Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་ཚུལ་འཇམ་དཔལ་སྙིང་པོའི་ཞལ་ལུང་།
 expand section
  
  
  
  
  
  
 


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་ཚུལ་འཇམ་དཔལ་སྙིང་པོའི་ཞལ་ལུང་།next

ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་ཚུལ་འཇམ་དཔལ་སྙིང་པོའི་ཞལ་ལུང་།


GLG012_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་ཚུལ་འཇམ་དཔལ་སྙིང་པོའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །


GLG012_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་འཛམ་བུའི་གསེར་སྦྱངས་རྡུལ་རྩེགས་ལ། །མཚན་དཔེའི་སྣང་བ་འབུམ་གྱིས་ལེགས་འཁྱུད་པའི། །གྲངས་མེད་རྒྱལ་བའི་ཏོག་གྱུར་ཉི་མའི་གཉེན། །ཐུགས་རྗེའི་ཆར་གྱིས་ཕན་བདེའི་འབྲས་སྨིན་མཛོད། །


GLG012_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་དབང་གཙུག་གི་ནོར་བཞིན་རབ་དཀོན་པའི། སྟོང་ཉིད་སྲིད་སྒྲུབ་མདའ་ལྟར་ཆེས་དྲང་བས། །བདག་འཛིན་ཕས་རྒོལ་སྙིང་ཁ་འབིགས་བྱེད་པའི། །ཤིང་རྟ་ཆེན་པོ་བརྒྱུད་པར་བཅས་པ་རྒྱལ། །བློ་གསལ་ཉེ་དབང་ཚོགས་ཀྱིས་བསྐོར་པའི་དབུས། །ཐུབ་བསྟན་ལེགས་བྲིས་བསྐལ་པ་བཟང་པོ་རུ། །བསྒྱུར་མཁས་གྲགས་པའི་མུ་ཁྱུད་རྣམ་དཔྱོད་ཀྱིས། །ལག་ཉལ་མཐར་འཛིན་རི་བོ་ལྷག་མར་བྱས། །དཔལ་ལྡན་རྒྱལ་པའི་གསུང་རབ་རིན་ཆེན་གྱི། །འབྱོར་བ་མཁྱེན་པའི་མཛོད་དུ་ལྷུན་གྲུབ་པའི། །དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་མཆོག །བསམ་གྱིན་རྡོ་རྗེ་འཆང་དུ་ངེས་པ་རྙེད། །སྔོན་བྱོན་མཁས་པའི་ལེགས་པར་བཤད་པ་དང་། །ཡོངས་འཛིན་དམ་པའི་ཞལ་ལུང་ཇི་བཞིན་དུ། །འཇམ་དཔལ་སྙིང་པོའི་དགོངས་དོན་ལྟ་བའི་ཁྲིད། །སྣོད་ལྡན་འགྲོ་ལ་ཕན་ཕྱིར་ཅུང་ཟད་སྤེལ། །དེ་ཡང་། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ངེས་དོན་སྟོང་པ་ཉིད་གཏན་ལ་འབེབས་པའི་ཟབ་མོ་དབུ་མའི་ལྟ་ཁྲིད་འདི་ཉིད། རང་


GLG012_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རྣམ་གྲོལ་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ལ་མེད་དུ་མི་རུང་བ་ཡིན་ལ། དེ་ལ་ཡང་སློབ་དཔོན་སོ་སོའི་བཞེད་ཚུལ་མང་ན་ཡང་། རྒྱལ་པ་ཙོང་ཁ་པས། ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུནྡའི་ཚལ་རབ་ཕྱེ་བའི་ཚེ། །སངས་རྒྱས་སྐྱངས་ཀྱིས་བསྟན་པའི་ལམ་མཐོང་ནས། །ཀླུ་སྒྲུབ་ལུགས་བཟང་གཙོ་བོར་མི་འཛིན་སུ། །ཞེས་གསུངས་པ་ལྟར། སློབ་དཔོན་ཟླ་བ་གྲགས་པའི་ལུགས་འདི་ཉིད་འཕགས་ཡུལ་དུ་གྲགས་ཆེ་ཞིང་། རང་ཅག་བོད་ཡུལ་འདིར་ཕྱོགས་འདི་ལ་འཁྲུལ་པ་མེད་པར་ཐུགས་སུ་བྱོན་པ་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྟེ། དེའི་བཞེད་པ་དག་བླ་མའི་མན་ངག་གིས་བརྒྱན་ཏེ་བྲི་བར་བྱའོ། །འདི་ལ་གསུམ། སྔོན་འགྲོ་དངོས་གཞི། མཇུག་ཐུན་མཚམས་སུ་སྐྱོང་ཚུལ་ལོ། །དང་པོ་ལ་དལ་འབྱོར་རྙེད་པར་དཀའ་ཞིང་འཆི་བ་མི་རྟག་པ་བསམ་པ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། མཐུན་རྐྱེན་ཚོགས་གསོག་པ་བླ་མའི་རྣལ་འབྱོར།འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་ལྔ་ལས། དང་པོ་ནི། རྗེ་བླ་མས། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཞེས་པ་ལྟར། རྙེད་པར་དཀའ་ཞིང་འཇིག་པར་སླ་བ་དོན་ཆེན་པོ་དང་ལྡན་པ་ནི་མིའི་ལུས་ཡིན་


GLG012_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པས། མགོན་པོ་ཀླུ་སྒྲུབ་ཀྱིས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་བ་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །ཞེས་པའི་སྐྱོན་བརྒྱད་དང་བྲལ་ཞིང་། །མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་ལ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་པའི་འབྱོར་བ་བཅུ་ཚང་བའི་རྟེན་ཁྱད་པར་ཅན་འདི་ཡང་། ཞི་བ་ལྷས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཚུད་ལྟར། །ཞེས་སོགས་ཀྱིས་མཚོན་པའི་མཁས་གྲུབ་གོང་མ་རྣམས་ཀྱིས། དཔེ་རྒྱུ་ངོ་བོའི་སྒོ་ནས་རྙེད་པར་དཀའ་ཚུལ་ལན་གྲངས་མང་པོར་གསུངས་ཤིང་། རྙེད་པར་དཀའ་བ་ཙམ་དུ་མ་ཟད་ཡུན་རིང་དུ་མི་གནས་པས། རྗེ་བླ་མས། རྙེད་དཀའ་དོན་ཆེའི་དལ་འབྱོར་ཐོབ་པ་ཡང་། །སྟོབས་ཀྱིས་མི་བཟློག་འབྲོས་པར་མི་ནུས་པའི། །སྟོབས་ལྡན་འཆི་བདག་ཕོ་ཉ་བཀྱེ་བ་དང་། །ན་དང་རྒ་བཅས་ཟིན་པར་མཐོང་ན་ཡང་། །ནམ་འཆི་ངེས་མེད་འཆི་བའི་དུས་ཀྱི་ཚེ། ཐམས་ཅད་དོར་ནས་འགྲོ་བ་ཤེས་བཞིན་དུ། །ལོ་ཟླ་ཞག་རྣམས་དོན་མེད་འདའ་བྱེད་པའི། །རབ་རྨོངས་བདག་ལ་བརྩེ་བའི་དུས་ལ་བབ། །ཅེས་པ་ལྟར། ངེས་


GLG012_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཆི་ཞིང་དུས་ལ་ངེས་པ་མེད་པར། འཇིག་རྟེན་གསུམ་གྱི་མངའ་བདག་དུས་ཀྱི་ཕོ་ཉས་གཙེས་པས། དེའི་ཚེ་སྟོབས་ནོར་འབྱོར་པས་མི་བཟློག་ཅིང་། བྲོས་པས་ཐར་པའི་མཐུ་ཙམ་ཡང་མེད་པར་སྲིད་པའི་འབྱོར་བ་མཐའ་དག་བཞག་སྟེ། རང་གི་རྗེས་སུ་འབྲང་བ་ལས་དཀར་ནག་ཙམ་མ་གཏོགས་མི་འབྱུང་བའི་ཚུལ་བཀའ་གདམས་རིན་པོ་ཆེའི་གསུང་སྒྲོས་བློ་སྦྱོང་བའི་རིམ་པར་མང་དུ་གསུངས་པ་དང་། བྱང་ཆུབ་ལམ་རིམ་དུ་རྩ་བ་གསུམ། རྒྱུ་མཚན་དགུ ། ཐག་བཅད་པ་རྣམ་པ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པ་སོགས་ལ་ཞིབ་ཏུ་དཔྱད་དེ་བློ་འཁུལ་ངེས་ཤེས་པའི་མྱོང་བ་ཐོན་པ་ཞིག་བསྒོམ་ལ། དེ་ཡང་ཤི་བ་ཙམ་གྱིས་མི་ཆོག་པར། ལས་ཀྱི་གཞན་དབང་ཅན་ཡིན་པས། ཤི་བའི་འོག་ཏུ་ངེས་པར་སྐྱེ་བ་ཞིག་ལེན་ལ། དེ་ཡང་མི་དགེ་བའི་ལས་ཀྱི་མཐུས་ངན་སོང་དུ་སྐྱེས་ན་དེའི་སྡུག་བསྔལ་ཡུན་རིང་ཞིང་བཟོད་པར་དཀའ་བ་སོགས་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་ཇི་ལྟར་འབྱུང་བ་ལྟར། གོ་ཡུལ་དུ་མ་ལུས་པའི་ཡིད་འཇིགས་ཞུམ་ཞུམ་པ་ནི་མེད་དུ་མི་རུང་བས། འདིས་དགེ་ལ་ངམ་ངམ་ཤུགས་ཀྱིས་འབད་པར་བྱེད་དེ། རྗེ་བླ་མས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ཅེས་གསུངས་སོ། །གཉིས་པ་ནི། །སྔོན་འགྲོའི་སྐོར་དེ་དག་ལ་ནན་ཏན་གོམས་པའི་རྒྱུས། །བཟོད་དཀའ་ངན་འགྲོའི་འཇིགས་པ་དེ་ལས་སྐྱོབ་པའི་སྐྱབས་གནས་ཤིག་ངེས་པར་འཚོལ་བ་ལ་འཇུག་པས།


GLG012_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོངས་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཞིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །གསུངས་པ་ལྟར། གདུལ་བྱ་རང་ངོས་ནས་བློས་འགེལ་ནུས་ན། སྐྱབས་ཡུལ་གྱི་ཆ་ནས་གཞན་དག་སྐྱོབ་པའི་ཡོན་ཏན་གསར་དུ་བསྒྲུབ་མི་དགོས་པར། མངོན་དུ་མཛད་ཟིན་པའི་སྐྱབས་གནས་བླ་ན་མེད་པ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་ལན་གྲངས་མང་པོར་བྱའོ། །གསུམ་པ་ནི། རྗེ་བླ་མས། ཚེ་རབས་མང་པོར་ལེགས་པར་སྤྱད་པའི་ལས། །འབད་པས་བསྒྲུབས་པའི་འབྲས་བུ་སྤྱད་པས་ཟད། །བག་མེད་དབང་གིས་ངན་འགྲོའི་རྒྱུ་བསྒྲུབས་པས། །སླར་ཡང་ངན་སོང་གནས་སུ་ལྟུང་བར་འགྱུར། ཞེས་པ་ལྟར། །སྲིད་པའི་ཕུན་ཚོགས་འདི་ཉིད་ཇི་ཙམ་དང་ལྡན་ཡང་། ཡིད་བརྟན་མ་མཆིས་ཤིང་། ལེགས་བྱས་ཀྱི་མཐུས་རང་ཉིད་མི་ལུས་ཙམ་ཐོབ་ཀྱང་གཏན་གྱི་བདེ་བར་མི་རུང་བ་སོགས་ཀྱི་རྒྱུ་མཚན་དེས་ན། འཇིག་རྟེན་ཕྱི་མའི་ཕུན་ཚོགས་ཙམ་དོན་གཉེར་གྱི་བསམ་པ་རང་ཤུགས་ཀྱིས་ཁེགས་འགྲོ་བས། རྗེ་བླ་མས། ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག །ཅེས་གསུངས་སོ། །དེ་ལྟར་རང་ཉིད་འཁོར་བ་ལས་མི་ལྡོག་པའི་བདེ་བ་ཞིག་བཙལ་ནའང་།


GLG012_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་རང་གི་མྱང་འདས་ཀྱིས་ཀྱང་གོལ་སར་ལྟུང་བའི་སྐྱོན་ཡོད་པས། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །ཞེས་བསྔགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པ་ལ་ཐེག་ཆེན་ལམ་དུ་ངེས་པར་འཇུག་དགོས་པས། རྗེ་བླ་མས། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཡང་། རྒྱུ་འབྲས་མན་ངག་བདུན་ལ་བརྟེན་ནས་རིམ་གྱིས་འཁྲིད་པ་གོང་མའི་མན་ངག་ཏུ་ཡོད་པ་ལྟར། བཤེས་སྤྲིང་ལས། མ་ཡི་གྲངས་ནི་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་གྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་པ་ལྟར། མར་མ་གྱུར་པའི་སེམས་ཅན་མེད་ཅིང་། སེམས་ཅན་རེ་རེས་མ་བྱས་པའི་གྲངས་ཀྱང་ས་ཆེན་པོ་རྒྱ་ཤུག་གི་ཚིག་གུ་ཙམ་དུ་བསིལ་བའི་གྲངས་ཀྱིས་ཀྱང་གཞལ་བར་མིན་ལ། མ་བྱས་རེས་ཀྱི་ཕན་བཏགས་པ་ལ་དྲིན་དྲན་ཞིང་། དེ་དག་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་དྲིན་ཅན་གྱི་མ་ཡིན་པས། བདེ་བ་ལ་སྦྱོར་བ་དང་། སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་བྱམས་པ་དང་སྙིང་རྗེ་ཚིག་ཙམ་དུ་མ་སོང་བར་བསྒོམ་ཞིང་། ཚུལ་དེ་ཉམས་སུ་བསྟར་བ་


GLG012_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པའི་ཁུར་འཁྱེར་པའི་ལྷག་པའི་བསམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་ཐབས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྦྱོར་བ་ཕྱིན་དྲུག་ལ་སློབ་པར་བྱའོ་སྙམ་དུ་ཡང་ཡང་བསྒོམ་དགོས་ཏེ། དེ་ཡང་མགོན་པོ་ཞི་བ་ལྷས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་པ་ལྟར། བདག་གཅེས་འཛིན་སྡུག་བསྔལ་ཀུན་གྱི་རྩ་བ་དང་། གཞན་གཅེས་འཛིན་ཕན་བདེ་ཀུན་གྱི་འབྱུང་གནས་སུ་ངེས་པས། རང་གི་ཕན་བདེ་ལེགས་ཚོགས་ཐམས་ཅད་གཞན་ལ་ཕངས་པ་མེད་པར་གཏོང་བ་དང་། གཞན་གྱི་མི་འདོད་པའི་སྡུག་བསྔལ་མཐའ་དག་བློས་འུབ་ཀྱིས་བསྡུས་ནས་རང་ལ་བླངས་པས་གཞན་དག་སྡུག་བསྔལ་དང་བྲལ་ཞིང་། བདེ་བ་དང་ལྡན་གྱུར་གྱི་བསམ་པ་ཡང་ཡང་བསྐྱེད་ཅིང་། གསལ་འདེབས་ཀྱི་ཚིག་བརྗོད་པ་སོགས་ནན་ཏན་དུ་བྱའོ། །བཞི་པ་ནི། རང་གི་སྤྱི་པོར་པདྨ་དང་ཉི་མའི་གདན་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད། རྣམ་པར་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་དམར་སེལ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། གཡས་གཡོན་གྱིས་པདྨའི་ཡུ་བ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་རལ་གྲི་དང་གླེགས་བམ་བསྣམས་པ། རིན་པོ་ཆེ་དར་གྱི་ན་བཟས་


GLG012_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་དུ་གྱུར་པ་ལ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྟིམ་པ་སོགས་སྤྱི་ལྟར་བྱས་ཏེ། དབྱེར་མེད་དུ་བཞུགས་པ། །སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་ཅན་ལ། ཡན་ལག་བདུན་པ་སོགས་ཚོགས་གསོག་གི་རིམ་པ་གང་ནུས་བྱ་ཞིང་བརྒྱུད་འདེབས་ཀྱི་སྒོ་ནས་གསོལ་བ་གདབ་ཚུལ་ནི། འདུལ་དཀའི་སྙིགས་མ་ལྔ་བདོའི་འགྲོ་བ་ལ། །ཕུལ་བྱུང་བརྩེ་ཆེན་སྙིང་སྟོབས་ཆེན་པོ་ཡིས། །མཆོག་གི་སྤྲུལ་སྐུའི་རྣམ་རོལ་ཟས་གཙང་སྲས། །བདག་སོགས་མགོན་མེད་འགྲོ་ལ་ཐུགས་རྗེས་གཟིགས། །ཀུན་ལ་འགྲེ། རྒྱལ་ཀུན་མཁྱེན་བརྩེའི་དབང་ཕྱུག་འཇམ་དཔལ་དབྱངས། །གང་དེའི་གྲུབ་བརྙེས་དཔའ་བོ་རྡོ་རྗེའི་ཞབས། །སྙིགས་དུས་རྒྱལ་པའི་དབང་པོ་ཙོང་ཁ་པ། །སྲས་ཀྱི་མཐུ་བོ་ཤེས་རབ་སེང་གེ་དང་། །རྩོད་དུས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། །མཆོག་གི་གོ་འཕང་མངོན་གྱུར་ནོར་བུ་བཟང་། །བདག་སོགས་མགོན་མེད་འགྲོ་ལ་ཐུགས་རྗེས་གཟིགས། །པད་དཀར་འཛིན་པ་དགེ་འདུན་རྒྱ་མཚོའི་ཞབས། །སེམས་དཔའ་ཆེན་པོ་སྐལ་བཟང་རྒྱ་མཚོ་དང་། །ལུང་དང་རིགས་པའི་དབང་ཕྱུག་བློ་བཟང་མཚན། །བདག་སོགས་མགོན་མེད་འགྲོ་ལ་ཐུགས་རྗེས་གཟིགས། །བཀའ་དྲིན་མཉམ་མེད་འཁོན་སྟོན་ཆོས་ཀྱི་རྗེ། །ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྡེ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ཡིས། །བདག་སོགས་མགོན་མེད་འགྲོ་ལ་ཐུགས་རྗེས་གཟིགས། །དལ་འབྱོར་རྙེད་པར་དཀའ་ཞིང་མྱུར་དུ་འཇིག །ངན་སོང་སྡུག་བསྔལ་བཟོད་དཀའ་མེ་འོབས་


GLG012_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དོང་། །སྲིད་པའི་ཕུན་ཚོགས་གློག་ལྟར་ཡོངས་རིག་ནས། །སྙིང་ནས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །བཤེས་གཉེན་དམ་པའི་མགོན་གྱིས་ལེགས་བསྟན་པའི། །རྒྱུ་འབྲས་མན་ངག་བདུན་གྱིས་བློ་སྦྱངས་ནས། །གཞན་ཕྱིར་ལུས་སྲོག་ཡལ་བར་འདོར་ནུས་པའི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །རང་ཉིད་གཅེས་པར་འཛིན་པའི་བློ་ངན་གྱིས། །ཐོག་མེད་དུས་ནས་སྲིད་པའི་རྒྱ་མཚོ་ཆེར། །བསྐྱུར་ནས་ཕུང་དཀྲོལ་རྩ་བར་རབ་རྟོགས་ནས། །བདག་འཛིན་རྩད་ནས་གཅོད་པར་བྱིན་གྱིས་རློབས། །ཐ་སྙད་རྟེན་འབྲེལ་བསླུ་བ་མེད་པ་དང་། །ཆོས་ཀུན་གདོད་ནས་རང་བཞིན་གྱིས་སྟོང་པའི། །སྣང་སྟོང་ཟུང་དུ་འབྲེལ་བ་དབུ་མའི་ལམ། །འཇམ་དབྱངས་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། །མཐའ་བྲལ་ཟབ་ལམ་གྲུ་རྫིངས་ལ་བརྟེན་ནས། །མི་ཟད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། །སྐུ་གསུམ་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་སོགས་གསོལ་བ་གདུང་ཤུགས་དྲག་པོའི་སྒོ་ནས་གདབ་པར་བྱའོ། །ལྔ་པ་ནི། གསང་སྔགས་ཀྱི་གཞུང་ནས་ཇི་ལྟར་འབྱུང་བའི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཉམས་སུ་ལེན་ཞིང་ཡི་གེ་བརྒྱ་པ་སོགས་ལ་ནན་ཏན་དུ་བྱས་པས། ལམ་ཟབ་མོ་སྐྱེ་བའི་བགེགས་སྡིག་སྒྲིབ་རྣམས་སྦྱོང་བ་གནད་དུ་ཆེ། ལྟ་བ་འདི་ཉིད་མདོ་སྔགས་གཉིས་ཀའི་སྲོག་ལྟ་བུ་ཡིན་པས། རྡོར་སེམས་ཀྱི་བསྒོམ་བཟླས་


GLG012_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མན་ངག་ལུགས་ཡིན་ལ་ཁྲིད་ཡིག་གཞན་རྣམས་སུ་མི་གསལ་ལོ། །གཉིས་པ་དངོས་གཞི་ལ། དབུ་མའི་ལྟ་བ་ངོས་བཟུང་བ། དེའི་སྒོམ་ཚུལ་གཉིས། དང་པོ་ནི། དཀོན་མཆོག་བརྩེགས་པ་ལས།འོད་སྲུངས། ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་དང་བྲལ་བའི་ལམ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་བློས་ཕར་བཏགས་ནས་བཞག་པ་ཙམ་མ་གཏོགས། ཡུལ་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་པའི་ལྟ་བ་དེ་དབུ་མའི་ལྟ་བར་ངོས་འཛིན་པ་ཡིན་ནོ། །གཉིས་པ་ལ་སེམས་གནས་པའི་ཐབས་ཞི་གནས་དང་ལྟ་བ་དངོས་བསྒོམ་པའི་ཚུལ་གཉིས། དང་པོ་ནི། སྒོམ་རིམ་ལས། ཕྱི་རོལ་གྱི་ཡུལ་ལས་རྣམ་པར་གཡེང་བ་ཞི་ནས། ནང་དུ་དམིགས་པ་ལ་རང་གི་ངང་གིས་འཇུག་པ་ལ། དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞེས་གསུངས་པ་ལྟར། ལྷག་མཐོང་གི་དམིགས་པ་རྣམས་མི་གཡེང་བར་ཇི་ལྟར་འདོད་པ་བཞིན་ཕྲིག་ཚུད་པར་བྱེད་པ་ལ་འདི་ཉིད་གལ་ཆེ་བས། ཐོག་མར་དམིགས་རྟེན་ནི། ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་གཏོད་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་པ་ལྟར། སངས་


GLG012_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྗེས་སུ་དྲན་པ་སོགས་ཀྱི་ཕན་ཡོན་མང་དུ་ཡོད་པ་ནས། རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་དབུས་སུ་དེ་བཞིན་གཤེགས་པའི་སྐུ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ་གཅིག་གསལ་བཏབ་སྟེ། དེ་ལ་ཡང་དང་ཡང་དུ་སེམས་གཏོད་པ་དང་། གཏད་ཡོད་དོ་སྙམ་པའི་བློ་ཐུ་རེ་བ་དང་། སེམས་དེ་ལས་རྣམ་རྟོག་གཞན་མི་འཕྲོ་བ་སོགས་གལ་ཆེ་ཞིང་། དཔེར་ན་རང་གི་ཡིད་ལ་གང་བཅགས་པ་དེ་ཆེད་དུ་གཉེར་མི་དགོས་པར་བློ་ལ་ཤུགས་ཀྱིས་འཆར་བ་ལྟར། གོམས་པའི་དབང་གིས་གནས་ཆ་བརྟན་པོ་རྙེད་འགྲོ་བས། ཀུན་ལས་བཏུས་ལས། དྲན་པ་གང་ཞེ་ན་འདྲིས་པའི་དངོས་པོ་ལ་སེམས་ཀྱིས་བརྗེད་པ་མེད་པ་དེ། རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་པ་ལྟར། དམིགས་པ་དེ་ལ་མ་ཡེངས་པའི་ངང་ནས་སེམས་ཀྱི་ཟུར་ཕྲ་མོ་ཞིག་གིས་བྱིང་རྒོད་ཀྱི་སྐྱོན་བྱུང་མ་བྱུང་སོགས་ལེགས་པར་བརྟགས་ཏེ་ངོས་ཟིན་པར་བྱེད་དོ། །གཉིས་པ་ནི། རྗེ་བླ་མས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་པ་ལྟར། འདི་ལ་གང་ཟག་གི་བདག་མེད་བསྒོམ་ཚུལ། ཆོས་ཀྱི་བདག་མེད་བསྒོམ་ཚུལ་གཉིས། དང་པོ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ལས། དང་པོ་ནི། ད་ལྟ་རང་ཅག་རྣམས་ཀྱི་རྒྱུད་


GLG012_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངའོ་སྙམ་དུ་དམ་སྦྲིང་སྦྲིང་འཛིན་པའི་བློ་འདི་འཇིགས་ལྟ་ལྷན་སྐྱེས་ཡིན་པས། འདིས་ཇི་འདྲ་ཞིག་ཏུ་བཟུང་སྙམ་བརྟག་ན། རང་གི་ལུས་སེམས་ཚོགས་པའི་སྟེང་དུ་ཕར་བཏགས་པ་ཙམ་མ་ཡིན་པར། ཁོ་རའི་ལུས་སྟེང་ནས་ཚུར་གྲུབ་པ་ལྟ་བུར་ཡོད་པ་དེ། དཔེར་ན་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ལ་རང་ངོས་ནས་ཀ་བ་ཞེས་ཕར་བཏགས་པ་མ་ཡིན་པར། ཡུལ་ཤིང་ཧྲེང་ཧྲེང་པོ་དེ་ཡི་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་བཞིན་ནོ། །དེ་ལྟར་ངོས་ཟིན་པའི་ངར་འཛིན་ལྷན་སྐྱེས་དེ་ལུས་སེམས་གཉིས་ཀྱི་སྟེང་ནས་ཚུགས་ཐུབ་ཏུ་གྲུབ་ན། ལུས་སེམས་གཉིས་པོ་དེ་དང་། གཅིག་དང་ཐ་དད་གང་རུང་མ་གཏོགས། དེ་གཉིས་གང་ཡང་མིན་པའི་ཕུང་གསུམ་པ་གཅིག་མི་སྲིད་པས། དང་པོ་ལྟར་ན། ངའི་ལུས་ངའི་སེམས་ཞེས་བརྗོད་འི་ཚེ། ང་དང་ལུས་སེམས་གཉིས་པོ་ཐ་དད་དུ་བློ་ལ་དེ་ལྟར་སྣང་བར་གྱུར་ཞིང་། ལུས་ཞིག་པའི་འོག་ཏུ་ཡང་། ང་ཡང་སྲིད་དུ་སྐྱེ་བ་ལེན་ཞིང་། །སེམས་རྟེན་མེད་ཡ་འགལ་དུ་གྱུར་པའི་གང་ཟག་མི་སྲིད་ཅིང་། ཕྱི་མ་ལྟར་ན། ལུས་སེམས་གཉིས་པོ་བློས་བསལ་བའི་འོག་ཏུ་ང་འདི་ཞེས་བསྟན་རྒྱུ་གཅིག་མེད་པས། ཐ་དད་དུ་མ་གྲུབ་པ་སོགས་གནད་བཞི་ལ་ཡང་ནས་ཡང་དུ་དཔྱད་པར་བྱའོ། །གཉིས་པ་ནི། སྔར་བཤད་པའི་ཞི་གནས་དེས་དྲངས་པའི་སྒོ་ནས། ཡིད་ཧ་ཅང་གློད་པ་དང་སྒྲིམ་པ་མ་ཡིན་པར། གསལ་སིང་ངེ་བར་དགག་བྱ་རང་བཞིན་གྱིས་གྲུབ་པ་བཀག་ཙམ་གྱི་ཆ་ལ་ཧྲིལ་དེ་


GLG012_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིལ་ལ་ལྟ་ཞིང་། གསར་བུའི་དུས་བློ་ཡི་ཟུར་ཕྲ་མོ་ཞིག་གིས་ཅུང་ཟད་དཔྱད་པ་རྣམས་དྲན་པ་དང་། བྱིང་རྒོད་ལ་བལྟ་བར་བྱ་སྟེ་ཡུན་རིང་དུ་བསྐྱང་བར་བྱའོ། །གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལ། དཔྱད་འཇོག་གཉིས་ལས། དང་པོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཕར་བཏགས་པ་ཙམ་མ་ཡིན་པར་ཡུལ་སྟེང་ནས་གྲུབ་པ་ལྟ་བུར་སྣང་བ་དེ། གཅིག་དུ་བྲལ་སོགས་ཀྱི་སྒོ་ནས་སྔར་བཞིན་དཔྱད་ན་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་རྙེད་པ་མི་འགྱུར་བས། རི་ར་བ་ཁང་ཁྱིམ་སོགས་མཐའ་དག་ལ་ཡང་ནས་ཡང་དུ་དེ་ལྟར་དཔྱད་པར་བྱའོ། །གཉིས་པ་ནི། ཆོས་དང་གང་ཟག་གི་དབྱེ་བ་ཙམ་མ་གཏོགས་སྔར་ལྟར་རོ། །དེས་ན་ཐ་སྙད་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་བྱ་བྱེད་ཀུན་འཐད་པ་ལ་ངེས་ཤེས་འདྲོངས་པ་དང་མཉམ་དུ་ཆོས་དེ་ཀུན་ཡུལ་རང་གི་སྟེང་ནས་ཅུང་ཟད་ཙམ་ཡང་མ་གྲུབ་པའི་ངེས་ཤེས་བཅོས་མིན་རྒྱུད་ལ་སྐྱེས་པ་ནི། དེ་ཉིད་རྟོགས་པའི་ཚད་ཡིན་པས་རིགས་པ་ཁ་སྤོ་བ་མ་གཏོགས་བདག་མེད་གཉིས་འདྲ་བས། རྗེ་བླ་མས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་སོ། །གསུམ་པ་མཇུག་ཏུ་བྱ་བ་ནི། དེ་ལྟར་མཉམ་གཞག་ཏུ་སྟོང་པ་ཉིད་ལ་ཕུ་ཐག་ཆོད་པའི་ངེས་པ་ལེགས་པར་དྲངས་ཟིན་པའི་རྗེས་སུ། རྗེས་ཐོབ་ཏུ་གཟུགས་ནས་རྣམ་མཁྱེན་


GLG012_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་གྱི་ཆོས་ཀུན་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ཞིག་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་པའི་ཉམས་ལེན་བསྙོན་མེད་དུ་འཇོག་པའི་སྣངསྟོང་ཟུང་དུ་འཇུག་པ་ནི། རྗེ་བླ་མས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་པ་སྟེ། །སྣང་བས་ཡོད་མཐའ་སེལ་ཚུལ་ནི། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། རང་བཞིན་ཞེས་པའི་དགག་བྱ་སྦྱར་བའི་ནུས་པས་མྱུ་གུ་གཏན་མེད་མ་ཡིན་པར་རྟོགས་ནུས་ལ། མེད་མཐའ་སེལ་ཚུལ་ནི། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་པའི་ནུས་པས། མྱུ་གུ་རྒྱུ་རྐྱེན་ལ་ལྟོས་ནས་གྲུབ་པར་བསྟན་པའི་ཤུགས་ལ་མྱུ་གུ་རང་བཞིན་གྱིས་མེད་པར་རྟོགས་ནུས་སོ། །དེ་དང་མཐུན་པར་གླེགས་བམ་རིན་པོ་ཆེ་ལས། ང་ངས་སྟོང་ལྟ་བ་དབྱིངས་སུ་ཡལ། །ང་འཛིན་མེད་གསུངས་པ་དབྱིངས་སུ་ཡལ། །ཞེས་ཆོས་ཀུན་རང་བཞིན་གྱིས་སྟོང་པ་དང་། །ཀྱེ་མི་སྣང་དགུ་སྣང་དཔག་མེད་ཀྱང་། །ཞེས་སོགས་ཀྱིས་དེའི་རིགས་པ་དང་། འབྲོམ་ཤེལ་གྱི་མེ་ཏོག་རང་དྭངས་ལ། །སྐུ་བདེན་མེེད་སྣང་བའི་སངས་རྒྱས་བྱོན། །ཞེས་པས་མཐུན་དཔེ་དང་། ཀྱེ་མ་དཔྱད་སྣ་ཚོགས་མཛེས་མཛེས་འདྲ། །ཧ་དཔྱད་ན་མི་གདའ་ཇི་ལྟར་ལགས། །ཨ་སྐྱེ་མེད་རང་གིས་བསྟན་པས་ལན། །ཞེས་མ་དཔྱད་པའི་ཚེ་ཡོད་ཡོད་འདྲ་བ་རྣམས་དོན་དམ་དཔྱོད་བྱེད་ཀྱི་རིགས་


GLG012_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཅུང་ཟད་ཀྱང་མ་རྙེད་པར་གསུངས་ལ། རང་བཞིན་གྱིས་སྟོང་ཡང་ཐ་སྙད་དུ་ལས་འབྲས་འཐད་ཚུལ་ནི། ཆོས་ཐམས་ཅད་རྫུན་པའི་སྣང་བ་ཡིན། །གཟུགས་མེད་ན་གཟུགས་བརྙན་ག་ལ་འབྱུང་། །དེ་རྒྱུ་སོང་རྫུན་ཡང་འབྲས་འབྱུང་བས། །ལས་ཁྱད་དུ་མི་སོད་ཉམས་ལེན་པའི། །ང་ལྟ་བ་བརྒྱུད་པའི་བཀའ་གདམས་ཡིན། །ཞེས་དང་། རྒྱལ་བ་ཙོང་ཁ་པས། འདི་ཀུན་ངོ་བོས་སྟོང་པ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །བགེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་པ་དང་། །འདི་ལས་རྨད་དུ་བྱུང་བ་གང་། །ཞེས་དང་། ཐམས་ཅད་མཁྱེན་དགེ་འདུན་རྒྱ་མཚོས། འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །གདོད་མའི་གཤིས་ལ་དབྱེ་བ་མ་མཆིས་ཀྱང་། །ཐ་སྙད་ལས་འབྲས་བསླུ་བ་མེད་ཤེས་ནས། །ཕྱིན་དྲུག་ཉམས་སུ་ལེན་པ་སྤྱོད་པ་ཡིན། །གཞི་ཡི་ལྟ་བ་སྣང་སྟོང་ཟུང་འཇུག་ཏེ། །ལམ་གྱི་ཉམས་ལེན་ཚོགས་གཉིས་ཟུང་དུ་འབྲེལ། །འབྲས་བུ་སྐུ་གཉིས་ཟུང་འཇུག་ལྷུན་གྱིས་གྲུབ། །རྒྱལ་བ་དགྱེས་པའི་ལྟ་སྒོམ་སྤྱོད་འབྲས་ལགས། །ཞེས་གསུངས་སོ། །འདི་ནི་སྙིང་པོ་བསྡུས་པ་ཙམ་ཡིན་གྱི། །ཡིད་ཆེས་ཀྱི་གནས་སུ་གྱུར་པའི་མཐའ་ཆོད་ཀྱི་ངེས་པ་ནི་ལམ་རིམ་ཆེ་ཆུང་གཉིས་ཀྱི་ལྷག་མཐོང་སོགས་གཞུང་ཆེན་པོ་དག་ལ་བལྟ་བར་བྱའོ། །སྨྲས་པ། སྲིད་པ་རྩ་བ་བདག་ཏུ་འཛིན་པའི་རི། །མཐའ་བྲལ་ལྟ་བའི་གནམ་ལྕགས་ཐོག་མདའ་ཡིས། གསིལ་


GLG012_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བྱས་ཚེ་འཁོར་བའི་དགྲ་ཚོགས་ཀུན། །དབང་ཕྱུག་མིག་མེས་མདའ་ལྔ་པ་ལ་བཞིན། །ཆུ་གཏེར་གཏིང་ལྟར་རྟོགས་དཀའ་ཟབ་མོའི་དོན། །འཇམ་དཔལ་སྙིང་པོའི་གསུང་བཅུད་གདྒཱའི་རྒྱུན། ཡོངས་འཛིན་ཛཧྣུ་ཡི་ཞལ་སྒོ་ནས། །བབས་འདིས་བདག་འཛིན་དྲི་མ་དྲུངས་ནས་ཕྱུང་། །དགེ་ཚོགས་རང་བཞིན་སྟོང་པའི་ལྷ་ལམ་ངོས། །ཐ་སྙད་འབྲས་བུར་བཀྲ་བའི་དབང་པོའི་གཞུ། །དོན་གཉིས་གཟིགས་མོར་མཚར་པའི་དགའ་སྟོན་ལ། །སྐལ་བཟང་སྐྱེ་བོས་འཇུག་པའི་རྒྱུར་གྱུར་ཅིག །ཅེས་མཐའ་བྲལ་དབུ་མའི་ལྟ་བ་ཉམས་སུ་ལེན་ཚུལ་མན་ངག་གིས་བརྒྱན་པའི་འཇམ་དཔལ་སྙིང་པོའི་ཞལ་ལུང་ཞེས་བྱ་བ་འདི་ཡང་། །འཁོར་བའི་ཕུན་ཚོགས་ལ་བཅོས་མིན་གྱི་ངེས་པར་འབྱུང་བའི་དཔྱོད་ལྡན་མཐའ་བྲལ་དབུ་མ་ཆེན་པོའི་རྣལ་འབྱོར་པ་དཀའ་བཅུ་བག་དྲོ་ངག་དབང་ལྷུན་གྲུབ་ཀྱིས་ནན་ཏན་དུ་བསྐུལ་བ་ལྟར། དྲིན་ཅན་རྩ་བའི་བླ་མ་སྙིགས་དུས་ཀྱི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་གསུང་བགྲོས་ཇི་ལྟར་འབྱུང་བ་ལྟར། །དམ་པ་གང་དེའི་བཀའ་དྲིན་གྱིས་འཚོ་བའི་ཟ་ཧོར་གྱི་བནྡྷེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། མེ་ཕག་ས་ག་ཟླ་བའི་ཕྱོགས་གཉིས་པའི་དགའ་བ་གསུམ་པའི་ཚེས་ལ་སྦྱར་པའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །བཀྲ་ཤིས། །


previousཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་ཚུལ་འཇམ་དཔལ་སྙིང་པོའི་ཞལ་ལུང་།next