་རང་བབས་སུ་འཆར་བས་རྣམ་རྟོག་མངོན་པར་འདུ་མི་བྱེད་པའི་ཉམས་ཀྱི་མཉམ་གཞག་འོང་། དེའི་ཚེ་སྟོབས་དྲུག་པ་ཡོངས་སུ་འདྲིས་པ་ལས་འགྲུབ་པའི་སེམས་གནས་དགུ་པ་མཉམ་པར་འཇོག་པ་ཞེས་བྱ་བ་རྩོལ་མེད་དུ་དམིགས་པ་ལ་འཇོག་པས་ཡིད་བྱེད་བཞིའི་ནང་གི་བཞི་པ་ལྷུན་གྱིས་གྲུབ་པར་འཇུག་པའི་


GLG012_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སོ། །འདིའི་སྐབས་སུ་བྱིང་རྒོད་འགོག་པའི་རྩོལ་བ་སྐྱོན་དུ་འགྱུར་བར་དགོངས་ནས་གོང་མ་རྣམས་གློད་རབ་ཅེས་གསུང་བ་མ་གོ་བར་འཛིན་སྟངས་ཀྱི་ངར་ཆ་གློད་པར་གོ་བའི་སྐྱོན་འབྱུང་བས་གནད་འགག་འདི་དག་ལེགས་པར་ཤེས་དགོས་ཀྱི། པུས་འཁྱུད་སྒོམ་ཞྭ་དྲ་ཕད་ཙམ་ཡོད་པས་སྒོམ་རྒྱུད་ལ་སྐྱེ་བ་ནི་མིན་ནོ། །དེ་ལྟར་སེམས་གནས་དགུ་ལ་ཡིད་བྱེད་བཞིར་བཤད་པའི་དང་པོ་གཉིས་ལ་བསྒྲིམས་ཏེ་འཇུག་པ་དང་བར་པ་ལྔ་ལ་ཆད་ཅིང་འཇུག་པའི་ཐ་སྙད་བྱས་ན་དང་པོ་གཉིས་ལའང་ཆད་ཅིང་འཇུག་པ་དང་བར་པ་ལྔ་ལ་ཡང་བསྒྲིམས་ཏེ་འཇུག་པ་དགོས་པས་མི་རིགས་སོ་སྙམ་པའི་ལོག་རྟོག་སྐྱེས་ན་སྐྱོན་མེད་དེ། བར་པ་ལྔ་ལ་བསྒྲིམས་པ་དང་ཆད་པའི་འཇུག་ཚུལ་གཉིས་ཀ་ཡོད་ཀྱང་དང་པོ་གཉིས་ལ་ཆད་པའི་ཐ་སྙད་བྱར་མེད་དེ། བྱིང་རྒོད་ཤིན་ཏུ་མང་བའི་བར་བར་ལ་གནས་པ་ཅུང་ཟད་ལས་མི་སྐྱེ་ལ། བར་པ་ལྔའི་སྐབས་ཏིང་ངེ་འཛིན་ཤས་ཆེར་སྒོམ་པའི་བར་བར་ལ་བྱིང་རྒོད་ཀྱིས་ཡང་ཡང་གཅོད་པའི་ཕྱིར། །དཔེར་ན་མི་གསུམ་གྱི་དང་པོ་ལ་ཤ །བར་བ་ལ་ཐུད་དང་ཤ་གཉིས་ཀ །ཐ་མ་ལ་དེའི་སྟེང་དུ་མར་ཁུ་དང་བཅས་གསུམ་དྲངས་ན་དང་པོ་ལ་ཤ་བྱིན་པའི་ཐ་སྙད་དང་། བར་པ་ལ་ཤ་ཡོད་ཀྱང་ཤ་བྱིན་མི་ཟེར་བར་ཉིས་སྤེལ་གྱི་ཐ་སྙད་འདོགས་ཤིང་། གསུམ་པ་ལ་ཉིས་སྤེལ་ཚང་ཡང་སུམ་སྤེལ་ཡོད་པའི་དབང་གིས་ཉིས་སྤེལ་བྱིན་ཞེས་བྱར་མི་རུང་བ་ལྟ་བུ་ཡིན་ནོ། །དེ་ལྟར་སེམས་གནས་དགུ་པ་བྱིང་རྒོད་ཕྲ་མོ་དང་བྲལ་བར་ཡུན་རིང་དུ་སྐྱོང་ནུས་པའི་རྩོལ་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པ་དེ་ཞི་གནས་ཡིན་ནམ་སྙམ་ན། མདོ་སྡེ་རྒྱན་ལས། དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེ་ཡི་ལུས་དང་


GLG012_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཞེས་སྐབས་འདི་ནས་བཟུང་སྟེ་ཡིད་ལ་བྱེད་པ་ཞེས་བཤད་པའི་ཞི་གནས་རྗེས་མཐུན་པ་ཡིན་ཏེ། ཞི་གནས་མཚན་ཉིད་པ་འཐོབ་པ་ལ་ལུས་སེམས་ཤིན་སྦྱངས་ཀྱི་དགའ་བདེ་ཁྱད་པར་ཅན་ཐོབ་དགོས་སོ། །དེ་ལྟར་ན་སེམས་གནས་དགུ་པའི་ཏིང་ངེ་འཛིན་ཐོག་མར་སྐྱེས་པའི་དུས་ཤིན་སྦྱངས་མེད་པར་དོགས་ན། ཤིན་སྦྱངས་ཕྲ་མོ་སྐྱེས་པ་ཆུང་བས་རིག་དཀའ་ཡང་། འདི་དག་གི་སྐབས་ཞི་གནས་རྗེས་མཐུན་པའི་ཡིད་བྱེད་དུ་འཆད་པའི་རྒྱུ་མཚན། དཔེར་ན་ཚེས་བཅོ་ལྔའི་ཟླ་བའི་ཆ་ཤས་ཡོངས་སུ་རྫོགས་པ་ལ་ཚེས་གཉིས་ནས་རིམ་གྱིས་ཆ་ཤས་གསོག་དགོས་ནའང་། ཚེས་གཉིས་ཀྱི་ཟླ་བའི་ཚེ་ཕྲ་མོ་དེ་ཟླ་བ་ཡིན་ཡང་བཅོ་ལྔའི་ཟླ་བ་མིན་པ་ལྟར། ཤིན་སྦྱངས་ཀྱི་ཆ་ཕྲ་མོ་དེ་གོང་དུ་འཕེལ་བ་ལས་མཐར་ཉོན་མོངས་པའི་ཕྱོགས་སུ་གྱུར་པ་དགེ་བ་ལ་གང་འདོད་དུ་བཀོལ་མི་རུང་བའི་གནས་ངན་ལེན་ཞི་ནས་སེམས་ཀྱི་ཤིན་སྦྱངས་སྐྱེ། དེའི་མཐུས་ལས་རུང་གི་རླུང་ལུས་ལ་རྒྱུ་བས་ལུས་ཀྱི་གནས་ངན་ལེན་དང་བྲལ་ནས་བལ་ལྟར་ཡང་བའི་ལུས་ཀྱི་ཤིན་སྦྱངས་སྐྱེ། དེ་ལ་བརྟེན་ནས་ལུས་ལ་བདེ་བའི་ཉམས་ཆེན་པོ་སྐྱེ། དེའི་མཐུས་ཡིད་བདེ་ཉམས་ཀྱི་སེམས་ཤིན་སྦྱངས་ཀྱི་བདེ་བ་སྐྱེ། དེ་ཡང་ལུས་ཤིན་སྦྱངས་སྐྱེས་མ་ཐག་ཏུ་སེམས་དགའ་ཡལ་ཡལ་བ་བྱུང་བ་དེའི་ཚེ་ཞི་གནས་ཅུང་ཟད་མ་ཐོབ་ལ། དགའ་ཡལ་བ་དེ་ཆུང་དུ་སོང་ནས་སེམས་དམིགས་པ་ལ་ལྷན་ནེ་སྡོད་པའི་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ཤིན་སྦྱངས་མི་གཡོ་བ་ཐོབ་པ་དང་དུས་མཉམ་དུ་ཞི་གནས་འགྲུབ་པས་ད་ལྟའི་གྲུབ་ཆེན་དུ་རློམ་པ་རྣམས་ཀྱིས་གཞུང་ཆེན་པོ་འདི་དག་དང་བསྟུན་ན་གར་ཡང་མ་ཕྱིན་པར་སྣང་ངོ་། །འོན་ཀྱང་དགའ་


GLG012_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་བ་དེ་ཆུང་དུ་སོང་བས་ཤིན་སྦྱངས་ཟད་པ་མ་ཡིན་ཏེ། དཔེར་ན་གཏམ་སྙན་ཐོས་མ་ཐག་ཏུ་སེམས་དགའ་གཡེང་ངེ་བ་དེ་ཡུན་ཞིག་སོང་བ་ན་ཞི་འགྲོ་ཡང་། གཏམ་སྙན་མི་བདེན་པ་མ་ཡིན་པ་དང་འདྲ་གསུང་། ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ཁྱད་པར་ཅན་གྱི་ཞི་གནས་དེ་མངོན་དུ་བྱས་པ་དང་བསམ་གཏན་དང་པོའི་ཉེར་བསྡོགས་ཐོབ་པ་ཡིན་ཡང་། འདི་ག་ཙམ་གྱིས་ཉོན་མོངས་པ་མངོན་གྱུར་ཡང་འགོ་གནོན་མི་ནུས་མོད། འོ་ན་སྔར་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་ཞི་གནས་ཀྱིས་ཉོན་མོངས་པ་མངོན་གྱུར་མགོ་གནོན་པར་བཤད་པ་དང་འགལ་ལམ་སྙམ་ན་དེ་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་སོགས་ཀྱང་ཞི་གནས་སུ་བསྡུས་པ་ལ་དགོངས་པ་ཡིན་གསུང་། དེས་ན་ད་དུང་ལམ་ལ་སློབ་དགོས། སློབ་ཚུལ་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལྷག་མཐོང་བསྒོམས་པས་འདོད་པ་ན་སྤྱོད་པའི་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་ཕལ་ཆེར་ནུབ། དགའ་བདེ་དང་བཅས་པའི་བསམ་གཏན་དང་པོའི་དངོས་གཞི་འཐོབ། མངོན་ཤེས་རྫུ་འཕྲུལ་ཡང་མཚན་ཉིད་པ་འབྱུང་རིམ་གྱིས་བསྒོམས་པས་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་པ་མངོན་གྱུར་ཐམས་ཅད་སྤངས་ཏེ་སྲིད་རྩེའི་སེམས་འཐོབ་པ་ཡིན་ལ། བསམ་གཏན་དང་པོའི་ཉེར་བསྡོགས་ཐོབ་པའི་སྟེང་ནས་བདག་མེད་གཉིས་ཀྱི་དོན་ལ་དཔྱོད་པའི་ལྷག་མཐོང་བསྒོམས་པས་ཉན་ཐོས་ཀྱི་མཐོང་ལམ་ལྟ་བུ་ཐོབ་ན་ཞི་རགས་ཀྱི་རྣམ་པ་ཅན་གྱིས་བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་དངོས་སུ་མ་བསྒོམས་ཀྱང་དེ་དག་གི་ཡོན་ཏན་ཤུགས་ཀྱིས་འཐོབ་ཅིང་། ཐེག་པ་གསུམ་པོ་གང་རུང་གི་སྒོམ་ལམ་བར་ཆད་མེད་ལམ་གྱིས་ཉོན་མོངས་པའི་གཉེན་པོ་བྱས་ཏེ་རྩ་བ་ནས་


GLG012_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་ལགས་སོ། །སྨྲས་པ། ལེ་ལོ་ལ་སོགས་ཉེས་པའི་རང་མཚང་རིག །དད་སོགས་འདུ་བྱེད་བརྒྱད་ཀྱི་ཕན་ཡོན་མཐོང་། །སེམས་གནས་དགུ་པས་ཉེར་དྲངས་ཤིན་སྦྱངས་ཀྱི། །བདེ་གསལ་མི་རྟོག་ཞི་གནས་ཏིང་འཛིན་མཚར། །སྔོན་ཆད་ཅུང་ཟད་བསྒོམས་བློའི་ཉམས་ལེན་གྱིས། །ཉོན་མོངས་དུག་གསུམ་མ་བྲིད་བག་ལ་ཞ། །བདེར་གནས་ཆོས་པའི་བཟང་བརྫུ་རྐྱེན་ངན་གྱི། །ཕྲ་མོའི་གནོད་པས་ཐ་མལ་རང་མཚང་སྟོན། །མུ་སྟེགས་བྱེད་དང་ཐུན་མོང་སེམས་གནས་ལ། །མ་དུལ་ཡིད་འདི་ཅུང་ཟད་མི་གནས་ཀྱང་། །སྲིད་ཞིའི་མཐའ་ལས་འདས་པའི་སངས་རྒྱས་སུ། །ཞལ་གྱིས་འཆེས་རྣམས་མཛུབ་མོ་ནང་དུ་ཁུག །དཀའ་གནད་འདི་འདྲས་མངོན་ཤེས་རྫུ་འཕྲུལ་སོགས། །འགྲུབ་པར་གསུང་རབ་དགོངས་འགྲེལ་ལས་བཤད་ན། །ལྟོ་འགྲངས་ཉི་མས་དྲོས་པའི་འགྱིང་བག་ལ། །གྲུབ་རྟགས་བྲག་ལས་ཆུ་བོ་རྡོལ་བ་བཞིན། །ཀྱེ་མ་སྔོན་ཆད་བློ་བྲེད་རྣམ་གཡེང་གིས། །དོན་མེད་སྟོང་པའི་ངང་དུ་མི་ཚེ་ཟད། །ད་ནི་འདུ་འཛིས་དབེན་པའི་གནས་མཆོག་ཏུ། །ཚུལ་འདི་ཉམས་སུ་ལེན་ལ་རྣམ་པར་སྤྲོ། །སེམས་དང་ལུས་ལ་ཁྱབ་པའི་བདེ་བ་ཡིས། །ཅི་བྱས་དགེ་བའི་ཕྱོགས་སུ་བཀོལ་ནུས་པའི། ས་ཆོད་འདི་ལྟའི་གནད་འགག་ཤེས་གྱུར་ན། གྲགས་ཅན་སངས་རྒྱས་དེ་ཡང་མི་རིང་ཉེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་ནི། དེ་ཁོ་ན་ཉིད་ཀྱི་དོན་འཇལ་བ་དོན་དམ་རྟོགས་པའི་ཤེས་རབ། རིག་པའི་གནས་ལྔ་ལ་མཁས་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་འདི་ཕྱིའི་དོན་ཁ་ན་མ་ཐོ་བ་མེད་པ་སྒྲུབ་ཚུལ་ཤེས་པའི་ཤེས་རབ་རྣམས་ཀྱི་སེམས་ཀྱི་གོམས་པ་མཐར་ཕྱིན་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


GLG012_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པ་ཡིན་ནོ། །ཤེས་རབ་བརྒྱ་བ་ལས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། ཤེས་རབ་ཡོངས་སུ་བཟུང་བར་བྱ། །ཞེས་རང་གི་ཤ་བྱིན་ཡང་སྨན་གྱི་སྡོང་པོ་ལས་བླངས་པ་ལྟར་ང་རྒྱལ་དང་ཞུམ་པ་མེད་པའི་སྦྱིན་པ་སོགས་ཕར་ཕྱིན་དང་པོ་ལྔ་རྣམ་པར་དག་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་འདོད་ཡོན་གྱི་དབང་དུ་མི་འགྲོ་བ་ཡང་ཤེས་རབ་ལ་རག་ལུས་ཤིང་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མཐའ་དག་ཤེས་རབ་ལ་བརྟེན་ནས་འབྱུང་བའི་ཕྱིར་ན་འདི་ཉིད་དོན་དུ་གཉེར་དགོས་ལ། གཉེར་བྱའི་ཤེས་རབ་དེ་ལ་རིགས་མང་དུ་ཡོད་པའི་ནང་ནས་ཉོན་མོངས་པ་ཕྲ་རགས་ཞི་བར་བྱེད་པར་ལྷག་མཐོང་སྒོམ་པ་གལ་ཆེ་ཞིང་། དེ་ཡང་ཉོན་མོངས་པ་མངོན་གྱུར་མགོ་གནོན་པའི་འཇིག་རྟེན་པའི་ཞི་རགས་ཀྱི་ལྷག་མཐོང་དོན་དུ་གཉེར་བྱ་ཡིན་ནམ་སྙམ་ན། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་བསྒྲུབ། །ཅེས་ཕྱི་རོལ་པ་སོགས་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་པ་མངོན་གྱུར་ཐམས་ཅད་སྤངས་ཏེ་སྲིད་རྩེའི་སེམས་ཐོབ་ཀྱང་འཁོར་བ་ལས་མི་གྲོལ་བས་ཏིང་འཛིན་རྒྱལ་པོ་ལས། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེས་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ཡིས་ཉོན་མོངས་ཕྱིར་ཞིང་རབ་འཁྲུག་སྟེ། །ལྷག་སྤྱོད་འདི་ན་ཏིང་འཛིན་སྒོམ་པ་བཞིན། །ཞེས་བདག་འཛིན་མ་སྤངས་པའི་མཐུས་མུ་སྟེགས་ལྷག་སྤྱོད་བཞིན་ཉོན་མོངས་འཁྲུགས་ཏེ། སླར་ཡང་གནས་འོག་མའི་སེམས་སུ་


GLG012_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བས་ན་སྐྱེས་བུ་ཆེན་པོའི་གདུལ་བྱ་རྣམས་ཀྱི་དོན་དུ་གཉེར་བྱ་ག་ལ་ཡིན། འོ་ན་སྔར་འབད་པས་བསྒོམས་པའི་ཞི་གནས་དེ་ལ་དོན་མེད་དམ་སྙམ་ན། ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་བཟློག་པར་བགྱིད། །ཅེས་བསམ་གཏན་དང་པོའི་ཉེར་བསྡོགས་ཐོབ་པའི་རྗེས་སུ་བསམ་གཏན་དང་པོའི་དངོས་གཞི་སྒྲུབ་པ་སོགས་ཀྱི་རྩོལ་བ་བཞག་ནས་འཇིག་རྟེན་ལས་འདས་པའི་ལྷག་མཐོང་བདག་མེད་པའི་དོན་བསྒོམས་པས་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་པར་འགྱུར་རོ། །དེ་ལྟར་ན་ཕར་ཕྱིན་ཐ་མའི་ཉམས་ལེན་འདིས་ཐམས་ཅད་མཁྱེན་པ་ཐོབ་པར་མི་འགྱུར་ན་སྐྱེས་བུ་འབྲིང་ལས་ལྷག་པའི་ལྷག་ཆོས་གང་ཡང་མ་བྱུང་བར་དོགས་ཆེ། དེ་ལྟར་ལོག་རྟོག་ཤར་བ་ནི་གཡག་ཞར་བའི་རྩྭ་ལྟར་ཕྱོགས་རེའི་མིག་ཅན་དུ་སོང་བའི་ཉེས་པས་ནོངས་པས་སྐྱེས་བུ་འབྲིང་དང་མི་འདྲ་བའི་ཁྱད་པར་གོང་དུ་བྱང་ཆུབ་ཀྱི་སེམས་དང་རྒྱལ་སྲས་ཀྱི་སྤྱོད་པར་སློབ་ཚུལ་རྒྱས་པར་སོང་ཡང་། རྗེ་བླ་མས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་བྱང་ཆུབ་ཀྱི་སེམས་ཡོད་པར་མ་ཟད་དེ་དང་ཟུང་དུ་འབྲེལ་བའི་ལམ་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ལམ་སྒོམ་པ་ཡིན་གྱི་སྐྱེས་བུ་འབྲིང་མན་ཆད་ལྟར་ཕྱོགས་རེ་བའི་ལམ་མིན་ནོ། །འོ་ན་ཞི་ལྷག་གཉིས་སྐྱེས་བུ་འབྲིང་གི་སྐབས་ཀྱི་ཏིང་འཛིན་དང་ཤེས་རབ་ཀྱི་བསླབ་པའི་ཉམས་ལེན་དུ་གཏོགས་ཚེ་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་དང་ཟུང་དུ་འབྲེལ་དགོས་པ་ཅི་དགོས་པ་ཅི་ཡིན་སྙམ་ན། །རིགས་པ་དྲུག་ཅུ་པ་


GLG012_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བ། དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་སངས་རྒྱས་འགྲུབ་པ་ལ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་ཐོབ་དགོས་ལ། དེ་གང་ལ་བརྟེན་ནས་བསྒྲུབ་ན། དཔལ་ལྡན་ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་པའི་ཤུགས་ལ། དེ་གཉིས་རྣམ་དབྱེ་གང་གིས་ལེགས་ཤེས་པ། །དེ་ནི་ཕྱིན་ཅི་མ་ལོག་ལམ་བཟང་ཞུགས། །ཞེས་གཞིའི་ལྟ་བ་ཀུན་རྫོབ་བདེན་པ་སྣང་བའི་ཆ་ཆོས་ཐམས་ཅད་ཐ་སྙད་དུ་གྲུབ་ཅིང་རྒྱུ་འབྲས་མ་འཆོལ་བར་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། དོན་དམ་བདེན་པ་སྟོང་པའི་ཆ་ཆོས་ཐམས་ཅད་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པ་གཉིས་ཕྱིན་ཅི་མ་ལོག་པར་ཤེས་ན་ལམ་གྱི་གནས་སྐབས་སུ་སྦྱིན་སོགས་ཀྱི་སྤྱོད་པ་རླབས་པོ་ཆེས་ཚོགས་གསོག་པ་དང་སྟོང་པ་ཉིད་ཀྱི་ལྟ་བ་ཟབ་མོ་ཟུང་འབྲེལ་དུ་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་ཐོབ་པར་འགྱུར་བས་སྐྱེས་བུ་ཆེན་པོ་བ་རྣམས་ཀྱི་ཐོབ་བྱ་མཐར་ཐུག་པ་ཡིན་པས། ཐོབ་བྱེད་ཀྱི་ཐབས་བསོད་ནམས་ཀྱི་ཚོགས་གསོག་ཚུལ་གྱི་ཉམས་འཁྲིད་སྔོན་དུ་སོང་ཟིན་ནས། ཡེ་ཤེས་ཀྱི་ཚོགས་གསོག་པའི་ཉམས་ལེན་གྱི་རིམ་པ་ལ་སྤྱིར་འཕགས་པའི་ཡུལ་དུ་གྲུབ་མཐའ་སྨྲ་བ་བཞི་སོ་སོར་ཡོད་པ་ནས་ལྟ་བ་མི་མཐུན་ཡང་གཙོ་བོ་ནི་དབུ་སེམས་གཉིས་ཀྱི་ལུགས་འདི་གྲགས་ཆེ་ཞིང་།


GLG012_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རིན་ཆེན་འཕྲེང་བ་ལས། ཆོས་འདི་ཟབ་ཕྱིར་སྐྱེ་བོ་ཡིས། །ཤེས་པར་དཀའ་བ་ཐུགས་ཆུད་དེ། །དེས་ན་ཐུབ་པ་སངས་རྒྱས་ནས། །ཆོས་བསྟན་པ་ལས་ལོག་པར་གྱུར། །ཅེས་ལས་འབྲས་དང་སྟོང་ཉིད་ཀྱི་རྣམ་གཞག་མི་འགལ་བར་འཇོག་ཤེས་པའི་གནད་འདི་གཞན་གྱིས་རྟོག་དཀའ་བས་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞལ་གྱིས་བཞེས་པ་དཀའ་དཀའ་ལྟར་མཛད་ལ། དཀའ་བའི་གནད་དེ་འཁྲུལ་བ་མེད་པར་སྟོན་པ་པོ་ནི་རྒྱལ་བས་ལང་ཀར་གཤེགས་པའི་མདོ་ལས་ལུང་བསྟན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་ཞིང་། དེ་ཉིད་ཀྱི་རྗེས་སུ་འབྲང་བར་ཁས་འཆེ་བ་མང་ན་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པར་ཁས་ལེན་པའི་ལྟ་བ་ཙམ་གྱིས་ཐར་པའང་འཐོབ་པའི་སྐབས་མེད་པས་དཔལ་ལྡན་ཟླ་བས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཞེས་གསུངས་པའི་ཕྱིར་ན་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་འཁྲུལ་པ་མེད་པར་རྟོགས་དགོས་པ་དེ་འགྲེལ་བྱེད་གང་གི་རྗེས་སུ་འབྲང་ན། ཇོ་བོ་ཆེན་པོས། །སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་དཔལ་ལྡན་ཟླ་བ་གྲགས་པས་བཀྲལ་བའི་རྗེས་སུ་འབྲངས་ཏེ་ཉམས་སུ་ལེན་པ་ལ་བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་


GLG012_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པའོ། །ཞེས་བདག་མེད་པའི་ཚུལ་གཉིས་པོ་གོ་རིམ་ཇི་ལྟ་བུ་སྙམ་ན། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་ལས་རྒྱུ་འབྲས་མེད་པར་བལྟ་བའི་ལྟ་ངན་སོགས་ནི་སྔར་སྐྱེས་བུ་ཆུང་འབྲིང་གི་སྐབས་ནས་བཟློག་ཟིན་པས། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །ཞེས་གསུངས་ནས། བར་དུ་གང་ཟག་གི་བདག་དང་ཐ་མར་ཆོས་ཀྱི་བདག་བཟློག་དགོས་པའི་གོ་རིམ་ཉམས་ལེན་མན་ངག་གི་དབང་དུ་མཛད་ལ། གཞུང་ཆེན་པོ་རྣམས་སུ་ཆོས་ཀྱི་བདག་མེད་ཐོག་མར་བྱུང་ནའང་ཕྱག་ལེན་དུ་སྤྱིར་བཏང་དམིགས་བསལ་ཕྱེད་པའི་གོ་རིམ་མ་ནོར་བ་ནི་གནད་དམ་པ་སྟེ། ལས་འབྲས་ལ་ཡིད་མི་ཆེས་པའི་གང་ཟག་གི་རྒྱུད་ལ་བདག་མེད་པའི་ལྟ་བ་མི་སྐྱེ་ཞིང་། གང་ཟག་གི་བདག་ཏུ་འཛིན་པ་མ་བཟློག་ན་ཆོས་ཀྱི་བདག་འཛིན་བཟློག་པར་མི་ནུས་སོ། །དེས་ན་སྔར་ཆགས་སོགས་ཉོན་མོངས་པ་སོ་སོའི་གཉེན་པོ་རེ་རེས་རང་གི་ངོ་སྐལ་གྱི་ཉེས་པ་སེལ་ཀྱང་། ཉེས་པ་མཐའ་དག་མི་སེལ་བ་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་མ་བསལ་བའི་རྐྱེན་ཡིན་པས་བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །ཞེས་དཔེར་


GLG012_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཤིང་གི་རྩ་བ་ནས་བཅད་ན་ཡལ་ག་དང་མེ་ཏོག་མཐའ་དག་བསྐམས་འགྲོ་བ་ལྟར། བདག་འཛིན་སྤངས་ན་ཉོན་མོངས་པ་ཐམས་ཅད་ཞི་བར་གསུངས་པའི་ཕྱིར་ན་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་། ཅེས་དང་། རིན་ཆེན་ཕྲེང་བ་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས་། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། ལས། ཇི་སྲིད་ཕུང་པོའི་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་བདག་མེད་གཉིས་གཏན་ལ་འབེབས་པ་ནི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མགོན་པོ་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་པས་ལྟ་བ་རྣམ་དག་ཐུགས་རྒྱུད་ལ་སྐྱེ་བའི་ཐབས་བསྟེན་པ་བཞིན་མངོན་དུ་གྱུར་ནས་སློབ་མ་རྣམས་འཁྲིད་པའི་ཕྱག་བཞེས་ལ་རྒྱུད་པའི་རྣམ་གྲངས་སོ་སོར་ཡོད་པའི་མཁས་གྲུབ་དགེ་ལེགས་དཔལ་བཟང་ནས་བརྒྱུད་པ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་སྒོ་ནས་འཁྲིད་པ་དང་། མཁས་གྲུབ་ཤེས་རབ་སེང་གེ་ནས་བརྒྱུད་པ་ལ་དྲན་པ་བཞི་ལྡན་གྱི་སྒོ་ནས་འཁྲིད་པའི་ཚུལ་གཉིས། དེ་གཉིས་གང་བྱས་ཀྱང་ཁྱད་པར་མེད་ནའང་། སྐབས་འདིར་བྱང་ཆུབ་ལམ་གྱི་རིམ་པའི་ཤེར་ཕྱིན་གྱི་ཉམས་འཁྲིད་ཀྱི་སྐབས་ཡིན་པས་སྔོན་འགྲོ་རྣམས་གོང་དུ་སོང་ཟིན་པའི་ཉམས་ལེན་རྣམས་གོ་རིམ་ལྟར་འབྱུང་བའི་དོན་གྱིས་བཏང་སྙོམས་སུ་བཞག་སྟེ་དངོས་གཞིའི་ཉམས་ལེན་ལ་གང་ཟག་གི་བདག་མེད་ཉམས་སུ་ལེན་པ་དང་། ཆོས་ཀྱི་བདག་མེད་ཉམས་སུ་ལེན་པ་གཉིས། དང་པོ་ནི་རྟེན་འབྲེལ་གྱི་རིགས་པ་ལྟ་བུ་ལ་གནད་གསུམ་དང་། རྣམ་བདུན་གྱི་རིགས་པ་ལ་གནད་དགུ་ལ་སོགས་པ་རྣམ་གྲངས་


GLG012_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཞིང་། ལྷག་མཐོང་ཆེ་ཆུང་སོགས་རྗེ་བདག་ཉིད་ཆེན་པོའི་གསུང་རབ་རྣམས་སུ་རྒྱ་ཆེར་གསུངས་ཀྱང་གཙོ་བོར་གནད་བཞི་ལ་བརྟེན་ནས་དཔྱད་པ་མཛད་པ་འདི་ཉིད་ལུགས་འདིའི་ཤིང་རྟ་བ་ཆེན་པོ་ཐམས་ཅད་མཁྱེན་པ་ནོར་བཟང་རྒྱ་མཚོ་ཡབ་སྲས་ཀྱིས་ཐུགས་ཉམས་སུ་མྱོང་བ་ཞལ་ནས་ཞལ་དུ་བརྒྱུད་པའི་ཉམས་འཁྲིད་ལ་གནད་དང་པོ་ངར་འཛིན་ལྷན་སྐྱེས་ཀྱིས་ང་ཇི་ལྟར་བཟུང་པའི་ཚུལ་ངེས་པའི་གནད་ནི་བུདྡྷ་པཱ་ལི་ཏ་ལས། ཆོས་ཐམས་ཅད་བདག་མེད་དེ་ཞེས་པའི་བདག་དང་མེད་རྒྱུའི་དགག་བྱ་གཉིས་པོ་དེ་བཅར་གྱིས་ངོས་མ་ཟིན་ན་དགྲ་གང་དུ་ཡོད་མ་ཤེས་པར་དམག་འདྲེན་པ་དང་འབེན་རྩད་མ་ཆོད་པར་མདའ་འཕེན་པ་དང་འདྲ་བས་སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་དགག་བྱའི་དོན་སྤྱི་ལེགས་པར་བློ་ལ་མ་ཤར་ན་དེ་བཀག་པའི་བདག་མེད་ཀྱི་དོན་མི་ངེས་པར་གསུངས་པས་གང་ཟག་ཅེས་བྱ་བ་ནི་འགྲོ་བ་རིགས་དྲུག་དང་ཐེག་པ་གསུམ་གྱི་སྐྱེ་འཕགས་ལ་སོགས་པའི་གང་ཟག་རྣམས་ཡིན་ལ། དེ་བློས་བཏགས་པ་མ་ཡིན་པར་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པའི་སྡོད་ལུགས་དེས་བདག་གམ་རངབཞིན་ཞེས་བྱ་བ་དེ་ཡིན་ནོ། །དེ་ཡང་གཞི་གང་ཟག་གི་སྟེང་དུ་ངའམ་བདག་ཏུ་འཛིན་པའི་ངར་འཛིན་ལྷན་སྐྱེས་དེ་ལ་གདགས་གཞིའི་སྟེང་དུ་རྟོག་པས་བཏགས་ཙམ་གྱིས་ཁྱད་པར་དུ་བྱས་ནས་ངར་འཛིན་པ་དང་རང་བཞིན་གྱིས་གྲུབ་པས་ཁྱད་པར་དུ་བྱས་ནས་ངར་འཛིན་པ་དང་དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ངར་འཛིན་པ་དང་གསུམ་ཡོད་པའི་དང་པོ་ནི་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་


GLG012_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གང་ཟག་གི་ངར་འཛིན་པའི་བློ། གཉིས་པ་ནི་སྐབས་འདིར་གཉེན་པོས་འཇོམས་པར་བྱེད་རྒྱུའི་ངར་འཛིན་ལྷན་སྐྱེས་མཚན་ཉིད་པ། གསུམ་པ་ནི་གྲུབ་མཐས་རྒྱུད་མ་བསླད་པའི་སོ་སྐྱེ་རྣམས་ལ་མིང་གིས་བཏགས་པ་དང་རང་བཞིན་གྱིས་གྲུབ་པའི་དབྱེ་བ་མེད་པས་དེ་རྣམས་ཀྱི་རྒྱུད་ཀྱི་ང་འཇོག་པའི་ཐ་སྙད་པའི་ཚད་མ་ཡིན་ལ། དེ་ཡང་རང་ཅག་རྣམས་ཀྱི་རྒྱུད་ལ་གཉིད་ལོག་པ་དང་མ་ལོག་པའི་གནས་སྐབས་ཐམས་ཅད་དུ་ངའོ་སྙམ་པའི་བློ་དམ་སྦྲིང་སྦྲིང་བ་ཞིག་ཡོད་ཀྱང་། མེ་ལོང་དང་བྱད་བཞིན་གྱི་གཟུགས་བརྙན་ལྟར་བདེ་སྡུག་གི་རྐྱེན་དང་ཕྲད་པ་ན་བློ་མངོན་གྱུར་ཤུགས་ཤིན་ཏུ་ཆེ་ཞིང་། རྐྱེན་དང་མ་ཕྲད་པའི་གནས་སྐབས་སུ་ཅུང་ཟད་མི་གསལ་བའི་ཚུལ་དུ་འོང་བས་ད་ལྟའི་ལྟ་འཁྲིད་པ་ཕལ་ཆེར་དག་དེ་ལྟ་བུའི་བློ་མངོན་གྱུར་ཡིན་མིན་གྱི་རྟོག་དཔྱོད་མེད་པར་ངར་འཛིན་ལྷན་སྐྱེས་ཀྱིས་ང་ཇི་ལྟར་བཟུང་ཚུལ་སོགས་ཚིག་སྐམ་རེ་ལ་བརྟེན་ནས་ཉམས་སུ་ལེན་པ་སྐད་བྱེད་པ་ནི་མིའི་བྱད་དབྱིབས་འོལ་ལེ་བ་ཞིག་མཐོང་བ་ལ་འདི་ནི་ཁ་སང་གི་རྐུན་མ་ཆེ་གེ་མོའོ་ཞེས་མཛུབ་མོ་འཛུགས་པ་ལྟར་གནད་དུ་ཡེ་མི་འགྲོ་བས་ཐོག་མར་རང་ཉིད་ལ་དངོས་སུ་གཞན་གྱིས་ཕན་གནོད་བྱས་པའི་བདེ་སྡུག་གི་རྟོག་པ་མངོན་གྱུར་ཡོད་ན་དང་། མེད་ན་སྔར་བྱུང་ཟིན་པ་ཞིག་བློས་ཡང་ཡང་གསལ་བཏབ་པས། དཔེར་ན་རང་ལ་མི་ཞིག་གིས་བརྐུས་ཁག་ལྟ་བུ་གཙུགས་པའམ་རང་འདོད་པའི་དོན་ཞིག་འགྲུབ་པར་བྱས་པ་ལྟ་བུ་ལ། ངས་རྐུན་མ་བརྐུ་སྙམ་པ་ཡིད་ཀྱི་དགུ་ལའང་མེད་ན་བརྐུས་པའི་ཁག་འདི་ལྟ་བུ་འཛུགས་པ་སྙམ་དུ་ཕ་རོལ་གྱི་མི་དེ་ལ་ཞེ་སྡང་དྲག་པོ་དང་བཅས་ཏེ་བརྐུས་ཁག་འཛུགས་ཡུལ་གྱི་ང་ཞིག་སྙིང་གི་དཀྱིལ་


GLG012_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དམ་སྦྲིང་སྦྲིང་བ་མིག་གིས་མཐོང་རྒྱུ་དང་ལག་པས་འཛིན་རྒྱུ་ཡོད་པ་ལྟ་བུ་འཆར་ལ། དེ་བཞིན་དུ་ཕན་འདི་ལྟ་བུ་བཏགས་བྱུང་སྙམ་པའི་ཕན་འདོགས་ཡུལ་གྱི་ང་ཞིག་སྙིང་གི་དཀྱིལ་ནས་ལྷང་ལྷང་འཆར་བས་ཚུལ་དེ་གཉིས་པོ་གང་ཡང་རུང་བ་ལ་བརྟེན་པའི་བློ་མངོན་གྱུར་ཞིག་གིས་ཀུན་རྟོག་རགས་པ་གཞན་རྣམས་བག་ལ་ཞ་བའི་ངར་འཛིན་ལྷན་སྐྱེས་ཇེ་འཕེལ་ལ་འགྲོ་བཅུག་པའི་མཚམས་ནས་བློ་དེས་ང་ཇི་ལྟར་བཟུང་བའི་ཚུལ་ཞིག་བརྟག་དགོས་པས། སེམས་གཅིག་ཏུ་འདི་གའི་སྟེང་ནས་ངར་འཛིན་པ་དང་དེའི་འཛིན་ཚུལ་གཉིས་ཀ་བརྟག་པ་ཤིན་ཏུ་དཀའ་ཞིང་། འཛིན་ཚུལ་གྱི་བློ་ཤུགས་ཆེས་ན་འཛིན་སྟངས་ཀྱི་ངར་ཆ་ཞིག་ནས་མི་གསལ་བ་ཞིག་འོང་བས་ཇི་ལྟར་བྱེད་ན། ཞི་གནས་ལ་གོམས་པའི་མཐུས་དཔྱད་འཇོག་གི་དམིགས་པ་གང་ཡིན་གྱི་ཐོག་ཏུ་འདྲིལ་བ་ཞིག་འོང་བས། སངས་རྒྱས་ཀྱི་སྐུ་གཟུགས་སོགས་ལ་དམིགས་པ་གཏོད་པ་ལྟ་བུའི་ཚབ་ལ་ངའོ་སྙམ་པའི་བློ་མངོན་གྱུར་དེ་འཆར་བཅུག་ནས་སེམས་བྱིངས་པོ་དེ་ལ་གསལ་བའི་ངར་ཆ་དང་བཅས་པའི་སྒོ་ནས་གནས་བཞིན་དུ་བློའི་ཟུར་ཞིག་གིས་འཛིན་ཚུལ་དང་གང་དུ་བཟུང་བ་ལྟ་བ་ནི་མི་གཉིས་ལམ་ལ་གཤིབས་ནས་འགྲོ་བའི་ཚེ་མིག་དངོས་གཞིས་ལམ་ལ་བལྟ་བ་དང་མིག་ཟུར་གྱིས་གྲོགས་ལ་བལྟ་བ་ལྟ་བུ་ཡིན་གསུང་། འདི་ཕན་ཆད་ལ་ངའོ་སྙམ་པའི་ང་དེ་སྙིང་གི་དཀྱིལ་དུ་ཡོད་པ་འདྲ་བ་ཞིག་ལས་གང་གི་སྟེང་དུ་གྲུབ་མ་ངེས་ལ། འདི་ནས་བཟུང་བློའི་ཟུར་གྱིས་ལེགས་པར་བརྟགས་པས་རེས་ལུས་ཀྱི་སྟེང་དུ་ཡོད་པ་འདྲ་བ། རེས་སེམས་ཀྱི་སྟེང་དུ་ཡོད་པ་འདྲ་བ། རེས་ཕུང་པོ་གཞན་


GLG012_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ་སོའི་སྟེང་དུ་ཡོད་པ་འདྲ་བ་སོགས་འཆར་ཚུལ་སྣ་ཚོགས་པ་ཞིག་བྱུང་བའི་མཐར་ལུས་སེམས་གཉིས་པོ་འདི་ཆུ་དང་འོ་མ་འདྲེས་པ་ལྟ་བུ་དབྱེར་མི་ཕྱེད་པ་ཞིག་གི་སྟེང་ནས་ང་དེ་ངའི་ངོས་ནས་ཡོད་པའི་རང་བཞིན་གྱིས་གྲུབ་པའི་ཚུགས་སེ་བ་གདོད་མ་ནས་གྲུབ་པ་ཞིག་ངོས་ཟིན་འོང་བས་དེ་ནི་གནད་དང་པོ་དགག་བྱ་ངེས་པ་ཡིན་པས་འདི་ལ་མྱོང་བ་གཏིང་མ་ཕྱིན་གྱི་བར་ལ་དཔྱད་དོ། །དེ་ལྟར་རྒྱུད་ལ་སྐྱེས་པ་ནས་ངར་འཛིན་ལྷན་སྐྱེས་ཀྱིས་བཟུང་བའི་ང་དེ་དང་རང་གི་ཕུང་པོ་ལྔ་པོ་རྣམས་ཆུ་ལ་ཆུ་བཞག་པ་ལྟ་བུའི་ཚུལ་གྱིས་ཚུགས་ཐུབ་ཏུ་གྲུབ་པར་ངོས་བཟུང་བ་དེ་ངེས་པ་ཡིན་ན་དཔྱད་པ་བྱས་པ་ཙམ་གྱིས་ངེས་ཤེས་རྙེད་དུ་འགྲོ་ལ། མིན་ན་རང་ཚུགས་མི་ཐུབ་པར་ཞིག་འགྲོ་བས་ཚིག་གསལ་ལས། བདག་ཏུ་འཛིན་པའི་ཡུལ་དེ་ཡང་ཕུང་པོའི་རང་བཞིན་ཅན་ནམ་ཕུང་པོ་ལས་ཐ་དད་པ་ཞིག་ཏུ་འགྱུར་གྲང་། ཞེས་ང་དེ་ཕུང་པོ་ལྔ་སོ་སོར་མ་ཕྱེ་བའི་སྟེང་དེ་ནས་དབྱེར་མེད་པའི་ཚུལ་གྱིས་གྲུབ་པ་འདྲ་བ་ཞིག་བྱུང་ཡང་། དཔེར་ན་བུམ་པ་ལྟ་བུ་གཞི་གཅིག་ལ་སོ་སོ་བ་དང་དབྱེར་མེད་པ་ཞེས་བྱ་བའི་ཐ་སྙད་བྱར་མེད་ལ། འདིར་ང་དང་ཕུང་པོ་ཞེས་གདགས་གཞི་དང་བཏགས་ཆོས་ཀྱི་རྣམ་པ་ཞིག་བྱུང་བས་ཕུང་པོ་ལྔའི་སྟེང་དུ་ང་རང་བཞིན་གྱིས་ཚུགས་ཐུབ་ཏུ་གྲུབ་པ་འདི། ང་དང་ཕུང་པོ་ལྔ་པོ་དེ་གཅིག་དང་ཐ་དད་གང་རུང་དུ་མེད་པའི་ཕུང་གསུམ་པ་ཞིག་ཡིན་ནམ་སྙམ་དུ་རྩད་བཅད་པ་ན། ཆོས་གཞན་གྱི་དངོས་པོ་ལ་དཔེར་བྱས་པས་མཐར་ཕུང་གསུམ་པ་མེད་པར་རྟོགས་ནས་གཅིག་དང་ཐ་དད་གང་རུང་ལས་མེད་པར་ཐག་ཆོད་པ་ནི་ཁྱབ་པ་ངེས་པའི་གནད་ཡིན་པས་སྔར་གདགས་གཞི་ཕུང་པོའི་སྟེང་དུ་བཏགས་ཆོས་ང་དེ་ཚུགས་ཐུབ་ཏུ་དབྱེ་བ་མེད་པར་ཡོད་ཡོད་


GLG012_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་དེ་གནད་གཉིས་པ་འདིའི་ཉམས་ལེན་བྱས་པས་སྔོན་མའི་ངེས་ཤེས་དེས་ཚོ་མ་ཐུབ་པར་གཅིག་དང་ཐ་དད་གང་རུང་དུ་ཐེ་ཚོམ་པ་ཡིན་པ་དེ་ག་མྱོང་བ་ཅུང་ཟད་ཐོན་པ་ཡིན་ནོ། །དེ་ནས་གཅིག་དང་ཐ་དད་གང་རུང་དུ་ཐེ་ཚོམ་པས་མི་ཆོག་པར་ཐག་གཅོད་དགོས་པས། བདེན་འཛིན་ལྷན་སྐྱེས་ཀྱིས་བཟུང་བའི་ང་དེ་ལུས་སེམས་གཉིས་དང་གཅིག་ཏུ་གྲུབ་བམ་སྙམ་དུ་བརྟགས་པ་ན་ལུས་དང་གཅིག་གམ་སེམས་དང་གཅིག་གང་རུང་ཞིག་ལས་འོས་མ་འདས། ལུས་དང་གཅིག་ན་ངའི་ལུས་ཞེས་ཁྱད་གཞི་ཁྱད་ཆོས་སྦྱར་བའི་སྒོ་ནས་སྨོས་མི་རིགས་པར་ངའི་ང་ཞེས་པའམ་ལུས་ཀྱི་ལུས་ཞེས་བརྗོད་དགོས་ལ། དེ་བཞིན་དུ་སེམས་ལ་ཡང་མཚུངས་པར་ངེས་ཤེས་བསྐྱེད། དེ་ལྟར་བསམས་པ་ན་ངག་གི་བརྗོད་ཚུལ་ཙམ་དུ་སོང་བས་ཧ་ཅང་ངེས་པ་མ་རྙེད་ན་འདི་སྙམ་དུ། རྩ་ཤེ་ལས། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། ཉེ་བར་ལེན་ཉིད་བདག་ཡིན་ན། ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་ང་དང་ཕུང་པོ་རྣམས་རང་བཞིན་གྱིས་གཅིག་པས་ན་དབྱེ་བ་གཏན་མེད་པའི་ཆ་ཐམས་ཅད་ནས་གཅིག་པར་འགྱུར། དེས་ན་ཆ་མེད་པ་ལས་འོས་མེད་པས་ཆ་མེད་ཅིག་གི་སྟེང་ནས་ང་ཞེས་ཕུང་པོ་ལྔའི་ཉེ་བར་ལེན་པ་པོ་ཞིག་དང་དེའི་བླང་བྱར་གྱུར་པའི་ཕུང་པོ་ལྔ་ཞེས་ཐ་དད་པ་གཉིས་སུ་འཇོག་ཏུ་མེད་པས་བདག་གི་ལུས་དང་བདག་གི་ཕུང་པོ་ཞེས་ཁས་བླངས་པ་དོན་མེད་དུ་འགྱུར་རོ་སྙམ་དུ་བསམ། དེས་ཀྱང་རྡོ་རུས་འཕྲོད་པ་ཞིག་མ་བྱུང་ན་ང་དང་ལུས་གཉིས་གཅིག་ཡིན་པའི་རྒྱུ་མཚན་གྱིས་ཤི་བའི་འོག་ཏུ་ལུས་མེར་སྲེག་པའི་ཚེ་ང་ཡང་མེར་སྲེག་དགོས་པའམ། ང་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བ་བཞིན་


GLG012_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལུས་ཀྱང་ཉིང་མཚམས་སྦྱོར་དགོས། ཡང་ན་ལུས་དེ་ཉིང་མཚམས་སྦྱོར་རྒྱུ་མེད་པ་བཞིན་དུ་ང་ཡང་ཉིང་མཚམས་སྦྱོར་རྒྱུ་མེད་པའི་གནོད་བྱེད་འབབ་པར་བསམ། དེ་ལྟར་བསྒོམས་པས་ལུས་དང་གཅིག་པ་ཞིག་མིན་ནམ་སྙམ་འོང་བས་དེས་ན་སེམས་དང་གཅིག་གམ་སྙམ་དུ་སེམས་ན་ང་གོས་མེད་ན་འཁྱགས་པ་དང་ཟས་སྐོམ་མེད་ན་ལྟོགས་སྐོམ་གྱི་སྡུག་བསྔལ་འབྱུང་བས་ཤི་བའི་འོག་ཏུ་སེམས་གཟུགས་མེད་ཁམས་སུ་སྐྱེས་ན་དེའི་ཚེ་ཡང་ང་དང་གཅིག་པའི་ཕྱིར་ཟས་གོས་སོགས་གཟུགས་རགས་པ་ལ་ལོངས་སྤྱོད་དགོས་པའི་ཉེས་པ་བསམ་མོ། །འདི་ཙམ་ལས་དང་པོ་པ་ལ་སྐྱོང་བདེ་ཞིང་འཚམ་མོད། ཤེས་རབ་ཀྱིས་འཆུན་ན་ཅུང་ཟད་སྤྲོས་པ་མཐའ་ཆོད་པས་འཇུག་པ་ལས། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །ཞེས་ཕུང་པོ་ལྔ་ཡོད་པ་བཞིན་དུ་ང་ཡང་ལྔར་འགྲོ་བའམ། ང་གཅིག་ལས་མེད་པ་ལྟར་ཕུང་པོ་ལྔར་མི་འཐད་པའི་རིགས་པས་བདག་མང་པོར་ཐལ་བའི་གནོད་པ་རྣམས་བསམ། དེ་བཞིན་དུ་རྩ་ཤེ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྲུབ། ཞེས་ཕུང་པོ་ལྔ་རང་བཞིན་གྱིས་སྐྱེ་འཇིག་བྱེད་པས་ང་ཡང་དེ་ལྟར་སྐྱེ་འཇིག་བྱེད་པར་ཁས་ལེན་དགོས། དེས་ན་སྐྱེ་བ་སྔོན་མའི་ང་དང་ཚེ་འདིའི་ང་གཉིས་གཅིག་དང་ཐ་དད་གང་རུང་ལས་མ་འདས་ལ། གཅིག་ན་རང་བཞིན་གྱིས་གཅིག་པའི་ནུས་པས་སྐྱེ་བ་སྔོན་མའི་ང་དུད་འགྲོར་གྱུར་པའི་གླེན་ལྐུགས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་རྣམས་སྐྱེ་བ་འདིའི་ང་མིར་གྱུར་པའི་གནས་སྐབས་སུ་ཡང་མྱོང་དགོས་ལ། ཚེ་འདིའི་མིའི་བདེ་བ་རྣམས་ཀྱང་སྔོན་མའི་དུད་འགྲོ་ལ་མྱོང་དགོས་པ་ཧ་ཅང་ཐལ་བ་སོགས་བསམ། དེ་བཞིན་དུ་འཇུག་


GLG012_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པ་རིགས་མ་ཡིན། །ཞེས་སྐྱེ་བ་སྔོན་མའི་ང་དང་རྗེས་མའི་ང་རང་བཞིན་གྱིས་ཐ་དད་པ་ཡིན་ན་གཏན་ནས་འབྲེལ་མེད་པའི་ཐ་དད་པ་ཡིན་པས། དེས་ན་བདག་སྐྱེ་བ་སྔོན་མ་འདི་ལྟ་བུར་སྐྱེས་ཞེས་དྲན་པ་ཡང་མི་རིགས་ཏེ། ལྷས་བྱིན་གྱིས་སྐྱེ་བ་སྔོན་མ་མཆོད་སྦྱིན་དུ་སྐྱེས་པ་མི་དྲན་པ་བཞིན་ནོ། །གཞན་ཡང་བདག་ཉིད་བདེ་འགྲོར་སྐྱེ་བའི་ལས་བསགས་པ་ཡང་བྱས་པ་ཆུད་ཟོས་པར་འགྱུར་ཏེ། དེའི་འབྲས་བུ་མངོན་མཐོའི་རྣམ་སྨིན་རྣམས་གཞན་གྱིས་ལོངས་སྤྱོད་ནས་རང་ལ་མྱོང་རྒྱུ་མེད་པས་སོ། །ཅིའི་ཕྱིར་ན་ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་གཉིས་གཞི་ང་ཙམ་གཅིག་གི་སྟེང་དུ་མ་འདུས་པར་འབྲེལ་བ་མེད་པའི་ཕྱིར་རོ། །དེས་ན་ཚེ་སྔོན་མར་མ་བསགས་པའི་ལས་དེས་ཚེ་འདིར་ཕན་གནོད་འབྱུང་ན་ལས་མ་བྱས་པ་དང་ཕྲད་པར་འགྲོ་ཞིང་ཕན་གནོད་མི་འབྱུང་ན་ཚེ་འདིར་དགེ་སྡིག་ལ་སྤང་བླང་བྱས་པར་དགོས་པ་མེད་དེ་དེའི་འབྲས་བུ་ཕྱི་མའི་ང་ལ་མི་སྨིན་པ་སོགས་བསམས་པས་གནད་གསུམ་པ་བདེན་པའི་གཅིག་བྲལ་ངེས་པའི་གནད་ལ་ངེས་པ་རྙེད་ནས། ད་ང་དང་ཕུང་པོ་ལྔ་ཐ་དད་པ་ལས་འོས་མི་འདུག་སྙམ་པ་ན། འཇུག་པ་ལས། དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཞེས་རང་བཞིན་གྱིས་གྲུབ་པའི་ཐ་དད་དེ་ལ་འབྲེལ་མེད་ཅིག་དགོས་པས། ཕུང་པོ་ལྔ་པོ་ནང་ཕན་ཚུན་ནས་འདི་ནི་གཟུགས་ཀྱི་ཕུང་པོའོ་ཞེས་སོགས་སོ་སོར་ངོས་འཛིན་རྒྱུ་ཡོད་པ་ལྟར་ཕུང་པོ་ལྔ་བསལ་བའི་འོག་ཏུ་འདི་ནི་ངའོ་ཞེས་ངོས་འཛིན་རྒྱུ་དགོས་པ་ལ་ཕྲ་ཞིབ་གང་ལ་དཔྱད་ཀྱང་ཡེ་ནས་མི་རྙེད་ལ། མི་རྙེད་པའི་ཚུལ་དེ་ཡང་མི་རྙེད་ཅེས་པའི་ཚིག་སྐམ་ཙམ་གྱིས་རྗེས་


GLG012_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་བྱས་པས་མི་ཆོག་པར། དཔེར་ན་བ་ལང་ལྟ་བུ་ཞིག་བོར་བའི་ཚེ་ལུང་པ་ཆེ་གེ་མོ་འདིའི་ནང་དུ་མེད་དོ་ཞེས་པའི་ཚིག་ཙམ་ལ་བདེན་པར་བཟུང་བ་མ་ཡིན་པའི་རང་གིས་ལུང་པ་འདིའི་ཕུ་མདའ་བར་གསུམ་ལ་བཙལ་བས་མ་རྙེད་པ་ཁོ་ཐག་ཆོད་པ་ལྟ་བུར། འདིར་ཡང་མཐའ་མ་ཆོད་ཀྱི་བར་དུ་བསྒོམས་པས་ངེས་པ་རྙེད་དེ། འཇུག་པ་ལས། །གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བས། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་དེ་ཕན་ཆད་དུ་ང་ཞེས་བདེན་པར་གྲུབ་པའི་མིག་གིས་མཐོང་རྒྱུའམ། ལག་པས་འཛིན་རྒྱུ་ཡོད་པ་འདྲ་བ་དེ་མ་རྙེད་པར་སྟོང་ཆམ་གྱིས་སོང་བ་ན་དབུ་མའི་ལྟ་བ་དང་པོར་རྙེད་པ་ཡིན་གསུང་། འདིར་ཡང་ཐོས་བྱུང་གི་བློས་དང་པོར་རྙེད་པ་དེ་བསམ་བྱུང་གི་བློས་ཉམས་སུ་བླངས་པས་སྒོམ་བྱུང་གིས་འཐོབ་ཚུལ་སྔར་ཞི་གནས་ཀྱི་སྐབས་ལྟར་ལྷག་མཐོང་མཚན་ཉིད་པ་མ་ཡིན་ཡང་། ཚེས་གཉིས་ཀྱི་ཟླ་བ་ལྟར་ཕྲ་མོ་རྙེད་པ་དེའོ། །འདིའི་དུས་ཚེ་སྔོན་མ་ནས་སྟོང་ཉིད་ལ་བག་ཆགས་མེད་པ་ཞིག་ཡིན་ན་ལག་ཏུ་ཡོད་པའི་དངོས་པོ་གློ་བུར་དུ་སྟོར་བ་ལྟ་བུའི་སྣང་བ་དང་། བག་ཆགས་ཡོད་པ་ཞིག་ཡིན་ན་ལག་ཏུ་ཡོད་པའི་ནོར་སྟོར་བ་གློ་བུར་དུ་རྙེད་པ་ལྟ་བུའི་ཉམས་འཆར་རོ། །དེ་ལྟར་བདག་མེད་པའི་ལྟ་བ་གཏན་ལ་ཕབ་ཟིན་པའི་རྗེས་སུ་ཇི་ལྟར་སྐྱོང་བའི་ཚུལ་ནི་སྔར་ཞི་གནས་ཀྱི་སྐབས་ལྟར་སྦྱོར་བའི་ཆོས་དྲུག་བསྟན་པ་ལུས་ཀྱི་སྤྱོད་ལམ་དང་དྲན་ཤེས་རྣམས་འདིར་ཡང་བླངས་ཏེ་སྒོམ་པའི་ཚུལ་ལ། ལ་ལ་དག་ལྟ་བའི་དཔྱད་པ་ཚར་རེ་སྔོན་དུ་བཏང་བའི་མཐར་ཅི་ཡང་ཡིད་ལ་མི་བྱེད་པའི་དེ་ཁོ་ན་ཉིད་སྐྱོང་བ་དང་། འགའ་ཞིག་སྔར་དཔྱད་པ་བྱས་པའི་ལྟ་བ་དེ་དྲན་པ་ཙམ་གྱི་སྟེང་དུ་


GLG012_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པ་སོགས་རྣམ་གྲངས་མང་དུ་བྱུང་ནའང་། ཞི་གནས་སྐྱོང་ཚུལ་ལས་དམིགས་པ་ཁྱད་པར་བ་མ་བྱུང་ཞིང་། པོ་ཏོ་བའི་བེའུ་བུམ་ལས། ཁ་ཅིག་ཐོས་བསམ་དུས་ན་རིགས་པས། །རང་བཞིན་མེད་པ་གཏན་ལ་ཕབ་ལ། །སྒོམ་དུས་མི་རྟོག་འབའ་ཞིག་བསྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་བསྒོམས་ཕྱིར་གཉེན་པོར་མི་འགྱུར། །དེ་ལྟ་བས་ན་སྒོམ་དུས་ཉིད་ནའང་། །གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་བརྟག་ཅིང་། ཅུང་ཟད་མི་རྟོག་ཉིད་དུའང་གནས་བྱ། །དེ་ལྟར་བསྒོམ་ན་ཉོན་མོངས་གཉེན་པོ། །ལྷ་གཅིག་རྗེས་སུ་འབྲང་བར་འདོད་ཅིང་། །ཕ་རོལ་ཕྱིན་ལུགས་སྤྱོད་པར་འདོད་པས། །ཤེས་རབ་སྒོམ་པའི་ལུགས་ནི་འདི་ཡིན། །དེ་ཡང་གང་ཟག་བདག་མེད་གོམས་པས། །དེ་ནས་དེ་ལྟར་རྗེས་སུ་འཇུག་བྱ། །ཞེས་སྒོམ་ཆེན་དུ་རློམ་པ་མང་པོ་ཞིག་གིས་རིགས་པས་དཔྱད་ན་ལྟ་བ་གཏན་ལ་ཕབ། སྒོམ་པའི་དུས་སུ་མི་རྟོག་པ་འབའ་ཞིག་བསྒོམ་ཟེར་བ་ནི། གཞིས་ལ་སྡོད་དུས་རྟ་ལེགས་པར་གསོས་ནས་བྱེས་ལ་འགྲོ་དུས་རྐང་ཐང་ལ་འགྲོ་ཟེར་བ་དང་ཁྱད་པར་ཅི་ཡང་མེད་པས་ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒྲུབ་ཚུལ་གྱི་གནད་ཅུང་ཟད་མ་གོ་བའི་རང་མཚང་དུ་ཟད་དོ། །དེས་ན་ཞི་གནས་ཀྱི་སྐབས་སུ་མི་རྟོག་པ་དགོས་ཤིང་རྟོག་པ་དགག་ཅེས་པའི་དོན་སྐུ་གཟུགས་ལྟ་བུ་དམིགས་པ་གཏོད་པའི་ཡུལ་དེ་ག་ལས་གཞན་པའི་རྟོག་པ་གཞན་དུ་མི་འཕྲོ་བའི་དོན་ཡིན་གྱི། རྟོག་པ་ཡིན་ཚད་དགག་དགོས་ན་དེ་བཞིན་གཤེགས་པའི་སྐུའི་རྣམ་པ་ཡིད་ལ་བྱེད་པ་དེ་ག་རྟོག་པ་ཡིན་པས། དེ་ཡང་བཀག་ན་དམིགས་པ་སྟོར་བར་གྱུར་པ་ཡིན་མོད། མི་རྟོག་པའི་འཁྲུལ་གཞིའི་ལོག་རྟོག་དེས་


GLG012_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་བདག་མེད་པའི་དོན་ལ་སོ་སོར་དཔྱོད་པ་ཐམས་ཅད་རྟོག་པ་ཡིན་པས་སྒོམ་གྱི་དུས་སུ་མི་བྱེད་སྙམ་པ་ཞི་གནས་ཀྱི་དོན་མ་གོ་བར་སོང་བའི་རྒྱུ་མཚན། ཞི་གནས་ཀྱི་རྩིས་ཟིན་པའི་སྒོ་ནས་ཤེས་རབ་ཀྱིས་སོ་སོར་དཔྱད་པ་ལ་བརྟེན་ནས་ཆགས་སོགས་ཉོན་མོངས་པའི་རྟོག་པ་གཞན་དུ་མི་འཕྲོ་བར་གང་ཉམས་སུ་ལེན་རྒྱུའི་དཔྱད་སྒོམ་དེ་ཤིན་ཏུ་གསལ་བ་ཞིག་འོང་ལ། ཞི་གནས་བརྟན་པ་ཙམ་གྱིས་ལྷག་མཐོང་གི་ཤེས་རབ་སྟོབས་ཆེའོ། །དེ་ཡང་ཞི་གནས་མ་གྲུབ་གོང་དུ་དཔྱད་འཇོག་སྤེལ་མར་བྱས་ན་ཞི་གནས་ཀྱི་གེགས་བྱེད་ནའང་ཞི་གནས་ཐོབ་ཟིན་པའི་འོག་ཏུ་དཔྱད་དྲགས་པས་གནས་ཆ་ལ་ཅུང་ཟད་གནོད་པའི་ཉམས་བྱུང་ན་འཇོག་སྒོམ་དང་། འཇོག་སྒོམ་མངས་པས་དཔྱོད་སྙིང་མི་འདོད་པ་བྱུང་ན་དཔྱད་སྒོམ་སྤེལ་མར་བྱ་ཞིང་། དཔྱོད་པའི་ཚེ་བདག་མེད་པའི་དོན་དང་འཇོག་པའི་ཚེ་མི་རྟོག་པ་དང་ལྷ་སྐུ་ལྟ་བུར་འཇོག་པའི་གང་དྲན་དྲན་གྱིས་གོ་མ་ཆོད་པར། དཔྱད་སྒོམ་གྱི་དུས་བདག་མེད་པའི་དོན་ལ་བསམས་པ་དེ་འཇོག་སྒོམ་གྱི་དུས་སུ་བདག་རང་བཞིན་གྱིས་གྲུབ་པ་མེད་པ་ལས་གཞན་དུ་མི་རྟོག་པའི་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཞིག་དགོས་ཀྱི། མི་རྟོག་པ་གང་བྱུང་གིས་མི་ཆོག་སྟེ། སྒོམ་རིམ་ཐ་མ་ལས། དེ་ལྟ་བས་ན་དམ་པའི་ཆོས་ལ་ཡང་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་དེ་ཡང་ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱི། གཞན་དུ་མ་ཡིན་ནོ་ཞེས་སོ། །དེ་ལྟར་ན་མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་རྗེས་འབྲངས་རྣམས་གནད་བཞིའི་དཔྱད་པས་དྲངས་ཏེ་ང་མེད་པར་ལྷང་གི་ངེས་པ་ན་ངེས་ཤེས་དེ་ཁའི་རྒྱུན་འཐུད་ཅིང་གནད་བཞིའི་


GLG012_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པ་ཡང་ཡང་དྲན་ཙམ་བྱས་ནས་ཉམས་སུ་ལེན་དགོས་ཀྱི། ང་སྣང་ཚུལ་ལྟར་མེད་སྙམ་དུ་སྒོམ་པ་དང་། སྣང་ཚུལ་དེ་ལྟར་གྲུབ་པ་མེད་སྙམ་དུ་སྒོམ་པ་ནི་ཕྱིན་ཅི་ལོག་ཡིན་པར་འཆད་ལ། མཁས་གྲུབ་ཤེས་རབ་སེང་གེའི་བརྒྱུད་འཛིན་ལ་ལ་ངེས་པ་དྲངས་ཟིན་ནས་སྣང་ཚུལ་དེ་ལྟར་གྲུབ་པ་མེད་སྙམ་དུ་སྒོམ་པར་བཞེད་པའི་ལུགས་སྲོལ་མང་དུ་བྱུང་མོད། སྙིང་པོར་དྲིལ་ན་སྔར་གནད་བཞིའི་དཔྱད་པ་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་ནས་སྒོམ་པའི་ཚེ་ངའོ་སྙམ་པའི་སྙིང་གི་དཀྱིལ་ནས་དམ་སྦྲིང་སྦྲིང་འཛིན་པའི་བློ་ངོས་བཟུང་བ་ལྟར་གྱི་ང་དེ་ཕུང་པོའི་སྟེང་དུ་རང་བཞིན་གྱིས་གྲུབ་པ་མེད་པར་ལྷང་གིས་ངེས་བྱུང་བ་ན་དེ་ཉིད་དམིགས་པ་དངོས་ཡིན་པས་དྲན་པས་མ་བརྗེད་པར་བྱས། ཤེས་བཞིན་གྱིས་ངར་འཛིན་པའི་རྟོག་པ་བཅད་མ་བཅད་ཀྱི་བྱ་ར་བྱེད་ཅིང་ང་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ལ་གསལ་འདེབས་དགོས་པ་བྱུང་ན་ཅུང་ཟད་དཔྱད་པའི་སྒོ་ནས་ཚུལ་དེ་ལྟར་དུ་གྲུབ་པ་མེད་སྙམ་དུ་མཉམ་པར་བཞག །དེའི་ཚེ་སྔར་ནས་བདག་འཛིན་གྱི་རྟོག་པ་ལ་གོམས་ཆེས་པའི་ཤུགས་ཀྱིས་ཞི་གནས་ཀྱི་སྐབས་ཀྱི་སེམས་གནས་དགུ་ལྟར་བསྒྲིམས་ཏེ་ཉམས་སུ་བླངས་ཀྱང་ངར་འཛིན་པའི་བློ་ཤུགས་ཆེ་ཞིང་མང་བས། དེའི་བར་བར་ལ་ང་བདེན་པར་མེད་སྙམ་པ་ཅུང་ཟད་རེ་ལས་མི་འོང་། དེ་ནས་རིམ་གྱིས་གོམས་པ་ན་ང་བདེན་མེད་དུ་བལྟ་བའི་བློའི་བར་ཐམས་ཅད་བདེན་འཛིན་གྱི་ཡང་ཡང་གཅོད་པས་ཆད་པའི་ཚུལ་དུ་འོང་། དེ་ནས་བདེན་འཛིན་གྱི་བློ་སྐྱེས་མ་ཐག་ནས་དྲན་འཛིན་ཅུང་ཟད་ཙམ་གྱིས་བཟློག་ནུས་པས་ཆད་པ་མེད་པའི་ཚུལ་དུ་འོང་། དེ་ནས་སེམས་གནས་དགུ་པ་ལྟར་མངོན་པར་འདུ་བྱེད་པ་ལ་མ་ལྟོས་པར་འབད་རྩོལ་གློད་དེ་སྒོམ་པ་འདི་ནས་


GLG012_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ལྷག་ཟུང་འབྲེལ་རྗེས་མཐུན་པའམ་ཆ་ཕྲ་མོ་ཡིན་ལ། དེའི་ཚེ་དཔེར་ན་ནམ་མཁའ་ཞེས་པ་བར་སྣང་གི་སྐྱ་སེང་སེང་བའི་སྟེང་དུ་དགག་བྱ་ཐོགས་རེག་དང་བྲལ་བ་ཙམ་ལ་བཞག་པ་ལྟར་དགག་བྱ་བདེན་གྲུབ་བཀག་ཙམ་གྱི་སྟོང་སང་མེད་དགག་ལ་ཆོས་གཞན་གྱིས་བར་མ་ཆོད་པར་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་རྣལ་མ་ཡིན་ལ། སོ་སོར་དཔྱད་པ་ལ་བརྟེན་པའི་རང་སྟོབས་ཀྱིས་ཞི་གནས་དྲངས་ཏེ་ཡིད་ལ་བྱེད་པ་མེད་པའམ་མི་རྟོག་པ་ཡང་འདི་ཉིད་ལ་ངོས་འཛིན་ནོ། །འོ་ན་མི་རྟོག་པ་སྣ་ཚོགས་སུ་འཕྲོ་ཞིང་དཔྱད་པ་དེས་མི་འོང་ངམ་སྙམ་ན། འོད་སྲུང་ལེའུ་ལས་འོད་སྲུང་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་བྱུང་སྟེ། བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་དུ་འོད་སྲུང་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་ཉིད་སྲེག་པར་བྱེད་དོ། །ཞེས་ཤིང་དང་འདྲ་བའི་རྟོག་པ་སྣ་ཚོགས་ཕན་ཚུན་དུ་དྲུད་པ་ལྟར་དཔྱད་པས་མེ་ལྟ་བུའི་སྟོང་ཉིད་ཀྱི་ལྟ་བ་སྐྱེས་ནས་རྣམ་རྟོག་གི་ཤིང་མ་ལུས་པ་བསྲེགས་ཏེ་ཤིང་མེད་པར་བྱེད་པ་བཞིན་དུ་མི་རྟོག་པར་གསུངས་སོ། །མངོན་པར་འདུ་བྱེད་མེད་པའི་མཚམས་དེ་ནས་ལྷག་མཐོང་རྗེས་མཐུན་པ་ཐོབ་པ་དེ་རྒྱུན་བསྐྱངས་ནས་བསྒོམས་པས་ལུས་ཤིན་སྦྱངས་ཀྱི་བདེ་བ་སྔར་ཞི་གནས་ཀྱི་དུས་སུ་མཉམ་པར་བཞག་སྟོབས་ཀྱིས་དྲངས་པ་དེ་ལས་ཆེས་ལྷག་པའི་དཔྱད་སྒོམ་གྱིས་དྲངས་པའི་ལུས་སེམས་ལས་རུང་གི་ཤིན་སྦྱངས་ཁྱད་པར་དུ་འཕགས་པ་ཞིག་འཐོབ་སྟེ། དེ་ཐོབ་པ་ན་ལྷག་མཐོང་དངོས་ཐོབ་ཅིང་། འདི་ནས་བཟུང་སྟེ་ཞི་ལྷག་ཟུང་འབྲེལ་དངོས་ཀྱི་ལམ་


GLG012_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཉ་དང་ཉུང་མ་ཕན་ཚུན་མི་བསྲེ་བར་ལུགས་སྲོལ་གཙང་མ་འཛིན་པའི་མཁས་པ་རྣམས་ཀྱི་བཞེད་པ་ཡིན་པར་མགྲིན་པ་བཏེགས་ནས་སྨྲའོ། །ས་དྭགས་སོགས་མཁས་བླུན་མང་པོས། །རྟོག་པ་ཡོད་ན་ལྟ་བ་མིན། །ཞེས་ལྟ་བ་སྒོམ་པར་རྟོག་པའི་འཕྲོ་འདུ་མེད་པ་ཞིག་དགོས་པ་ལ། དགེ་ལུགས་པ་རྣམས་ཀྱིས་ཞི་གནས་ཆུ་མི་གཡོ་བ་ལ་ལྷག་མཐོང་ཉེའུ་ཆུང་འཕར་པ་མི་རིགས་ཞེས་དགག་ཅིང་། རང་ཕྱོགས་ཀྱི་རྗེས་འབྲང་མང་པོ་ཡང་ཕྱོགས་སྔ་དེ་ལམ་གྱི་གནད་མཐར་ཐུག་པར་སྐད་གསངས་མཐོན་པོས་སྒྲོག་པར་བྱེད་མོད། མཉམ་གཞག་ནམ་མཁའ་ལྟ་བུའི་ལྟ་བ་རྣལ་མ་ཞིག་མ་རྙེད་བར་དུ་ཞི་གནས་ཀྱི་རྩི་མ་ཞིག་པའི་ངང་ནས་ལྷག་མཐོང་རྗེས་མཐུན་པའི་དཔྱད་པ་མེད་ན་ལྷག་མཐོང་དང་བྲལ་བའི་ཞི་གནས་ཁོ་ནའི་ལམ་དུ་འགྲོ་བ་མང་བས་ལམ་གྱི་ས་ཕྱོད་མི་འོང་ཞིང་། རྩོལ་བ་ལ་མ་ལྟོས་པའི་ཞི་ལྷག་ཟུང་འབྲེལ་གྱི་འགོ་བརྩམས་པ་ནས་བཟུང་ཞི་གནས་ཆུ་མི་འགུལ་བ་ལ་ལྷག་མཐོང་ཉེའུ་ཆུང་འཁྱུག་པ་དེ་འདྲ་རང་ལུགས་སུ་མི་འདོད་པས་ཕྱོགས་སྔའི་ནམ་མ་ལངས་པ་ནས་དགག་སྒྲུབ་ཀྱི་ཉི་མ་ཤར་བའི་དཔེར་སོང་ཞིང་། རྗེས་འབྲང་རྣམས་ཀྱང་ལམ་རིམ་ཆེ་ཆུང་གི་དགོངས་པ་མ་རྙེད་པའི་རི་བོང་ཅལ་སྒྲོགས་ཀྱིས་བསླུས་པར་ཟད་མོད། ལམ་སྒོམ་པའི་ཐོག་མཐའ་བར་གྱི་ཉམས་ལེན་བྱེད་ཚུལ་དང་རྒྱུད་ལ་འཆར་ཚུལ་གྱི་ཕྲ་ཞིབ་ཀྱི་དབྱེ་བ་མ་ཕྱེད་པར་གཅིག་ཏུ་ཞེན་པ་ནི་བྱིས་པ་བཙས་མ་ཐག་པ་དང་ལོ་བརྒྱ་ཙམ་ལོན་པ་གཉིས་ལ་ལུས་ཀྱི་ལང་ཚོ་དར་རྒུད་ལ་ཁྱད་པར་མེད་དོ་ཞེས་སྨྲ་བ་དང་འདྲ་བས་ལེགས་པར་སོམས་ཤིག །དེ་ལྟར་མཉམ་གཞག་ནམ་མཁའ་ལྟ་བུའི་ཉམས་ལེན་བྱས་པས་རྗེས་ཐོབ་ཏུ་ཇི་ལྟར་འབྱུང་ན།


GLG012_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟར་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་རྗེས་ཐོབ་ཀྱི་གནས་སྐབས་སུ་དགག་བྱ་བཀག་པའི་ཤུལ་དུ་ལུས་པའི་ངའི་མིང་ཙམ་ཞིག་སྣང་བ་དེ་སྒྱུ་མ་ལྟ་བུར་འཆར་དགོས་ལ། འཆར་ཚུལ་སྒྱུ་མའི་རྟ་གླང་དང་རྨི་ལམ་གྱི་སྣང་བ་བདེན་མེད་དུ་རྟོགས་པ་དེ་ལུགས་འདིའི་འཆར་ཚུལ་མ་ཡིན་ཏེ། དེ་ལྟར་ན་སྒྱུ་མ་མཁན་དང་རྒན་པོ་བརྡ་ལ་བྱང་བ་རྣམས་ཀྱིས་ཀྱང་འཆར་ཚུལ་དེ་ཤེས་དགོས་ཤིང་། སྔར་གྱི་ལྟ་བའི་དཔྱད་པ་དེ་ཉམས་ལེན་བྱས་པས་འདི་ཡིན་འདི་མིན་གྱི་ངོས་བཟུང་མེད་པའི་སྣང་བ་བན་བུན་དུ་སོང་བ་དག་ཀྱང་སྐབས་འདིའི་སྒྱུ་མ་མིན་ནོ། །འོ་ན་ཇི་ལྟ་བུ་ཞིག་དགོས་སྙམ་ན། སྒྱུ་མས་སྤྲུལ་པའི་རྟ་གླང་རྟ་གླང་མ་ཡིན་པར་རྟོགས་པས་རྟ་གླང་རང་བཞིན་གྱིས་གྲུབ་པ་ལ་གནོད་པ་མི་འབྱུང་བའི་རྒྱུ་མཚན། དཔལ་ལྡན་ཆོས་གྲགས་ཀྱིས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་པར་ནི་ནུས་མ་ཡིན། །ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཞེས་ཚེར་མ་དབྱུང་བ་ལྟ་བུས་མི་ཆོག་པར་གཟུང་བྱའི་ཡུལ་སུན་ཕྱུང་བ་ཞིག་དགོས་པས། སྒྱུ་མའི་རྟ་གླང་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་གིས་མིག་ཤེས་ལ་བསྙོན་མེད་མཐོང་ཡང་། མཐོང་བ་ལྟར་གྱི་རྟ་གླང་མེད་པར་འཇིག་རྟེན་རྒན་པོས་ཀྱང་ཤེས་པ་བཞིན། རྟ་དང་གླང་པོ་རྣམས་ཀྱང་ཕུགས་ཀྱི་འཁྲུལ་རྒྱུས་བསླད་པའི་མཐུས་ཐ་སྙད་པའི་ཤེས་པ་ལ་བསྙོན་མེད་དུ་སྣང་ཡང་། ཁོ་རང་གི་ངོ་བོའི་སྒོ་ནས་རང་བཞིན་གྱིས་སྟོང་པ་སྒྱུ་མ་ལྟ་བུ་ཤེས་


GLG012_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས། སྒྱུ་མས་སྤྲུལ་པའི་སེང་གེ་དེ་དོན་དུ་མེད་པར་ཤེས་བཞིན་དུ། སེང་གེ་དེས་སྒྱུ་མའི་གླང་པོ་གསོད་པ་སོགས་མངོན་སུམ་དུ་མཐོང་ནས་ངེས་ཤེས་འདྲོངས་པ་ལྟར། གང་ཟག་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་ལྟ་བུར་སྣང་བ་དེས་དཀར་ནག་གི་ལས་གསོག་ཅིང་རྣམ་སྨིན་མྱོང་བ་ལ་ངེས་པ་གཏིང་ནས་འདྲོངས་པ་ནི་ཆོས་འདིའི་ཁྱད་ཆོས་ཡིན་ཞེས་བདག་གི་བླ་མ་གསུང་ངོ་། །རྟ་གླང་རང་བཞིན་གྱིས་གྲུབ་པ་རིགས་པས་འགོག་པའི་ཚེ་དེ་ལྟ་བུའི་ཐ་སྙད་པའི་ཤེས་ངོ་དེར་རྟ་གླང་ཡང་དག་པར་འཛིན་པའི་ཤེས་པ་དེ་འཁྲུལ་ཤེས་ཡིན་པ་སྒྱུ་མའི་རྟ་གླང་དང་མཚུངས་ཤིང་། འཇིག་རྟེན་ཤེས་ངོ་ལ་ལྟོས་ན་རྟ་གླང་ཡང་དག་ཏུ་འཛིན་པའི་ཤེས་པ་ནི་མ་འཁྲུལ་པ་དང་། སྒྱུ་མའི་རྟ་གླང་འཛིན་པའི་ཤེས་པ་འཁྲུལ་ཤེས་ཡིན་པའི་ཞིབ་ཆའི་སྤུ་རིས་ཕྱེ་བའི་སྒོ་ནས་དཔེར་བསྟན་པ་ཡིན་གྱི། རྟ་གླང་རང་བཞིན་གྱིས་མ་གྲུབ་པར་བསམས་ཏེ། རྟ་གླང་དང་སྒྱུ་མའི་རྟ་གླང་ཐ་སྙད་ཙམ་དུ་འདྲ་བར་བྱས་ན་འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་དེ། །འཇིག་རྟེན་ཉིད་ལས་བདེན་ཡིན། །ཞེས་པའི་དོན་དང་འགལ་བས་ཀུན་རྫོབ་ལ་སྐུར་བ་བཏབ་པར་འགྲོ་ཞིང་། འཇམ་དཔལ་དབྱངས་ཀྱིས་རྗེ་བླ་མ་ལ་སྣང་ཕྱོགས་ལ་གཙིགས་སུ་བྱེད་དགོས་པར་གསུངས་པ་ཡང་མ་འོངས་པ་ན་གནད་འདི་འདྲ་མ་གོ་བའི་གདུལ་བྱ་རྣམས་ཆད་ལྟར་ལྷུང་གིས་དོགས་པ་ལ་དགོངས་ལ། ལམ་རིམ་ཆེ་ཆུང་དང་རྩ་འཇུག་གི་ཊཱིཀ་ཆེན་རྣམས་སུ་སྣང་ཕྱོགས་ཀྱི་སྒྲུབ་ཚུལ་མང་བས། སྨྲ་བའི་སེང་གེ་སྟག་ཚང་ལོ་ཙཱ་བས། མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་


GLG012_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མས་དཔྱད་ནས་ཁས་ལེན་པ། ཞེས་གསུངས་པ་ཡང་འཁྲུལ་གཞི་འདི་འདྲ་ལས་བྱུང་བར་སྣང་ངོ་། །གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་ཚུལ་ནི། དཔེར་ན་སྤྱི་གཙུག་ནས་རྐང་མཐིལ་ཡན་གྱི་ཡན་ལག་ལྔ་ཚང་བ་འདིའི་སྟེང་དུ་ལུས་ཞེས་ཕར་མིང་གིས་བཏགས་པ་མ་ཡིན་པའི་ཁོ་རང་གི་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་ལྟར་སྣང་བའི་ལུས་དེ་དགག་བྱ་ངོས་ཟིན་པའི་གནད། དེ་ལྟར་གྲུབ་པའི་ལུས་དེ་དང་ལུས་ཀྱི་སྟོད་སྨད་ཡན་ལག་སོགས་གཅིག་གམ་ཐ་དད་གང་རུང་དུ་ཐག་གཅོད་པ་ནི་ཁྱབ་པ་ངེས་པའི་གནད། གཅིག་ཏུ་གྲུབ་ན། ལུས་ཀྱི་མགོ་བོ་དང་རྐང་ལག་ཤ་རུས་པགས་པ་ཞེས་གདགས་གཞི་དང་བཏགས་ཆོས་ཀྱི་དོན་དུ་སོ་སོ་ཐ་དད་དུ་སོང་བར་ངེས་པས་བདེན་པའི་གཅིག་བྲལ་ངེས་པའི་གནད། དེ་གཉིས་ཐ་དད་ཡིན་ན། སྤྱི་གཙུག་ནས་རྐང་མཐིལ་གྱི་བར་གྱི་ལུས་ཀྱི་ཆ་ཤས་རེ་རེ་ནས་བློས་བསལ་བའི་འོག་ཏུ་ལུས་ཞེས་ངོས་འཛིན་རྒྱུ་མེད་པས། ཡན་ལག་ལྔ་ཚང་གི་ལུས་ཀྱི་སྟེང་དུ་རྟོག་པས་ཕར་བཏགས་པའི་ལུས་ཙམ་ལས་ཁོ་རང་གི་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པའི་ལུས་མེད་པ་བདེན་པའི་དུ་བྲལ་ངེས་པའི་གནད། དེ་ལ་ངེས་པ་ལྷང་གི་ཤར་བ་ན་ཆོས་ཀྱི་བདག་མེད་ཀྱི་ལྟ་བ་ཐོག་མར་རྙེད་པ་ཡིན་ནོ། །རྟོག་པས་བཏགས་པ་ལ་ལྟོས་པར་ཡན་ལག་ལྔ་ཚང་བའི་གཟུགས་ཀྱི་སྟེང་ནས་ལུས་རང་བཞིན་གྱིས་གྲུབ་པ་ཡིན་ནོ། །ཤིང་གི་ར་བ་ན་ཡོད་པའི་དུས་ཀྱི་ཡལ་ག་ལོ་མ་དང་ལྡན་པའི་ཤིང་དང་། ཤིང་དེ་བཟོ་བོས་གདུང་འདེགས་ཀྱི་བྱ་བ་བྱས་ཟིན་པའི་སྐབས་གཉིས་ལ་འདི་ནི་ཀ་བའོ་སྙམ་པའི་བློ་འཆར་མཉམ་དགོས་ཤིང་། དེ་བཞིན་དུ་ཟླ་བ་སྔོན་མ་མིང་མེད་པའི་བྱིས་པ་ཞིག་ལ་ཟླ་བ་རྗེས་མ་བཀྲ་ཤིས་ཞེས་བཏགས་ན་དུས་གཉིས་


GLG012_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལ་བྱིས་པ་དེ་མཐོང་བའི་ཚེ་བཀྲ་ཤིས་སོ་སྙམ་པའི་སྣང་བ་འཆར་དགོས་པ་ལ་མི་འཆར་བ་བཞིན་ནོ། །གཞན་ཡང་། རྣམ་པར་ཤེས་པ་འདི་ཁ་སང་གི་ཤེས་པ་དང་དེ་རིང་གི་ཤེས་པ་སོགས་ཆ་མང་པོ་ཞིག་ཚོགས་པའི་གདགས་གཞིའི་སྟེང་ནས་བཏགས་པ་དང་། དུས་ཞེས་པ་ལོ་ཟླ་བ་ཞག་ལ་སོགས་པ་ཚོགས་པའི་སྟེང་ནས་བཞག་པ་དང་། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་བུག་པ་སྟོང་ཕྲག་གཅིག་ལྟ་བུ་ལ་མཚོན་ན་བུག་པ་རེ་ལ་ནམ་མཁའི་ཆ་ཤས་རེ་ཡོད་པས་དེ་རྣམས་ཚོགས་པའི་སྟེང་ནས་ནམ་མཁར་བཞག་པ་སོགས་ཆོས་གང་ལ་ཡང་གནད་བཞིའི་དཔྱད་པ་བྱས་པའི་སྒོ་ནས་ལྟ་བ་གཏན་ལ་འབེབས་པ་ཡིན་མོད། འོན་ཀྱང་ཚིག་གསལ་དུ། ཤིང་རྟ་འཚིག་ན་ཤིང་རྟའི་ཡན་ལག་འཚིག་པ་དཔེར་མཛད་པ་བཞིན། བདག་རང་བཞིན་མེད་པར་རྟོགས་པ་ན་དེའི་གདགས་གཞི་ཕུང་པོ་ལྔ་ཡང་རང་བཞིན་གྱིས་ཡོད་པར་འཛིན་པ་ལྡོག་པར་འགྱུར་བའི་ཤུགས་ཀྱིས་ཆོས་ཀྱི་བདག་མེད་ཀྱང་རྟོགས་འགྲོ་བས། གང་ཟག་གི་བདག་མེད་པར་ལེགས་པར་གཏན་ལ་ཕབ་སྟེ་ཉམས་སུ་བླངས་པའི་ནུས་པས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་མི་དཀའ་ཞིང་། ཆོས་ཀྱི་བདག་མེད་ཀྱང་། བཞི་བརྒྱ་པ་ལས། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བཤད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་དང་། འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་དངོས་པོ་གཅིག་སྟོང་པ་ཉིད་དུ་རྟོགས་ན་གཞན་རྣམས་ཀྱང་རྟོགས་ནུས་པ། །གཟུགས་ལྟ་བུ་གཅིག་ལ་


GLG012_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གང་ཟག་གི་བདག་མེད་ཀྱི་སྐབས་བཞིན་ཉམས་སུ་བླངས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་ཤར་འོང་བས་ན། གོང་མ་རྣམས་ཀྱི་ཕྱག་ལེན་ལ་དཔེར་བརྗོད་འགའ་ཞིག་མཛད་པ་ཡིན་ལ། ཆོས་ཐམས་ཅད་རེ་རེ་བཞིན་ནས་སྒོམ་དགོས་ན་སྒོམ་པ་པོ་ཐོག་མར་འཆི་བ་མེད་པའི་ཚེའི་རིག་འཛིན་སྒྲུབ་དགོས་པར་འགྱུར་ཞིང་། ཐོས་བསམ་གྱི་ཚེ་དཔེར་བརྗོད་ཀྱང་འགའ་ཞིག་བྱས་པས་མ་གྲོལ་ན། རེ་དོགས་མཛུབ་རྩིས་ཀྱི་གཡེང་བ་བཤོལ་ནས་བེམ་པོ་ཞལ་བྲིས་གྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཞུ། སྨྲས་པ། གཏི་མུག་མུན་པ་འཐུག་པོའི་རབ་རིབ་ཀྱིས། །ལུས་སེམས་ཐག་ཁྲར་འཁྱིལ་པའི་སྣང་ཚུལ་ལ། །ངའོ་སྙམ་པའི་དུག་སྦྲུལ་འཇིགས་རུང་གིས། །སྡུག་བསྔལ་གསུམ་གྱི་དངངས་སྐྲག་ཅི་ཡང་མྱོང་། །ངར་འཛིན་སྒྱུ་མའི་རྟ་ལ་བདེན་ཞེན་གྱིས། །མཐའ་མེད་འཁོར་བའི་ཡུལ་ཀུན་དབང་མེད་དུ། །བགྲོད་ནས་རྨི་ལམ་ཡུལ་གྱི་བདེ་སྡུག་ལྟར། །མྱང་བའི་རང་མཚང་མ་རིག་ཤིན་ཏུ་བླུན། །ཡོད་ཡོད་དམ་དུ་གཅེས་པར་བཟུང་པའི་ང་། །ཇི་ཙམ་བཙལ་བས་མ་རྙེད་སྟོང་པའི་གཤིས། །ནམ་མཁའི་བྱ་ལམ་ལྟ་བུའི་རྗེས་མེད་འདིས། །ཆོས་ཀུན་གདོད་ནས་སྟོང་པའི་གནད་ཅིག་རིག །མེད་བཞིན་དམྱལ་བར་སྲེག་པའི་སྡུག་བསྔལ་དང་། །ལྷ་མིའི་འབྱོར་བར་སྤྱོད་པའི་བདེ་བ་སོགས། །སྒྱུ་མ་ལྟ་བུར་ཉམས་སུ་མྱོང་བ་འདི། །རྟེན་འབྲེལ་མི་བསླུ་སྣང་བའི་གནད་ཅིག་རྟོགས། །གདོད་ནས་སྟོང་པ་ཙམ་གྱིས་ཐ་སྙད་དུ། །འཇོག་ཚུལ་བསྙོན་མེད་ཤེས་པ་དབུ་མའི་ལམ། །ཤེས་རབ་རྣོན་པོའི་མཚོན་ཆ་འཁོར་བའི་ཚེ། ཉོན་མོངས་བདག་འཛིན་དམ་པོའི་འཆིང་བ་གཅོད། །


GLG012_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདི་ཐེག་གསུམ་འཕགས་པ་ཐམས་ཅད་ཀྱི། །བགྲོད་པ་གཅིག་པའི་གཤེགས་ཤུལ་ཡིན་གྱུར་ཀྱང་། །ད་ལྟའི་བླུན་རྨོངས་བསྟན་འཛིན་གཟུགས་བརྙན་ཚོའི། །མུན་ནང་འདོམས་པར་བཅའ་བའི་ཉམས་མྱོང་བཞིན། །འོན་ཀྱང་མཚོ་ལྟར་གཏིང་ཟབ་ཟབ་མོའི་གནད། །འཁྲུལ་མེད་སྨྲ་བའི་མགྲིན་པ་གཟེངས་མཐོ་བ། །ཟླ་མེད་ཡོངས་འཛིན་མཆོག་གི་བཀའ་དྲིན་དེ། །བསམས་ཀྱིན་ལེགས་བཤད་ཀུན་བཟང་མཆོད་སྤྲིན་སྤྲོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞི་ལ་བསླབ་པ་ནི་མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་བྱང་ཆུབ་སེམས་དཔའ་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ནས་སེམས་ཅན་གྱི་དོན་བྱེད་པར་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་གཞན་རྒྱུད་སྨིན་པར་བྱེད་པ་ལ་གདུལ་བྱ་སོ་སོའི་ཁམས་དང་འཚམ་པར་ཟང་ཟིང་མི་འཇིགས་ཆོས་ཀྱི་སྦྱིན་པས་འཁོར་རྣམས་བསྡུས། །འདུས་པ་དེ་དག་ལ་བཞིན་མདངས་གསལ་ཞིང་འཛུམ་པའི་སྒོ་ནས་ཁམས་དྲི་བ་སོགས་འཇིག་རྟེན་གྱི་ཚུལ་དང་མཐུན་པས་སྙན་པར་སྨྲ་བ་དང་། དེ་ཉིད་གང་ལ་ཆོས་པའི་ཆོས་ཀྱི་ཕན་ཡོན་བརྗོད་ཅིང་ཁྱད་པར་དབང་པོ་རྟུལ་པོ་དང་སྡིག་པ་སྣ་ཚོགས་བྱེད་པ། ཚེ་འདི་འབའ་ཞིག་དོན་དུ་གཉེར་བ། རབ་ཏུ་བྱུང་བ་བག་མེད་ཅན་སོགས་ལའང་ཡང་དག་པའི་ལམ་ལ་བཀྲི་བའི་ཆེད་དུ་ཆོས་ཀྱི་འབེལ་གཏམ་སྙན་པར་སྨྲའོ། །དེ་


GLG012_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བློ་དགེ་བའི་ཕྱོགས་སུ་སྤྲོ་བར་བྱས་པ་རྣམས་ལ་རིགས་མང་བས་གཏན་གྱི་བདེ་བ་བློར་མི་ཆུད་པ་རྣམས་ལ་ཐར་པའི་ལམ་དང་། ཐེག་དམན་ཐེག་ཆེན་དུ་བཙན་འཁྲིད་བྱེད་པ་ལྟ་བུ། དཔེར་ན་ཚད་པའི་ནད་ཐང་གིས་སྨིན་པར་མ་བྱས་པར་ག་བུར་གྱི་སྦྱོར་བ་བཏང་བས་ནད་འཐོར་ཏེ་གནོད་པ་འབྱུང་བ་བཞིན་གདུལ་བྱ་ལ་མི་ཕན་པས། ཚེ་རིང་བ་དང་ནད་མེད་པ་ལ་དགེ་བ་འདི་ལྟ་བུ་སྒྲུབ་དགོས་ཞེས་པས་མཚོན་པའི་དགེ་བ་ཕྲ་མོ་ནས་རིམ་གྱིས་བྱང་བར་བྱས་ཏེ་མཐར་མྱ་ངན་ལས་འདས་པའི་ཕྱོགས་སུ་བཀྲི་བ་ནི་དོན་སྤྱོད་པ་དང་། དེ་གཞན་གྱིས་སྤྱོད་དུ་འཇུག་པ་ལ་ཡང་རང་ཉིད་ཀྱིས་དོན་དེ་ལ་འཇུག་པར་མ་བྱས་ན། ངེད་རྣམས་ཀྱི་རྒྱུད་འདུལ་བ་ལ་ཐོག་མར་ཁྱོད་རང་དུལ་དགོས་སོ་ཟེར་བ་ལྟ་བུ་འོང་བས། གཞན་གྱིས་ཇི་ལྟར་སྤྱོད་པ་དེ་ལས་ལྷག་པའམ་མ་མཐའ་མཚུངས་པ་ཙམ་ཞིག་ཉམས་སུ་ལེན་པ་ནི་དོན་མཐུན་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། བསྔོ་སྨོན་གྱི་རྒྱས་འདེབས་པའང་དེར་གཏོགས་མོད། གཙོ་ཆེར་སྔར་གྱི་ཉམས་ལེན་རྡོ་རུས་ཐུག་པར་བྱས་རྗེས་རྒྱུན་དུ་སྙིང་པོར་དྲིལ་ནས་ཇི་ལྟར་བྱ་སྙམ་ན། སྐྱབས་སེམས་ཀྱི་དུས་སྐྱེས་བུ་ཆུང་འབྲིང་གི་སྡུག་བསྔལ་རྣམས་བསམ། དེ་རྗེས་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྡིག་བཤགས་ཚོགས་བསག་ལ་ནན་ཏན་བྱས་ནས། དངོས་གཞི་གཏོང་ལེན་སྤེལ་བའི་བྱང་ཆུབ་ཀྱི་སེམས་དང་། ཞི་ལྷག་ཟུང་འབྲེལ་གྱི་དམིགས་པ་སྐྱོང་བ་ཡིན་ནོ། །སྨྲས་པ། སྙིང་ལ་རུས་པ་བཅུག་པའི་བརྩོན་འགྲུས་དང་། །རང་བཞིན་ལྷུན་གྱིས་གྲུབ་པའི་ཤེས་རབ་ཀྱིས། །ཕྱིན་དྲུག་ཟབ་དོན་གནད་རིག་ཉམས་བླངས་པས། །རང་དོན་ཐོགས་མེད་གྲུབ་པའི་རྩེ་མོར་ཕྱིན། །ཉན་རང་ལྟ་བུར་ཞི་བདེའི་དམན་ལམ་དུ། །གྲོལ་མིན་གཞན་རྒྱུད་སྨིན་
བྱེད་བསྡུ་དངོས་བཞི། །རྣམ་དཀའ་འཕྲིན་ལས་ཆད་པ་མེད་པའི་རྒྱུན། །ཡན་ལག་བརྒྱད་ལྡན་ཆུ་བོའི་རྗེས་སུ་འགྲོ། །ཐབས་ཤེས་གཤོག་ཟུང་འབྲེལ་བའི་སྒྱུ་རྩལ་གྱིས། །སྲིད་ཞིའི་ནམ་འཕང་ཡོངས་སུ་བཅད་པའི་མཐར། །སྐུ་གསུམ་འཆི་མེད་འདུན་སར་ཡོངས་རྩེན་པས། །སྔོན་མེད་མཁའ་ལྡིང་དབང་པོ་དིང་འདིར་གྲུབ། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་བསགས་ཏེ་རང་གི་རྒྱུད་སྨིན་ནས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད། བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་གཞན་གྱི་རྒྱུད་སྨིན་པར་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འཁྲིད་པར་བྱེད་པའི་ཐབས་མ་ནོར་པ་ལེགས་པར་སྟོན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱལ་བ་དགྱེས་པའི་གདམས་ངག་དམར་འཁྲིད་ལག་ལེན་དུ་སྟོན་པའི་རིམ་པ་བརྒྱུད་ལྡན་དམ་པའི་གསུང་གི་ཉིང་ཁུ་ནི་དེ་ཙམ་མོ། །མ་ཚང་བ་མེད་པར་ཉམས་སུ་བླངས་པས་འགྲོ་བའི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་ཆོས་མཚུངས་པའི་ཕྱིར་ན། སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །ཞེས་སོགས་བསྔགས་པ་རྒྱ་ཆེར་མཛད་པ་ལགས་སོ། །

མཇུག་བྱང་།


GLG012_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། འདི་སྣང་སྲིད་པའི་ཕུན་ཚོགས་སྐད་ཅིག་གཡོ་ལྡན་འདོད་པའི་རླབས་འཕྲེང་མངོན་པར་འཁྲུག་ལ་སྲེད་པ་ཡིས། །ཕ་མཐའ་ཡོངས་བྲལ་འཁོར་བའི་རྒྱ་མཚོར་རབ་ལྷུང་སྡུག་བསྔལ་གསུམ་གྱི་འཇིགས་རུང་ན་ཀྲས་མགྲིན་འཁྱུད་པས། །ཞི་བདེའི་མཆིང་བུ་འཐོབ་པ་ཙམ་གྱི་གོ་སྐབས་བྲལ་ན་རྙེད་དཀའ་དོན་གཉིས་ཡིད་བཞིན་ནོར་བུ་མཆོག །མངོན་སུམ་ལྟ་ཅི་མིག་ཙམ་ཐོས་པའི་སྐལ་པ་ཆེས་ཕྲ་མ་རིག་འཁྲུལ་པས་བསླད་པའི་འགྲོ་བ་རྣམས། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནགས་ཀླུང་སྟུག་པོ་ཚོགས་གཉིས་ཞུགས་ཀྱིས་བསྲེགས་པ་ཡིས། །ཅུང་ཟད་བཟོད་དཀའ་ཉམ་པའི་


GLG012_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་འབྲོག་དགོན་ལས་ཐར་དམན་ལམ་གཅན་གཟན་འཚེ་བས་དབེན། །མཐོང་ཐོས་ཀྱིས་ཀྱང་ངལ་གསོའི་ཡུལ་གྱུར་གཞན་ཕན་འཕྲིན་ལས་སྨན་ལྗོངས་སྐྱིད་པའི་དགའ་ཚལ་དུ། །ཉེས་པའི་སྐྱོན་ལས་རྣམ་པར་གྲོལ་པའི་སྐུ་གཉིས་ཟུང་འཇུག་སངས་རྒྱས་ས་ལ་དགོད་པའི་ཆེད། །གང་དག་གཅིག་མིན་ཀུན་ལ་རྗེས་བརྩེའི་ཞལ་སྒོར་ཚེམས་དཀར་ཆུ་འཛིན་ལང་ལོང་དབུས། །སྲབ་འཇམ་ལྗགས་ཀྱི་གློག་དམར་ལེགས་འཁྱུག་ཐེག་གསུམ་ཆོས་ཀྱི་འབྲུག་སྒྲ་ཆེར་བསྒྲགས་པས། །མངོན་མཐོ་ངེས་ལེགས་མངལ་ཁུར་རབ་འཛིན་སྟོབས་བཅུའི་རྩལ་གྱི་སྒྲོ་གཤོག་རྣམ་བཀྲའི་གདུགས། །ཟླུམ་པོར་བྱས་ཏེ་ཕན་བདེའི་ཟློས་གར་སྒྱུར་མཛད་འགྲོ་བའི་བླ་མ་ཟས་གཙང་སྲས། །ཡན་ལག་བཅུ་གཉིས་ཐུབ་པའི་གསུང་རབ་བླ་ན་མེད་པའི་བདུད་རྩིའི་རོ། །ཐུགས་གསང་དཔའ་གྱི་བེའུར་ཡོངས་འཁྱིལ་རྒྱལ་ཚབ་གཉིས་ཀྱི་ཞལ་ལུང་གིས། །ཅི་ཡང་མྱོས་པའི་ལེགས་བཤད་གླུར་ལེན་ཀླུ་སྒྲུབ་ཐོགས་མེད་ཤིང་རྟ་ཆེའི། །གྲགས་དཀར་དུ་ཀཱུ་ལ་ཡི་གོས་ཀྱིས་འཕགས་ཡུལ་འཆི་མེད་འདུན་ས་མཛེས། །སྟོང་པའི་མེ་ལོང་གོས་སུ་ཕྱིན་དྲུག་སྤྱོད་པའི་གཟུགས་བརྙན་རྣམས། །འགག་མེད་འཆར་བའི་སྣང་བ་ཉི་མ་འབུམ་གྱི་འོད་པོ་ཆེ། །ལྷག་བསམ་རླུང་གིས་གངས་ཅན་མཁའ་ལ་འདྲེན་མཛད་ཨ་ཏི་ཤའི། །ལུགས་བཟང་ཚོགས་རྣམས་རིང་མོ་ཞིག་ནས་རྨོངས་པའི་སྤྲིན་གྱིས་བསྒྲིབས། །དེའི་ཚུལ་མ་བཟོད་བརྩེ་ཆེན་ཕྱག་སོར་གྱིས། །ལེགས་བཟུང་མཁྱེན་དཔྱོད་འཇམ་དཔལ་རྡོ་རྗེའི་མཚོན། །རྣོན་པོས་ལོག་རྟོག་འཁྲུལ་པའི་དྲ་བ་རྣམས། །གཅོད་མཛད་བློ་གསལ་སྐལ་བཟང་གྲགས་པའི་དཔྱིད། །ཐུབ་གསུང་མེས་པོའི་ཞལ་སྒོ་ལས་བབས་པའི། །བཀའ་དང་དགོངས་འགྲེལ་ཡན་ལག་བརྒྱད་ལྡན་ཆབ། །བཏུངས་པས་དྲང་ངེས་འབྱེད་མཁས་ཙོང་ཁ་པ། །སྔོན་མེད་ཛཧྣུ་ཞེས་ཀུན་གྱིས་གླེང་། །གང་གི་རིང་ལུགས་འཛིན་འདོད་ཀུན་བཟོད་འདིར། །ཆེས་མང་ལྕི་བར་རྡུལ་གྱི་འབབ་ལྡན་མས། །ནོར་འཛིན་བཞིན་རས་ཡོངས་སུ་བཀྲུས་བྱས་ཀྱང་། །ཚུལ་ལྡན་


GLG012_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་མཁས་པ་ཉིན་སྐར་བཞིན། །འཆད་རྩོད་རྩོམ་ལ་སྤོབས་པའི་མགྲིན་མཐོན་པོ། །མ་རྨད་གཡས་སུ་འཁྱིལ་བའི་ཆོས་ཀྱི་དུང་། །སྐལ་བཟང་རྣ་བར་སྒྲོག་པའི་ཡོངས་འཛིན་ཚོགས། །ཐམས་ཅད་མཁྱེན་པར་ངེས་སོ་གཞན་ལས་ཅི། །ཕྱོགས་རེའི་སྨན་གྱིས་ལ་ལའི་དུག་འགྱུར་བའི། །ཟབ་རློམ་གཞན་གྱིས་འགྲན་མིན་བསྟན་པའི་གནད། མ་ལུས་ཚང་བས་སྐྱེས་བུ་རྣམ་པ་གསུམ། །ཡང་དག་ལམ་དུ་བཀྲི་པའི་དོན་ཆེན་ཡིན། །ལམ་རིམ་གཉིས་ཀྱི་ཚིག་དོན་ཟབ་བརླིང་མཁའ། །བློ་གྲོས་ཆུང་ངུའི་བུག་པར་ཤོང་མིན་ལ། །ཕན་འདོད་གསར་བསྐྲུན་མཐའ་གཉིས་ལྷུང་བའི་ཆུ། །དབང་པོའི་སྣོད་དུ་མི་ཁེངས་ལ་ལར་འབོ། །ཡང་དག་དོན་གྱི་འབྲས་བུ་སྨིན་པ་ལ། །གནད་འགག་མ་ཚང་སྐམ་པོའི་ཡལ་ག་དང་། །དོན་མེད་ཚིག་གི་ལོ་མའི་ཕང་ཕུང་ཡང་། །རི་མོའི་མར་མེ་ཇི་བཞིན་གསལ་ཆས་སྟོང་། །དེ་ཕྱིར་དོན་གྱི་ཆ་ཤས་ཀུན་ཚང་ཞིང་། །རྒྱ་ཆེན་ཚིག་གི་རི་དྭགས་གཟུགས་བྲལ་བའི། །སྔོན་མེད་བསྟན་བཅོས་ཟླ་བ་གསར་པ་འདི། །བདག་བློའི་རྫིང་ལས་སྐྲུན་ནུས་ག་ལ་སྲིད། འོན་ཏེ་གཞུང་དོན་རྟོགས་དཀའི་གནད་ཀྱི་རྒྱུད། །མང་ཐོས་སོར་མོའི་རྩལ་གྱིས་བཀུག་པའི་མདས། །ཕྲ་ཞིང་ལེགས་བཤད་རྒྱང་མའི་ཚད་བཞག་ཚེ། །མཁས་རློམ་འཕོངས་སྐྱེན་རྣམས་ཀྱི་ཁེངས་པ་ཕྲོགས། །ལུང་དོན་རིགས་པས་དཔྱོད་པའི་ཕ་མཐའ་ལ། །གཟིགས་པའི་སྤྱན་གྱི་དཀྱུས་དེ་ཆེས་ཐུང་ཡང་། །མི་དགེའི་གཏམ་གྱི་གར་སྒྱུར་ལྗགས་ཀྱི་རྩེ། །སྲིད་པའི་རྩེ་མོར་སྙེག་རྣམས་ངལ་གསོ་མཛོད། །གུར་ཀུམ་ཚོས་ཀྱང་བཙོས་པའི་ལ་བའི་ཞྭས། །རང་རིགས་བསྟན་པ་ཟིན་ན་ཆེས་ལེགས་ཀྱི། །ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་ཚོགས། །རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང་། །གཏི་མུག་གོམས་པའི་དབང་རྟུལ་རག་གན་ལ། །བསྟན་འཛིན་དམ་པའི་གསེར་སྦྱངས་བཙོ་མ་ཞེས། །མཁས་མང་ཚོང་འདུས་ཆེན་པོའི་སར་འགྲིམས་ཚེ། །མི་ཤེས་ངན་པའི་རང་མདོག་བསྟན་པས་ནོངས། །ན་ཚོད་ཆེས་ཕྲའི་སྒོ་ངའི་


GLG012_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྦུབས་རྒྱ་ནས། །རྣམ་དཔྱོད་རྩལ་ཀུན་རྫོགས་པར་རབ་དཀའ་མོད། །ལང་ཚོའི་སྒྲོ་གཤོག་རྒྱས་ཀྱང་བཤད་སྒྲུབ་ཀྱི། །ནམ་མཁར་འཕུར་ནུས་མིན་པའི་བྱ་དེས་ཅི། ཁོ་བོ་མ་བསླབས་མཁྱེན་པའི་སྙན་གྲགས་ཀྱི། །ཅལ་སྒྲོག་མང་པོའི་ཡིད་དབང་མ་འཕྲོག་ཀྱང་། །ཕོངས་པའི་ནོར་བཞིན་འབད་པས་སྒྲུབ་པ་ཡི། །ལྔ་རིག་ཕྱོགས་ཙམ་ཤེས་འདིས་གཟེངས་སུ་མཐོ། །མཛད་མཆོག་གསུང་གི་སྙིང་པོ་དཀའ་བའི་མདུད། །རྣམ་པར་འགྲོལ་བའི་བསོད་ནམས་སུ་ཝརྞའི། །འཁོར་ལོ་རྩིབས་སྟོང་འབར་བས་མི་འཇིགས་བཞིའི། །བང་རིམ་རྩེ་མོའི་ཁང་པར་བགྲོད་གྱུར་ཅིག །ཞྭ་སེར་མནབས་པའི་ལུགས་འཛིན་སྐྱོང་པའི་ལྷ། །ཕྱག་དྲུག་ལས་གཤིན་ལྷ་ཆེན་མིག་གི་མེས། །འདོད་ལྟ་སྡེ་བཅས་སྲེག་དང་ཆབས་ཅིག་པར། །ལུང་རྟོགས་བ་དན་སྲིད་རྩེར་སྒྲེང་གྱུར་ཅིག །རང་བློའི་དྲོད་ཀྱིས་འཁྲིད་གཞུང་གསེར་སྒོང་དག །སྨིན་པའི་འབྲས་བཟང་སྐུ་བཞིའི་ཞལ་སྒོ་ཅན། །མི་ཟད་རྒྱན་གྱི་འཁོར་ལོའི་བྱེད་པ་པོ། །ཀུན་མཁྱེན་མེས་པོར་འགྲོ་རྣམས་གྱུར་ཅིག་གུ། དེ་ལྟར་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གཞུང་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་སོགས་འགའ་ཞིག་སྣང་བ་སྟོད་ཆ་རྣམས་བཤད་ཡམས་སུ་སོང་བས་དམིགས་པའི་ཐོག་ཏུ་མི་འདྲིལ་ལ། སྨད་ཆ་རྣམས་ཧ་ཅང་བསྡུས་པས་གང་ཟག་ལས་དང་པོ་རྣམས་ལ་ཉེ་བར་མི་མཁོ་ཞིང་། བློ་གྲོས་ཀྱི་རྩལ་དང་ལྡན་པ་རྣམས་ནི་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་གསུང་རབ་ལ་བལྟ་བའི་བློ་གྲོས་ཀྱི་མིག་དང་ལྡན་བཞིན་དུ་ཡི་གེ་གཞན་ལ་བརྟེན་པ་ཡན་ལག་བརྒྱད་ལྡན་གྱི་མཚོ་འགྲམ་དུ་བ་ཚྭའི་ཁྲོན་པའི་དཔེར་སོང་མོད། བརྒྱུད་པའི་བཀའ་སྲོལ་འདི་པར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཡན་ཆོད་དུ་ལམ་རིམ་གཉིས་དང་། བླ་མ་བརྒྱུད་པའི་ཞལ་ལུང་ཉམས་པ་མེད་པ་ཉིད་ལས་ཟིན་བྲིས་ཀྱི་ཡི་གེ་འདི་ལ་བརྟེན་གྱི་སྒྲོས་མི་འདུག་ཅིང་། སྤྱན་སྔ་རིན་པོ་ཆེ་གཞོན་ནུ་ཆོས་དཔལ་བཟང་པོ་ཡན་ཆོད་དུ་བདུད་རྩི་གསེར་གྱི་ཡང་ཞུན་ལ་རྩ་བར་མཛད། ལམ་རིམ་ཆེ་ཆུང་གཉིས་ནས་ཁ་བཀང་སྟེ་


GLG012_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་ལས་འཁྲིད་ཡིག་ནག་འགྲོས་སུ་བཀོད་པ་མེད་ཀྱང་། ཡུལ་ཉང་སྟོད་དཔལ་འཁོར་བདེ་བ་ཆེན་པོའི་སྒྲུབ་སྡེ་རི་ཁྲོད་དགའ་ལྡན་གྱི་སློབ་དཔོན་པ། ཨེ་རིག་པའི་འབྱུང་གནས་ཀྱི་ཡུལ་གྲུར་སྐྱེས་པའི་མདོ་སྔགས་རབ་འབྱམས་སྨྲ་བ་བྱམས་པ་རིན་ཆེན་གྱིས་འབད་པ་ཆེན་པོས་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་ཉམས་འཁྲིད་སྨིན་རྒྱས་སུ་མནོས་ཏེ། འཁྲིད་དམིགས་ཡི་གེར་འཁོད་པ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བ་ལ་བརྟེན་ནས། སྤྱིར་ཉམས་འཁྲིད་ཀྱི་རིགས་བརྒྱུད་ལྡན་བླ་མའི་ཞལ་སྒོ་ལས་ཉེ་བར་མནོས་པ་ཞིག་མ་བྱུང་ན། ཀླག་ལུང་དང་དཔེ་ཙམ་གྱི་སྟེང་ནས་ཉམས་སུ་ལེན་པ་བརྒྱུད་པ་མེད་པས་རང་གཞན་ལ་ཕན་པར་མི་འགྱུར་བར་མ་ཟད། །ཆོས་ལ་དབང་ཟ་བའི་སྐྱེ་བོ་སྙིང་ཁམས་ཅན་འདྲས་རང་གིས་ཉམས་འཁྲིད་མ་ཐོབ་བཞིན་དུ་གཞན་ལ་འཆད་པ། ཇོ་བོ་བཀའ་གདམས་པ་རྣམས་ཀྱིས་རང་ལ་ཉམས་ལེན་མེད་པར་གཞན་ལ་སྟོན་པ་བུམ་སྟོང་གཅིག་ནས་གཅིག་ཏུ་འབྱོ་བར་གསུངས་པ་ལས་ཀྱང་དམན་པའི་དུས་ཚོད་འདིར། ལག་ལེན་དམར་འཁྲིད་དུ་གསལ་བར་ཡི་གེར་འབྲི་བ་གཅིག་ཏུ་བསྟན་པའི་རྒྱུན་ལ་མི་ཕན་པར་འདུག་ནའང་། སྙིགས་མར་སྤྱོད་པའི་སྐྱེ་རྒུ་བློ་གྲོས་དམན་པ་རྣམས་ཀྱིས་བླ་མའི་གསུང་སྒྲོས་ཚུལ་བཞིན་དུ་མ་ཟིན་པར་ལོག་བཤད་ཀྱི་ཉེས་པའང་འབྱུང་བས་གཉིས་སུ་བསྟན་པ་ལ་ཕན་པའང་སྲིད་སྙམ་པའི་བློས། བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གཞུང་འཇམ་དཔལ་དབྱངས་ཀྱི་ཞལ་ལུང་ཞེས་བྱ་བ་འདི་ནི། རྒྱལ་བའི་གསུང་རབ་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་རྩོད་དུས་ཀྱི་ཀུན་མཁྱེན་ཆེན་པོ་འཁོན་སྟོན་ཆོས་ཀྱི་རྒྱལ་པོའི་ཞལ་ལུང་དྲི་མ་མེད་པ་འཇམ་དབྱངས་བླ་མའི་དྲིན་ལས་ལེགས་པར་ཐོས་ཤིང་སྨྲ་མཁས་ངག་གི་དབང་ཕྱུག་རྗེ་བཙུན་བླ་མ་དཀོན་མཆོག་ཆོས་འཕེལ་བའི་དྲུང་དུ་ལམ་གྱི་རིམ་པ་ཆེན་མོ་ཚིག་གཅིག་ཀྱང་མ་ལུས་པའི་ཟབ་བཤད་ལན་གཉིས་ཀྱི་བར་དུ་མནོས་པའི་བཀའ་དྲིན་ལས་ཆོས་ཚུལ་འདི་ཉིད་སྨྲ་བ་ལ་སྤོབས་པའི་མགྲིན་པ་


GLG012_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་འདེགས་ནུས་པའི་སྐལ་བ་ཅན་དུ་གྱུར་པའི་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་མིང་གཞན་འཇམ་དབྱངས་དགའ་བའི་བཤེས་གཉེན་དུ་འབོད་པས། འཕགས་པའི་ཡུལ་དུ་བི་ལམྦྷ་ཞེས་ཕྱོགས་འདིར་རྣམ་འཕྱང་དུ་འབོད་ཅིང་། འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་ཝུ་ཟུའི་ཞེས་པ་ས་ཕོ་ཁྱིའི་ལོ། ལེགས་སྦྱར་གྱི་སྐད་དུ་ཤྲ་ཎར་གྲགས་པ་བྱ་སྦོ་ཟླ་བ། རྒྱ་ནག་པ་ཆཱི་ཡོལ་ཞེས་ཧོར་ཟླ་བདུན་པ། དུས་འཁོར་བའི་མུན་པའི་མུན་པ་གསལ་བ་འབྲིང་པོའི་དགའ་བ་ཡོན་ཏན་གྱི་དབྱངས་ཨཱ་ལ། གསལ་བྱེད་མཱ་ལ། དབྱངས་འཆར་བའི་དམར་ཕྱོགས་དགའ་བ་གཉིས་པ། དབྱངས་ཨཱ། གསལ་བྱེད་ཚ། ན་ཚོད་བྱིས་པ། ཁམས་ས། འདོད་ཡོན་དྲི། ཉི་མ་མེ་བཞིའི་འགྲུབ་སྦྱོར་གྱི་ཏཏྐཱ་ལ་སེང་གེའི་དུས་སྦྱོར་ལ། བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་ཚལ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་བྲིས་པ་སུ་དྷི་ཤཱ་ས་ནཱ་ནཱཾ་བ་སནྟེ་ཥཱ་ད་ཡནྟུ། མངྒ་ལ་བྷ་ཝནྟུ། །ཨོཾ་སྭ་སྟི། རྣམ་འདྲེན་ཡོངས་ཀྱི་གསུང་རབ་སྙིང་པོའི་དོན། །དུས་གསུམ་རྒྱལ་བ་སྲས་བཅས་བགྲོད་གཅིག་ལམ། །འཕགས་ཡུལ་ཤིང་རྟ་ཆེ་ལས་བརྒྱུད་པའི་སྲོལ། །ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་འཁྲིད། །ཀུན་ལ་གྲགས་པའི་བཀའ་གདམས་ལུང་བསྟན་བཞིན། །ཀུན་གྱི་ཕན་བདེའི་འབྱུང་གནས་ཡིད་བཞིན་ནོར་། །ཀུན་མཁྱེན་ཕྱག་ན་པདྨོ་ལྔ་པའི་གསུང་། །ཀུན་ནས་ཚིག་དོན་ཕུན་ཚོགས་ལེགས་བཤད་འདི། །པར་དུ་བསྐྲུན་པའི་རྣམ་དཀར་ཟླ་འོད་ཀྱི། །རྗེས་འགྲོ་འདིས་མཚོན་དུས་གསུམ་དགེ་བའི་མཐུས། །མཁའ་དང་མཉམ་པའི་མ་རྒན་ཡིད་ཅན་རྣམས། །ཐེག་མཆོག་དགེ་བའི་བཤེས་དང་འབྲལ་མེད་ཤོག །ཞིང་མཆོག་བླ་མ་རྒྱལ་བ་སྲས་བཅས་ལ། །ནམ་ཡང་སྐྱོན་རྟོག་སྤངས་ནས་རབ་གུས་ཤིང་། །འདི་དང་ཕྱི་མའི་འཁོར་བའི་ཕུན་ཚོགས་ལ། །ཡིད་ཀྱི་རེ་བ་མ་ཚང་མ་མེད་པར་


GLG012_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །འགྲོ་རྣམས་བསྒྲལ་འདོད་བྱང་ཆུབ་སེམས་བསྐྱེད་དང་། །ཕ་རོལ་ཕྱིན་དྲུག་ལམ་བཟང་གོམས་པའི་མཐུས། །རང་གཞན་དོན་གཉིས་ཕུན་ཚོགས་མཐར་ཕྱིན་པའི། །བདེ་གཤེགས་གོ་འཕང་མྱུར་དུ་ཐོབ་པར་ཤོག །ལྷ་མཆོག་འཇམ་དཔལ་དགྱེས་པའི་ཞལ་ལུང་སོགས། །འཁྲུལ་མེད་དགའ་ལྡན་བསྟན་པའི་ཆོས་ཚུལ་རྣམས། །བཤད་སྒྲུབ་རྣམ་པར་དག་པས་ལེགས་འཛིན་པའི། །སྐལ་ལྡན་སྐྱེས་བུས་ས་སྟེང་ཁྱབ་གྱུར་ཅིག །འདིར་འབད་ཚོགས་ཀྱང་ཚེ་ལས་ཐམས་ཅད་དུ། །མདོ་སྔགས་ལམ་བཟང་རྣམས་དང་མི་འབྲལ་ཞིང་། །དེ་ཡི་འགལ་རྐྱེན་མ་ལུས་ཞི་བ་དང་། །མཐུན་རྐྱེན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་གསལ་བྱེད་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་བྱམས་པས་བྱང་ཆུབ་ལམ་རིམ་གྱི་འཁྲིད་ཡིག་འཇམ་དཔལ་ཞལ་ལུང་དང་། བློ་སྦྱོང་དོན་བདུན་མའི་འཁྲིད་ཡིག་གཉིས་པར་བགྲེས་སྐྱོན་ཆེ་ངེས་འདུག་པས་གསར་བསྐྲུན་དགོས་ཞེས། ཁ་བཏགས་ནང་མཛོད། སྨན་ཡུག །གོས་ཡུག །གསེར་སྲང་ལྔ། དངུལ་སྲང་ལྔ་བཅུ་བཅས་བསྐུལ་མ་གནང་བ་བཞིན་གསར་དུ་བརྐོས་པའི་པར་བྱང་དུ་ཤཱཀྱའི་དགེ་སློང་སྐལ་བཟང་རྒྱ་མཚོས་སྦྱར་པའོ།། །།ཤུ་བྷཾ།།


GLG012_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousབྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་འཇམ་པའི་དབྱངས་ཀྱི་ཞལ་ལུང་།next