Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

5 occurrences of ཧ་ཅང་བྱེད་པ་
[Clear Hits]


  
collapse section
  
  
སྔོན་འགྲོའི་རིམ་པ་བཤེས་གཉེན་བསྟེན་ཚུལ་སོགས་བཤད་པ།
  
 
 
  
  
expand section
  
  
  
  
 
  
  


5 occurrences of ཧ་ཅང་བྱེད་པ་
[Clear Hits]

 
previousསྔོན་འགྲོའི་རིམ་པ་བཤེས་གཉེན་བསྟེན་ཚུལ་སོགས་བཤད་པ།next

སྔོན་འགྲོའི་རིམ་པ་བཤེས་གཉེན་བསྟེན་ཚུལ་སོགས་བཤད་པ།


GLG012_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་རིམ་པ་བཤེས་གཉེན་བསྟེན་ཚུལ་སོགས་བཤད་པ།ཅེས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ། འདྲེན་པ་མཉམ་མེད་ཟས་གཙང་གི་སྲས་པོས་ལེགས་པར་བཀའ་སྩལ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་གནད་འགག་མ་ལུས་པ་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱིས་དགོངས་པའི་དོན་རང་དབང་དུ་བཀྲལ་བ་དེ་དག་གི་རྗེས་སུ་འབྲང་བའི་པཎྚི་ཏ་རྣམས་ཀྱིས་བཤད་པས་གཏན་ལ་ཕབ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཐུགས་ཉམས་སུ་བསྟར་བ་ཐམས་ཅད་འཁྲུལ་པ་མེད་པར་དཔལ་


GLG012_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཅིག་དཱི་པཾ་ཀ་རས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞེས་མན་ངག་ཉམས་ལེན་གྱི་ཚུལ་དུ་དྲིལ་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་སོགས་པ་མཛད་དེ་སྤེལ་བས་ཚུལ་དེའི་རྗེས་སུ་འཇུག་པའི་ཇོ་བོ་བཀའ་གདམས་པ་གྲགས་པ་མཁས་བཙུན་བཟང་གསུམ་གྱི་བརྟུལ་ཞུགས་མ་ཉམས་པར་འཛིན་པ་གནམ་གྱིས་ས་བཀབ་པ་ལྟ་བུས་གངས་ཅན་གྱི་ལྗོངས་འདི་ཡོངས་སུ་ཁྱབ་པར་གྱུར་པ་ལས། སླར་ཡང་དུས་ཀྱི་བསྐལ་པས་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་སེལ་བའི་སླད་དུ་ཤིང་རྟ་ཆེན་པོ་གཉིས་པ་ལྟར་འཇམ་དབྱངས་མིའི་སྲིད་པའི་གར་མཁན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་དུ་གྲགས་པའི་སྔོན་མེད་ལེགས་པར་བཤད་པའི་བསྟན་བཅོས་ཆེན་པོ་འདི་དག་ཉིད་ཐེག་པ་གོང་འོག་གི་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་རེ་ཙམ་ལ་ཞེན་ནས་ཉི་ཚེ་བའི་བླང་དོར་ལ་འཇུག་པ་མ་ཡིན་པར། བཤེས་གཉེན་སྟོན་པས། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཞེས་པའི་དོན་དང་མཐུན་པས། སྐྱེས་བུ་ཆུང་ངུའི་སྐབས་ནས་བཤད་པའི་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སྙིང་ཐག་པ་ནས་འཇིགས་ཏེ་དེ་ལས་ཐར་འདོད་ཀྱི་བློ་ཉེས་ཅན་བཙོན་ར་ལ་སྐྱུགས་ལོག་པ་ལྟ་བུའི་བསམ་པ་རྒྱུད་ལ་མ་སྐྱེས་པའི་གང་ཟག་ལ་སྐྱེས་བུ་འབྲིང་གི་སྐབས་ནས་བསྟན་པའི་མཐོ་རིས་ལྷ་མིའི་ཕུན་ཚོགས་ཀྱི་བདེ་བ་ཀུན་ལ་མངོན་འདོད་ཀྱི་སྲིད་པ་མེད་པའི་སྲིད་པ་འཁོར་བའི་ངང་ཚུལ་མཐའ་དག་མེ་འབར་པའི་ཀློང་ལྟར་མཐོང་ནས་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བསམ་པ་བཅོས་མ་མ་ཡིན་པ་སྐྱེ་བའི་གོ་སྐབས་མེད་ཅིང་། འཁོར་བ་ལས་ཡིད་འབྱུང་བའི་མྱོང་བ་ཅུང་ཟད་ཀྱང་མེད་པར་སེམས་ཅན་གཞན་ལ་དམིགས་པའི་བཅོས་


GLG012_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གྱི་སྙིང་རྗེ་ཆེན་པོ་མཚན་ཉིད་པ་ནི་སྐྱེ་བ་ག་ལ་སྲིད། སྙིང་རྗེ་ཆེན་པོ་རྒྱུད་ལ་མ་སྐྱེས་པར་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་སྤྱོད་པ་ཕྱིན་དྲུག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་དེ་ནམ་མཁའི་པདྨོ་དང་ཆོས་མཚུངས་པས་ན། དངོས་བསྟན་རང་ཉིད་ངན་འགྲོ་ལས་ཐར་པའི་ཐབས་ཀྱི་ཆོས་སྐོར་ལྟ་བུ་དང་། རང་དོན་དོར་ནས་གཞན་ཕན་ལྷུར་ལེན་པའི་སྐོར་རྣམས་ཚིག་ལ་འགལ་བ་ལྟར་སོམ་ཉིར་གྱུར་པ་རྣམས་ཀྱང་དོན་གྱི་ཆ་ལ་རྒྱུ་འབྲས་སམ་ལམ་གྱི་གཙོ་བོ་དང་ཡན་ལག་གི་ཚུལ་གྱིས་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གསུང་རབ་ཐམས་ཅད་གཅིག་གྲོགས་སུ་གཅིག་འགྲོ་བ་ཞིག་དགོས་པས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། དེ་ལྟར་གྱུར་པའི་དོན་རྣམས་ཉམས་སུ་ལེན་པའི་ཚེ་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །གསུང་རབ་གདམས་པར་ཤར་བ་མེད་པས་ནོངས། །ཞེས་ལུང་གི་བསྟན་པ་གཏན་ལ་ཕབ་པའི་རྒྱུ་ལས་འབྲས་བུ་རྟོགས་པའི་བསྟན་པ་སྒྲུབ་པའི་གནད་མ་གོ་བ་དེ་འདྲ་མིན་པའི། རྣལ་འབྱོར་པ་ཆེན་པོས། གདམས་ངག་ལ་ནང་བྱན་ཆུད་པ་ནི་བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི་གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར། ཞེས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་སྣ་གཅིག་ཡན་ཆད་སྒྲུབ་པའི་ཐབས་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་རྣམས་ལས་དངོས་ཤུགས་གང་རུང་གི་སྒོ་ནས་མ་བསྟན་པ་མེད་ནའང་དེ་དག་ཟབ་ཅིང་བརླིང་བས་བློར་ཆུད་དཀའ་བ་རྣམས་ལ་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་མོ་རྣམས་ལས་གསལ་བར་བསྟན་པས་གསུང་རབ་དང་དགོངས་འགྲེལ་ནས་མ་བཤད་པའི་ཉམས་སུ་ལེན་ཚུལ་


GLG012_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཟུར་པ་ཅུང་ཟད་ཙམ་ཡང་མེད་ལ། དེ་དག་ནས་རྒྱ་ཆེར་བཤད་པའི་དོན་ཐམས་ཅད་ལམ་གྱི་རིམ་པ་འདི་ཉིད་ཀྱི་སྐབས་སུ་སྔོན་འགྲོ་དང་དངོས་གཞི་མཇུག་གི་རིམ་པ་གསུམ་དུ་ཧྲིལ་གྱིས་འདུ་ཞིང་ཚང་བ་ལ་ངེས་པ་རྙེད་པ་ནི་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། དེ་ལྟ་བུའི་གདམས་ངག་ཏུ་གསུང་རབ་ཐམས་ཅད་རྫོགས་པར་འཆར་ན། བཤད་མ་ཐག་པའི་བཀའ་དང་དགོངས་འགྲེལ་ཐམས་ཅད་ཐོས་བསམ་གྱིས་གཏན་ལ་ཕབ་ཆོག་པ་ལ་ལམ་སྒྲོན་བསྟན་རིམ་ལམ་རིམ་སོགས་སུ་མིང་གིས་བཏགས་པའི་གླེགས་བམ་ལོགས་སུ་བྱེད་པ་ཅི་ཞིག་སྙམ་ན། དུས་ཀྱི་དབང་གིས་གདུལ་བྱ་རྣམས་ཀྱང་བློ་གྲོས་ཀྱི་མཐུ་ཇེ་དམན་དུ་གྱུར་པའི་ཚེ་དོན་རྟོགས་དཀའ་བ་དང་ཚིག་གི་ཆ་ཧ་ཅང་མང་བ་ལ་སྒྲོ་འདོགས་གཅོད་པར་མི་ནུས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པའི་མན་ངག་ལ་བརྟེན་ནས་ལམ་གྱི་རིམ་པའི་བསྟན་བཅོས་སོགས་སུ་བསྡུས་པ་ཡིན་ལ། དེ་ལྟར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་ཚིག་དོན་རྒྱ་ཆེན་པོ་དག་དེར་མ་འདུས་པས་ལྷག་ཆད་དུ་འགྱུར་རམ་སྙམ་དུ་མི་སེམས་ཏེ། ཚིག་གི་ཆ་མཐའ་དག་ནི་ཡོངས་སུ་རྫོགས་པར་འདུ་མི་དགོས་ཤིང་དོན་ཐམས་ཅད་འདུས་པས་དཔེར་ན་ག་བུར་ཉེར་ལྔ་བའི་སྨན་གྱི་ཕུང་པོ་ཤིན་ཏུ་ཆེ་བ་དག་ལས་སྨན་སྣ་ཐམས་ཅད་ཚང་བའི་ཐུན་ཆུང་ངུ་ཞིག་གིས་གང་ཟག་གཅིག་གི་ཚ་བའི་ནད་སེལ་བ་ཡིན་གྱི། དེས་སྨན་གྱི་ཕུང་པོ་ཡོངས་རྫོགས་ཟ་མི་དགོས་པ་བཞིན་ནོ། །རྒྱུ་མཚན་དེའི་ཕྱིར་བླ་མའི་མན་ངག་ལ་བརྟེན་ནས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། དེས་ན་གསུང་རབ་དགོངས་འབྲེལ་དང་བཅས་པ་ནས་མ་བསྟན་པའི་གང་ཟག་གཅིག་སོ་སྐྱེ་


GLG012_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་ཀྱི་སའི་བར་དུ་བགྲོད་པའི་སྤང་བྱ་སྒྲིབ་གཉིས་ཀྱི་གཉེན་པོ་ནི་ཅུང་ཟད་ཙམ་ཡང་མི་སྲིད་ལ། བསྟན་བཅོས་འདིར་གསུང་རབ་ཐམས་ཅད་ཀྱི་དོན་འདུས་པའི་ཕྱིར་ན་ཚུལ་འདི་ཉམས་སུ་བསྟར་བས་ཉེས་པའི་སྒོ་ཐམས་ཅད་ཁེགས་པར་འགྱུར་ཞིང་། ཁྱད་པར་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས་ལ། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་པའོ་ཞེས་སོགས་གསུངས་པ་ལྟར་གྱི་ཆོས་སྤོང་བ་ལ་བརྟེན་པའི་ཉེས་པ་མཐའ་དག་ཁེགས་པར་འགྱུར་བས་ན་ཉེས་སྦྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་བཞི་དང་ལྡན་པའི་གདམས་པ་འདི་ཉམས་སུ་ལེན་པར་བྱེད་པ་ལ་སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་སྔོན་འགྲོའི་རིམ་པ་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གོང་མ་གོང་མ་རྣམས་འོག་མ་འོག་མའི་སྔོན་འགྲོ་ཡིན་པས་སྐྱེས་བུ་ཆེན་པོ་ཉིད་དངོས་གཞིར་བྱས་ནས་འབྲིང་ཡན་སྔོན་འགྲོར་བསྡུས་ཀྱང་བློ་སྦྱོང་སོགས་ཀྱི་འཁྲིད་ཚུལ་གཞན་རྣམས་དང་ཆ་མཐུན་པས་མི་རུང་བ་མེད་མོད། སྤྱོད་པ་སྤྱི་བསླབ་ཀྱི་ས་བཅད་དུ། ཐེག་ཆེན་སྤྱི་ལ་བསླབ་ཚུལ། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ལོ་ཞེས་པ་ལྟར་ན་སྔགས་ཀྱི་སྐབས་སུ་སྤྱོད་པ་ཕྱོགས་ཀྱི་སྐོར་རྣམས་ཀྱང་སྔོན་འགྲོར་འགྲོ་བས་འཁྲིད་དམིགས་གཙོ་བོ་ངོས་ཟིན་པར་བྱས་ནས་སྔོན་འགྲོ་དངོས་གཞིའི་དབྱེ་བ་ཕྱེད་དགོས་ཀྱི། གཞན་དུ་ན་ཕ་རི་ལ་ལྟོས་ནས་ཚུ་རི་དང་ཚུ་རི་ལ་ལྟོས་ནས་ཕ་རིར་འཇོག་པ་བཞིན་དུ་སྐབས་དོན་གྱི་ངོ་བོ་ངོས་མ་ཟིན་པའི་འཁྲུལ་བའི་ལམ་དུ་


GLG012_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱན་པ་མང་བའི་ཕྱིར། བརྒྱུད་ལྡན་དམ་པའི་ཞལ་ལུང་ཉམས་སུ་མྱོང་པའི་ཕྱག་ལེན་མཐོང་བརྒྱུད་ལ་ལྟོས་པ་གལ་ཆེ་བས་དལ་འབྱོར་རྙེད་དཀའི་སྐོར་ནས་བཟུང་ལྷག་མཐོང་གི་བར་ཐམས་ཅད་ལུགས་འདི་ལ་ལམ་གྱི་དངོས་གཞིར་བྱ་དགོས་པ་ཡིན་ནོ། །སྨྲས་པ། མ་དག་སྣོད་ཀྱི་སྐྱོན་སྤངས་གཟུར་གནས་ཀྱི། །རྣ་བར་དམ་པའི་ཆོས་ཀྱི་དབྱངས་སྙན་པོ། །ཡོངས་འཛིན་ཞལ་གྱི་སྒོ་ལས་ཉེར་ཐོས་པ། །བསྐལ་པར་བསྒྲུབ་པའི་བསོད་ནམས་ཟོང་གིས་རྙེད། །ཁྱད་པར་རྒྱ་བོད་མཁས་གྲུབ་མ་ལུས་པའི། །ཐུགས་ཀྱི་ཉིང་ཁུ་ཆེ་བ་བཞི་ལྡན་ཆོས། །མཆོག་དམན་འགྲོ་ལ་རིས་མེད་ཕན་པའི་སྨན། །བདུད་རྩིའི་སྤུན་ཟླ་གཉིས་པ་རྙེད་དཀའི་ལམ། །ལམ་མཆོག་འདི་འདྲ་ཐོས་བསམ་སྒོམ་གསུམ་གྱིས། །ཉམས་སུ་བླང་བྱར་ཡོད་པའི་སྐལ་བཟང་རྣམས། །མནོག་ཆུང་ཚེ་འདིའི་འདུན་མ་རྒྱང་བསྲིངས་ཏེ། །ཞེན་ལོག་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས། །འདུ་འཛིས་དབེན་པའི་ས་འཛིན་མཐོན་པོའི་ངོས། །སྤང་ལྗོངས་ནགས་ཚལ་མེ་ཏོག་ཁོར་ཡུག་ཅན། །རྡོ་བའི་སྤྱིལ་ཆུང་རང་ཤོང་ཁང་བུ་རུ། །གྲིབ་མ་གཉིས་པའི་གྲོགས་དང་ལྷན་ཅིག་པར། །ལྷུང་ལྷུང་དལ་གྱིས་འབབ་པའི་ཉལ་འགྲོ་དང་། །བག་ཕེབས་རི་དྭགས་རྒྱུ་བའི་སྐད་གཉིས་ལས། །གཞན་དུ་དུག་གསུམ་བསྐྱེད་པའི་ལོང་གཏམ་གྱིས། །བསམ་གཏན་ཚེར་མའི་བྱེད་པོ་དམིགས་སུ་མེད། །ཕྱག་དར་ཁྲོད་པའི་གོས་དང་བསོད་སྙོམས་ཀྱིས། །ཉེར་འཚོ་དཀོར་ནག་དུག་ཆུས་མ་སྦགས་པས། །རྣམ་དཀར་དགེ་ལ་སྐུལ་ནུས་ལུས་ངག་ཡིད། །གཏན་གྱི་བདེ་སྒྲུབ་འདུན་མའི་ཡང་རྩེར་སོན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེས་ན་དང་པོ་སྔོན་འགྲོ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་སྔོན་


GLG012_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྐྱབས་སེམས་དང་། དངོས་གཞི་བཤེས་གཉེན་བསྟེན་པའི་ལམ་ཉམས་སུ་ལེན་ཚུལ་དངོས་གཉིས། དང་པོ་ནི་མཁས་པ་ཁ་ཅིག །ཆོས་ཐམས་ཅད་ཀྱི་ཐོག་མ་བཤེས་གཉེན་བསྟེན་ཚུལ་ཁོ་ན་ཡིན་པས་དེའི་སྔོན་དུ་འགྲོ་བའི་ཆོས་གཞན་མེད་པར་འཆད་ཅིང་དེ་ལ་དག་ཁུངས་སུ་བྱེད་པ་མང་དུ་སྣང་ཡང་། དེ་ལྟར་ན་བཤེས་གཉེན་བསྟེན་པའི་ཆོས་སྐོར་ལ་བློ་སྦྱོང་བའི་བྱང་ཆུབ་ལམ་གྱི་རིམ་པའི་ཆེད་དུ་བྱ་བའི་གདུལ་བྱ་ཡང་ཡིན་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བ་ཡང་ཡིན་པ་ཞིག་ཁས་ལེན་དགོས་པར་འགྱུར་ཞིང་། དེ་ལྟ་བུའི་གདུལ་བྱ་དེ་སྐྱབས་སུ་མ་སོང་བའི་རྒྱུ་མཚན་གྱིས་ནང་པ་སངས་རྒྱས་པའི་གྲལ་དུ་མི་ཚུད་དེ། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པར་ཇོ་བོ་རྗེ་དང་ཤཱན་ཏི་པ་བཞེད་ཅིང་། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་ཡིན་པ་བྱང་ཆུབ་ལམ་གྱི་རིམ་པའི་ས་བཅད་ལས་གསུངས་པས་སོ། །ལ་ལ་དག་སྐྱབས་སུ་འགྲོ་བ་ཙམ་ལ་འགལ་བ་མེད་ན་ཡང་། །སེམས་བསྐྱེད་པ་མི་རིགས་ཏེ། བཤེས་གཉེན་བསྟེན་པའི་འོག་ཏུ་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམས་འབྱུང་བས་སོ། །ཞེས་འཆད་པ་ནི་འཐད་པར་མི་སེམས་ཏེ། སྐྱེས་བུ་ཆུང་ངུའི་ཆོས་སྐོར་ལ་སྐྱེས་བུ་ཆུང་ངུ་དངོས་དང་དེ་དང་ཐུན་མོང་བའི་ཆོས་སྐོར་གཉིས་སུ་གསུངས་པ་ལས་སྐབས་འདིར་ཉམས་སུ་བླང་བྱ་ནི་སྐྱེ་བ་ཕྱི་མ་མངོན་མཐོའི་ལུས་རྟེན་ཙམ་དོན་དུ་གཉེར་བའི་སྐྱེས་བུ་ཆུང་ངུའི་སྐོར་མ་ཡིན་པར་སྐྱེས་བུ་ཆེ་འབྲིང་གི་ལམ་གྱི་རྟེན་གཞིར་གྱུར་པའ་ིཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་ཡིན་པས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་


GLG012_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་གསུངས། །ཞེས་དང་། གལ་ཏེ་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་རྣམས་སྐྱེས་བུ་ཆེན་པོའི་སྔོན་འགྲོ་ཡིན་ན་སྐྱེས་བུ་ཆེན་པོའི་ལམ་རིམ་དུ་བྱས་པས་ཆོག་མོད། ཆུང་འབྲིང་དང་ཐུན་མོང་བའི་ལམ་རིམ་ཞེས་ཐ་སྙད་བྱ་ཅི་དགོས་ཤེ་ན་ཞེས་གསུངས་པས་སྐབས་འདིར་འཆད་པའི་ཡུལ་ནི་སྐྱེས་བུ་ཆེན་པོའི་གདུལ་བྱ་ཡིན་ལ། དེ་ལ་སྔོན་འགྲོའི་ཚུལ་དུ་སྐྱེས་བུ་ཆུང་ངུ་བསྟན་པ་ཡིན་པས་ན་སེམས་བསྐྱེད་ཀྱི་རྩིས་ཟིན་པར་སྐྱོན་མེད་པར་མ་ཟད་ཤིན་ཏུ་ལེགས་པའོ། ཁྱད་པར་བདག་གི་བླ་མ་དམ་པའི་ཁྲིད་གཞུང་བདུད་རྩི་གསེར་ཞུན་ལ་གཞི་མཛད། ལམ་གྱི་རིམ་པ་གཉིས་ནས་ཁ་བསྐངས་ཏེ་གནང་བས་དེར་སྐྱབས་སེམས་ཀྱི་གསལ་ཁ་ཡོད་དོ། །གཞུང་ཆེན་མོ་རྣམས་སུ་འདིའི་སྐབས་སྐྱབས་སེམས་བྱེད་པའི་གསལ་ཁ་མ་བྱུང་བས་རང་གིས་ཉམས་འཁྲིད་ཞུ་མ་མྱོང་བའི་དབང་གིས་གསུང་རྒྱུན་དང་ཕྱག་ལེན་མཐོང་ཐོས་མེད་པའི་རྩལ་བཤད་མཁན་པོ་རྣམས་ཡུས་པའང་ཐུགས་མེད་དོ། །དེས་ན་ཐོག་མར་སྐྱབས་སུ་འགྲོ་བ་ནི་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་སངས་རྒྱས་ཀྱི་མཐུ་ལས་མ་བྱུང་པའི་རྒྱུ་གཞན་གྱིས་འགྲོ་བ་རྣམས་སྲིད་ཞིའི་རྒུད་པ་ལས་ཐར་བ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་ལོངས་སྤྱོད་དུ་ཡོད་པ་ནི་ཅུང་ཟད་ཙམ་ཡང་མེད་ཅིང་། ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་སངས་རྒྱས་དེ་ཉིད་དམ་པའི་ཆོས་འགོག་པ་དང་ལམ་གྱི་བདེན་པ་ལས་བྱུང་ལ། དེ་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་ཡང་སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ་རག་ལུས་པའི་ཕྱིར་ན་སྐྱབས་ཡུལ་དམ་པ་དེ་རྣམས་ལ་བདག་དུས་དེང་ནས་བཟུང་སྟེ་


GLG012_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མ་ཐོབ་ཀྱི་བར་དུ་མགོན་སྐྱབས་དང་དཔུང་གཉེན་ཞུ་སྙམ་པའི་དད་པ་ལྷང་ལྷང་བ་ཞིག་སྔོན་དུ་བཏང་ལ་སྐྱབས་མགོན་དེ་རྣམས་དགྱེས་པའི་ཚུལ་གྱིས་བདག་གི་མགོན་སྐྱབས་སུ་མངོན་སུམ་དུ་བྱོན་ཡོད་སྙམ་པའི་མོས་པ་དུང་དུང་བ་ཞིག་བྱས་པའི་མཐུས་སྐྱབས་གནས་དེ་དག་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་མངའ་བས་བྱ་ནམ་མཁལ་ལ་འཕུར་བ་ལྟར་གདུལ་བྱ་རྗེས་སུ་འཛིན་པའི་དོན་དུ་འབྱོན་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། གང་ཞིག་མོས་པ་གཙོར་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །ཞེས་མོས་ངོ་ཙམ་མ་ཡིན་པའི་དོན་དང་མཐུན་པ་ཞིག་ངེས་པར་འོང་གསུང་། གསང་སྔགས་ཀྱི་འཁྲིད་གཞུང་རྣམས་ལྟར་དམིགས་སྐོར་སྤྲོས་པ་ཅན་མི་མཛད་མོད། མདོ་ལུགས་དང་འབྲེལ་བའི་ཉམས་སུ་ལེན་ཚུལ་འདི་ཙམ་ཞིག་མེད་པར་སྐྱབས་འགྲོའི་ཚིག་མང་དུ་བརྗོད་པ་ངག་འཆལ་གྱི་སྒོ་ཁེགས་པ་ཙམ་དུ་ཟད་དོ། །དེ་ལྟར་སྐྱབས་ཡུལ་ངོས་བཟུང་བ་དེ་ལ་སྐྱབས་སུ་འགྲོ་བའི་མཁན་པོ་རང་ཉིད་ཀྱིས་ཇི་ལྟར་སྐྱབས་སུ་འགྲོ་ན། ལས་དང་ཉོན་མོངས་པའི་དབང་གིས་མཐའ་མེད་ཅིང་གཏིང་ཟབ་པའི་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་འདིར་ཆུད་ནས་སྡུག་བསྔལ་གསུམ་གྱིས་མནར་པའི་ཚུལ་ལ་དགྲ་མི་ཤ་འོས་ད་ལྟ་རང་གསོད་དུ་ཆ་བ་ཙམ་གྱི་འཇིགས་སྐྲག་དང་། འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་ནས་དད་པ་དང་ཡོན་ཏན་ཁྱད་པར་ཅན་དེ་རང་རྒྱུད་ལ་མངོན་དུ་བྱ་འདོད་པ་དང་། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེར་ཤེས་སྙམ་པའི་ཡིད་ཆེས་ཀྱི་བློ་ལིངས་བསྐྱུར་དང་། སེམས་ཅན་རྣམས་ལ་དམིགས་པའི་སྙིང་རྗེའི་དབང་གིས། འདི་རྣམས་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་


GLG012_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་མེད་ཀྱང་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་རྒྱབ་རྟེན་བཅོལ་ན་ཡོད་པར་ངེས་པ་རྣམས་ཀྱི་སྒོ་ནས་འདི་ལྟར་བརྗོད་དགོས་པས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་འཕྲེང་བ་ལྟ་བུར་བརྩིས་ཏེ་ཉུང་མཐའ་ཉེར་གཅིག་ནས་མང་མཐའ་སུམ་བརྒྱ་ཙམ་དུ་བརྗོད་པ་ནི་ཐུན་ཆེ་ཆུང་འཚམ་པ་ཡིན། ཐོག་མ་ནས་དགེ་སྦྱོར་ལ་འཇུག་མདོག་བྱེད་པ་དེ་ཉམས་ལེན་བྱེད་མི་ཤེས་པའི་རྟགས་ཡིན་པས། ཇི་སྐད་དུ། དེ་ཡང་དང་པོ་ཡུན་རིངས་ན་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་ཞིང་། དེ་ལ་གོམས་ན་བློ་འཆོས་དཀའ་བས་ཐུན་ཆུང་ལ་གྲངས་མང་བར་བྱ། སྒོམ་འདོད་པའི་འཕྲོ་ལ་བཅད་ཀྱིན་བྱས་ན་ཕྱི་མ་རེས་ཀྱང་འཇུག་སྙིང་འདོད། གཞན་དུ་ན་མལ་མཐོང་བའི་ཚེ་སྐྱུགས་ལོག་ལོག་འོང་ཞེས་ཐོག་མ་ནས་སྣ་བརྡབས་པའི་ཆོས་དྲེད་དུ་མ་སོང་བ་གལ་ཆེའོ། །སྐྱབས་འགྲོའི་ཉམས་ལེན་ཟིན་པའི་མཇུག་ཏུ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རློབ་ཏུ་གསོལ། ཁྱད་པར་དུ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། ཞེས་ལན་བདུན་ནམ་ཉེར་གཅིག་སོགས་སྐབས་དང་སྦྱར་བ་གདུང་ཤུགས་དྲག་པོའི་སྒོ་ནས་བརྗོད་དོ། །འདི་ནི་ཞིང་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་པའི་མཐུས་འོག་ནས་འབྱུང་བའི་དམིགས་སྐོར་


GLG012_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྒྱུད་ལ་སྐྱེ་བའི་དགོས་པ་ཁྱད་པར་ཅན་ཡོད་པས། ཇི་སྐད་དུ། བཟུང་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློ་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་ནི་མན་ངག་ཡིན་ནོ། །ཞེས་ཐོག་མར་སྐྱབས་འགྲོ་དགོས་པའི་ཤེས་བྱེད་ཤིན་ཏུ་ཆེ་ཞིང་། འདི་ནས་བཟུང་སྟེ་སྐྱབས་འགྲོའི་བསླབ་བྱ་མདོར་བསྡུས་ཙམ་ལ་བསླབ་དགོས་པའི་ཕྱིར་མཆོད་པའི་སྒོ་ནས་ཚོགས་གསོག་པ་ཡང་ཤུགས་ཀྱིས་ཐོན་ནོ། །འུར་རྡོ་གཅིག་གིས་བྱ་བརྒྱ་དུས་གཅིག་ཏུ་འདེད་པ་ལྟར་ཐོག་མར་སྐྱབས་སུ་སོང་སྟེ་གསོལ་བ་བཏབ་པས་ཞིང་ཁྱད་པར་ཅན་གྱི་མཐུས་ལམ་རྣམས་རྒྱུད་ལ་སྐྱེ་བ་ཡིན་གྱི། དམིགས་སྐོར་ཚན་པ་རེ་རེ་བཞིན་གྱི་མཇུག་ཏུ་གསོལ་འདེབས་ཀྱི་ཚིག་བརྗོད་དགོས་པ་ནི་མིན་ནོ། །སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཉམས་སུ་བླང་བར་བགྱིའོ། །ཞེས་པའི་དོན་ཡིད་ལ་དྲན་བཞིན་པའི་ངང་ནས་ཚིག་ངག་ཏུ་ལན་གསུམ་མམ་བདུན་གང་ཡང་རུང་བ་བརྗོད་དེ་སེམས་བསྐྱེད་པས་འོག་ནས་འབྱུང་བའི་དགེ་བ་མཐའ་དག་སངས་རྒྱས་འཐོབ་པའི་རྒྱུར་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན་ནོ། །གཉིས་པ་དངོས་གཞི་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དངོས་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། ཞེས་བསྟེན་བྱ་དགེ་བའི་བཤེས་གཉེན་དེ་ཉིད་ཀྱང་ལྷག་པའི་བསླབ་པ་གསུམ་གྱི་


GLG012_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་རྒྱུད་ལེགས་པར་དུལ་ཞིང་། མང་དུ་ཐོས་པ་ལུང་གི་ཡོན་ཏན། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་ཁྱད་པར་བ། སློབ་མ་རྣམས་ལས་ཆེས་ལྷག་པའི་ཡོན་ཏན་ཁྱད་པར་འཕགས་པ། ལུང་དོན་རིགས་པས་འབྱེད་ནུས་པའི་རྣམ་དཔྱོད་ཀྱིས་གདུལ་བྱའི་རྣ་བར་སྙན་ཞིང་ཡང་དག་པའི་ལམ་ལ་བཀྲི་བར་མཁས་པ། རྙེད་བཀུར་སོགས་ལ་ལྟོས་པ་མེད་པར་འགྲོ་བ་ཉམ་ཐག་པ་ལ་བརྩེ་བའི་སྙིང་རྗེ་ཅན། གཞན་གྱི་དོན་སྒྲུབ་པ་ལ་རྩོལ་བ་དང་ལྡན་པའི་བརྩོན་འགྲུས། ཡང་ཡང་འཆད་པ་ལ་སྐྱོ་ངལ་མེད་པའི་དཀའ་སྤྱད་ཁུར་དུ་བཟོད་པའི་ཡོན་ཏན་རྣམས་མངའ་བའི་བླ་མ་དམ་པ་དེས་དམ་པའི་ཆོས་སྟོན་པའི་སྣོད་དུ་གྱུར་པའི་གདུལ་བྱ་ནི་བཞི་བརྒྱ་པར། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་པོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། །ཞེས་རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་ལ་ཞེ་སྡང་བའི་ཕྱོགས་ལྷུང་དང་བྲལ་ཞིང་། ཉེས་བཤད་དང་ལེགས་བཤད་ཀྱི་བླང་དོར་འབྱེད་ནུས་པའི་བློ་གྲོས་ཅན། དམ་པའི་ཆོས་ལ་དོན་གཉེར་ཆེན་པོ་དང་ལྡན་པ། ཆོས་སྨྲ་བ་ལ་གུས་ཤིང་ཡིད་ལེགས་པར་གཏོད་པ་སྟེ་ཡོན་ཏན་ལྔ་དང་ལྡན་པའི་སློབ་མ་ཞིག་དགོས་ལ། དེ་ལྟ་བུའི་སློབ་དཔོན་དང་སློབ་མ་ཟུང་དུ་འབྲེལ་ན་གཤོག་པ་གཉིས་ལྡན་གྱི་བྱ་མཁའ་ལ་འཕུར་བ་ལ་ཚེགས་མེད་པ་བཞིན་རྣམ་གྲོལ་སྒྲུབ་པ་ལ་དེ་ཙམ་གྱི་དཀའ་བ་མིན་པས་མཚན་ཉིད་དེ་ལྡན་གྱི་སློབ་མ་དེས་ཀྱང་བཤེས་གཉེན་བསྟེན་པའི་ཚུལ་ལ་བསམ་པས་བསྟེན་པའི་ཚུལ་དང་། སྦྱོར་བས་བསྟེན་པའི་ཚུལ་གཉིས། དང་པོ་ནི། །དཀོན་མཆོག་ཏ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །


GLG012_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་བསེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་ལ་མི་ཕྱེད་པའི་དད་པ་ཞིག་ངེས་པར་སྔོན་དུ་འགྲོ་བ་གལ་ཆེ། དེ་ལ་ཡང་བཤེས་གཉེན་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཏུ་མཐོང་དགོས་པ་ལ། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །ཞེས་འོ་སྐོལ་ལས་མ་དག་པའི་གདུལ་བྱ་རྣམས་ཀྱི་སྣང་བ་ལ་སྐྱོན་ཡོན་འདྲེས་མར་འོང་བས་ཐོག་མར་སྐྱོན་རྟོག་གི་བློ་དེ་དགག་དགོས། དེ་ཁེགས་ན་ཡོན་ཏན་ཀུན་དང་ལྡན་པ་ཞིག་ཤུགས་ཀྱིས་འོང་བ་ལས་འོས་མེད། སྐྱོན་རྟོག་གི་བློ་སེལ་བ་ལ་ཡང་དཔེར་ན་སྨན་པ་མཁས་པས་སྨན་ནུས་པ་ཅན་བཏང་བས་ཚེ་ནད་བག་ལ་ཞ་བ་རྣམས་ཀྱང་བསླང་སྟེ་ནད་ཟུག་ཅུང་ཟད་བསྐྱེད་ནས་ཞི་འགྲོ་བ་ལྟར་ཐོག་མར་བླ་མ་དེའི་མཛད་པ་སྐྱོན་ལྟར་སྣང་བ་རྣམས་ཀྱང་ཆེད་དུ་གཉེར་ནས་གསལ་འདེབས་དགོས་པ་ནི། དགྲ་གཉེན་བར་མའི་འགྲོ་བ་སྔར་ནས་རང་ཉིད་ལ་རྒྱུས་ཡོད་པ་ཞིག་གི་སྤྱོད་ཚུལ་རྣམས་ཆེད་དུ་མ་བརྟགས་པའི་ཚེ་ལམ་མེ་ཞིག་ལས་མི་འབྱུང་ཞིང་། དེ་ལ་བརྟེན་པའི་དུག་གསུམ་གྱི་རྟོག་པ་རྣམས་ཀྱང་མངོན་གྱུར་དུ་མི་སྐྱེ་ལ། དེའི་སྣང་ཚུལ་ལ་རྟོག་པ་འོག་འགྱུའི་ཚུལ་གྱིས་དཔྱད་པ་ན་དེ་དག་གི་བྱ་བྱེད་བཟང་ངན་རྣམས་སྔར་འདས་ཟིན་པ་མ་ཡིན་པའི་ད་ལྟ་བྱེད་བཞིན་པ་ལྟ་བུའི་སྣང་བ་འཆར་ཞིང་། དེ་ལ་བརྟེན་པའི་དགའ་སྡུག་གི་རྟོག་པ་ལྷན་སྐྱེས་སུ་འཆར་བ་བཞིན། ག་རེ་བདག་གི་དཔལ་ལྡན་བླ་མ་དམ་པ་དེའི་སྐུའི་དབྱིབས་


GLG012_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་གདངས་ཐུགས་དཀྱེལ་ཆེ་ཆུང་། མདོར་ན་འབྱོན་བཞུད་ན་བཟའ་བཞེས་ཚུལ་སོགས་ཕྲ་མོ་རྣམས་ཀྱིས་མཐའ་བརྟེན་པའི་མཛད་པ་བཟང་ངན་འབྲིང་གསུམ་ཅི་འདྲ་ཞིག་ཡོད་པ་ཐམས་ཅད་ཡང་ཡང་གསལ་གདབ་ཅིང་རང་བབས་སུ་འཆར་བཅུག་པ་ན་སྣང་ཚུལ་ལེགས་ཉེས་མངོན་སུམ་དུ་ད་ལྟ་མཛད་པ་ལྟར་ལྷང་ལྷང་གི་འཆར་བས་དེ་མ་བྱུང་གི་བར་དུ་བསམ། དེ་ནས་འདི་ལྟར་སྣང་བ་དེ་བླ་མ་ལ་སྐྱོན་ཡོང་ནས་སྣང་བ་ཡིན་ནམ་མེད་བཞིན་དུ་སྣང་བ་གང་ཡིན་སྙམ་པའི་ཐེ་ཚོམ་ཞིག་ཤར་བྱུང་བ་ན། བླ་མ་དམ་པ་འདི་ཉིད་ལ་ཉེས་པའི་སྐྱོན་དེ་འདྲ་ག་ལ་མངའ། རང་ཉིད་ཚེ་རབས་ཐོག་མ་མེད་པ་ནས་ལས་ཉོན་གྱི་སྒྲིབ་པས་ཧ་ཅང་སྦགས་ཆེས་པའི་མཐུས་མེད་བཞིན་དུ་སྣང་བར་འདུག །དབང་ཤེས་འཁྲུལ་པའི་ངོར་ཤིན་ཏུ་དཀར་བའི་གངས་རི་སྔོན་པོར་འཆར་བ་དང་། མཁྲིས་པའི་ནད་ཀྱིས་གཙེས་པའི་མིག་ཤེས་ཀྱིས་དུང་སེར་པོར་མཐོང་བ་དང་ཁྱད་པར་ག་ལ་ཡོད། རང་རེ་དུག་གསུམ་གྱི་གཞན་དབང་ཁོ་ནར་གྱུར་པའི་འགྲོ་བ་རྣམས་དང་རིགས་མཐུན་པའི་ཚུལ་གྱིས་དོན་མཛད་པ་ལ་མ་དག་པའི་སྣང་ཚུལ་དེ་འདྲ་ཆེད་དུ་གཉེར་ནས་མ་བསྟན་པའི་ངེས་པ་ཅི་ཡོད་སྙམ་དུ་ཡང་ཡང་བསམ། དེ་ཡང་བླུན་སྒོམ་མོས་པ་ཙམ་གྱི་སྒོམ་གྱིས་རྐྱེན་མི་ཐེག་པས་དཔེ་དང་གཏན་ཚིགས་ལས་ངེས་པ་རྙེད་དགོས་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཐམས་ཅད་དང་ལྡན་པ་དེ་ལའང་ལེགས་སྐར་དང་ལྷས་བྱིན་དང་མུ་སྟེགས་བྱེད་ལ་སོགས་པ་རྣམས་ཀྱི་སྐྱོན་དང་ཉེས་པའི་གོང་བུར་མཐོང་ཞིང་། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོ་ཁོག་སྨད་འབུས་གཡེངས་པར་གཟིགས་པ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སློབ་དཔོན་


GLG012_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་རྒད་པོ་ཆོས་གོས་ཀྱིས་ཐོད་བྱས་ནས་རྨོ་རྨོད་ཅིང་རོལ་ནང་གི་སེམས་ཅན་མང་པོ་ཆུ་ནང་དུ་འཚོད་པ། ནཱ་རོ་པས་ཏེ་ལོ་པ་ཉ་གསོན་སྲེག་བྱེད་པ། དགེ་ཚུལ་ཚེམ་བུ་བས་རྡོ་རྗེ་ཕག་མོ་མཛེ་མོར་མཐོང་བ་དང་། ཡབ་སྲས་མཇལ་བའི་མདོ་ལས་དེ་བཞིན་གཤེགས་པས་བདུད་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ཡང་བཤད་པས་རྒྱུ་མཚན་དེ་དག་དང་རང་གི་མཐོང་ཚུལ་ལ་ཁྱད་པར་མེད་སྙམ་དུ་བསམས་པ་ན་དེའི་གོང་དུ་བླ་མའི་མཛད་པ་རྣམས་ལ་ཡིད་མི་བདེ་བའི་ནག་ཡོར་རེ་བའི་རྣམ་པ་འདྲ་བ་ཞིག་ཡོད་པ་དེ་དཔྱད་སྒོམ་གྱི་ཉམས་ལེན་འདི་དག་ལ་བརྟེན་ནས་མུན་པའི་ཁུང་བུར་ཉི་མའི་ཟེར་ཞུགས་པ་བཞིན་དུ་བླ་མ་དེ་སྐྱོན་དང་བྲལ་བའི་གསལ་སིང་ངེ་བའི་རྣམ་པར་འཆར་གསུངས་པ་ནི་བསྒོམས་ན་ངེས་པར་ལས་དང་པོ་བ་ལའང་ཉམས་སུ་མྱོང་ངེས་སུ་གདའ། དེ་ལྟར་ངེས་པའི་དོན་དུ་བླ་མ་དེ་སྐྱོན་དང་མི་ལྡན་པར་ཡིད་ཆེས་རྙེད་པས་ཡོན་ཏན་ཀུན་ཚང་དུ་ཤུགས་ལ་རྟོགས་ནའང་རང་གི་བློ་ཤུགས་གང་དྲག་པ་དེའི་ནུས་པས་དེའི་འགལ་ཟླར་གྱུར་པའི་སྐྱོན་ཡོན་མཐའ་དག་ཟིལ་གྱིས་ནོན་འགྲོ་བ་ཆོས་ཉིད་ཡིན་ཏེ། བཤེས་གཉེན་དེ་ལ་མཁས་པ་བཙུན་པ་གྲུབ་པ་བཟང་བ་སོགས་ཐ་ན་དངོས་པོ་ལ་ཞེན་ཆགས་ཆུང་བ་ཀློག་བཟང་ལྟ་བུའི་ཡོན་ཏན་སྣ་རེ་ཡོད་ནའང་ཡོན་ཏན་ཁྱད་པར་ཅན་འདི་དང་འདི་འདྲ་བ་མངའ་སྙམ་པའི་བློ་ཤུགས་དྲག་པོས་ཡང་ཡང་བསམས་ན་སེར་སྣའི་དངོས་འཛིན་ཆེ་བའམ་ཐོས་པ་ཉུང་བ་སོགས་སྐྱོན་གྱི་རིགས་ཡོད་ཚེ་མནན་ཏེ་མི་མངོན་པ་ལྟ་བུར་འགྲོ་བ་ནི་གནམ་སྟོང་གི་དུས་སུ་ཟླ་བ་མཁའ་ལ་ཤར་ཡང་ཉི་མའི་འོད་ཀྱིས་བལྟར་མི་མངོན་པ་དང་མཚུངས་པས་སྐྱོན་གྱི་ཆ་ཕྲ་མོ་ཡང་དགག་གང་ཐུབ་


GLG012_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་ཏན་ཆུང་ངུ་ལ་ཡང་དད་པ་ཅི་འཕེལ་དུ་བྱ་བ་ནི་རང་ལ་ལེགས་ཚོགས་དངོས་གྲུབ་ཐམས་ཅད་གྱི་རྩ་བར་ཡོད་པས་གནད་ཤིན་ཏུ་ཆེ། དེ་ལྟར་མི་འཕྲོགས་པའི་དད་པ་ཁྱད་པར་ཅན་ནི་རང་ཉིད་ལ་དངོས་སུ་བཀའ་དྲིན་གྱིས་ཕན་པར་གྱུར་པ་མིན་ནའང་སྙན་པའི་གྲགས་པ་ཐོས་པ་ཙམ་ལ་ཡང་འབྱུང་མོད། གུས་པ་ཆེན་པོ་སྐྱེད་པར་བྱེད་པ་ལ་བཀའ་དྲིན་རྗེས་སུ་དྲན་པ་གལ་ཆེ་བས་སྐྱོན་དང་བྲལ་ཞིང་ཡོན་ཏན་མ་ལུས་པ་དང་ལྡན་པའི་བདག་ཉིད་ཅན་སངས་རྒྱས་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ཡོད་ནའང་རང་ཉིད་སྐལ་པ་དམན་པས་དེ་དག་ལས་བཀའ་དྲིན་ནོད་ས་མེད་ལ། བདག་གི་བླ་མ་དམ་པ་འདིས་དམུ་རྒོད་གདུལ་དཀའ་བའི་འགྲོ་བ་རྣམས་འདྲེན་པའི་སླད་དུ་དུས་གསུམ་བདེ་གཤེགས་ཀུན་གྱི་རང་གཟུགས་ཐ་མལ་པའི་རྣམ་པར་སྤྲུལ་ནས་བྱོན་པས་སྐྱོན་ཟད་ཅིང་ཡོན་ཏན་དང་ལྡན་པའི་ཆ་ནས་སངས་རྒྱས་རྣམས་དང་ཁྱད་པར་མ་མཆིས་ཀྱང་། རང་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་སྟེ། སྤྱིར་སངས་རྒྱས་རྣམས་ཆོས་སྐུ་བདེ་བ་ཆེན་པོའི་ངང་ལས་གཡོ་བ་མེད་བཞིན་དུ་བྱང་སེམས་འཕགས་པ་གདུལ་བྱ་ཐུན་མོང་མ་ཡིན་པ་རྣམས་ཀྱི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པར་སྟོན། སྐུ་དེ་ཉིད་ཉན་རང་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་དུ་མ་གྱུར་པས་འཛམ་བུའི་གླིང་དུ་མཆོག་གི་སྤྲུལ་སྐུའི་ཚུལ་གྱིས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། སངས་རྒྱས་དེ་རྣམས་ལ་ཉེ་རིང་ཡོད་པའི་དབང་གིས་རང་རེ་རྣམས་ཆེད་དུ་གཉེར་ནས་ཡལ་བར་དོར་བ་མ་ཡིན་ཡང་བྲག་ཕུག་ཁ་བྱང་བསྟན་ལ་ཉི་མ་མི་འཆར་བ་བཞིན་རང་ཉིད་ལས་དང་སྐལ་བ་མེད་པའི་དབང་གིས་སངས་རྒྱས་དེ་རྣམས་དངོས་སུ་མཇལ་བ་དང་གསུང་གི་བདུད་རྩི་མྱང་བའི་སྣོད་དུ་མ་གྱུར་པས་


GLG012_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་ཀྱི་འཁོར་བ་འདིར་འཁོར་ཏེ་སྡུག་བསྔལ་མྱོང་བཞིན་པ་འདིར་ཟད། ད་རེས་མི་ལུས་ཐོབ་པའི་དུས་འདིར་བཤེས་གཉེན་དམ་པ་འདི་རྣམས་དང་མ་མཇལ་ན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་ཐོས་པའི་མི་ཁོམ་པའི་གནས་སུ་འཁྱམ་དགོས་པ་ལ། སངས་རྒྱས་དངོས་སུ་མཇལ་ཡང་དེ་ཕན་ཆད་ལས་འགྲོ་རྒྱུ་མེད་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ནི་དགེ་བའི་བཤེས་གཉེན་གྱིས་ལེགས་པར་བསྟན་ཅིང་ཐོས། རང་གིས་ཉམས་སུ་ལེན་པར་ནུས་ན་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པར་ནི་ཐེ་མི་ཚོམ། ཚེ་འདིར་དགྲ་དང་ནས་སོགས་ཀྱི་འཇིགས་པ་ལས་སྐྱོབ་ཅིང་ཟས་གོས་འབྱོར་བ་སྟེར་བར་བྱེད་པ་ལ་ཡང་དྲིན་ཆེ་བར་བྱེད་ན་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་སེལ་བ་དང་གཏན་གྱི་བདེ་བ་བླ་ན་མེད་པ་སྟེར་བར་མཛད་པའི་བཀའ་དྲིན་འདི་ནི་སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་བར་ག་ལ་ནུས། རང་ངོས་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་བླ་མ་དམ་པ་བཀའ་དྲིན་ཆེ་ཞིང་ལྷག་པར་གདོན་མི་ཟ་སྙམ་པའི་གུས་པ་དང་དད་པ་སྙིང་ཁོང་རུས་པའི་གཏིང་ནས་བསམ་ཞིང་། ལུས་ཀྱི་བ་སྤུ་གཡོ་བ་དང་མིག་ནས་མཆི་མ་མ་བྱུང་གི་བར་དུ་བསྒོམ། སྤྲོ་བར་འདོད་ན་སྡོང་པོ་བཀོད་པ་ལས་འབྱུང་བའི། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གདངས་སྙན་པོས་གསལ་འདེབས་ཀྱི་ཚུལ་དུ་བྱེད་པར་གསུངས་སོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི་བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །ཅེས་བཤེས་གཉེན་དམ་པ་དེ་མཉེས་པ་རྣམས་བསྒྲུབ་ཅིང་མི་མཉེས་པ་


GLG012_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤོང་བ་ཞིག་དགོས་པ་ཡིན་པས་སྔོན་བདག་ཅག་གི་སྟོན་པས་ཚིགས་བཅད་གཅིག་ཐོས་པའི་དོན་དུ་སྐུ་ལུས་ལ་མར་མེ་སྟོང་བཙུགས་པ། ལྕགས་གཟེར་སྟོང་བཏབ་པ། བུ་དང་བཙུན་མོ་མངའ་འབངས་ལོངས་སྤྱོད་ཐམས་ཅད་ཕུལ་བ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས། ནཱ་རོས་ཏཻ་ལོ། ཇོ་བོ་ཆེན་པོས་བླ་མ་གསེར་གླིང་པ་ལ་བྱང་ཆུབ་ཀྱི་སེམས་ཞུ་བའི་དོན་དུ་རྒྱ་མཚོ་ཆེན་པོར་དཀའ་བ་སྦྱད་པ། འབྲོམ་གྱིས་ཇོ་བོ། བསེས་འབྲོག་མི། མི་ལས་མར་པ་བསྟེན་པ་སོགས་དམ་པ་གོང་མ་རྣམས་ཀྱི་རྣམ་པར་ཐར་པ་ལ་ལུས་ལོངས་སྤྱོད་ཐམས་ཅད་ལ་ལྟོས་པ་མེད་པར་དཀའ་བ་སྤྱད་པ་བསམ་གྱིས་མི་ཁྱབ། བླ་མ་དེ་ཟང་ཟིང་གི་དངོས་པོ་སོགས་ལ་གཟིགས་པ་མིན་ནའང་། གནས་སྐབས་སུ་དེ་དག་ལ་ལྟོས་པ་ལྟར་མཛད་པ་ནི་གདུལ་བྱ་ཚོགས་རྫོགས་པ་ལ་དགོངས་པ་ཡིན་པས། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསྒྲུབ་པའི་སླད་དུ་རང་ཉིད་ཀྱི་གཅེས་ནོར་ཡོད་རྒུ་མཐའ་དག་དབུལ་ཞིང་། བྱ་བར་དཀའ་བའམ་བྱེད་དུ་མི་རུང་བ་འདྲ་ཞིག་གྱིས་གསུང་ཡང་འདི་བདག་ལ་ཕན་པ་ཞིག་ཡོད་པར་གོར་མ་ཆག་སྙམ་དུ་ཚམ་ཚོམ་མེད་པར་འཇུག་པའམ། ཡེ་ནས་མི་འགྲུབ་ཅིང་མི་རུང་བ་ཞིག་འདུག་ན། རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང་། །ཞེས་བཤད་སྦྱང་ལེགས་པར་བྱེད་པ་ཞིག་དགོས་ཀྱི་ཇི་མི་སྙམ་པར་འཇོག་པ་ཡེ་མི་རུང་། གཙོ་བོ་ནི་སྒྲུབ་པའི་མཆོད་པས་མཉེས་པར་གསུངས་པས་ཇི་ལྟར་བསྟན་པའི་ཆོས་རྣམས་ཐོས་བསམ་སྒོམ་གསུམ་གྱིས་


GLG012_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་འབེབས་དགོས་པར་གདའ། དེ་ལྟར་ཚུལ་བཞིན་མ་བསྟེན་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་དང་། བསྟེན་ན་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་བར་སྡོང་པོ་བཀོད་པའི་མདོ་དང་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་གསུངས་པ་ལ་ངེས་ཤེས་རྙེད་ནས་ཚིག་ཙམ་དུ་མ་ལུས་པར་ལག་ཏུ་ལེན་པ་ཞིག་དགོས་ནའང་རྟག་ཏུ་ངུ་ལྟར་ལུས་སྲོག་ལ་ལྟོས་པ་མེད་པར་གཏོང་བ་སོགས་ནི་ལས་དང་པོ་བ་རྣམས་ཀྱིས་དངོས་སུ་སྒྲུབ་མི་ནུས་པས་སྨོན་ལམ་གྱི་ཡུལ་དུ་བྱ་ཞིང་། སྒྲུབ་པར་ནུས་པ་རྣམས་ཀྱང་ཡུལ་དུས་གནས་སྐབས་དང་བསྟུན་ཏེ་ལག་ཏུ་བླང་བ་ལས་འཁྲིད་དམིགས་ཀྱི་ལག་ལེན་ལ་ངེས་པར་སྦྱོར་མི་དགོས་པས་དེ་དག་གི་དོན་བསྡུས་ཏེ་ཉམས་སུ་བླང་བ་ནི་བྱང་ཆུབ་ལམ་གྱི་རིམ་པའི་ས་བཅད་དུ། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ཞེས་པའི་སྐབས་ཀྱི་དོན་ཡིན་པས་སྦྱོར་བའི་ཉམས་ལེན་དངོས་གཞི་ལ་ངོས་འཛིན་དགོས་ཤིང་། འཁྲིད་གཞུང་རྙིང་པ་ན་འདི་ལ་བཤེས་གཉེན་བསྟེན་པའི་སྔོན་འགྲོ་ཞེས་མིང་འདོགས་མཛད་དེ་ཐོག་མར་བྱུང་ནའང་། གོང་གི་དཔྱད་སྒོམ་དེ་རྣམས་རྒྱུད་ལ་སྐྱེ་བའི་སྔོན་འགྲོའི་ཚོགས་གསོག་ཏུ་དགོངས་པར་སྣང་ལ། དེང་སང་གོ་རིམ་དེ་ལྟར་ཕྱག་ལེན་དུ་མི་མཛད་དོ། །དེ་ཡང་མགོན་པོ་གསེར་གླིང་པའི་རྣམ་པར་ཐར་པ་ཡིན་པས་གནས་ཁང་བྱི་དོར་བྱས་ལ་དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། ཅི་འབྱོར་བའི་མཆོད་པ་བཤམ། བདེ་བའི་སྟན་ལ་བག་མེད་པའི་འདུག་ཚུལ་མ་ཡིན་པའི་སྐྱིལ་མོ་ཀྲུང་ངམ་སྐྱིལ་ཀྲུང་ཕྱེད་པ་སོགས་ཀྱི་སྤྱོད་ལམ་གང་ཡང་རུང་བས་འཁོད་དེ་ཉམས་སུ་ལེན་པ་ལ་འཁྲིད་ཡིག་རྙིང་པ་ན།


GLG012_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས་ཏེ་དམ་ཚིག་པ་བསྐྱེད་པར་གསུངས་པ་འཇམ་དཔལ་དབྱངས་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོའི་གསུང་རྒྱུན་དུ་རྩ་བའི་བླ་མ་མགོན་པོ་འཇམ་དབྱངས་སུ་བསྐྱེད་དེ་གསོལ་འདེབས་ཀྱི་ཚུལ་དུ་དྷཱི་མང་དུ་བགྲང་བ། འཁྲིད་ཡིག་ལ་ལ་ན་བླ་མ་ཐུབ་དབང་དང་རྡོ་རྗེ་འཆང་དུ་བསྐྱེད་པ། པདྨའི་འདབ་མ་ཕྱི་ནང་མང་པོར་བྱས་ཏེ་དེའི་སྟེང་ཏུ་བླ་མ་རྣམས་དཀྱིལ་འཁོར་གྱི་ལྷ་ལྟར་དགོད་པ། གཡས་གཡོན་དུ་གྲལ་ཆིག་སྦྲེངས་བྱས་པའི་ཚོགས་འཚོགས་པའི་རྣམ་པ་ལྟ་བུ་སོགས་ཕྱག་ལེན་མང་དུ་འདུག་པ་རྣམས་གསང་སྔགས་ཀྱི་ཤན་ཤོར་བས་ལུགས་སྲོལ་འདི་གའི་ཕྱག་ལེན་དང་ཅུང་ཟད་མི་མཐུན་པར་གདའ། འདིར་བླ་མའི་རྣལ་འབྱོར་ལ་བརྟེན་པའི་ཚོགས་ཞིང་རྣམས་སྨན་བླའི་མདོ་ཆོག་ལས་འབྱུང་བ་བཞིན་གནས་དང་ཡོ་བྱད་བྱིན་གྱིས་བརླབ་ཅིང་མགྲོན་ཐབས་སུ་སྤྱན་འདྲེན་པ་ཡིན་པས། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་། ཚོགས་གཉིས་རྫོགས་ཤིང་ཆོས་དབྱིངས་རྣམ་པར་དག་པ་དང་། བདག་གི་དད་མོས་ཀྱི་མཐུ་ལས་ས་གཞི་དང་ཁྲི་སོགས་བྱིན་གྱིས་བརླབ་པའི་ཚུལ། ཐམས་ཅད་དུ་ནི་ས་གཞི་དག །ཅེས་སོགས་བརྗོད་ཅིང་། གནས་དང་ཁམས་བྱིན་གྱིས་བརླབས་པ་ལྟ་བུའི་རིན་པོ་ཆེའི་ས་གཞི་ལག་མཐིལ་ལྟར་ཁོད་སྙོམས་པའི་སྟེང་དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་ཡིད་དུ་འོང་བ་གཡས་གཡོན་རྣམས་སུ་རིན་པོ་ཆེའི་ཁྲི་རྩ་བརྒྱུད་ཀྱི་བླ་མའི་གྲངས་དང་མཉམ་པ་རྒྱབ་མདུན་དང་མཐོ་དམའི་རྣམ་པས་བང་རིམ་གྱི་དབྱིབས་ལྟ་བུ་བཀོད་པས་མཛེས་པ་ཞིག་གསལ་གདབ། གསེར་ཞུན་མ་ལས་འབྱུང་བ་ལྟར། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཚད་


GLG012_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་འཕྲིན་ལས་རྒྱས་མཛད་པའི། །དུས་གསུམ་བླ་མ་འཁོར་བཅས་གནས་འདིར་གཤེགས། །ཞེས་དང་། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཤོ་ལོ་ཀ་གསུམ་གྱིས་སྤྱན་དྲངས་པས་ཆོས་འདི་སྟོན་པའི་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་མཐའ་ཐེག་པ་གསུམ་གྱི་སློབ་པ་དང་མི་སློབ་པའི་དགེ་འདུན་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུས་བསྐོར་ཏེ་མ་ག་དྷ་བཟང་མོའི་གཏམ་རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན་བྱོན་ནས་སྟན་བཤམས་པ་རྣམས་ལ་བཞུགས་པར་མོས། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །སོགས་ཀྱིས་ཁྲུས་ཁང་བསྐྱེད། རང་གི་ལུས་བརྒྱ་སྟོང་ཁྲི་འབུམ་སོགས་བློས་གང་ལྕོགས་སུ་སྤྲུལ་ནས་དྲི་བཟང་པོའི་ཆུས་བཀང་བའི་རིན་པོ་ཆེའི་བུམ་པ་ཐོགས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སོགས་དང་ཕར་ཕྱིན་དྲུག་ལ་སྦྱར་བའི་ཚིགས་བཅད་སོགས་རྒྱས་བསྡུས་སྐབས་སྦྱར་གྱིས་ཁྲུས་གསོལ། དེ་ཡང་ཚོགས་ཞིང་རྣམས་ལ་མི་གཙང་བའི་དྲི་མས་སྦགས་པ་དོན་ལ་མེད་ཀྱང་འགྲོ་བ་མ་དག་པའི་སྣང་ངོར་ཡོད་པ་ལྟར་སྣང་བ་རྣམས་སེལ་བའི་ཆེད་དུ་ཡིན་ལ། ཁྲུས་བསྐུ་མཉེ་གྲིབ་ཕྱི་བསྙུང་གཡོག་སོགས་དང་དེའི་ཡོན་ཏན་བརྗོད་པ་སོགས་ཞེས་པ་བླ་མའི་དྲུང་དུ་ཡོད་ན་དེ་དག་དངོས་སུ་བྱ་དགོས་པས་འདིར་དེའི་དོད་ཐུབ་དང་འོག་ནས་འབྱུང་བ་ཕལ་ཆེར་ཡང་སྔར་བཤད་པའི་ཟང་ཟིང་གི་མཆོད་པའི་སྒོ་ནས་མཉེས་པར་བྱེད་པའི་ཐབས་ཡིན་ནོ། །སྟོང་


GLG012_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །ཞེས་སོགས་ཀྱིས་དྲི་བཟང་། སྲབ་འཇམ་ཡང་བ་ལྷ་ཡི་གོས། །ཞེས་སོགས་ཀྱིས་ན་བཟའ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས་ཀྱིས་ཚོགས་ཀྱི་ཞིང་དུ་བརྟན་པར་བཞུགས་སུ་གསོལ། དེ་ནས་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པའི་ཐོག་མར་ཕྱག་འཚལ་བ་ནི། སྐྱབས་ཡུལ་གྱི་དམིགས་པ་རྣམས་མ་དོར་བའི་ངང་ནས་ཕྱག་འཚལ་བ་དང་བཅས་ཏེ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །ཞེས་སོགས་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་བརྒྱུད་འདེབས་སོ་སོ་རྗེ་བླ་མའི་བར་ཡོངས་གྲགས་ལྟར་ལ། མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དང་། །སྐུ་གསུམ་གོང་འཕང་མངོན་གྱུར་ནོར་བུ་བཟང་། །དཔལ་ལྡན་བླ་མ་གསུམ་ལ་གསོལ་བ་འདེབས། །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་སྡེ། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་སྟེ། །བཤེས་གཉེན་དམ་པ་གསུམ་ལ་གསོལ་བ་འདེབས། །ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་ཞབས། །ཟབ་དོན་གདམས་པའི་བཀའ་བབས་ཆོས་དཔལ་བཟང་། །རིགས་ཀུན་བདག་པོ་སྣང་མཛད་རྡོ་རྗེའི་ཞབས། །མཁས་གྲུབ་ཆེན་པོ་གསུམ་ལ་གསོལ་བ་འདེབས། །བཀའ་དྲིན་མཉམ་མེད་ཤྲཱི་བྷཱུ་ཏིའི་མཚན། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་བང་མཛོད་ཅན། །དངོས་བརྒྱུད་ཡོངས་འཛིན་ཚོགས་ལ་གསོལ་བ་འདེབས། །ཞེས་པ་གསོལ་འདེབས་ཕྱག་འཚལ་དུ་འདོན་པ་བསྒྱུར། ཇི་སྙེད་སུ་དག་ཅེས་སོགས་ཀྱིས་རྒྱལ་པ་སྲས་བཅས་སྤྱན་དྲངས་པ་རྣམས་ལ་ཕྱག་བྱ། མཆོད་པའི་ཐོག་མར་མཎྜལ་ནི།


GLG012_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གྱི་རྒྱུ་རིན་པོ་ཆེ་ནས་བཟུང་། མ་འབྱོར་ན་གཡམ་པ་སོགས་ལ་ཚོམ་བུ་དགོད་རྒྱུའི་འབྲུ་སོགས་སྟ་གོན་བྱས་ལ། ཐོག་མར་ཚོམ་བུ་སོ་བདུན་ལ་གྲངས་ཇི་ལྟར་འདོད་པ་དང་། མང་ཁྱད་ཚོམ་བུ་བདུན་མ་གཙོ་བོར་བྱས་ཏེ་གྲངས་ཉེར་གཅིག་ནས་བརྒྱའི་བར་སོགས་ཚིག་དང་དམིགས་པ་བསྟུན་ནས་དབུལ། བསོད་ནམས་ཀྱི་ཚོགས་གསོག་པའི་དུས་འདིར་དངོས་སུ་བཤམས་པའི་མཆོད་པ་ནས་འབྲུ་གཅིག་ཙམ་ཡང་མེད་ཅིང་ལུས་ངག་གི་ངལ་བ་ཅུང་ཟད་ཙམ་ཡང་མི་བསྟེན་པར་མོས་པ་དང་ཏིང་འཛིན་ཁོ་ནས་བྱེད་པ་སྐད་དུ་སྨྲ་བ་ནི། པོ་ཏོ་བའི་ཞལ་ནས། དུང་ཕོར་དྲི་མ་ཅན་ཞིག་ཏུ་སྤང་སྤོས་རེ་བཏབ་ནས། ཙན་དན་ག་བུར་སྤོས་ཀྱི་ཆུ། །ཞེས་དམུས་ལོང་གིས་མིག་ལྡན་ལ་མགོ་སྐོར་བྱེད་གསུངས་པ་དང་མཚུངས་ལ། འབྱོར་བ་ཡོད་བཞིན་དུ་སེར་སྣ་དང་སྙོམ་ལས་ཀྱི་དབང་གིས་ངན་པ་དང་ཉུང་ངུ་དང་གཏན་མེད་དུ་བྱེད་པ་ནི་སྙིང་ཐག་པ་ནས་ཆོས་དང་གང་ཟག་ལ་དད་པ་མ་ཐོབ་པའི་ནང་རྟགས་ཕྱིར་ཤར་བར་ཟད་དོ། །དེང་སང་ནི་ཆོས་ལག་ཏུ་བླངས་ཏེ་ཉམས་ལེན་རྣལ་མ་བྱེད་པ་ཉིན་མོའི་སྐར་མ་ལྟ་བུ་དང་། གལ་ཏེ་བྱེད་པ་སྲིད་མཐའ་ཙམ་ལ་ཡང་ཙཱུ་དལ་ཡུལ་གྱི་རྐང་གཉིས་པ་ལྟར་མི་གསེབ་ཏུ་མི་འགྲེ་ཞིང་། ངེད་རྣམས་དེ་འདྲའི་ལག་ལེན་གཏི་ཐུག་ཁྲིགས་ཀྱི་བར་བཀབ་བྱེད་ཀྱིན་མེད་ཟེར་བ་དང་། ཆོས་ཀྱི་བླ་མ་བརྒྱུད་པ་ཡང་གཅིག་ནས་གཉིས་སུ་བགྲང་རྒྱུ་མེད་པ་ལ་ཁ་པོ་དང་ངོ་སོར་ཁྱེར་ཏེ་ཀཉྩིའི་ཡུལ་གྱི་རྒྱལ་ཕྲན་འགའ་ཞིག་གིས་ཕ་བསད་པ་ལ་རྒྱལ་རྔ་རྡུང་བ་ལྟ་བུ་ཆེས་མང་བས་ཅི་བརྟོལ་གྱི་སྙིང་ཁམས་བསྐྱེད་པ་དེ་འདྲ་ཡེ་མི་རུང་། མཆོད་པ་གཞན་རྣམས་ཀྱང་། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །


GLG012_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་། གཞན་ཡང་ཚིགས་བཅད་ཅི་རིགས་པའི་སྒོ་ནས་འདོད་ཡོན་ལྔ་དང་རྒྱལ་སྲིད་སྣ་བདུན་ལ་སོགས་པ་རྣམས་ཀྱང་དབུལ། ཐུན་ཇེ་མང་དུ་སོང་བ་དང་རྒྱུན་གྱི་ཉམས་ལེན་ལ་ཅུང་ཟད་འཁྱེར་བདེ་བར་བྱེད་ཚེ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །ཞེས་སོགས་ཙམ་གྱིས་མཆོད་པའི་ཡན་ལག་སྟེ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་གང་ཕུལ་བ་མཐའ་དག་མཆོད་པའི་ཡུལ་རྣམས་ལ་སྲེད་པ་མེད་ནའང་རང་གི་ཚོགས་རྫོགས་པའི་སླད་དུ་དགྱེས་པ་ཆེན་པོའི་སྒོ་ནས་ལོངས་སྤྱད་པར་བསམ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་ཀྱིས་སྒོ་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །ཞེས་སོགས་ཀྱིས་སྐྱེ་འཕགས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བའི་དགའ་བ་བསྒོམས་པས་དེ་དག་གིས་དགེ་བ་བྱས་པའི་བསོད་ནམས་ལ་མཉམ་པོར་ལོངས་སྤྱད་དུ་ཡོད་དོ། །གང་དག་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །ཞེས་སོགས་ཀྱིས་ཆོས་འཁོར་བསྐོར་བ་དང་། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །ཞེས་སོགས་ཀྱིས་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་སྟེ། འདི་གཉིས་ཀ་ལ་ཚོགས་ཞིང་རྣམས་ལ་གསོལ་བ་བཏབ་པ་བཞིན་དུ་ཞལ་གྱིས་བཞེས་བྱུང་སྙམ་པའི་མོས་པ་བརྟན་པོ་དགོས་གསུང་། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །ཞེས་སོགས་ནི་གོང་དུ་བཤད་པའི་ཡན་ལག་དྲུག་པོ་མཐའ་དག་གི་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་ཡན་ལག་ཡིན་པས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་


GLG012_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དགེ་བ་ཆུད་མི་ཟ་ཞིང་རྒྱ་ཆེར་འཕེལ་བའི་གནད་ཟབ་པ་ཞིག་འདིར་གདའ་འོ། །འཁྲིད་གཞུང་རྙིང་པ་ན་སྤྱི་བཤགས་སོགས་བྱ་བར་གསུངས་པ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ནའང་འོག་ཏུ་རྒྱས་པར་འབྱུང་བས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་དེང་སང་ཕྱག་ལེན་དུ་མི་མཛད་དོ། །བཤད་མ་ཐག་པའི་སྔོན་འགྲོ་དང་དངོས་གཞིའི་དམིགས་སྐོར་འདི་ནས་བཟུང་སྟེ་ལྷག་མཐོང་གི་བར་གྱི་དམིགས་རིམ་མཐའ་དག་གོ་རིམ་མ་འཆོལ་ཞིང་སྔ་ཕྱི་ལ་ལྟོས་པའི་རྒྱས་བསྡུས་ཀྱི་དབྱེ་བ་སོགས་ཕྱག་ལེན་དང་གསུང་རྒྱུན་ངེས་པར་མཐོང་བ་བརྒྱུད་པ་ལ་ལྟོས་དགོས་པས་དེང་སང་སྦྱོར་གཞུང་གི་ཊཱི་ཀ་ཐལ་འཛིན་པ་ལྟར་རང་གང་འདོད་ཀྱི་ཧོར་ཁོངས་སོགས་བྱས་ན་དགེ་སྦྱོར་མཐའ་དག་སྐྱོན་ཅན་དུ་འགྲོ་བ་ལམ་རིམ་ཆེ་ཆུང་ལས་གསུངས་པས་བློ་ལྡན་རྣམས་ཞིབ་མོར་སྤྱོད་པ་གནད་དུ་ཆེ་མོད། འོན་ཀྱང་དེང་དུས་དགེ་བའི་བཤེས་གཉེན་གྱིས་དམར་འཁྲིད་བསྟན་པ་ལ་མ་བལྟོས་པའི་དཔེ་ཆ་ལ་བླ་མ་བཅོལ་ནས་ཉམས་སུ་ལེན་པ་སྐད་བྱེད་པ་མཐའ་དག་ནི་སྐྱོན་ཅན་གྱི་དགེ་སྦྱོར་རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད་དོ། །དེ་ཡང་ཤེས་བཞིན་གྱི་བྱ་ར་བརྟན་པོས་སྤྱོད་ལམ་མཐའ་དག་དམན་ལྷག་ཏུ་མ་སོང་བའི་སྒོ་ནས་ཐུན་དངོས་གཞི་ལ་དམིགས་སྐོར་དངོས། ཐུན་མཚམས་སུ་དེ་དག་རྒྱས་བཤད་ལམ་གྱི་རིམ་པ་ཆེ་ཆུང་སོགས་བལྟ་དགོས་ཀྱི། སེམས་རྒྱ་ཡན་ལ་བཏང་ན་ཡོན་ཏན་གྱི་བོགས་ཤིན་ཏུ་ཆུང་གསུང་། དེ་ཡང་བཤེས་གཉེན་བསྟེན་པ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པའི་བར་རྣམས་དཔྱད་སྒོམ་གཙོ་ཆེ་བ་དང་ཞི་


GLG012_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོགས་ལ་འཇོག་སྒོམ་གཙོ་ཆེ་ཡང་། དཔེར་ན་བཤེས་གཉེན་བསྟེན་པའི་ཆོས་སྐོར་ལྟ་བུའི་ཚེ་བླ་མའི་ཡོན་ཏན་བསམ་པ་སོགས་དཔྱད་སྒོམ་དང་། དེའི་མཐར་རྟོག་པ་གཞན་རྣམས་བག་ལ་ཞ་སྟེ་དད་པ་ལ་རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་དང་། ཞི་གནས་སྒོམ་ཚུལ་གྱི་གནད་ལ་ཡང་ཡང་སེམས་པ་ནི་དཔྱད་སྒོམ་དང་རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་ཡིན་པས་གནད་དེ་དག་མ་གོ་བར་དེར་དཔྱད་པ་མི་བྱེད་པར་སྒོམ་པ་ཁོ་ན་བྱེད་ཟེར་བ་སོགས་ནི་རང་ལ་ཚད་ལྡན་གྱི་སྒོམ་མེད་པ་གསལ་བར་བྱེད་པ་སྟེ། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་པས་མཚོན་ཏེ་གཞུང་ཆེན་པོ་རྣམས་ལས་རྒྱ་ཆེར་བཤད་དོ། །སྨྲས་པ། ཀྱེ་མ་བཀྲེས་སྐོམ་གདུང་བས་ཉམ་ཐག་པར། །ཟས་གོས་འབྱོར་བས་ཕན་པ་བསྒྲུབ་པ་དང་། །འགལ་ཟླའི་དགྲ་ཡིས་གཙེས་ལས་སྐྱོབ་བྱེད་དཔོན། །དྲིན་ཅན་ཡིན་པར་སེམས་ཤིང་སྨྲ་བྱེད་ན། །མཐའ་མེད་འཁོར་བར་སྡུག་བསྔལ་རྣམ་གསུམ་གྱིས། མནར་བའི་འཇིགས་པ་ཀུན་ལས་རབ་བསྒྲལ་ཏེ། །གཏན་བདེའི་ནོར་བུ་ལག་མཐིལ་རྫས་བཞིན་དུ། །སྟོན་བྱེད་ཡོངས་འཛིན་བཀའ་དྲིན་གཞལ་ནུས་སུ། །ཞི་བདེའི་གོ་འཕང་ཙམ་ཡང་རྙེད་དཀའ་ན། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཞེས། །གྲངས་རིང་བསྐལ་པར་འཐོབ་དཀའི་སྒྲ་བོ་ཆེར། །འགོད་མཛད་དུས་གསུམ་རྒྱལ་པའི་སྤྱི་གཟུགས་དངོས། །རང་སེམས་ལོག་པར་འཁྲུལ་བའི་ཤེས་ངོ་ལ། །རང་སྐྱོན་བླ་མའི་མཛད་པར་ཤར་བ་ཀུན། །རང་སྙིང་གཏིང་ནས་རུལ་བར་ངེས་པ་ཡིས། །རང་མཚང་ཡིན་པར་


GLG012_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ནས་དུག་བཞིན་སྤོངས། །ཅི་མཛད་ལེགས་པར་མཐོང་བའི་དག་སྣང་དང་། །ཅི་གསུང་བཀའ་བཞིན་སྒྲུབ་པའི་མོས་གུས་ཀྱིས། །ཅི་བྱས་ཆོས་སུ་འགྲོ་བའི་ཟབ་གནད་དེ། །ཅི་བསམས་འགྲུབ་པའི་ཕན་བདེའི་རྩ་བར་གོ །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དངོས་གཞི་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་དལ་པའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་གཉིས། དང་པོ་ལ་དལ་འབྱོར་ངོས་གཟུང་བ། དོན་ཆེ་བར་བསམ་པ། རྙེད་དཀའ་བར་བསམ་པ་དང་གསུམ། དང་པོ་ནི་བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་པའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་ལོག་ལྟ་ཅན། ངན་འགྲོ་གསུམ། སངས་རྒྱས་མ་བྱུང་བ། ཡུལ་མཐའ་འཁོབ། གླེན་ལྐུགས། ལྷ་ཚེ་རིང་པོ་སྟེ་མི་ཁོམ་པའི་གནས་བརྒྱད་དང་བྲལ་བའི་དལ་བ་བརྒྱད་དང་ལྡན་ཞིང་། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་མིར་སྐྱེས་པ། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་མཐའ་མ་ལོག་པ། གནས་ལ་དད་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་སངས་རྒྱས་བྱོན་ནས་མྱ་ངན་ལས་མ་འདས་པ། སངས་རྒྱས་དེའམ་


GLG012_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཉན་ཐོས་ཀྱིས་ཆོས་སྟོན་བཞིན་པ། སངས་རྒྱས་བཞུགས་དུས་ཀྱི་སྒྲུབ་པའི་བསྟན་པ་མ་ཉམས་པར་གནས་པ། ཆོས་བསྟན་པ་དེས་གང་ཟག་དམན་པས་འབྲས་བུ་ཐོབ་པ་མཐོང་བས་རྐྱེན་བྱས་ཏེ་གཞན་རྗེས་སུ་འཇུག་པ། གཞན་གྱིས་སྙིང་བརྩེ་བར་བྱེད་པ་སྟེ་གཞན་འབྱོར་ལྔ་དང་བཅས་པའི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་འདི་བདག་གིས་ཐོབ་འདུག་སྙམ་པའི་གཡམ་ལ་རྒྱུག་ཙམ་མ་ཡིན་པར་ཁ་ནང་དུ་བལྟས་ཏེ་དཔྱད་པ་ན། རང་ཉིད་མིར་སྐྱེས་པས་ངན་སོང་གསུམ་དང་ལྷ་ཡིན་མིན་གྱི་རྟོག་དཔྱོད་མ་དགོས་ཀྱང་། ཚེ་སྔ་ཕྱི་ལས་འབྲས་དཀོན་མཆོག་རྣམས་ལ་ངེས་ཤེས་ཡོད་ན་ལོག་ལྟ་ཅན་མ་ཡིན་ཞིང་། བསྐལ་བཟང་གི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་བསྟན་པ་གནས་ན་རྒྱལ་བའི་བཀའ་ཡང་ཡོད། བོད་གངས་ཅན་འདིར་འཁོར་རྣམ་བཞི་མ་ཚང་ཡང་དགེ་སློང་ཕ་ཡོད་ན་དོན་གྱིས་ཡུལ་དབུས་ཡིན། གསུང་རབ་ཀྱི་ཚིག་དོན་ཅུང་ཟད་གོ་ན་གླེན་ལྐུགས་མིན་པ་སྟེ་དལ་བ་བརྒྱད། སྦྱིན་མི་ལུས་ཐོབ་པ། ཁྱད་པར་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་སུ་སྐྱེས་པ། དབང་པོ་སྒོ་ལྔ་ཚང་བ། མཚམས་མེད་ལྔ་མ་བྱས་པ། སྡེ་སྣོད་གསུམ་ལ་དད་པ་ཐོབ་པ། གཞན་འབྱོར་དང་པོ་བཞི་དངོས་བསྟན་དཀའ་ཡང་དོན་གྱིས་ཚང་བ་སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་གསུངས་པ། གསུངས་པའི་བསྟན་པ་མ་ཉམས་པར་གནས་པ། བསྟན་པ་དེ་ལ་རང་ཉིད་ཞུགས་པ། སྤྱིན་བདག་སོགས་ཀྱིས་རང་ལ་ཟས་གོས་ཀྱིས་མཚོན་པའི་མཐུན་རྐྱེན་སྟེར་བ་སྟེ་འབྱོར་བ་བཅུ་དང་བཅས་པའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་པོ་ད་ལྟ་རང་གིས་ཐོབ་པའི་མི་ལུས་འདི་ལ་ཚང་ངམ་མ་ཚང་སྙམ་དུ་བསམས་ནས་ཚང་འདུག་ན་དེ་ལ་ཡིད་དགའ་བ་ལྷང་བ་ཞིག་


GLG012_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་ཀྱི་བར་དུ་བསྒོམ་དགོས་ཏེ། ད་ལྟ་མ་བརྟགས་པའི་དུས་ན་དལ་འབྱོར་དང་ལྡན་པའི་མིར་རློམ་པ་མཐའ་དག་བརྟགས་ཤིང་དཔྱད་ན་མ་ཚང་བ་ནི་ཤིན་ཏུ་མང་གསུང་། གཉིས་པ་ནི། དལ་འབྱོར་གྱི་རྟེན་ཚང་བ་ལ་ཡིད་དགའ་བ་ཐོབ་ནའང་ཡིད་དགའ་བའི་རྒྱུ་མཚན་དེ་ཉིད་མ་བསམས་ན་རང་ལ་མི་ཕན་པའི་དངོས་པོ་ཞིག་རྙེད་ཀྱང་སེར་སྣ་ཅན་སྤྲོ་བ་འཕེལ་བ་དང་འདྲ་བའི་དགའ་བ་ཙམ་དུ་ཟད་ལ། འདི་དེ་ལྟ་བུ་དང་མི་འདྲ་བའི་དོན་ལྡན་དུ་ངེས་པར་བྱ་བ་ལ་སློབ་སྤྲིང་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་ངན་སོང་གསུམ་ནི་མི་དགེ་བའི་ལས་ཀྱི་རྣམ་སྨིན་ལ་གཙོ་བོར་སྤྱོད། རྟེན་དེ་ལ་ལས་གསོག་པའི་ནུས་པ་ཧ་ཅང་མི་ཆེ། ལྷ་རྣམས་ནི་དགེ་བའི་རྣམ་སྨིན་ལ་ལོངས་སྤྱོད་ཀྱང་ལས་གསོག་པའི་མཐུ་ཆུང་། མི་རྣམས་ནི་ལས་དགེ་སྡུག་གསོག་པའི་ནུས་པ་སྟོབས་ཆེ་ཞིང་ཁྱད་པར་རང་ཅག་འཛམ་བུ་གླིང་པ་རྣམས་ནི་ལས་ཀྱི་ས་པ་ཡིན་པས་བླང་དོར་མ་ནོར་བའི་འདུན་མ་ཞིག་བྱས་ཚེ་མངོན་མཐོ་ལྷ་མིའི་ལུས་རྟེན། ཉན་རང་གི་མྱང་འདས། འགྲོ་བ་རྣམས་བདེ་བར་གཤེགས་པའི་སར་འཁྲིད་པའི་སེམས་བསྐྱེད། སངས་རྒྱས་ཀྱི་གོ་འཕང་རྣམས་ཕུལ་དུ་བྱུང་བ་འགྲུབ་པས་བདག་གིས་ཐོབ་པ་འདི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་ལྷག་པ་ཞིག་རྙེད་འདུག་གོ་སྙམ་དུ་བསམས་པ་ན་སྔར་མ་གྲུབ་པའི་དོན་ཆེན་ཞིག་འགྲུབ་བོ་སྙམ་ནས་དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་བ་ལྷང་གིས་མ་བྱུང་གི་བར་དུ་


GLG012_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མོ། །གསུམ་པ་ལ་དཔེ། རྒྱུ། ངོ་བོའི་སྒོ་ནས་རྙེད་དཀའ་ཚུལ་གསུམ་ལས། དང་པོ་ནི། སྤྱོད་འཇུག་ལས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །ཞེས་རྒྱ་མཚོ་ཆེན་པོར་གསེར་གྱི་གཉའ་ཤིང་བུག་པ་གཅིག་པ་ཞིག་རླུང་གིས་བསྐུལ་ཏེ་ཕྱོགས་ཀུན་ཏུ་གཡེང་བའི་ཚེ་ལོ་བརྒྱ་བརྒྱ་ཙམ་ན་རུས་སྦལ་ལོང་བ་ཞིག་མཚོའི་སྟེང་དུ་འོང་བ་ན་མགྲིན་པ་བུག་པ་དེར་ཆུད་པ་སྲིད་པ་ཙམ་དུ་གསུངས་ཤིང་དེ་ལས་གསལ་བའི་དཔེ་མངོན་སུམ་གྱིས་གྲུབ་པ་གྱང་ལོགས་ཀྱི་ངོས་སུ་སྲན་མ་སྦར་གང་གཏོར་ན་དེར་ཆགས་པ་ཤིན་ཏུ་དཀོན། གལ་ཏེ་རེ་རེ་ཙམ་ཆགས་པ་བྱུང་ཚེ་བདག་གིས་ལུས་གྲངས་མེད་ཅིང་བླངས་པའི་མི་ཁོམ་པའི་གནས་སུ་སྐྱེས་པ་ནི་སྲན་མ་ས་ལ་ལྷུང་བ་རྣམས་དང་། དལ་འབྱོར་གྱི་མི་ལུས་ནི་གྱང་ལོགས་ལ་ཆགས་པའི་སྲན་མ་དང་ཚུལ་མཚུངས་པར་འདུག་གོ་སྙམ་ནས་དཔེ་དོན་རྒྱུད་ཐོག་ཏུ་འཕྲོད་ངེས་ཤིག་སྦྱར་ཏེ་བསྒོམས་པ་ན། ད་རེས་སྟེས་ཅུང་ཟད་ལེགས་པ་མ་གཏོགས་གཡང་ལ་དེའུ་ལྷུང་ཟེར་བ་ལྟ་བུའི་དུས་སུ་འཆར་བའི་དགའ་འཇིགས་ཀྱི་བློ་གཉིས་ཀ་བཅོས་མིན་དུ་སྐྱེ་བ་ཡིན་ནོ། །གཉིས་པ་རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་ནི། སྤྱིར་བདེ་འགྲོ་ཙམ་འཐོབ་པ་ལ་ཚུལ་ཁྲིམས་སྣ་གཅིག་ཡན་ཆད་སྲུང་དགོས། ཁྱད་པར་དལ་འབྱོར་གྱི་མི་ལུས་འཐོབ་པ་ལ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་དགོས་པ་ལ། དེ་རྣམས་སྒྲུབ་པའི་རྟེན་ངན་སོང་གསུམ་ལ་དགེ་སེམས་མངོན་གྱུར་ཙམ་ཡང་སྐྱེ་དཀའ། ལྷ་རྣམས་ཀྱང་ཏིང་ངེ་འཛིན་དང་


GLG012_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་བདེ་བས་གཡེལ། མི་ལ་ཡང་ཆོས་མ་དར་བའི་ཡུལ་དུ་དགེ་བའི་སྒྲ་ཙམ་ཡང་ཐོས་པ་མིན་ཞིང་། ཡུལ་དེ་ནས་ཀྱི་ཕུང་པོ་ཙམ་གྱི་ཚོད་དུ་བྱས་པའི་ཆོས་དར་བའི་ཡུལ་ནི་ནས་འབྲུ་གཅིག་ཙམ་དུ་སྣང་། ད་ལྟ་རང་རེ་བོད་ཀྱི་ཡུལ་ལ་མཚོན་ན་སྐྱེ་བོ་ཁྲི་ཕྲག་མང་པོ་ཚོགས་པའི་ཁྲོད་དུ་ཚུལ་ཁྲིམས་བསྲུང་བར་ཁས་འཆེ་བ་ནི་ཤིན་ཏུ་ཉུང་། དེའི་ནང་ནས་ཀྱང་གོང་གི་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ག་ཚང་བ་ནི་ཉིན་མོའི་སྐར་མ་ཙམ་དུ་འདུག །དེ་ལྟར་ཁ་ཕྱིར་བལྟས་ཀྱི་ཤེས་པ་དེ་ཁ་ནང་དུ་ལོག་སྟེ་རང་ལ་བལྟས་པ་ན་ཆོས་བྱེད་པའི་མོས་བློ་ཡམ་མེ་བ་ཞིག་ལས་བློ་བདེ་ངེས་པའི་དགེ་བའི་གྲངས་འདྲེན་རྒྱུ་ནི་ཤིན་ཏུ་ཉུང་། སྡིག་པ་མི་དགེ་བ་ནི་ཞར་བྱུང་དུའང་བསགས་པའི་རྒྱུ་འདིས་ད་རེས་ཀྱི་ཚེ་ཞབས་འདི་ལ་བཙན་ས་ཞིག་མ་ཟིན་ན་སླད་ནས་མི་ལུས་འཐོབ་པར་མི་འདུག །འཐོབ་ཏུ་རེ་བའི་བློ་འདི་དཔྱིད་ཀ་ཉུངས་ཀར་བཏབ་ནས་སྟོན་ནས་བསྡུ་རྩིས་བྱེད་པ་དང་འདྲ་བས་ཅོལ་རེ་ཆུང་སྙམ་དུ་མྱོང་བ་མ་ཐོན་བར་དུ་བསྒོམ། གསུམ་པ་ངོ་བོའི་སྒོ་ནས་རྙེད་དཀའ་བ་ནི། དབྱར་དུས་ཀྱི་སྲིན་བུ་ཤིན་ཏུ་མང་བའི་ས་ཕྱར་བ་ཙམ་གྱི་སྟེང་དུ་རང་ཉིད་དངོས་སུ་ཡོད་པ་ལྟ་བུའི་འདུ་ཤེས་དང་བཅས་ཏེ། ག་རེ་དུད་འགྲོ་ལས་ཡི་དྭགས་ཀྱི་འགྲོ་བ་མང་། དེ་ལས་དམྱལ་བའི་འགྲོ་བ་མང་། དུད་འགྲོ་ལ་ཡང་བྱིངས་ན་གནས་པ། གླིང་བར་གྱི་མུན་པ་ན་ཡོད་པ་ལྟ་བུའི་ཚོད་ན་ཁ་འཐོར་བའི་དུད་འགྲོ་ནི་ཆེས་ཉུང་མོད། འོན་ཀྱང་ས་ཕྱར་བ་ཙམ་གྱི་སྟེང་དུ་དུད་འགྲོ་ཆུང་ངུ་བགྲང་གིས་མི་ལངས་པ་ལྟ་བུ་ཡོད་ནའང་མི་བཅུ་སྐོར་ཙམ་ལས་མི་ཤོང་བ་དང་། ཡུལ་གྲོང་རེ་ལ་མི་ཇི་ལྟར་མང་ཡང་འབུམ་ཕྲག་བརྒལ་བ་ཆེར་མི་འོང་ལ་སྲོག་ཆགས་ཕྲ་མོ་ནི་བགྲང་
བར་མི་ནུས་པ་སོགས་རྗེས་སུ་དཔག་པའི་ཚད་མས་གཞལ་མི་དགོས་པར་མཁས་བླུན་ཀུན་ལ་མངོན་སུམ་དུ་གྲུབ་པ་དང་། བདེ་འགྲོའི་ལུས་རྟེན་ལ་ལྟོས་ཏེ་ཡང་མི་ལུས། དེའི་ནང་ནས་ཀྱང་ཆོས་དང་མཇལ་བའི་མི་ལུས་དཀོན། མཇལ་དུ་ཟིན་ཀྱང་ཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་གང་ཟག་མང་། ཐོས་བསམ་སྒོམ་གསུམ་གྱི་བློ་གྲོས་དང་ལྡན་ཡང་ཚེ་འདིའི་འདུན་མ་ཁོ་ན་སྒྲུབ་པ་ཆེས་མང་བ་སོགས་ནས་ཆོས་སྒྲུབ་པའི་མཐུན་རྐྱེན་མཐའ་དག་ཚང་བའི་ལུས་འདི་ལ་འདོད་པ་ཅན་ལ་འཇིག་རྟེན་འབྱུང་བར་དཀོན་པའི་ཁྱད་ནོར་རྙེད་པའི་བློ་སྐྱེས་པ་ལྟ་བུའི་མྱོང་བ་ཐོན་ཐོན་དུ་བསྒོམ་མོ། །སྨྲས་པ། ཚེ་རབས་མང་པོར་སྲིད་པའི་ཕུན་ཚོགས་ལ། །སྤྱད་ཀྱང་ད་དུང་ཉམ་ཐག་སྡུག་བསྔལ་བར། །མཐོང་ཞིང་ཚེ་འདིའི་ཟས་ནོར་ལོངས་སྤྱོད་སོགས། །ཆེས་དཀོན་སྙིང་པོར་འཛིན་པའི་བླུན་པོ་ཁྱོད། །སྔོན་ཆད་ད་ལྟའི་སྤྱོད་ཚུལ་འདི་བཞིན་དུ། །ཆོས་བརྒྱད་དཀར་ནག་ཁྲ་གསུམ་གདོན་ཆེན་པོ། །སྙིང་ལ་ཞུགས་པས་སྡུག་བསྔལ་བདེ་བ་རུ། །བཟུང་ནས་གཏན་གྱི་འདུན་མ་རླུང་ལ་བསྐུར། །དེ་ནི་ཕན་བདེ་ལེགས་ཚོགས་སྒྲུབ་པའི་གཞི། །དལ་འབྱོར་གྲུ་གཟིངས་ལན་ཅིག་རྙེད་པ་འདིས། །ངེས་ལེགས་རིན་ཆེན་གླིང་དུ་མ་ཕྱིན་པར། །འཁོར་བར་སྟོང་ལོག་བྱས་ན་སྙིང་རྩ་རུལ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousསྔོན་འགྲོའི་རིམ་པ་བཤེས་གཉེན་བསྟེན་ཚུལ་སོགས་བཤད་པ།next