Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  expand section
   
དམིགས་བརྩེ་མའི་ཊཱིཀྐ་ཉམས་ལེན་དང་འབྲེལ་བ་ཚིག་དོན་རབ་གསལ།
   
   
   
   
   
   


 
previousདམིགས་བརྩེ་མའི་ཊཱིཀྐ་ཉམས་ལེན་དང་འབྲེལ་བ་ཚིག་དོན་རབ་གསལ།next

དམིགས་བརྩེ་མའི་ཊཱིཀྐ་ཉམས་ལེན་དང་འབྲེལ་བ་ཚིག་དོན་རབ་གསལ།


GLG012_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བརྩེ་མའི་ཊཱིཀྐ་ཉམས་ལེན་དང་འབྲེལ་བ་ཚིག་དོན་རབ་གསལ་བཞུགས་སོ། །


GLG012_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འདྲེན་ཡོངས་ཀྱི་ལུང་རྟོགས་རིན་ཆེན་ཁམས། །དྷཱིཿཡིག་གཟུགས་ཅན་གཞུ་བླུགས་མི་ཡི་ཟོལ། །འཛིན་མཛད་བློ་བཟང་གྲགས་པའི་དཔལ་འབར་བ། །སླུ་མེད་གཏན་གྱི་སྐྱབས་ཁྱོད་གཙུག་ན་མཛེས། །མགོན་དེའི་མདོ་རྒྱུད་ཟབ་དོན་ཆེས་དཀོན་བཅུད། །མཆོག་ཏུ་ཡངས་པའི་རྣམ་དཔྱོད་གཟར་བུ་ཡིས། །བདག་བློའི་ཡོལ་གོར་གཏམས་ནས་ཆོས་དཀར་ཚོགས། །འཕེལ་མཛད་ཡོངས་འཛིན་བཀའ་དྲིན་གཞལ་ནུས་ཅི། །འཛམ་གླིང་སྤྱི་དང་ཁྱད་པར་རྒྱ་ཧོར་དུ། །སྔོན་གྱི་སྨོན་ལམ་སྟོབས་ཀྱིས་འཕྲིན་ལས་སྒོ། །གཅིག་ཏུ་རབ་ཡངས་ཀུན་མཁྱེན་བཙོང་ཁ་པའི། །གསོལ་འདེབས་ཚིག་དོན་ཉུང་ངུའི་ཚུལ་གྱིས་འགྲེལ། །དེ་ཡང་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ལ་གསོལ་འདེབས་ཀྱི་རིམ་པ་མཐའ་ཀླས་པ་


GLG012_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྣང་བ་རྣམས་ཀྱི་ནང་ནས་ཚིག་ཉུང་ཞིང་དོན་ཟབ་པ་ལྷག་པར་གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་དམིགས་བརྩེ་མར་གྲགས་པའི་དོན་བཤད་པ་ལ་ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་གདབ་པ། ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་གདབ་པ། གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་པའི་སྒོ་ནས་གསོལ་བ་གདབ་པ་དང་གསུམ་ལས། དང་པོ་ལ་དངོས་བསྟན་དང་ཤུགས་བསྟན་གཉིས་ཀྱི་དང་པོ་ནི། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་བའི་ཚེ་མཚན་གསོལ་བ་དང་འཁྲུངས་ཡུལ་གྱིས་ཆ་ལས་གྲས་པ་ལྷན་ཅིག་པར་ཤར་བཙོང་ཁ་པ་བློ་བཟང་གྲགས་པ་ཞེས་སྲིད་པ་གསུམ་ན་ཡོངས་སུ་ཁྱབ་པའི་དཔལ་ལྡན་བླ་མ་དམ་པ་གང་དེའི་སྐུའི་ཆ་ཤས་ཀྱི་ནང་ནས་ཆེས་དམའ་བ་ཞབས་ཀྱི་པདྨ་དྲི་མ་མེད་པ་ལ་འགྲོ་བ་རྣམས་ཀྱིས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཡན་ལག་གི་མཆོག་མགོ་བོས་འདུད་པ་དང་བཅས་ཏེ་གསོལ་བ་འདེབས་པ་ལ་དགོས་པ་ཡོད། གསོལ་བ་གདབ་པའི་ཡུལ་དེ་ནི་དབང་རྟུལ་རྨོངས་པའི་ཚོགས་ཀྱིས་ཕྱགས་ཞེན་གྱི་སྒོ་ནས་བཟང་པོར་སྒྲོ་བཏགས་པ་ཙམ་མ་ཡིན་པར་བོད་ཡུལ་གངས་ཅན་གྱི་ལྗོངས་ཆེན་པོ་འདིར་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་སུ་བྱོན་པའི་མཁས་པ་དང་གྲུབ་པའི་སྐྱེས་བུ་རྣམས་ཀྱི་ཡོན་ཏན་ལས་ཁྱད་པར་གང་ཡང་རུང་བ་རེའི་སྒོ་ནས་ལྷག་པ་ལ་བརྟན། དེ་དག་གི་གཙུག་ཏོར་གྱི་རྩེ་མོར་མངོན་པར་མཛེས་པའི་རྒྱན་དུ་གྱུར་པས་སོ། །དེ་ལྟར་རྒྱན་དུ་གྱུར་པའི་རྒྱུ་མཚན་ཅི་ཞིག་སྙམ་ན། བཤད་དུ་ཡོད་དེ་ལུས་ཅན་ཀུན་གྱི་ལས་དཀར་ནག་གི་གཟུགས་བརྙན་ཆུ་ཟླ་ལྟར་སྟོང་


GLG012_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཐོང་ཞིང་། མཐོང་བའི་གཟུགས་བརྙན་དེ་ཡང་རང་བཞིན་གྱིས་གྲུབ་པ་བཞིན་སྣང་ཡང་དེས་སྟོང་པར་མཐོང་ནས་དམིགས་པ་མེད་པའི་བརྩེ་བ་སྙིང་རྗེས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་ཡོན་ཏན་ནི། །བཤད་མ་ཐག་པ་དེའི་གཏེར་ཆེན་པོ་རྒྱལ་བའི་སྲས་པོ་སྤྱན་རས་གཟིགས་དང་མཚུངས་པ་ཡིན་པས་སོ། །དེར་མ་ཟད་སྒྲུབ་བྱེད་གཞན་ཡང་ཡོད་དེ་དམ་པ་འདི་ཉིད་ཀྱིས་ཇི་ལྟ་བ་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་གཟིགས་པའི་དོན་དམ་རྟོགས་པའི་ཤེས་རབ། ཤེས་བྱ་རིག་པའི་གནས་ལྔ་ལ་སོགས་པ་ཇི་སྙེད་པའི་ཡུལ་མཐའ་དག་ལ་ཐོགས་པ་མེད་པའི་ཀུན་རྫོབ་རྟོགས་པའི་ཤེས་རབ་སོགས་མཁྱེན་པའི་ཡོན་ཏན་ཐམས་ཅད་ལ་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་མེད་པའི་རྒྱལ་བ་ཀུན་གྱི་མཁྱེན་པའི་དབང་ཕྱུག་རྒྱལ་བའི་སྲས་པོ་གཞོན་ནུ་ཟུར་ཕུད་ལྔ་པ་འཇམ་དཔལ་དབྱངས་དང་ཚུལ་མཚུངས་པས་སོ། །གཉིས་པ་ཤུགས་བསྟན་ནི་གོང་དུ་བཤད་པའི་ཡོན་ཏན་དེར་མ་ཟད་ཁྱད་པར་གཞན་དང་ཡང་ལྡན་ཏེ་ཐུགས་རྗེ་ཆེན་པོ་ཕྱག་ན་པདྨ་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་ཀྱི་མཁྱེན་བརྩེ་དང་མཚུངས་པར་བསྟན་པའི་ཤུགས་ལ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་འདུལ་བ་བདེ་བར་གཤེགས་པའི་མཐུ་སྟོབས་ཀྱི་མངའ་བདག་དཔལ་གསང་བའི་བདག་པོ་ལག་ན་རྡོ་རྗེའི་མཛད་འཕྲིན་དང་མཚུངས་པར་བསྟན་པས་དོན་ཧྲིལ་གྱིས་དྲིལ་ན་འཕགས་པ་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་གསུམ་དཔེར་གཟུང་བ་ཡིན་ནོ། །གཉིས་པ་ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་གདབ་པ་ནི། དེ་ཡང་སྙན་ངག་མེ་ལོང་སོགས་སུ་བཞིན་རས་དཀར་བ་ལ་ཟླ་བ།


GLG012_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལ་བུང་བ། སྨིན་མ་ལ་འཁྲི་ཤིང་སོགས་སུ་དཔེ་དོན་སྦྱར་བ་དང་གཟུགས་ཅན་དུ་བཀོད་པ་ལྟ་བུའི་སྙན་ངག་མཁན་ལ་བཀག་པ་མེད་པའི་དཔེ་བཞིན་རིགས་གསུམ་མགོན་པོ་དང་མཚུངས་འདྲ་སྦྱར་རམ་སྙམ་ན་དེ་ནི་མ་ཡིན་ཏེ་སྙན་ངག་མཁན་རྣམས་ཀྱིས་རབ་བཏགས་དང་ཕུལ་བྱུང་སོགས་འུད་ཆེན་པོས་བསྔགས་པ་རྣམས་ནི་དོན་ལ་གནས་པ་མ་ཡིན་པས་སོ། །ཅིའི་ཕྱིར་ན་རྒྱུ་མཚན་བཤད་དུ་ཡོད་དེ་རྗེ་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་ཐོས་བསམ་བསྒོམ་པ་སོགས་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་ཀྱི་སར་བཀྲི་བར་བྱེད་པའི་ཐབས་ཚུལ་ཤ་སྟག་མ་གཏོགས་རང་དོན་དུ་སྙན་གྲགས་མངའ་ཐང་སྐུ་ཚེས་མཚོན་པ་འཕེལ་བའི་ཐབས་མཛད་པ་ནི་ཅུང་ཟད་ཀྱང་མི་མངའ་ཞིང་བསྟན་འགྲོའི་སྨན་ཡོན་དུ་གྱུར་ན་རང་ཉིད་དམྱལ་བའི་གནས་སུ་སྲིད་པ་འཛིན་པ་ལ་ཡང་དྭངས་པའི་མཚོ་ལ་ངང་པ་དང་དྲི་ལྡན་མེ་ཏོག་ལ་བུང་བ་འདུ་བ་བཞིན་ཚམ་ཚོམ་མེད་པར་འཇུག་པའི་འཕགས་ཆེན་དམ་པའི་རྣམ་པར་ཐར་པ་ནི་རྟོགས་བརྗོད་ཆེ་ཆུང་རྣམས་ཀྱིས་ཤེས་པར་ནུས་སོ། །རྟོགས་བརྗོད་དེ་དག་ཀྱང་རྩོམ་པ་པོའི་ཞེ་འདོད་ཁོ་ན་ལྷུར་བླངས་པ་ཙམ་མ་ཡིན་ཏེ། མཁན་ཆེན་ཕྱག་རྡོར་བའི་གསང་བའི་རྣམ་ཐར་ལོག་རྟོག་མུན་སེལ་དུ། གསང་བདག་གིས་ལུང་བསྟན་པའི་སློབ་མའི་སྐབས། བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ། །ཤཱཀྱའི་རྒྱལ་པོའི་དྲུང་དུ་སེམས་མཆོག་བསྐྱེད། །ཞིང་འདིར་མདོ་དང་སྔགས་ཀྱི་གཞུང་ལུགས་སྤེལ། །འདི་ནས་འཕོས་ཏེ་དགའ་ལྡན་གནས་སུ་འགྲོ། །འཇམ་དཔལ་སྙིང་པོ་བྱམས་པའི་སྲས་མཆོག་དེ། །མྱུར་དུ་སངས་རྒྱས་དེ་བཞིན་གཤེགས་པར་འགྱུར། །


GLG012_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཚེས་བཅོ་ལྔའི་ཐོ་རངས་བྱམས་པ་ཉིད་ལ་བསླབ་བཏུས་ཞུས་ཟེར་བ་ཞིག་བྱུང་། ཁོང་ལ་བསླབ་བཏུས་གསུང་བར་ཞུ་ཞུས་པས། ཁོང་གི་གསུང་ནས་ཡི་དམ་དེ་སྐད་གསུང་ངམ་གསུང་། གསུང་ལགས་ཞུས་པས་བསླབ་བཏུས་གསུངས། ངས་ཉན་དུས་མཐོང་སྣང་ལ་ཁོང་གི་དབུའི་སྟེང་ན་རྗེ་བཙུན་བྱམས་པ་བཞུགས། དཔུང་པ་གཡས་ན་འཇམ་དབྱངས་དཀར་པོ། གཡོན་ན་ལྷ་མོ་དབྱངས་ཅན་མ་བཞུགས་འདུག །མགོན་པོ་ཕྱག་བཞི་པ་དང་ཕྱག་དྲུག་པས་གཙོ་བྱས་པའི་ཆོས་སྐྱོང་དང་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་འདུག་གོ །གཞན་ཡང་དཀར་ཕྱོགས་ལ་དགའ་བའི་ལྷ་འདྲེའི་ཚོགས་མང་པོ་ཆོས་ཉན་ཞིང་འདུག་པས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་སོ། །སོ་སོ་འབྲང་མའི་དབང་དང་སེམས་བསྐྱེད་ཀྱང་ཞུས་སོ། ཁོང་གིས་བདག་ལ་ཚུར་ཆོས་ཞུས་པ་ལ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབས་གསུམ་གྱི་འཁྲིད། ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་འཁྲིད་ལུང་རྗེས་གནང་། ཕྱག་རྡོར་སྐུ་ལྔའི་རྗེས་གནང་། ཞུ་ལན་རྡོ་རྗེའི་འཕྲེང་བ། ཞུ་ལན་གཅེས་ཕྲེང་གི་ལུང་རྗེས་གནང་། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་དབང་དང་རྗེས་གནང་། དྲེགས་པ་ཀུན་འདུལ་གྱི་དབང་། རྟ་མགྲིན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་སོགས་བྱས་པའི་དུས། རྗེས་གནང་དང་དབང་གི་བྱ་བ་ཌཱ་ཀི་རྣམས་ཀྱང་བྱེད་པ་དང་བདུད་རྩི་ཀ་པཱ་ལ་གང་ཁོང་ལ་ཕུལ་བས། དེར་ལྦུ་བ་ཤར་བའི་ནང་དུ་འཇམ་དབྱངས། ཛམ་ལྷ་རྣམ་སྲས་རྣམས་རེ་རེ་བཞུགས་པ་གཟིགས་གསུང་བ་སོགས་ངོ་མཚར་བའི་གཟིགས་སྣང་མཐའ་ཀླས་པ་མཆིས་ཤིང་ཞུ་


GLG012_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལན་སྨན་མཆོག་བདུད་རྩིའི་ཕྲེང་བ་ལས། སོ་སོ་སྐྱེ་བོའི་སྣང་ངོར་སྦྱོར་ལམ་ལ་གནས་པར་གྲགས། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་དཔག་པར་མི་ནུས་སོ་ཞེས་གསུངས་པ་རྣམས་ཚད་མའི་གནས་ཡིན་པས་ཤེས་པར་ནུས་སོ། །དེར་ཡང་མ་ཟད་བཤད་དུ་ཡོད་དེ་ཚུར་མཐོང་གི་གདུལ་བྱའི་སྣང་ངོར་བཀའ་པོད་བཅུ་སོགས་མདོ་ཕྱོགས་ཀྱི་གཞུང་ལུགས་དང་རྒྱུད་སྡེ་བཞིའི་སྨིན་གྲོལ་བཤད་བཀའ་མ་ལུས་པ་དབུས་གཙང་གི་ལྗོངས་འདིའི་གྲགས་ཅན་གྱི་མཁས་གྲུབ་རིས་མེད་པ་འབད་པས་བསྟེན་ནས་གཏན་ལ་ཕབ་ཅིང་སྐྱིད་ཤོད་ཚལ་དུ་ལྷ་རྗེ་དཀོན་མཆོག་སྐྱབས་ལ་ཡན་ལག་བརྒྱད་པ་གཙོ་བོར་གྱུར་པའི་ཚེའི་རིག་བྱེད་དང་ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་ལ་ཀ་ལཱ་པ་བྱ་ཀ་ར་ཎས་མཚོན་པའི་ཐ་སྙད་ཀྱི་གཙུག་ལག་ཆེས་ཕྲ་བ་རྣམས་ལའང་སྦྱངས་པ་མཛད་པས་མཁས་པའི་ཡང་རྩེར་སོན་ཅིང་ཐེག་པ་ཐུན་མོང་བ་ལྟར་ན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་མཐར་ཕྱིན་ཅིང་ཐུན་མོང་མ་ཡིན་པ་བསྐྱེད་རྫོགས་ཟུང་འཇུག་གི་རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ནས་བར་དོར་མངོན་པར་རྫོགས་པར་སངས་རྒྱ་བར་མཛད་པས་སོ། །དེ་ཙམ་གྱིས་མཁས་པ་ཐམས་ཅད་ཀྱི་གཙུག་ན་མངོན་པར་མཐོ་བར་མི་འགྱུར་ཏེ་བཀའ་གདམས་ཀྱི་སྐུ་མཆེད་གསུམ་དང་གླང་ཤར་སོགས་བདག་པས་གཞན་གཅེས་འཛིན་པའི་སེམས་དཔའ། ལྕེ་འབྲོག་མར་མི་སོགས་སྐུ་ཚེ་དེའམ་བར་དོར་ཟུང་འཇུག་བརྙེས་པའི་གྲུབ་ཐོབ་ས་རྔོག་བུ་སོགས་གནས་ལྔ་རིག་པ་མཁྱེན་པའི་མཁས་པ་མཐར་ཀླས་པ་བྱུང་བས་སོ་ཞེ་ན། རིག་པ་དེ་ནི་འཇུག་པ་མ་ཡིན་ཏེ་བཤད་མ་ཐག་པའི་མཁས་གྲུབ་དེ་དག་ཕྱོགས་གཅིག་ཏུ་བསྡོམས་ན་དམ་པ་འདིའི་


GLG012_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དང་མཚུངས་ནའང་རེ་རེ་བཞིན་ནས་དོན་མི་སྙོམས་པའི་རྒྱུ་མཚན་བསྟན་པ་སྔ་དར་ལ་ལོ་པཎ་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་། ཕྱི་དར་ལ་བཀའ་གདམས་གོང་མ་སོགས་རྒྱལ་བའི་སྲས་པོ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་བླ་མ་འདི་ལ་མི་མངའ་ཡང་། འདི་ཉིད་ཀྱི་ཐ་སྙད་དང་གསང་སྔགས་ཡོངས་སུ་རྫོགས་པ་དེ་དག་ལ་མེད་པས་སོ། །དེ་བཞིན་དུ་སྔ་དར་གྱི་རྗེ་འབངས་ཉེར་ལྔ་དང་ཕྱི་དར་གྱི་ལོ་ཆེན་འབྲོག་མི། དཀར་པོ་རྣམ་གསུམ་མར་མེ་སོགས་གྲུབ་པའི་དབང་ཕྱུག་དེ་དག་གི་བསྐྱེད་རྫོགས་ཀྱི་ཡོན་ཏན་གྱི་ཆ་ནས་ཕན་ཚུན་སྙོམས་ནའང་སོ་སོ་ཐར་པའི་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་དང་གྲུབ་མཐའ་རྣམ་བཞིའི་བཞེད་གཞུང་སྒྲ་ཚད་སོགས་ཤེས་བྱ་ཇི་སྙེད་པའི་ཡོན་ཏན་གྱི་ཆ་ནས་མཆོག་དམན་ཡོད་དོ། །དེ་བཞིན་དུ་ས་རྔོག་ཤོང་པང་བུ་སྟོན་སོགས་གནས་ལྔ་རིག་པ་མཁྱེན་པ་རྣམས་ཀྱིས་ཐོས་བསམ་ལ་སྒྲོ་འདོག་བཅད་པའི་ཆ་ནས་ཁྱད་པར་མེད་ཀྱང་བླ་མ་མགོན་པོ་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་བཞེད་པ་དངོས་བསྟན་སྟོང་ཉིད་ཀྱི་ལྟ་བ་དང་དཔལ་གསང་བ་འདུས་པའི་སྒྱུ་ལུས་སོགས་གནད་གསང་ཟབ་མོ་སྔོན་ཆད་མཁས་པ་དང་གྲུབ་པ་རྣམས་ཀྱིས་མཁྱེན་པའི་ཡུལ་དུ་མ་འཚལ་བ་མཐའ་དག་དམ་པ་འདི་ཉིད་ཀྱིས་གཏན་ལ་འབེབས་པར་མཛད་པ་མངོན་སུམ་དུ་གྲུབ་པ་འདིའོ། །དེ་ཡང་སྐུ་ཚེ་འདི་གཅིག་པུར་སྦྱངས་སྟོབས་མཛད་པ་ལ་མ་བལྟོས་པའི་ཚེ་རབས་མང་པོ་ནས་ལྷག་པའི་ལྷས་རྗེས་སུ་བཟུང་བའི་རྒྱུ་མཚན། གླེགས་བམ་རིན་པོ་ཆེའི་འཆི་མེད་རྡོ་རྗེའི་གླུ་ལས། མར་མེ་མཛད་ཀྱང་


GLG012_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་འདིར། །སྒྲོལ་མར་བཅས་ཏེ་སྤྲུལ་སྟོང་འགྱེད། །ལྷག་པར་ཆགས་མེད་བསོད་སྙོམས་པས། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས། །ཕྱོགས་བཞིའི་ལས་ཅན་དབང་དུ་སྡུད། །ང་ཡིས་མཆོད་ཚོགས་རྒྱས་པར་བྱེད། །མར་མེ་མཛད་དང་བྱམས་པ་ཡང་། །ཁྱོད་ཀྱི་གྲོགས་བཟང་སྤེལ་བར་བྱེད། །རིང་པོར་མི་ཐོགས་གནས་མཆོག་འདིར། །མཆོད་ཚོགས་རྒྱ་མཚོ་འདུ་བར་འགྱུར། །སྤྱན་རས་གཟིགས་དབང་བཟང་པོར་སྤྲུལ། །ཞེས་དཔལ་མར་མེ་མཛད་བཀའ་གདམས་ཀྱི་བསྟན་པ་སྤེལ་བ་ལ་སླར་ཡང་སྤྲུལ་པ་མང་དུ་འགྱེད་པའི་ནང་ནས་གཙོ་བོར་གྱུར་པས་རེས་སོགས་ཅུང་ཟད་ཙམ་མ་བཟུང་བར་ཆགས་མེད་བསོད་སྙོམས་ལ་བརྟེན་པ་རྒྱལ་བ་བཙོང་ཁ་པ་ཆེན་པོ་འབྱོན་པ་དང་དེའི་འཕྲིན་ལས་ཀྱི་མཐུས་རྒྱ་བོད་ཧོར་གསུམ་གྱི་ལས་ཅན་རྣམས་དབང་དུ་སྡུད་ཅིང་ལྷ་ས་སྨོན་ལམ་ཆེན་མོ་སོགས་ཇོ་བོ་རྣམ་གཉིས་ལ་མཆོད་ཚོགས་རྒྱ་མཚོ་སྤེལ་ཞིང་དེའི་ཚེ་སྤྱན་རས་གཟིགས་བཟང་པོའི་མཚན་ཅན་རྗེ་བཙུན་བཙོང་ཁ་པར་སྤྲུལ་པར་གསུངས་ཤིང་ཕ་ཆོས་ཀྱི་ཐོར་བུའི་ཚོམས་སུ། ཤར་ནས་ཟླ་བའི་དཀྱིལ་འཁོར་མཛེས། །ཞེས་པ་རྗེ་བཙུན་བཙོང་ཁ་བ་ཆེན་པོར་མཁས་པ་རྣམས་ངོས་འཛིན་ཅིང་འབྲོམ་གྱི་འབུལ་མོ་ཆེ་མཛད་པ་ལས་འཕྲོས་པའི་མ་འོང་ལུང་བསྟན་དུ། ལ་ལ་ནི་བཀའ་གདམས་སུ་ཁས་མི་ལེན་པར་དོན་བཀའ་གདམས་སུ་མཛད་དེ་ཞེས་པ་གོང་དུ་རྗེ་བླ་མ་ཇོ་བོ་ཆེན་པོའི་སྤྲུལ་པར་བཤད་པ་དང་འབྲེལ་ལོ། །དཀོན་མཆོག་འབངས་ཀྱི་ལེའུར། བླ་མ་དྲི་མ་མེད་པས་སྤྲུལ་པ་གཅིག་ནི་རྒྱ་གར་ཡུལ་དུ་འགྲོ་ཞེས་པ་ཇོ་བོ་དང་།


GLG012_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་གཅིག་ནི་མདོ་སྨད་ཁམས་སུ་འགྲོ་ཞེས་པ་རྗེ་བཙུན་བཙོང་ཁ་བ་ཡིན་ཞིང་དྲི་མེད་བླ་མ་ནི་མགོན་པོ་འོད་དཔག་མེད་ཡིན་པར་གདོན་མི་ཟ་ལ། ཞུ་ལན་སྨིན་མཆོག་བདུད་རྩིའི་ཕྲེང་བ་ལས། གསང་བའི་བདག་པོའི་ཞལ་ནས། བློ་བཟང་གྲགས་པ་འདི་ནི་ཚོགས་གཉིས་རྒྱ་ཆེར་བསགས་པའི་གང་ཟག་ཡིན་ཏེ་སྐྱེ་བ་འདུན་གྱི་བར་དུ་པཎྜི་ཏའི་ཚུལ་བཟུང་། སེམས་ཅན་མཐའ་ཡས་ཀྱི་དོན་བྱས། སྐྱེ་བ་འདི་གའི་སྔ་མ་ཁ་ཆེ་ཁྲི་བརྟན་གྱི་ཡུལ་དུ་པཎྜི་ཏ་མ་ཏིབྷ་དྲ་ཤྲཱི་ཞེས་བྱ་བར་འཁྲུངས་ཞེས་པ་དང་། ལྷག་པའི་ལྷ་ཕྱི་ནང་གི་ལྷ་མོས་རྗེས་སུ་བཟུང་ཞིང་རིགས་གསུམ་མགོན་པོས་ཀྱང་རྗེས་སུ་བཟུང་སྟེ། ལྷག་པའི་ལྷ་ཡིན་འཚང་ནམ་རྒྱ་ངས་མི་སྟོན་འཇམ་དབྱངས་དང་སྤྱན་རས་གཟིགས་ཀྱིས་ལུང་སྟོན་པར་འགྱུར་རོ། །མཐོང་ཐོས་རིག་གསུམ་གྱི་ཕན་ཡོན་ཐོབ་ངེས་པའི་གང་ཟག་ཡིན་པས་ཁོང་གི་རྒྱུད་ཚོད་གཞན་གྱིས་དཔག་པར་མི་ནུས་སོ། །ཞེས་གསུངས་ཤིང་འཚང་ནམ་རྒྱ་འཇམ་དཔལ་དབྱངས་ཀྱིས་སྟོན་གསུང་བའང་རྗེ་བཙུན་གྱིས་རྗེ་འཇམ་དཔལ་རྒྱ་མཚོར་བཀའ་སྩལ་པ་བཞིན་ཡི་གེར་བཀོད་པར། སྙིང་སྟོབས་ཕུལ་དུ་ཕྱིན་པའི་སེམས་དཔའ་ཆེན་པོ་འདི་ཉིད་སྔོན་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཡང་དང་ཡང་དུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཛད། ཕྱི་ནང་གི་རིག་པའི་གནས་རྣམས་ལ་ཐོགས་མེད་དུ་སྨྲ་བའི་སྤོབས་པའང་ཐོབ། མངོན་པར་ཤེས་པ་ལྔ་ལའང་མངའ་བརྙེས། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་དྲུང་དུ་རྗེ་བཙུན་དང་འཁོར་མང་པོ་དང་བཅས་ཏེ་བྱོན། དེའི་ཚེ་དེ་བཞིན་གཤེགས་པ་དབང་པོའི་ཏོག་གིས་ལུས་


GLG012_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་མི་ལྟ་བར་ལྟ་བ་རྣམ་དག་དང་འབྲེལ་བའི་སྔགས་མ་དག་པའི་ཞིང་རྣམས་སུ་རྒྱས་པར་བྱེད་པ་ནི་མྱུར་དུ་འཚང་རྒྱའོ། །ཞེས་སོགས་ཀྱི་བསྔགས་པ་མང་དུ་བརྗོད། དེའི་ཚེ་སེམས་དཔའ་ཆེན་པོ་དེ་ཉིད་ཀྱིས་འཁོར་རྒྱ་མཚོ་ལྟ་བུའི་དབུས་ནས་བཞེངས་ཏེ་མ་དག་པའི་ཞིང་རྣམས་སུ་ལྟ་བ་རྣམ་དག་དང་འབྲེལ་བའི་སྔགས་ལུས་སྲོག་ལ་མི་ལྟ་བར་བདག་གིས་རྒྱས་པར་བྱེད་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། དེའི་མོད་ལ་དེ་བཞིན་གཤེགས་པ་དབང་པོའི་ཏོག་དང་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྨོན་ལམ་གནང་། དེ་བཞིན་གཤེགས་པ་དེའི་མཐུས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ཀྱང་ཐུགས་ཀྱིས་དགོངས་ཏེ་སྔར་བཞིན་དུ་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་སྙིང་སྟོབས་ཕུལ་དུ་བྱུང་བའོ། ཞེས་མགྲིན་གཅིག་ཏུ་བརྗོད། དེའི་ཚེ་སྙིང་སྟོབས་ཕུལ་དུ་ཕྱིན་པའི་སེམས་དཔའ་འདི་ཉིད་ནི། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་འདས་པའི་བྱང་ཤར་མཚམས་སུ་ངོ་མཚར་སྨད་དུ་བྱུང་བའི་བཀོད་པ་སྣ་ཚོགས་པས་མཛེས་པ་ཞེས་བྱ་བའི་ཞིང་དུ། དེ་བཞིན་གཤེགས་པ་སེང་གེའི་ང་རོ་ཞེས་བྱ་བར་འཚང་རྒྱ། ཞེས་ལུང་བསྟན་ཚུལ་བྱུང་བས། གླེགས་བམ་རིན་པོ་ཆེ་ནི་ཡིད་སྲུབས་ཀྱིས་བརླམས་པའི་རྟོག་གེ་པ་རེ་གཉིས་མ་གཏོགས་རིས་སུ་མ་ཆད་པའི་མཁས་གྲུབ་མཐའ་དག་ཚད་མར་མཛད་པ་དང་། མཁན་ཆེན་ནམ་མཁའ་རྒྱལ་མཚན་གསང་བདག་དངོས་ཡིན་པར་མ་ཟད་རྗེ་འཇམ་དཔལ་རྒྱ་མཚོ་ཡང་བརྟན་པའི་


GLG012_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་གསུང་གི་གནང་བ་རྒྱུན་པར་སྩལ་བ་ཞིག་ཡིན་པར་གདོན་མི་ཟ་བས་སོམ་ཉིའི་གནས་མ་ཡིན་ནོ། །ཤུགས་བསྟན་གསང་བའི་བདག་པོའི་ཡོན་ཏན་དང་ལྡན་པའང་དགུང་ལོ་ང་བདུན་པའི་དུས་བདུད་རིས་ཀྱི་འབྱུང་པོ་མི་བསྲུན་པ་བཞིས་མཐོ་འཚམ་པའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོ་བདུད་འདུལ་གྱི་ཕྱག་རྒྱ་ཅན་མངོན་སུམ་དུ་གཟིགས་ཤིང་རང་ཉིད་ལ་ཐིམ་པ་དང་ལས་ཀྱི་གཤིན་རྗེ་དང་གནོད་སྦྱིན་ཀྵེ་ཏྲ་པཱ་ལས་ནག་པོའི་སྡེ་རྣམས་ཚར་བཅད་ནས་རྣམ་པར་རྒྱལ་བའི་གྲགས་པ་ཕྱོགས་བཅུར་རྒྱས་པས་འཇམ་དབྱངས་ཆོས་རྗེས་མཛད་པའི་གསང་བའི་རྣམ་ཐར་དུ། རྗེ་ཡི་སྐུ་དང་རྒྱལ་བའི་སྐུ་གསུང་ཐུགས། །དབྱེར་མེད་མཛད་ནས་བདུད་སྡེ་ཟིལ་མནན་པས། །བསྟན་བསྲུངས་རྣམས་ཀྱིས་བདུད་རིགས་ཚར་བཅད་ཚེ། །བདུད་ཀྱི་དམག་དཔུང་ཕམ་པའི་སྒྲ་ཆེན་གྲགས། །ཞེས་གསུངས་ཤིང་རྗེ་འཇམ་དཔལ་རྒྱ་མཚོས་མཛད་པའི་རྣམ་ཐར་ཟུར་འདེབས་སུ། གྲྭའི་ལྟག་གི་རི་གཟར་པོ་དེ་ནས་ཕ་བོང་ཆེན་པོ་རྣམས་འགྲིལ་ཏེ་དགེ་འདུན་རྣམས་སྐྲག་པ་དང་ཆའི་ཕྱོགས་ནས་རླུང་ཆེན་སོགས་གནམ་ས་འགྲིལ་བ་ཙམ་བྱུང་བ་གཉིས་ཀ་ལ་སྡིགས་མཛུབ་གཏད་པ་ཙམ་གྱིས་ལོག་པར་གསུངས་པ་དེས་མཚོན་མཐུ་སྟོབས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་ཅིང་ཆོས་རྗེ་དོན་རིན་པའི་མནལ་ལམ་དུ། རྡོ་རྗེ་འཇིགས་བྱེད་དང་མཇལ་བས་གསོལ་བ་བཏབ། ཁྱད་པར་དུ་ཞལ་ཡང་ཡང་བསྟན་དུ་གསོལ་ཞེས་ཞུས་པས། སང་ཕོད་ད་ཙམ་ལུང་འདིའི་མདའ་རུ་ཡོང་། ད་བར་དུ་བདེ་བར་གྱིས་གསུངས་པས། དེ་གང་ཡིན་དཔྱད་པའི་ཕྱིར་


GLG012_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ཁྱེད་ཀྱི་བུར་འདུག་པ་ཐེགས་པ་ཡིན་གསུང་བས་དོན་དུ་དུས་དགྲའི་དབང་པོ་འཇིགས་མཛད་རྡོ་རྗེ་དངོས་ཡིན་པའི་ཕྱིར་མཐུ་སྟོབས་ཆེ་ཆུང་དཔྱོད་པའི་གནས་མ་ཡིན་ནོ། །གསུམ་པ་གསང་བ་ལྷག་པའི་ལྷ་དང་། ངོ་བོ་དབྱེར་མེད་པའི་སྒོ་ནས་གསོལ་བ་གདབ་པ་ནི། མཁན་ཆེན་ཕྱག་རྡོར་བ་དང་རྗེ་བཙུན་བཙོང་ཁ་པ་མཇལ་ཚུལ་ལས། བདག་གིས་ལོ་བདུན་ཅུ་ལོན་དུས་བུ་མོ་དཀར་མོ་ཞིག་ན་རེ། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ་ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཕུན་སུམ་ཚོགས་པ་ཅིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་པ་ཡོད་ཅིང་ཕན་ཚུན་དཔོན་སློབ་ཏུ་འབྲེལ་པ་ཞིག་ཡོང་བ་ཡོད་པས་དེ་ལ་ཆོས་བཀའ་ལ་སྲིས་མ་འཇུག་པར་བྱིན། ཕར་ཡང་ཆོས་ཞུས་ཟེར་བ་ཞིག་བྱུང་བས་བདག་མོས་གུས་དཔག་ཏུ་མེད་པ་སྐྱེས་སོ། །ཞེས་དང་། རྗེ་འཇམ་དཔལ་རྒྱ་མཚོའི་ཟུར་འདེབས་སུ། དེ་ནས་བྱ་ལོ་ཟླ་བ་དང་པོའི་ཚེས་བཅུའི་ནུབ་མོ་ཡུམ་གྱི་མནལ་ལམ་དུ་དགེ་འདུན་ལ་སོགས་པའི་ཕོ་མོ་བསམ་གྱིས་མི་ཁྱབ་པས་རྒྱལ་མཚན་དང་རྔ་བོ་ཆེ་ལ་སོགས་པ་རོལ་མོའི་བྱེ་བྲག་མཐའ་ཡས་པ་བཟུང་སྟེ་སྤྱན་རས་གཟིགས་འབྱོན་པ་ལ་བསུ་བ་བྱེད་ཟེར་གྱིན་འདུག་པས། ཕྱོགས་ཀུན་ཏུ་ངས་བལྟས་ཀྱང་མ་མཐོང་། རྗེས་ལ་བལྟས་པས་སྤྲིན་གྱི་ཐད་དུ་གསེར་སྐུ་རི་བོ་ཙམ་པ་འོད་ཟེར་ཉི་མ་ལྟར་ཕྱོགས་ཐམས་ཅད་དུ་འཕྲོ་བ། ཆོས་ཀྱི་སྒྲ་དབྱངས་དང་བཅས་པ་ཞིག་ལྷའི་བུ་དང་བུ་མོ་ཡིན་ཟེར་བའི་ཆ་ལུགས་


GLG012_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་དུ་མས་བསྐོར་བ་ཞིག་མར་མར་ལ་བབས་བྱུང་བས། གསེར་སྐུ་དེ་ཇེ་ཆུང་ཇེ་ཆུང་ལ་སོང་། སྤྱི་གཙུག་གི་ཐད་ཙམ་དུ་སླེབས་པའི་ཚེ་མཐོ་གང་ཙམ་ཤིན་ཏུ་མཛེས་པར་གྱུར་ནས་ལུས་ལ་ཐིམ་གསུང་བ་དང་ཡབ་ཀྱི་མནལ་ལམ་དུ་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་འབར་བ་ཞིག་ཡུམ་ལ་ཐིམ་པ་རྨིས་པས་བུ་སྟོབས་ལྡན་ཞིག་སྐྱེ་བ་ཡིན་ནམ་ཞེས་གླེངས། ཞེས་སོགས་བྱུང་བ་ལྟར་ངེས་པའི་དོན་དུ་འཕགས་པ་རིགས་གསུམ་གྱི་མགོན་པོ་དང་དབྱེར་མ་མཆིས་པར་གོར་མ་ཆག་པས་བླ་མ་རིགས་གསུམ་མགོན་པོར་བསྒྲུབ་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིར་བསྒྲུབ་པ་ནི། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཝས་འཁོར་འདས་ཀྱི་ཆོས་རྣམས་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་རང་གི་སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་དྷཱིཿལས་རལ་གྲིའི་ཡུ་བ་དྷཱིཿས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་རྣམཔ་རྒྱལ་བ་བཙོང་ཁ་པ་ཆེན་པོ་རབ་བྱུང་གི་ཆ་ལུགས་ཅན་ཞི་ཞིང་འཛུམ་པའི་ཞལ་ཁྱིམ་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱིས་ཨུ་ཏྤ་ལའི་ཡུ་བ་ནས་འཛིན་པའི་འདབ་མའི་དཔུང་པའི་ཐད་དུ་རྒྱས་པས་ཤེས་རབ་ཀྱི་རལ་གྲི་དང་ཤེར་ཕྱིན་གྱི་གླེགས་བམ་བཏེག་པ །པཎ་ཞྭ་གསེར་གྱི་མདོག་ཅན་གསོལ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོའི་རྩ་འཁོར་གྱི་དབུས་


GLG012_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སུ་པད་ཟླའི་གདན་ལ་འཇམ་དབྱངས་དམར་སེར་གཡས་རལ་གྲི་འཕྱར་ཞིང་གཡོན་ཨུ་ཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་སྟེང་ན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱིས་མཚན་པ། རལ་བའི་ཟུར་ཕུད་ལྔ་དང་ལྡན་པ། མགྲིན་པའི་རྩ་འཁོར་གྱི་དབུས་སུ་པད་ཟླའི་གདན་ལ་སྤྱན་རས་གཟིགས་དཀར་པོ་རྩ་ཕྱག་གཉིས་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཀྱི་ཤེལ་ཕྲེང་དང་པདྨ་འཛིན་པ། རལ་པའི་ཐོར་ཚུགས་དང་ནུ་མ་གཡོན་པར་ཁྲི་གཉན་ས་ལེའི་པགས་པ་བཀབ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐུགས་ཁའི་རྩ་འཁོར་གྱི་དབུས་སུ་པད་ཉིའི་གདན་ལ་ཕྱག་ན་རྡོ་རྗེ་མཐིང་ནག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་སྡིག་མཛུབ་མཛད་པ། དབུ་སྐྲ་དང་སྨ་ར་སྨིན་མ་དམར་སེར་འབར་བ། རིན་པོ་ཆེ་དང་སྦྲུལ་གྱིས་སྤྲས་པ། དར་གྱི་སྟོད་གཡོགས་དང་སྟག་ཤམ་གསོལ་བ། ཞབས་གཡོན་བརྐྱང་གི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྩ་རྒྱུད་ཀྱི་བླ་མ། ཡི་དམ། སངས་རྒྱས། བྱང་སེམས་ཉན་རང་། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་བསྲུངས་མ་སོགས་སྐྱབས་གནས་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། རྒྱས་པར་སྤྲོ་ན་ཆུ་གཉིས་ཉེར་སྤྱོད། འདོད་ཡོན་ལྔ་སོགས་བླ་མ་མཆོད་པ་རྣམས་ལས་འབྱུང་བ་ལྟར་བྱས་ཀྱང་རུང་ཞིང་རྒྱུན་གྱི་


GLG012_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལ་བཟང་པོ་སྤྱོད་པ་ལས་བྱུང་པའི་ཡན་ལག་བདུན་པ་བྱ། གསོལ་གདབ་ནི། བླ་མ་རྣམས་ཀྱིས་མཛད་པའི་བསྟོད་ཚོགས་ཀྱི་རིགས་བྱས་ཀྱང་འགལ་བ་མེད་ཅིང་སྙིང་པོའི་ཉམས་ལེན་དམིགས་བརྩེ་མར་ཆིག་དྲིལ་དུ་བྱེད། དེ་ཉིད་ལེགས་སྦྱར་གྱི་སྐད་དུ་བྱ་བར་འདོད་ན། ཀ་རཎྜབྻུ་ཧཱ་བྷྱཱ་མ་ནཱ་ལམྦྷ་དཱ་ཡ་སྱ་མ་ཧཱ་ནི་དྷེ་ཛྙེནྡྲ་ལ་ཌྷི་བི་མ་ལྱ། པ་ཊོ་རྦྷོ་ཊ་ཨཱ་ལངྐ་རེ་རྨཱེརྡྷ་མུ་བྱ་བ་པ་ལརྦྷཿ སུ་དྷཱི་ཀཱིརྟི་ཨདྷྱེ་ཥ་ཏཱཾ་གྷྲོ། ཞེས་ལག་འགྲོ་ལྷང་བའི་སྡེབ་སྦྱོར་གྱི་ལམ་ནས་དྲངས་ཏེ་བྱས་ཀྱང་རུང་། སླར་ཡང་། སྐྱབས་གནས་ཀུན་འདུས་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ལ་གསོལ་བ་འདེབས་སོ། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ཤིག །བཅོས་མ་མ་ཡིན་པའི་ངེས་འབྱུང་གི་བསམ་པས་རྒྱུད་བསྐུལ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཟབ་མོ་དབུ་མའི་ལྟ་བ་དང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་ནུས་པར་བྱིན་གྱིས་རློབས་ཤིག །དེ་ལྟར་ཉམས་སུ་བླངས་པའི་ཆོས་ལམ་དུ་སོང་སྟེ་མཁའ་མཉམ་སེམས་ཅན་ཀུན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་རློབས་ཤིག །མདོར་ན་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་བཙོང་ཁ་པ་ཆེན་པོས་རྗེས་སུ་བཟུང་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས། བླ་མའི་སྤྱི་བོའི་འཇམ་དཔལ་དབྱངས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་བྱིན་རླབས་ཀྱི་ཚུལ་དུ་ཐོབ། དེ་བཞིན་དུ་མགྲིན་པའི་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་


GLG012_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མགྲིན་པ། ངག་སྒྲིབ། གསང་བའི་དབང་སྙིང་གའི་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ། ཡིད་སྒྲིབ། ཤེས་རབ་ཡེ་ཤེས་ཀྱི་དབང་། སླར་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ། རང་གི་གནས་གསུམ། ལུས་ངག་ཡིད་གསུམ་གྱི་སྒྲིབ། དབང་བཞི་པ་སོགས་རིགས་འགྲེ་སྦྱོར། དེ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ཞེས་སོགས་ཀྱིས་གསོལ་བ་གདབ་པས། བླ་མའི་སྐུ་དེ་མཐེབ་སོར་གྱི་ཚད་ཙམ་དུ་གྱུར་པ་རང་གི་རྩ་དབུ་མའི་ལམ་བརྒྱུད་དེ་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བྱོན། སྙིང་ཁའི་པདྨ་ཁ་ཟུམ། མཐའ་བསྐོར་དུ་ཨོཾ་ཨ་ར་པ་ཙ་ན་དྷཱིཿསུ་མ་ཏི་ཀཱིརྟི་ཤྲཱི་བྷ་དྲ་ཨ་དྷིཥྵཱཻ་ན་ཨ་དྷི་ཥྛི་ཏེ་ཀུརྦནྟུ་ཞེས་པའི་སྔགས་ཀྱི་འཕྲེང་བས་དམ་དུ་བཅིངས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་བསམ་མོ། །ཚུལ་འདི་ཐོན་པ་ཡོན་ཏན་རྒྱ་མཚོའི་ཐུགས་དམ་གྱི་ཉིང་ཁུ་ཡིན་ཞེས་མཁས་དབང་སྟག་ལུང་གྲགས་པའི་གསུང་རྒྱུན་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱི་ཞལ་ལུང་ལྟར་བཀོད་ལ། ཞལ་སྔ་ནས་བདེ་བ་ཅན་པ་སོགས་ཀྱི་གསུང་རྒྱུན་གྲགས་ཆེ་བར་སྤྱི་བོར་རྗེ་བཙུན་བཙོང་ཁ་པ་ཆེན་པོ་བསྒོམ་པ་འདྲ་བ་ལ་དེའི་དབུ་གཙུག་ཏུ་པདྨ་དང་ཟླ་བའི་གདན་ལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་དང་དཔེ་བྱད་ཀྱིས་སྤྲས་ཤིང་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ས་གནོན་མཉམ་བཞག་གི་ཕྱག་རྒྱ་དང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྗེ་བླ་མའི་དཔུང་པ་གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་ན་རྡོ་རྗེ།


GLG012_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་འཇམ་པའི་དབྱངས་རྣམས་བཤད་མ་ཐག་པའི་མངོན་རྟོགས་ལྟར་གསལ་གདབ། སྤྱན་འདྲེན་མན་གྱི་ཉམས་ལེན་གོང་བཞིན་ལ་བླ་མ་སྙིང་གར་བྱོན་པ་རང་སེམས་དང་ངོ་བོ་དབྱེར་མེད་པར་མཉམ་པར་འཇོག་པ་ལས་སྙིང་གའི་པདྨ་ཁ་ཟུམ་པ་སོགས་མི་མཛད་པའི་རྒྱུན་སྣང་བ་ལྟར་བྱས་ཀྱང་རུང་ཞིང་གཉིས་ཀ་ལ་བསྔོ་བ་སྨོན་ལམ་བྱའོ། །གཉིས་པ་བྱེ་བྲག་ཏུ་བསྒྲུབ་པ་ལ་གསུམ་ལས། དང་པོ་སྤྱན་རས་གཟིགས་དང་དབྱེར་མེད་དུ་བསྒྲུབ་པ་ནི། ཚད་མེད་བཞི་ཡན་སང་ནས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་ཧྲཱིཿ ལས་པདྨ་ཧྲཱིཿས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱལ་བ་བཙོང་ཁ་པ་ཆེན་པོ་ཞེས་པ་ནས་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བར་གོང་ལྟར་དང་། དེའི་ཐུགས་ཀར་པད་ཟླའི་གདན་ལ་སྤྱན་རས་གཟིགས་ཞེས་པ་ནས་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བར་དཀྱུས་བཞིན་ལ། གཉིས་ཀའང་ཞེས་པའི་ཚིག་ཕྲད་དོར། གནས་གསུམ་བསླབ་པ་ནས་ཡན་ལག་བདུན་པའི་བར་བྱ། དེ་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཟླ་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་དཀར་པོའི་མཐར་ཡི་གེ་དྲུག་པ་དང་དམིགས་བརྩེ་མས་ཕྱི་ནང་དུ་བསྐོར་བར་གསལ་གདབ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁྱད་པར་དུ་ཡང་རིགས་དྲུག་སོ་སོའི་གནས་སུ་འཕྲོས་ཏེ་འགྲོ་བ་དེ་དག་གི་ལས་ཉོན་རྣམས་


GLG012_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ནས་བླ་མ་དང་ཐུགས་རྗེ་ཆེན་པོར་དབྱེར་མེད་ཀྱི་གོ་འཕང་ལ་བཀོད་པར་བསམས་པ་སོགས་ཀྱི་དམིགས་རིམས་དང་བཅས་དམིགས་བརྩེ་མ་ཅི་ནུས་སུ་བཟླ་ཞིང་ཡི་གེ་དྲུག་པའང་འདོན་མ་ཎི་དུང་ཕྱུར་བྱེ་བ་སོགས་གང་འདོད་ན་ཡང་ཉམས་ལེན་འདི་དང་འབྲེལ་བ་བྱེད་དོ། །མཇུག་ཏུ་བླ་མ་དང་རང་སེམས་དབྱེར་མི་ཕྱེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཀྱི་གནས་ལུགས་ལ་མཉམ་པར་འཇོག །དེ་ལས་ལངས་ཏེ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་བོ། །གཉིས་པ་འཇམ་དབྱངས་དང་དབྱེར་མེད་དུ་བསྒྲུབ་པ་ནི། ས་བོན་དང་ལྷའི་མངོན་རྟོགས་སོགས་བརྗེ་བ་མ་གཏོགས་དངོས་གཞི་གོང་ལྟར་ལ་བཟླས་པའི་དུས་དོན་གཉིས་བྱས་རྗེས་ཁྱད་པར་དུ་ཡང་འོད་ཟེར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་མ་རིག་པའི་མུན་པ་མ་ལུས་པ་གསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་མཁྱེན་པ་དང་གྲུབ་ཐོབ་ཀུ་སཱ་ལི་རྣམས་ཀྱི་སྒོམ་བྱུང་གི་ཤེས་རབ། མཁས་པ་པཎྜི་ཏའི་ཚོགས་ཀྱི་ཐོས་བྱུང་གི་ཤེས་རབ་རྣམས་བསྡུས་ཏེ་རང་ཉིད་ལ་ཐིམ་པའི་དམིགས་པ་དང་བཅས་དམིགས་བརྩེ་མ་དང་ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་འདྲེན་པ་ཁྱད་པར་རོ། །གསུམ་པ་ཕྱག་ན་རྡོ་རྗེ་དང་དབྱེར་མེད་དུ་བསྒྲུབ་པ་ནི། དངོས་གཞི་ས་བོན་དང་ལྷ་བསྒྱུར་ལུགས་གོང་ལྟར་ལ་དོན་གཉིས་བྱས་རྗེས་འོད་ཟེར་མེ་ལྕེ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་རྣམས་སུ་ཁྱབ། འགྲོ་བ་ཀུན་གྱི་གནོད་འཚེ་དང་འཇིགས་སྐྲགས་ཐམས་ཅད་སྦྱངས། ཁྱད་པར་དུ་ཡང་


GLG012_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་གནོད་པར་བྱེད་པའི་གདོན་བགེགས་འབྱུང་པོའི་ཚོགས་རྩྭ་སྦུར་མེས་བསྲེགས་པ་ལྟར་གྱུར་པར་བསམས་ནས་དམིགས་བརྩེ་མ་དང་ཨོཾ་བཛྲ་པཱ་ཎི་ཧཱུཾ་ཞེས་བཟླའོ། །རིས་མེད་པའི་སེམས་ཅན་ལ་ཐུགས་རྗེ་འཇུག་པ་གདོན་མི་ཟ་ནའང་ལྷག་པར་རྒྱ་ཧོར་གྱི་ཡུལ་ཁམས་སུ་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཁོ་བོས་གོང་དུ་བགྲོད་སྐབས་ཀྱང་ཉམས་སུ་མྱོང་བས་ཕྱོགས་དེར་འདི་ཉིད་ལ་གཙོ་བོར་འབད་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་མཐའ་དག་ལྷུན་གྱིས་གྲུབ་པར་རིག་པར་བྱའོ། །རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་གཞོན་ནུའི་ཚུལ། །འཛིན་མཛད་ཟུར་ཕུད་ལྔ་པ་གངས་ཅན་འདིར། །བསམས་བཞིན་བཤེས་གཉེན་རྣམ་རོལ་བཙོང་ཁ་པ། །རིགས་གསུམ་ངོ་བོར་གསོལ་འདེབས་ལེགས་པའི་ལམ། །ཐེ་ཚོམ་མེད་པར་སྙིང་ནས་དད་པ་ཡིས། །ཐུགས་རྗེ་བསྐུལ་ན་མཆོག་མཐུན་དངོས་གྲུབ་ནོར། །འདྲེན་པའི་ཤིང་རྟ་འདི་ལས་ཆེས་ལྷག་པ། །ཀུན་མཁྱེན་ཚད་མའི་སྲང་ལ་གཞལ་དུ་མེད། །པདྨའི་རྩ་བ་ལྟ་བུར་རབ་དཀར་བར། །བསོད་ནམས་མཐུ་ཡིས་ཡང་སྲིད་ཐམས་ཅད་དུ། །མཉམ་མེད་དགའ་ལྡན་བསྟན་ལ་ཉེར་བཞུགས་ནས། །འདྲེན་པ་ཁྱོད་ཀྱིས་རྟག་ཏུ་རྗེས་འཛིན་ཤོག །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གསོལ་འདེབས་དམིགས་བརྩེ་མའི་ཊཱིཀྐ་ཉམས་ལེན་དང་འབྲེལ་པ་ཚིག་དོན་རབ་གསལ་ཞེས་བྱ་བ་འདི་ནི་གནམ་གྱི་ལྷ་འཇམ་དབྱངས་གོང་མའི་གསེར་ཡིག་པ་བསམ་བློ་ཨེ་ཏེ་ན་རབ་


GLG012_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ཆོས་རྗེས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་སྡོམ་བརྩོན་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་རང་བྱུང་འཕགས་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡེ་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།།འདི་ལྟ་བསྐྲུན་པའི་དགེ་ཚོགས་རྒྱ་མཚོའི་མཐུས། །ཡོན་སྦྱོར་བྲིས་རྐོས་ཞུས་དག་དང་བཅས་པའི་ཐོག་དྲངས་མཁའ་ཁྱབ་རིགས་དྲུག་ལུས་ཅན་རྣམས། །གནས་སྐབས་བསམ་པའི་དོན་ཀུན་འགྲུབ་པ་དང་། །ཚུལ་ཁྲིམས་གསེར་གྱི་ཐེམ་སྐས་རྣམ་གསུམ་ལ། །འཛེགས་ནས་བདེ་ཆེན་ཆོས་དབྱིངས་ཕོ་བྲང་དུ། །བགྲོད་ཅིང་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ། །མཐར་ཐུག་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་མདོ་སྔགས་བསྟན་པའི་མངའ་བདག་རྡོ་རྗེ་འཆང་ངག་དབང་བྱམས་པས་བཀའ་སྩལ་བ་བཞིན། ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་ཆོས་གྲྭ་ཆེན་པོ་དགའ་ལྡན་ཕུན་ཚོགས་གླིང་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་དགེ་སློང་བློ་གྲོས་གྲགས་པ། རབ་འབྱམས་པ་ངག་དབང་རབ་རྒྱས། རབ་འབྱམས་པ་བཟོད་པ་ཕུན་ཚོགས། རབ་འབྱམས་པ་ལེགས་བཤད་བསྟན་འཛིན། རབ་འབྱམས་བློ་བཟང་ཚེ་བརྟན། དཀའུ་སངས་རྒྱས་བསྟན་འཛིན། ཆོས་རྗེ་ངག་དབང་དར་རྒྱས། བསྐོས་མཁན་གཙང་བསྟན་འཛིན་རྣམས་ཀྱིས་པར་དུ་བསྒྲུབས་པས་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ།། །།


GLG012_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousདམིགས་བརྩེ་མའི་ཊཱིཀྐ་ཉམས་ལེན་དང་འབྲེལ་བ་ཚིག་དོན་རབ་གསལ།next