Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  expand section
   
   
   
ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དགོངས་འགྲེལ་ལུང་རིགས་གཏེར་མཛོད།
   
   
   
   


 
previousལམ་གྱི་གཙོ་བོ་རྣམ་གསུམ་གྱི་དགོངས་འགྲེལ་ལུང་རིགས་གཏེར་མཛོད།next

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དགོངས་འགྲེལ་ལུང་རིགས་གཏེར་མཛོད།


GLG012_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དགོངས་འགྲེལ་ལུང་རིགས་གཏེར་མཛོད་བཞུགས་སོ། །


GLG012_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་ས་བོན་ཚོགས་གཉིས་དྲོད་གཤེར་གྱིས། །སྨིན་པའི་བླ་མེད་ཡེ་ཤེས་ཛམྦུའི་ལྗོན། །འཕྲིན་ལས་སྙེ་མ་གདུལ་དཀའ་འགྲོ་བའི་མཚོར། །ཕན་བདེའི་གསར་བསྒྱུར་


GLG012_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་གཉེན་ཁྱོད་བསྔགས། །བདེན་གསུམ་མཁའ་ཁྱབ་ཆོས་ཕུང་སྙིང་པོའི་དོན། །སྟོན་ལ་གངས་ཅན་བསོད་ནམས་ལུས་ཕྲའི་ལྟོར། །དྷཱིཿཡིག་ཞུན་འཁྱིལ་ལེགས་སྦྲུམ་བཙོང་ཁ་པའི། །ཞབས་སེན་ཟླ་ཚེས་གཙུག་ཏོར་རྩེར་ཤར་རྒྱན། །འཇམ་མགོན་མགྲིན་པར་འཁྱུད་པའི་བློ་གྲོས་གོམ། །ཤེས་བྱའི་ས་གསུམ་གཞལ་ཚེ་མིག་སྔོན་བསྙེམས། །རབ་འཕྲོག་རྒྱ་མཚོའི་གོས་སྟེང་གྲིབ་མ་ལས། །གྲོགས་གཞན་རྙེད་མིན་སྟག་ལུང་བྲག་པ་རྒྱལ། །རང་བསྟན་ཆུ་བོར་བསྲེ་བསླད་ཞེན་པའི་དུག །དགག་བསྒྲུབ་དཀྱིལ་འཁོར་མཐོང་མོད་དྲུང་ཕྱུངས་ཏེ། །ལེགས་བཤད་ཡན་ལག་བརྒྱད་བསྒྱུར་ཨཱ་གསྟྱ། །དཀོན་ཅོག་ཆོས་འཕེལ་སྔོན་མེད་དྲང་སྲོང་ཆེ། ཁྱོད་གསུང་རིན་ཅེན་འབྱུང་གནས་འཁྱིལ་བ་ལས། །བདག་བློ་ཨ་མྲའི་ཚི་གུས་བཅུས་པའི་ཆུས། །གཟུར་གནས་ཡིད་ཀྱིརྩེ་དགའ་དགོད་པའི་ཆེད། །མཆོད་ཡོན་སྦྲེང་བའི་སྤོབས་མཐོང་འདི་ཆགས་སོ། །འདི་ཡང་འོ་སྐོལ་གྱི་སྟོན་པ་ས་གསུམ་གྱི་སྒྲོན་མེ་གཅིག་པུ་བ་ཐུབ་པ་སངས་


GLG012_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་རྔ་བོ་ཆེ་སྲིད་པའི་རྩེ་མོའི་མཐར་ཐུག་པར་སྒྲོག་པ་གང་གིས་མཐའ་ཀླས་པའི་འགྲོ་བའི་རྒྱུད་ཀྱི་གདུལ་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཇི་སྙེད་པའི་གཉེན་པོར་འདུལ་བྱེད་དམ་པའི་ཆོས་ཀྱི་ཕུང་པོ་གྲངས་མེད་པ་ཞིག་བཀའ་སྩལ་བ་རྣམས་ཀྱི་ནང་ནས་དོན་གྱི་ཡང་སྙིང་ལམ་གྱི་གཙོ་བོ་རྣམ་པ་གསུམ་དུ་དྲིལ་ཏེ། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་འཁྲུལ་པའི་དྲི་མ་ཙམ་ཡང་མེད་པར་མཁྱེན་པའི་སྤྱན་རས་ཀྱི་མངོན་སུམ་དུ་གཟིགས་པའི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་རང་གི་གམ་དུ་ཉེ་བར་གནས་པའི་རིམ་གྲོ་པ་རྒྱལ་མོ་རོང་གི་ཚ་ཁོ་དབོན་པོ་ངག་དབང་གྲགས་པར་ཞལ་གདམས་སུ་མཛད་པ་འདི་ཉིད་འཆད་པ་ལ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་དང་གསུམ་ལས། དང་པོ་ལ་མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བའི་སྒོ་ནས་ལུས་མདོར་བསྟན་པ། སྣོད་ལྡན་གྱི་གདུལ་བྱ་ལ་མཉན་པར་བསྐུལ་བ་དང་གསུམ་གྱི། དང་པོ་ལ་ཚིག་དོན་དང་། སྤྱི་དོན་གཉིས། དང་པོ་ནི། རྗེ་བདག་ཉིད་ཆེན་པོས་བསྟན་བཅོས་འདི་ཉིད་མཛད་པའི་ཐོག་མར་རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བཙལ་བ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། སྔོན་གྱི་ལོ་པཎ་རྣམས་ཀྱིས་ཀྱང་བྱ་བ་ཁྱད་པར་ཅན་ལ་འཇུག་པའི་ཚེ་ཡུལ་ཕུན་སུམ་ཚོགས་པར་ཕྱག་མཛད་པས་སྔོན་བྱུང་གི་རྣམ་ཐར་དང་མཐུན་ཅིང་གནས་སྐབས་དང་མཐར་ཐུག་གི་དོན་བདེ་བླག་ཏུ་གྲུབ་པའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་སྤྱི་དོན་ནི། དེའང་རྗེ་བཙུན་བཙོང་ཁ་པ་དངོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་རྣམས་ལ་ཕྱག་མཛད་པ་ཡིན་ནམ་སྙམ་ན། ཡོངས་སུ་གྲགས་


GLG012_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཤེས་གཉེན་ཙམ་ལ་ཕྱག་མཛད་པ་མ་ཡིན་པའི་རྒྱུ་མཚན་གཙོ་བོར་རྒྱལ་བའི་གསུང་རབ་མཐའ་དག་གི་དྲང་བ་དང་ངེས་པའི་དོན་གྱི་དཀའ་བའི་གནད་གཞན་དག་གིས་འགྲོལ་བར་མ་ནུས་པ་རྣམས་བླ་མ་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྙེད་པ་ཡིན་པས་བླ་མ་རྣམས་ཀྱི་ནང་ནས་དངོས་བསྟན་བསྟན་བྱའི་གཙོ་བོ་འཇམ་དབྱངས་ལ་ངོས་འཛིན་དགོས་ཏེ། ལེགས་བཤད་སྙིང་པོ་ལས། གཞུང་ལུགས་མང་ཐོས་རིག་པའི་ལམ་དུའང་། ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡིས། །ཡོན་ཏན་ཚོགས་ཀྱི་མི་དམན་དུ་མས་ཀྱང་། །འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི། །འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། །ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད། །ཅེས་གསུངས་པའི་འཇམ་མགོན་དེ་མིའི་བླ་མ་ལ་སྒྲོ་བཏགས་པ་མ་ཡིན་པར་རྗེ་བཙུན་བསྟན་པའི་འཁོར་ལོ་ཁོ་ནར་ཐུགས་རྩེ་བསྟད་པས་ཀྱང་རྟོགས་ནུས་པའི་ཕྱིར་རོ། །གཉིས་པ་རྩོམ་པར་དམ་བཅའ་བའི་སྒོ་ནས་ལུས་མདོར་བསྟན་པ་ལ། ཚིག་དོན་དང་། སྤྱི་དོན་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་གྱི་གཙོ་བོ་རྣམ་གསུམ་བློ་བཟང་གྲགས་པ་བདག་གིས་རང་གི་བློས་ཇི་ལྟར་དཔོག་པར་ནུས་པ་བཞིན་དུ་སྣོད་ལྡན་གྱི་སློབ་མ་ངག་དབང་གྲགས་པ་ཁྱོད་ལ་བཤད་པར་བྱ་བ་ཡིན་ཏེ། གང་འཆད་ན་བདུད་བཞི་ལས་རྣམ་པར་རྒྱལ་བའི་ཐུབ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་རབ་དང་ཕུལ་དང་ཀུན་གྱི་གཙོ་བོ་སྟེ་ཐོག་མཐའ་བར་གསུམ་དུ་དགོས་པའི་སྙིང་པོའི་དོན་མེད་དུ་མི་རུང་བ་ངེས་འབྱུང་གི་བསམ་པ། རྒྱལ་བའི་སྲས་པོ་དམ་པའི་སྐྱེས་བུ་རྣམས་ཀྱིས་རྒྱ་ཆེར་བསྔགས་པར་མཛད་པའི་ལམ་བྱང་ཆུབ་ཀྱི་སེམས་སྐལ་བ་དང་ལྡན་པའི་


GLG012_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ཐར་པ་འདོད་པ་རྣམས་ཀྱི་འཇུག་ངོགས་ཀྱི་མཆོག་སྟོང་ཉིད་རྟོགས་པའི་ཤེས་རབ་རྣམ་པ་གསུམ་པོ་དེ་ནི་བསྟན་བྱའི་ཆོས་དངོས་ཡིན་པའི་ཕྱིར་རོ། །གཉིས་པ་སྤྱི་དོན་ནི། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ནས་བཟུང་སྟེ་དམ་པའི་ཆོས་ལུང་སྡེ་བཞིའི་བར་གྱི་སྡེ་སྣོད་གསུམ་དང་རྒྱུད་སྟེ་བཞིའི་དོན་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱས་ཏེ་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་སུ་གསུངས་པ་ཤ་སྟག་ཡིན་ལ། མྱང་འདས་དོན་དུ་གཉེར་བའི་གང་ཟག་དེས་ཚངས་པ་དང་འཁོར་ལོས་སྒྱུར་བའི་དཔལ་ཡང་མེ་འབར་བའི་རླུབས་ལྟར་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་དགོས་པས། སྨན་གཞི་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ཐམས་ཅད་ནི་རྒ་བ་ལས་ཉེ་བར་འཁྲིད་པ་ཡིན། འཇིག་རྟེན་འདི་ནི་རྗེས་སུ་འགྲོ་བ་མེད་པས་སྐྱབས་མེད་པ་ཡིན། འཇིག་རྟེན་འདི་ནི་ཐམས་ཅད་བོར་ཏེ་འགྲོ་བར་འགྱུར་བས་བདོག་པ་མེད་པ་ཡིན། འཇིག་རྟེན་འདི་ནི་ངོམས་མི་ཤེས་ཏེ་སྲེད་པ་ལ་འཁོལ་བས་ཆོག་མི་ཤེས་པར་བདག་གིས་ཤེས་མཐོང་ཐོས་རྟོགས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །ཞེས་གསུངས་པས་སོ་ཐར་གྱི་དུས་མ་ཟད་ངེས་འབྱུང་གིས་བསམ་པ་ནི་ཐེག་པ་ཆེ་ཆུང་གང་གི་སྐབས་སུའང་དགོས་པའི་ཕྱིར་གསུང་རབ་ཀུན་གྱི་སྙིང་པོར་བསྟན་པ་ཡིན་པས། འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བའི་ཕན་ཡོན་ནི། སྤྱོད་འཇུག་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་རྒྱ་ཆེར་བཤད་པས་གདུལ་བྱ་རིགས་ཅན་གསུམ་གྱི་ཐུན་མོང་གི་རྒྱུ་ཡིན་ཀྱང་


GLG012_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་ཐམས་ཅད་ཀྱི་དོན་བདེ་བླག་ཏུ་འགྲུབ་པར་ནུས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཡིན་པའི་ཕྱིར། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་། །ཞེས་དང་། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སེམས་འདི་དང་བྲལ་བའི་ཐབས་གཞན་གང་གིས་ཀྱང་འཚང་རྒྱ་བར་མི་ནུས་མོད། འོ་ན་སེམས་བསྐྱེད་པ་ཙམ་གྱིས་ཆོག་གམ་སྙམ་ན། མ་ཡིན་ཏེ། དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལྟ་ཅི་སྨོས། འཁོར་བ་ལས་གྲོལ་བའི་ཉན་རང་གི་ཐར་པ་ཐོབ་པ་ཙམ་ལའང་སྟོང་ཉིད་ཕྲ་མོ་ངེས་པར་རྟོགས་དགོས་པས། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིག་པ་བརྒྱ་དག་གིས་ནི་


GLG012_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འཛུད་པར་མཛད། །ཅེས་གསུངས་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐའ་གཉིས་དང་བྲལ་བའི་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བའི་གནད་འདི་ཁོང་དུ་མ་ཆུད་ན་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་གཉིས་ཀྱི་འཆིང་བ་ལས་ནམ་ཡང་གྲོལ་མི་ནུས་པས་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་ཐམས་ཅད་གནད་འདི་གསུམ་དུ་འདུས་པ་ཡིན་ནོ། །དེ་ཡང་འོག་ནས་འབྱུང་བའི་བརྗོད་བྱའི་དོན་ཐམས་ཅད་རྩོམ་པ་དམ་བཅའི་སྐབས་འདིར་ཚང་བར་བསྟན་པས་ན། སློབ་དཔོན་དཎྜིས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་གསུངས་པས་ཚུལ་དེ་ལྟ་བུ་ལ་དངོས་པོ་ངེས་བསྟན་དུ་འཆད་དོ། །གསུམ་པ་སྣོད་ལྡན་གྱི་སློབ་མ་ལ་མཉན་པར་བསྐུལ་བ་ནི། ཤེས་བྱ་ཆོས་ཅན། ཚ་ཁོ་དབོན་པོ་ལ་སོགས་པ་སྔོན་ནས་དམ་པའི་ཆོས་ཀྱི་བག་ཆགས་བཟང་པོའི་མཐུ་བརྟས་པ། ལས་དང་སྐལ་བར་ལྡན་པའི་གཟུར་གནས་ཀྱི་གདུལ་བྱ་དེ་དག་སྣོད་ཀྱི་སྐྱོན་གསུམ་སྤངས། འདུ་ཤེས་དྲུག་རབ་ཏུ་བསྟེན་པ་སོགས་ཡིད་ཀྱི་ཀུན་སློང་གི་ཁྱད་ཆོས་རབ་ཏུ་དང་བའི་དད་པའི་སྒོ་ནས་ཉོན་ཅིག་པར་བསྐུལ་བ་ལ་དགོས་པ་ཡོད་དེ། བསྐུལ་ཡུལ་གྱི་གདུལ་བྱ་གང་ཡིན་པ་དེ་དག་ལྷ་དང་མི་ལ་སོགས་པའི་སྲིད་པ་འཁོར་བའི་བདེ་བ་ཐམས་ཅད་འགྱུར་བའི་སྡུག་བསྔལ་དུ་རིག་པར་གྱུར་པ་ལ་བརྟེན་ནས་མ་ཆགས་ཤིང་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་མིའི་ལུས་རྟེན་བཟང་པོ་མཚན་མོ་མུན་པའི་སྨག་ཏུ་གློག་འགྱུར་ལྟར་ལན་ཅིག་ཙམ་ཐོབ་པ་འདི་སྟོང་ལོག་ཏུ་མ་གྱུར་པར་དོན་ཡོད་པ་བསྒྲུབ་པར་བྱ་བའི་ཕྱིར་དུ་ལེ་ལོ་དང་གཡེང་བའི་དབང་དུ་མ་སོང་བའི་བརྩོན་འགྲུས་དྲག་པོ་བརྩམས་པ་ཡི་མཐུ་ལ་བརྟེན་ནས་དུས་གསུམ་གྱི་རྒྱལ་པ་ཐམས་ཅད་


GLG012_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་བཟང་པོ་ལ་ཡིད་རྟོན་པར་བྱེད་བའི་གང་ཟག་ཡིན་པའི་ཕྱིར་རོ། །རྩ་བའི་ས་བཅད་གཉིས་པ་གཞུང་གི་དོན་ལ་ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་ལྟ་བ་བསྟན་པ་དང་གསུམ་ལས། དང་པོ་ལ་ཐོག་མར་ངེས་འབྱུང་འཚོལ་དགོས་པའི་རྒྱུ་མཚན། བཙལ་བའི་ངེས་འབྱུང་དངོས་བསྟན་པ་གཉིས་ཀྱི་དང་པོ་ནི། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ནང་ནས་ཐར་འདོད་རྣམས་ཀྱིས་མྱོང་བ་ཐོན་པའི་ངེས་འབྱུང་གི་བསམ་པ་ཐོག་མར་བཙལ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། སྲིད་པའི་བདེ་བ་སྤུ་གྲི་རྣོན་པོའི་རྩེར་སྦྲང་རྩི་བྱུགས་པ་ལྟ་བུའི་རོ་ལ་བརྐམ་པ་སྟེ་སྲེད་པ་ཆེས་ཆེར་འཕེལ་བ་ཡིས་ཀྱང་རིགས་དྲུག་ཏུ་འཁྱམས་པའི་ལུས་ཅན་རྣམས་སྲིན་བུའི་ཁ་ཆུས་རང་ལུས་ཀུན་ནས་འཆིང་བ་དང་འདྲ་བ་དེའི་ཕྱིར་ན་ཟོ་ཆུན་གྱི་འཁྱུད་མོ་ལྟར་རྒྱུན་ཆད་མེད་པར་རྟེན་འབྲེལ་ལུགས་འབྱུང་དུ་འཁོར་ནས་ཉིང་མཚམས་མུ་མཐའ་མེད་པར་སྦྱོར་བ་དེ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བཤད་མ་ཐག་པ་ལྟར་འཁོར་བར་རྒྱུན་ཆད་མེད་པར་འཁོར་ཏེ། སྲིད་པ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་གནས་སྐབས་སུ་སྡིག་པ་མི་དགེ་བ་སོགས་ཐབས་སྣ་ཚོགས་པ་ཡི་སྒོ་ནས་བསྒྲུབས་པའི་ཟག་བཅས་ཀྱི་ཚོར་བ་བདེ་བའི་འབྲས་བུ་ཉམས་སུ་མྱོང་བ་དོན་དུ་གཉེར་བའི་ཕྱིན་ཅི་ལོག་གི་བློ་འདི་རྒྱུ་མཚན་ཤེས་ན་ཞི་བ་སྟེ་ལྡོག་པའི་ཐབས་མེད་པ་ལ་སྟེ་མ་རྙེད་པའི་ཕྱིར། རྟགས་གྲུབ་སྟེ་སྙིང་ཐག་པ་ནས་བཅོས་མ་མ་ཡིན་པའི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་ཤུགས་དྲག་པོ་རང་རྒྱུད་ལ་སྐྱེས་པ་མེད་པར་གྱུར་པ་དེའི་ཕྱིར། གཉིས་པ་བཙལ་བའི་ངེས་འབྱུང་དངོས་བསྟན་


GLG012_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བའི་སྣང་ཤས་ལྡོག་པ། ཕྱི་མའི་བདེ་བ་ཙམ་དོན་དུ་གཉེར་པའི་སྣང་ཤས་ལྡོག་པ། ངེས་འབྱུང་སྐྱེས་པའི་ཚད་བསྟན་པ་དང་གསུམ་ལས། དང་པོ་ལ་ཚིག་དོན་དང་སྤྱི་དོན་གཉིས་ཀྱི་དང་པོ་ནི། ཚེ་འདིར་བདེ་སྐྱིད་འདོད་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་ཤས་དེ་ནི་ཆོས་ཅན། ཁྱོད་རང་རྒྱུད་ལ་རས་ལ་སྣུམ་ཞུགས་པ་བཞིན་དུ་ཞེན་པ་དེ་ཕྱིར་ལྡོག་པའི་ཐབས་ཡོད་དེ། དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་མི་ལུས་འདི་ཡང་ཡང་རྙེད་པར་དཀའ་ཞིང་ལན་ཅིག་ཙམ་རྙེད་པའི་རྟེན་དེ་ཡང་ཚེ་ལ་སྣོན་པ་མེད་ཅིང་འགྲིབ་བྱེད་བར་མ་ཆད་དུ་ཡོད་པས་ཡུན་རིང་དུ་གནས་པའི་ལོང་མེད་ཚུལ་གྱི་རྒྱུ་མཚན་རྣམས་སྙིང་ཐག་པ་ནས་ཡིད་ལ་ཡང་ཡང་བསམས་ཤིང་གོམས་པར་བྱེད་པ་དེ་ལ་བརྟེན་ནས་འགྲུབ་ནུས་པའི་ཕྱིར་རོ། །གཉིས་པ་སྤྱི་དོན་ལ་དལ་འབྱོར་རྙེད་དཀའ་བ་དང་། ལོང་མེད་པར་བསྟན་པ་གཉིས་ལས། དང་པོ་ནི། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཅེས་པ་དཔེ་ཆོས་རིན་ཆེན་སྤུངས་པའི་འགྲེལ་པ་ལྕེ་སྒོམ་ཤེས་རབ་རྡོ་རྗེས་མཛད་པ་ལས། འོ་ན་དལ་འབྱོར་རང་ཅི་ལ་ཟེར་ན། དལ་བ་འདི་ནི་མི་ཁོམ་པའི་གནས་བརྒྱད་སྤངས་པ་ཞིག་ལ་ཟེར་བ་ཡིན། དེ་ལ་མི་ཁོམ་བའི་གནས་བརྒྱད་ནི་ཕྱི་མི་ཁོམ་པའི་གནས་བཞི། ནང་མི་ཁོམ་པའི་གནས་བཞི་སྟེ་བརྒྱད་དོ། །ཕྱི་མི་ཁོམ་པའི་གནས་བཞི་ནི། དམྱལ་བ། ཡི་དྭགས། དུད་འགྲོ། འདུ་ཤེས་མེད་པའི་ལྷའོ། །ནང་མི་ཁོམ་པ་བཞི་ནི། མི་ལུས་ཐོབ་ཀྱང་ཡུལ་མཐའ་འཁོབ་ཏུ་སྐྱེས་པ། དབང་པོ་མ་ཚང་བ། ལྟ་བ་ལོག་པའི་རིགས། སངས་རྒྱས་མི་འབྱུང་བའི་སར་སྐྱེས་པའོ། །འབྱོར་པ་ནི། ཆོས་བྱེད་པའི་མཐུན་རྐྱེན་མ་ཚང་བ་མེད་པ་ཞིག་ལ་ཟེར་བས། དེ་ལ་བཅུ་སྟེ་རང་གི་འབྱོར་པ་ལྔ་དང་། གཞན་གྱི་འབྱོར་པ་ལྔའོ། །དེ་


GLG012_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་འབྱོར་ལྔ་ནི། རང་བསྟན་པ་དང་ཁ་ཐུག་ཏུ་མིར་སྐྱེས་པ། དབང་པོ་ཚང་བ། ཡུལ་དབུས་སུ་སྐྱེས་པ། དད་པའི་གནས་ལ་དད་པ། ལས་ཀྱི་མཐའ་མ་ལོག་པའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་འབྱོན་དཀའ་བ་ལས་བྱོན་པ། ཆོས་གསུང་བར་དཀའ་བ་ལས་གསུངས་པ། བསྟན་པ་ཡུན་རིང་དུ་གནས་པར་དཀའ་བ་ལས་གནས་པ། སྒྲུབ་པའི་གྲོགས་ཁྱད་པར་ཅན་དཀའ་བ་ལས་གྲོགས་ཡོད་པ། གཞན་བརྩེ་བ་དང་ལྡན་པས་རྗེས་སུ་འཛིན་པ་དཀའ་བ་ལས་འཛིན་པའོ། །ཞེས་འབྱུང་བ་ལྟར་ཡིན་ལ། དེ་ལྟ་བུའི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་རྟེན་དེ་ཡང་དཔེའི་སྒོ་ནས་རྙེད་དཀའ་བའི་རྒྱུ་མཚན། དཔེ་ཆོས་འགྲེལ་པ་ལས། མཁར་ཐོག་རྩ་ཞེས་པ་ནི། པོ་ཏོ་བ་མཁར་ཐོག་ན་བཞུགས་ཙ་ན། དགོངས་ཆོས་ཀྱི་དུས་སུ་ཁྲི་ཁར་བྱོན་ནས་འདི་སྐད་གསུང་། མཁར་ཐོག་གི་རྩ་ཤིང་འདི་རྣམས་ཀྱི་གསེབ་ནས་རྩ་ཉག་མ་གཅིག་གི་ཚོད་དུ་དལ་འབྱོར་ཐོབ་པ་རྣམས་སུ་འདུག་ལ། འགྲོ་བ་གཞན་རྣམས་རྩྭ་བྱིངས་པོའི་ཚོད་དུ་འདུག་གསུང་། དེས་ཁོང་གིས་དལ་འབྱོར་རྙེད་པར་དཀའ་བ་དགོངས་པ་ཡིན་ཞེས་དང་། ཆུ་བོའི་གྲུ་འདྲ་ཞེས་པ་ནི། དཔེར་ན་ཆུ་བོ་ཆེན་པོ་བརྒལ་པ་ལ་གྲུ་ཡོད་ཙ་ན་བརྒལ་དགོས། གྲུ་མེད་ན་བརྒལ་ཐབས་མེད། དེ་བཞིན་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་བ་ལ་ཡང་དལ་འབྱོར་གྱི་གྲུ་ཡོད་པ་ལ་བརྒལ་དགོས། དེ་མེད་ན་བརྒལ་ཐབས་མེད་དེ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། དེས་ན་འཁོར་བ་རྒྱ་མཚོ་དང་འདྲ། མི་ལུས་གྲུ་དང་འདྲ། རིག་པ་མགྲོན་པོ་དང་འདྲ།


GLG012_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་སྐྱ་བ་འཛིན་པའི་མཉན་པ་དང་འདྲ་བས། ད་རེས་རྟེན་འབྲེལ་འཛོམ་ཐོག་ལ་ཅི་གྲོལ་བྱེད་དགོས་གསུང་བ་སོགས་རྣམ་གྲངས་མང་ཞིང་དེར་མ་ཟད་རྒྱུའི་སྒོ་ནས་རྙེད་དཀའ་བའི་ཚུལ། འཇུག་པ་ལས། སོ་སོ་སྐྱེ་བོ་རྣམས་དང་གསུང་སྐྱེས་དང་། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང་། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་མངོན་མཐོའི་རྟེན་ཐོབ་པ་ལ་ཚུལ་ཁྲིམས་སྣ་རེ་ཙམ་ངེས་པར་བསྲུང་དགོས་ཤིང་ཁྱད་པར་དལ་འབྱོར་གྱི་རྒྱུར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་གལ་ཆེ། དེར་མ་ཟད་བཞི་བརྒྱ་པ་ལས། ཕལ་མོ་ཆེ་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོ་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་དང་། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཅེས་པ་ལྟར་འགྲོ་བ་རྣམས་ཕལ་ཆེར་མི་དགེ་བ་ལ་སྤྱོད་པའི་རྒྱུས་འབྲས་བུ་ངན་འགྲོ་ལས་མ་འདས་པས་དལ་འབྱོར་ལྟ་ཅི་མངོན་མཐོ་ཙམ་ཡང་རྙེད་པར་དཀའོ། །དེ་བཞིན་དུ་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། དཔེ་ཆོས་འགྲེལ་པ་ལས། ཉིན་སྐར་ཞེས་པ་ནི། དཔེར་ན་འོ་སྐོལ་མི་ལུས་ཐོབ་པ་ནི། ཉིན་མོའི་སྐར་མ་ཙམ་ཡིན་ལ། དུད་འགྲོ་ནི་ནུབ་མོའི་སྐར་མ་ཙམ། ཡང་དུད་འགྲོ་ནི་ཉིན་སྐར་ཙམ། ཡི་དྭགས་ནི་ནུབ་མོའི་སྐར་མ་ཙམ། ཡང་ཡི་དྭགས་ནི་ཉིན་སྐར་ཙམ། དམྱལ་བ་ནི་ནུབ་མོའི་སྐར་མ་ཙམ་ཡིན། ཅེས་འབྱུང་


GLG012_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་ས་འདོམ་གང་གྲུ་བཞི་ཙམ་གྱི་རྒྱར་དབྱར་དུས་སུ་ས་གུ་ཙི་བགྲང་བར་དཀའ་ནའང་མི་བཅུ་ལས་མང་བ་མི་ཤོང་བ་མངོན་སུམ་གྱིས་གྲུབ་ཅིང་། ལུང་གཞི་ལས་ཀྱང་། ངན་འགྲོ་དང་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོ་དང་། དེ་ནས་བདེ་འགྲོར་སྐྱེ་བ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས་ཀྱང་ཤེས་ནུས་སོ། །དེའང་རྙེད་དཀའ་བའི་རྟེན་འདི་ཐོབ་ནས་ཆོས་བསྒྲུབ་ཏུ་ཡོད་པ་ནི་སྐལ་བ་ཤིན་ཏུ་བཟང་བས། དཔེ་འགྲེལ་ལས། སྲིན་བུས་ཕྱག་འཚལ་ཞེས་པ། པོ་ཏོ་བ་དཔེའི་གངས་རྒྱ་མོ་ན་བཞུགས་ཙ་ན། ད་ལྟ་འོ་ཅག་གི་མདུན་འདི་ནས་སྲིན་བུ་ཞིག་གངས་གསེབ་ནས་འཐོན་ཏེ་ཐལ་མོ་སྦྱར་ནས་སངས་རྒྱས་ལ་ཕྱག་འཚལ་ཟེར་བ་ཞིག་བྱུང་ན་དེ་ངོ་མཚར་ཆེའམ་ཆུང་། དེ་ངོ་མཚར་ཆེ་ན། དེ་བཞིན་དུ་འོ་སྐོལ་ཡང་ངན་སོང་གསུམ་དུ་གཏན་དུ་འཁྱམས་འཁྱམས་པ་ཞིག་ད་རེས་དལ་འབྱོར་ཐོབ་ཐོབ་ནས་ཆོས་བསྒྲུབ་ཏུ་ཡོད་པ་འདི་དེ་བས་ཀྱང་ངོ་མཚར་ཆེ་གསུང་བ་ལྟར་དམ་པའི་ཆོས་ཉམས་སུ་བླང་བྱར་ཡོད་པའི་ཡ་མཚན་ཅན་དེ་ཚེ་འདིའི་ལྟོ་རྒྱབ་ཀྱི་ཁོལ་པོར་སོང་ནས་དོན་མེད་དུ་བྱར་མི་རུང་བའི་རྒྱུ་མཚན། དེ་ཉིད་ལས། རྐྱང་ལ་ཞོན་ཅེས་པ། བྱང་གི་གྲུ་གུ་ཞུ་པོ་ཆེ་བྱ་བ་རྐྱང་ལ་ཞོན་ནས་གླུ་ཁོ་ན་ལེན་པ་ལ། གཞན་ཀུན་གྱིས་ཁྱོད་འདི་ག་ཙམ་གྱི་གླུ་ཞིག་ལེན་པ་བྱས་པས། ང་རྐྱང་ལ་བཞོན་ནས་གླུ་མི་ལེན་ན་ནམ་ལེན་ཟེར་ལོ། །དེ་བཞིན་དུ་འོ་སྐོལ་རྟེན་དལ་འབྱོར་ཁྱད་པར་ཅན་འདི་ལྟ་བུ་ཐོབ་ནས་ཀྱང་ཆོས་མི་བྱེད་ན་ནམ་བྱེད། དུས་ད་རེས་ཡོད་ན་འདིར་ཡོད། མེད་ན་འདིར་མེད་ཅིག་འདུག་ན། ཞེས་བྱུང་བ་ལྟར་རོ། །གཉིས་པ་ལོང་མེད་པ་ནི། ངེས་པར་འཆི་བའི་རྒྱུ་མཚན། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་ལྦུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་


GLG012_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་འཚོ་བའི་རྐྱེན་ཉུང་ཞིང་འཆི་བའི་རྐྱེན་མང་བས་རླུང་གིས་བཏབ་པའི་ཆུའི་ལྦུ་བ་བཞིན་འཇིག་པར་ཤིན་ཏུ་སླ་བ་དོ་ནུབ་གཉིད་ལོག་ནས་ནང་པར་སད་རྒྱུ་ཡོང་བ་ངོ་མཚར་བའི་གནས་སུ་གསུངས་པའི་དོན། དཔེ་འགྲེལ་དུ། འདི་ན་མི་དགའ་ཞེས་པ་ནི། གཞོན་པ་གླུ་ལེན་པ་ཞིག་ན་རེ། འདི་ན་མི་དགའ་ཡེར་པར་འགྲོ། །དེ་ན་བྲག་ལྷ་མགོན་པོ་ཡོད། །དགའ་ཡང་གཏན་གྱིས་ཡུལ་མ་ཡིན་ཟེར་ལོ། དཔེ་དེ་བཞིན་དུ་འོ་སྐོལ་ཡང་ཚེ་ཕ་རོལ་ཏུ་འགྲོ་བ་འདི་མི་དགའ་ཞིང་ཚེ་འདིར་གཏན་དུ་སྡོད་པར་འདོད་ཀྱང་འོ་སྐོལ་གྱི་གཏན་ཡུལ་མ་ཡིན་ཏེ། མྱུར་དུ་འགྲོ་འཚལ་སྔར་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱང་གཤེགས་པ་དེ་ཡིན། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་མི་སྐྱ་བཙན་ཕྱུག་ཕན་དར་བ་རྣམས་ཀྱང་སྡོད་དབང་མེད་པར་སོང་བ་དེ་ལ། དེ་བཞིན་དུ་འོ་སྐོལ་ད་ལྟས་ཐོག་འདི་ན་གནས་ཆད་པོ་ཐམས་ཅད་ཀྱང་ངེས་པར་འགྲོ་འཚལ་ཏེ། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །གང་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་པ་དང་། ཉིན་མཚན་གྱིས་ལོ་ཟླ་མ་ཚོར་བར་ཟད་དེ་ཚེའི་མཐའ་ལ་གཏུགས་པའང་། ཇི་སྐད་དུ། རྩྭ་ཕུང་ཞེས་པ་ནི། དཔེར་ན་མདོ་ཁམས་ན་བྲག་ཆེན་པོ་གཡང་ཅན་གྱི་ལོགས་ལ་སྦྲང་རྩིའམ་ཤིང་ཏོག་ཡོད་པ། འོག་ན་གཅོང་རོང་དང་ཆུའི་གློང་འཁྱིལ་བ་ཡོད་པ་ལ་མི་ཞིག་གིས་བྲག་ལ་འཛེགས་ཏེ་ལག་པ་རྩྭ་ཕུང་ཞིག་ལ་འཇུས། རྐང་པ་རྩྭ་ཕུང་ཞིག་ལ་བསྟད་ནས་སྦྲང་རྩིའམ་ཤིང་རྟོག་ཉབ་ཀྱིན་ཟོས་པས་ཞིམ་སྟེ་ཅུང་ཟད་ཆགས་པའི་བར་ལ་རྩྭ་ཕུང་ལ་བྱི་བ་དཀར་པོ་ཞིག་བྱུང་ནས་བཅད་དེ་ཁྱེར། ནག་པོ་ཞིག་བྱུང་ནས་བཅད་དེ་ཁྱེར་བས་མཐར་རྩྭ་ཕུང་ཟད་ལ་ཁད་ཙ་ན་རྐང་ལག་གི་རྟེན་མེད་པས་བདེ་བར་འགྲོ་འདོད་ཀྱང་མི་


GLG012_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ཏེ་ངེས་པར་གཡང་ལ་ལྷུང་བ་ཡིན། དེ་བཞིན་དུ་འོ་སྐོལ་འཁོར་བ་བྲག་ལོགས་དང་འདྲ་བ་ན་མི་ལུས་རྩྭ་ཕུང་ལྟ་བུ་ལ་རྟེན་བཅས་ནས་འདོད་ཡོན་ལྔའི་སྦྲང་རྩིའི་རོ་ལ་ཆགས་པའི་བར་ལ་ཉིན་མཚན་བྱི་བ་དཀར་ནག་ལྟ་བུས་རྩྭ་ཕུང་བརྐུས་ནས་མཐར་རྩྭ་ཕུང་ལྟ་བུའི་ཚེ་ཟད་ཙ་ན་ཐར་པའི་བདེ་བར་འགྲོ་འདོད་ཀྱང་མི་ཐར་ཏེ་ངན་སོང་གསུམ་གྱི་རྦ་གློང་དུ་ལྷུང་བ་ལས་འོས་མེད་གསུང་། དེས་ན་འོ་སྐོལ་གྱི་དལ་འབྱོར་གྱི་ཚེའི་རྩྭ་ཕུང་རྩྭ་བ་ནས་མ་ཟད་པ་ལ་འབྲོས་དགོས། ཞེས་གསུངས་པས་ཤེས་སོ། །དེ་ཡང་ལོང་མེད་པར་གྱུར་དུ་འཆི་བར་མ་ཟད། ཚོམས་ལས། སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབས་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་བྲོད་ཅི་ཞིག་ཡོད། ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །ཞེས་གསུངས་པ་ལྟར་ཤི་བ་ལ་རྒན་གཞོན་གོ་རིམ་སོགས་ཡིད་བརྟན་ཅི་ཡང་མེད་པས། ཇི་སྐད་དུ། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིགས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་དོ་ནུབ་ཙམ་ཡང་མི་འཆི་བའི་གདེང་ཚོད་མེད་ཅིང་རང་གི་བླ་མ་དང་ཚངས་པར་མཚུངས་པའི་མཆེད་གྲོགས་སྐྱེས་པ་བུད་མེད་སོགས་རྒན་གཞོན་མ་ངེས་པ་ཚེའི་དུས་བྱས་པ་མཐོང་བ་ན་ངེས་པ་མེད་པའི་བརྡ་སྟོན་དུ་བསམ་དགོས་པ་དཔེ་འགྲེལ་དུ། བྱ་གཏོང་ལྟོས་ཞེས་པ་ནི། དཔེར་ན་སང་ནང་པར་ལྟ་བུ་དམག་ཡོང་བ་ལ་སྲོད་ལ་བྱ་གཏོང་གི་མི་ཞིག་བྱུང་ན་མི་ཐམས་ཅད་རྟབ་ཤོད་ལངས་


GLG012_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ར་མདའ་སྲིད་སྡེ་སྒྲོན། གོ་ཆ་གསོག །མེལ་ཚེ་བྱེད་པ་ཡིན། དེ་བཞིན་དུ་འོ་སྐོལ་ཡང་གཞན་ཤི་བ་མཐོང་བའམ་ཐོས་ཙ་ན་ང་ཡང་འདི་བཞིན་དུ་སོང་ཁྱེད་ཀྱང་འདི་ལས་མ་འདས་སོ་བྱ་བའི་བརྡ་སྟོན་ནམ་བྱ་གཏོང་ལྟ་བུར་གོ་བར་བྱས་ལ། དགེ་སྦྱོར་ལ་བསྒྲིམ་དགོས་གསུང་། དགེ་བཤེས་གསང་ཕུ་པ་མི་ཤི་བ་གསན་ཙ་ན། ཀྱེ་ཇོ་བོ་ཀུན་བྱ་གཏོང་གདའོ་གསུང་སྐད། ཅེས་པ་ལྟར་གཞན་ཤི་བ་མཐོང་ཐོས་ཀྱི་ལྕག་གིས་བྲབས་པའི་འཆི་བ་མི་རྟག་པ་གཤའ་མ་རྒྱུད་ལ་སྐྱེ་བར་བྱེད་པ་གནད་དུ་ཆེའོ། །གཉིས་པ་ཕྱི་མའི་བདེ་བ་ཙམ་དོན་དུ་གཉེར་བའི་སྣང་ཤས་ལྡོག་པ་ལ་ཚིག་དོན་དང་སྤྱི་དོན་གཉིས་ལས། དང་པོ་ནི། ཚེ་རབས་ཕྱི་མ་རྣམས་སུ། ཚངས་པ། དབང་ཕྱུག །ཁྱབ་འཇུག །དགའ་རབ་དབང་ཕྱུག །བརྒྱ་བྱིན། འཁོར་ལོས་སྒྱུར་རྒྱལ་སོགས་ལྷ་མིའི་གཙོ་བོ་རྣམས་ཀྱིས་མཚོན་མཐོ་རིས་ཀྱི་དཔལ་འབྱོར་ལོངས་སྤྱོད་དོན་དུ་གཉེར་བའི་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པའི་སྣང་ཤས་དེ་ནི་ཆོས་ཅན། ཁྱོད་ལྡོག་པར་བྱེད་པའི་ཐབས་ཡོད་དེ། ལྷ་མིའི་དབང་ཕྱུག་རྣམས་ཀྱང་ཚེ་རབས་སྔ་མ་མང་པོར་མི་དགེ་བའི་ལས་སྟོབས་པོ་ཆེ་བསགས་པའི་ལས་འབྲས་ནམ་ཡང་མི་སླུ་བའི་རྒྱུས་སླར་ཡང་བྲན་འཁོར་དུ་འགྱུར་ཞིང་ངན་སོང་གི་གནས་སུ་ལྷུང་བ་དང་འཇིག་རྟེན་སྣང་བར་བྱེད་པའི་ཉི་ཟླའང་མུན་པའི་རུམ་དུ་སྐྱེ་བ་ལ་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་སྡུག་བསྔལ་གྱི་སྡུག་བསྔལ། མི་དང་འདོད་ལྷ་དང་ལྷ་མ་ཡིན་གསུམ་འགྱུར་བའི་སྡུག་བསྔལ། གཟུགས་ཁམས་དང་གཟུགས་མེད་ཀུན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་མཐའ་མེད་པའི་ཁམས་གསུམ་གྱི་འཁོར་བའི་ངང་ཚུལ་རྣམས་ཡང་ནས་ཡང་དུ་བསམས་པར་བྱས་པ་ན་རྒྱུད་ཐོག་ཏུ་མྱོང་བ་ཐོན་པ་དེ་ཡིན་པའི་ཕྱིར་རོ། །གཉིས་པ་སྤྱི་དོན་ལ་ལས་འབྲས་དང་འཁོར་བའི་སྡུག་


GLG012_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བསམ་པ་གཉིས་ཀྱི། དང་པོ་ནི། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུས་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་སེམས་ཅན་རྣམས་ཀྱིས་བསགས་པའི་དཀར་ནག་གི་ལས་ནི། དཔེར་ན་དམྱལ་བར་སྐྱེ་བའི་ལས་བསགས་པའི་གང་ཟག་ཞིག་ལས་དེ་མ་སྨིན་པའི་སྔོན་རོལ་ཏུ་སྦྱོར་ལམ་བཟོད་པ་ལྟ་བུ་ཐོབ་ན། མགོན་པོ་བྱམས་པས། བཟོད་ཐོབ་ངན་སོང་ཡོངས་མི་ལྟུང་། །ཞེས་གསུངས་པའི་ཕྱིར་ལས་དེ་མི་མྱོང་ཞིང་དེས་མཚོན་སྲིད་པའི་སྲེད་ལས་བརྒལ་བའི་ཉན་ཐོས་དགྲ་བཅོམ་པ་དེ་ལས་ཀྱི་དབང་གིས་ཡང་སྲིད་ཕྱི་མའི་ཕུང་པོའི་རྒྱུན་གཞན་འཕེན་མི་ནུས་པ་ནི་དེའི་ལྷན་ཅིག་བྱེད་རྐྱེན་ཟད་པས་མི་ལྡོག་པར་རིག་པའི་དབང་ཕྱུག་བཞེད་པའི་ཕྱིར། ཇི་སྐད་དུ། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་པས་ཤེས་ནུས་ལ། དེ་ལྟར་མ་ཡིན་ན་བསྐལ་པ་སོགས་དུས་ཡུན་རིང་བ་དག་གིས་ཆོད་ནའང་ཞིང་ས་སྐམ་པོ་ལ་ས་བོན་ཡོད་པ་གཤེར་དང་ཕྲད་པ་བཞིན་ལས་གང་ཡིན་པ་དེ་ལ་གསོས་བཏབ་པ་དེའི་ཚེ་བདེ་སྡུག་གི་འབྲས་བུ་སྨིན་པར་འགྱུར་ལ། དེ་ཡང་མངོན་པ་མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་སྟེ་ལུས་ཀྱི་ལས་གསུམ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་ངག་གི་ལས་བཞི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་རྣམས་བསྡོམས་པ་བཅུ་པོ་ནག་པོའི་ལས་བཅུ་སྟེ། དེ་ལས་ལྡོག་པ་དཀར་པོའི་ལས་ལམ་བཅུར་དགེ་མི་དགེའི་ལས་ཐམས་ཅད་བསྡུས་པ་ཡིན་ལ། ལས་འབྲས་ཀྱི་


GLG012_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཞག་དཔེ་ཙམ་ཞིག་མཚོན་ན། བྱང་ཆུབ་སེམས་དཔའ་ལ་ངན་སེམས་སྐྱེས་ན་ངན་སེམས་གང་བསྐྱེད་པ་དེའི་གྲངས་དང་མཚུངས་པར་བསྐལ་པའི་ཡུན་དུ་དམྱལ་བར་གནས་པར་གསུངས་པས། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་ཤིང་དེར་མ་ཟད་ཁོང་ཁྲོ་ལ་བརྟེན་ནས་སྔོན་བསགས་ཀྱི་དགེ་བ་རྣམས་ཀྱང་འཇོམས་པའི་ཕྱིར། དེ་ཉིད་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེར་གཤེགས་མཆོད་པ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་བྱུང་བའི་གཙོ་བོ་ཡུལ་བྱང་ཆུབ་སེམས་དཔའ་ལ་བྱེད་ནའང་། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན་རྨ་འབྱུང་བར་འགྱུར་ཏེ། ངའམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་གཟུང་ངོ་། རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལའང་བརྟག་པར་མི་བྱ་སྟེ། དེ་དག་ལ་འདི་ནི་འདི་འདྲའོ་འདི་ནི་འདི་འདྲའོ་ཞེས་སྤྱོ་བར་མི་བྱའོ་ཞེས་གསུངས་པའི་ཕྱིར། ཡུལ་ཁྱད་པར་ཅན་གང་ན་ཡོད་བརྟག་དཀའ་ཞིང་གཉེན་པོ་ངན་པས་སྔོན་བསགས་ཀྱི་དགེ་བ་རྣམས་དྲུངས་ནས་འབྱིན་པ་ལ་ཚེགས་མེད་དོ། །དེ་བཞིན་དུ་ཁྱིམ་པས་དགེ་འདུན་གྱི་རྫས་དང་གནས་ཁང་སོགས་ལ་ལོངས་སྤྱོད་པའི་འབྲས་བུ་ཆེས་ཤིན་ཏུ་བརྣག་དཀའ་བར་འབྱུང་བ་ནི། མདོ་དྲན་པ་ཉེར་གཞག་ལས། སྤུ་གྲི་རྣོན་པོ་དག་གིས་སུ། །རང་གི་ཡན་ལག་གཏུམས་པ་བླའི། །དགེ་འདུན་དག་ལ་བསྔོས་ཟིན་པ། ཁྱིམ་


GLG012_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་སྦྱིན་མི་བྱ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐོ་ལུམ་ཟོས་པ་བླའི། །དགེ་འདུན་དག་ལས་གང་དེ་ནི། །དགེ་འདུན་གྱི་ལས་ལོངས་མི་སྤྱད། །ལྷུན་པོ་དང་ནི་འདྲ་བའི་མེ། བླང་བ་བྱས་ཏེ་ཟོས་པ་བླའི། ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱོད་པར་ནི་མི་བྱའོ། །ཐམས་ཅད་དབྱུང་བ་བྱས་པ་དང་། །གསལ་ཤིང་སྟེང་དུ་བཏེག་པ་བླའི། ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱོད་པར་ནི་མི་བྱའོ། །མེ་མདག་དག་གིས་གང་བ་ཡི། །གནས་ཁང་དེར་ནི་ཞུགས་པ་བླའི། ཁྱིམ་པས་དགེ་འདུན་གནས་ཁང་དུ། །མཚན་མོ་གནས་པར་མི་བྱའོ། །ཞེས་ཉེས་དམིགས་མཐའ་ཀླས་པ་བསྟན་པ་མདོ་ཙམ་སྟེ་སྲོག་གཅོད་ལ་སོགས་པ་མི་དགེ་བ་གང་སྤྱད་པའི་འབྲས་བུ་རང་རྒྱུད་ལ་ཉོན་མོངས་པའི་ས་བོན་ཟད་པར་མ་བྱས་པ་དེ་སྲིད་དུ་རྒྱུ་འབྲས་མ་འཆོལ་བར་སྨིན་པའི་ཚུལ་ལ་གཟབ་པ་གནད་དུ་ཆེ་བའི་ཕྱིར། དཔེ་འགྲེལ་དུ། ཚ་མངར་འདྲ་ཞེས་པ་ནི། དཔེར་ན་པི་པི་ལིང་དང་ཏིག་ཏ་ལ་སོགས་པའི་རོ་ཚ་ཞིང་ཁ་པ་ཁོ་ནའི་ས་བོན་བཏབ་ན། འབྲས་བུ་ཡང་རོ་ཚ་ཞིང་ཁ་པ་ཁོ་ན་འབྱུང་ལ། ཡང་རྒུན་འབྲུམ་མམ་བུ་རམ་ཤིང་ལ་སོགས་པ་རོ་མངར་བའི་ས་བོན་བཏབ་ན་འབྲས་བུ་ཡང་རོ་མངར་བ་ཁོ་ན་འབྱུང་བ་ཡིན་ནོ། །དཔེ་དེ་བཞིན་དུ་འོ་སྐོལ་གྱིས་ལས་མི་དགེ་བ་སྤྱད་ན་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་བར་ངེས་ལ། ལས་དགེ་བ་སྤྱད་ན་འབྲས་བུ་བདེ་བ་འབྱུང་བར་ངེས་ཏེ། འཕགས་པ་དེས་པས་ཞུས་པའི་མདོ་ལས། །ས་བོན་ཚ་བ་རྣམས་ཀྱིས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་འབྲས་བུ་མངར་བ་ཡང་། །མཁས་པ་རྣམས་ཀྱིས་


GLG012_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ། །རྟག་ཏུ་ལུས་ངག་ཡིད་གསུམ་གྱིས། །སྡིག་པ་རྣམ་གསུམ་མི་བྱ་ཞིང་། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། །གང་དག་དགེ་བ་སྤྱོད་བྱེད་པ། གཞན་དག་ལ་ཡང་ཡི་རང་བྱ། །ཞེས་དང་། ཨ་བ་དྷཱུ་ཏཱིས་གཟིགས་པ་བཞིན་ཞེས་པ་ནི། ཇོ་བོས་བླ་མ་ཨ་ཝ་དྷུ་ཏཱི་པ་དང་ལོ་བདུན་དུ་འགྲོགས་ནས་ཆོས་ཞུས་ཀྱང་རྡོ་ལ་སྨྲས་པ་བཞིན་སོང་ནས་ཡེ་མི་གནང་བ་ལ། རེས་འགའ་ཙ་ན་འཕྲང་ཟམ་པ་ཤིན་ཏུ་ཉམ་ང་བ་ལ་འགྲོ་བའི་ཚེ་ཇི་སྲིད་དུ་དངོས་པོར་འཛིན་པ་མ་སྤངས་ཀྱི་བར་དུ་ལས་ཕྲ་ཞིང་ཕྲ་བ་ལ་ཡང་འཛེམས་ཤིག་གསུངས་ནས་རྟགས་དང་བཅས་པ་གསུང་སྐད། དེ་བས་ན་འོ་སྐོལ་དངོས་པོར་འཛིན་པ་མ་སྤངས་སེམས་ལ་བརྟན་པ་མ་ཐོབ་བར་དུ་ལས་ཕྲ་ཞིང་ཕྲ་བས་ཀྱང་འབྲས་བུ་འབྱིན་པ་ཤེས་པར་བྱས་ལ་ལས་རྒྱུ་འབྲས་ལ་འཛེམ་དགོས། སེམས་ཟག་པ་ལས་གྲོལ་ནས་ཀྱང་ཕུང་པོ་མ་སྤངས་ཀྱི་བར་དུ་ལས་ཀྱི་རྣམ་སྨིན་གྱིས་མ་བཏང་བ་ནི་དགེ་སློང་མ་ཨུ་ཏྤ་ལའི་ལོ་རྒྱུས་དང་འཕགས་པ་སྒུར་ཆུང་གི་ལོ་རྒྱུས་ལྟ་བུ་ཡིན། དེས་ན་མདོ་ལས། དགེ་སློང་དག །ལས་ནི་ས་ལ་མི་སྨིན་རྡོ་ལ་མི་སྨིན་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ཅེས་པས་དེས་ན་འོ་སྐོལ་གཟབ་འཚལ། ཞེས་བྱུང་བ་ལྟར་རོ། །གཉིས་པ་འཁོར་བའི་སྡུག་བསྔལ་བསམ་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེ་རྒྱུ་རྣམ་སྤངས་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །ད་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་


GLG012_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །ཞེས་ཤིན་ཏུ་བཟོད་པར་དཀའ་བ་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་བཀོལ་སྤྱོད་ཀྱིས་ཉམ་ཐག་པ་འབྲས་ཚ་བའི་སྟེང་དུ་ཕོལ་མིག་བྱུང་བ་ལྟར་སྡུག་བསྔལ་གྱིས་སྡུག་བསྔལ་བ་ནི། བཤེས་སྤྲིང་དུ་སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གིས། །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་པ་ལྟར་བཟོད་གླགས་མེད་ལ། བདེ་བགྲོར་སྐྱེས་ཀྱང་སློབ་སྤྲིང་ལས། གང་ཞིག་འཁོར་བའི་འཁོར་ལ་རྟག་ཏུ་འགྱུར་བ་ཡི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདར་སེམས་པ། །དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་ཏུ་འཁྱམས་པར་འགྱུར། །ཞེས་དང་། ཞི་བ་ལྷས། བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྷུང་། །ཞེས་གསུངས་པ་ལྟར་སྤྱིར་བདེ་འགྲོར་སྐྱེད་ཀྱང་སྐྱེ་རྒ་ན་འཆི་དང་འཆི་འཕོ་ལྟུང་བྱེད་སོགས་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བར་མ་ཟད་བཙོན་རར་ཚུད་པའི་མི་ཞིག་དེ་ནས་ཐོན་ཀྱང་སླད་བཙོན་ཁང་གཞན་དུ་མི་འཇུག་པའི་ངེས་པ་མེད་པ་བཞིན་བདེ་འགྲོ་ན་མི་འགྲོ་བའི་གདེང་ཚད་མ་རྙེད་པའི་ཕྱིར་ན་འཁོར་བ་ལས་མ་ཐར་ཕྱིན་སྡུག་བསྔལ་གྱི་ཟུག་རྔུ་དང་ནམ་ཡང་མི་འབྲལ་ལ། དེའི་རྩ་བ་ཡང་འདོད་ཡོན་ལྔ་ཁོ་ནར་ཆགས་པ་དང་དེའི་ལྡོག་ཕྱོགས་ལ་སྡང་བའི་སྐྱོན་ལས་བྱུང་བ་སྟེ། དཔེ་འགྲེལ་


GLG012_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཉ་དང་ཞེས་པ་ནི། དཔེར་ན་ཉ་འཛིན་ཙ་ན་ལྕགས་ཀྱུའི་རྩེ་མོ་ལ་ཤ་བཏགས་ནས་ཆུའི་གཏིང་དུ་བཏང་བས་ཉ་དམར་དད་ཆེ་བས་ཤ་ལ་ཁྱུར་མིད་བྱས་པས་གྲེ་བར་ལྕགས་ཀྱུ་ཟུག་ནས་དེ་སྐམ་སར་དྲངས་ནས་གསོད་དེ་ཉ་རོས་ཕུང་བའོ། །དེ་བཞིན་དུ་འོ་སྐོལ་ཡང་ལྕེ་རོའི་རྗེས་སུ་འབྲང་འབྲང་ནས་ཉོན་མོངས་ལྕགས་ཀྱུས་ཟིན་ཏེ་ངན་སོང་གི་གྲུ་བར་འཚོད་པར་མཆི་ན་གསུང་། ཕྱེ་མ་ལེབ་ཅེས་པ་ནི། དཔེར་ན་ཕྱེ་མ་ལེབ་ཀྱིས་མར་མེ་གཞལ་ཡས་ཁང་དུ་མཐོང་སྟེ། དེར་དགའ་དགའ་འདྲ་བ་ལ་བསྙེགས་པས་མེ་ལྕེས་ཚིག་ཅིང་མར་ཁུར་ལྷུང་སྟེ་ཕྱེ་མ་ལེབ་གཟུགས་ཀྱིས་ཕུང་བའོ། །དེ་བཞིན་དུ་འོ་སྐོལ་ཡང་འཁྲུལ་པའི་སྣང་བ་སྡུག་བསྔལ་གྱི་རང་བཞིན་འདི་ལ་བདེ་བར་མཐོང་ཞིང་ཆགས་པས་འཁོར་བའི་རྒྱ་མཚོར་ལྷུང་ཞིང་ངན་སོང་གི་མེར་སྲེག་གསུང་། གླང་ཆེན་ཞེས་པ་ནི། གླང་པོ་ཆེ་རེག་བྱ་ལ་དགའ་བས་ཁོའི་ལུས་ལ་དལ་བུས་བགས་ཀྱིས་ཕྲུགས་པས་དགའ་ནས་ཙོག་གེ་སྡོད་པས་སྤྱི་བོར་ལྕགས་ཀྱུས་བཏབ་ནས་གང་འདོང་དུ་འཁྲིད་པ་ཡིན་སྐད། གླང་པོ་ཆེ་རེག་བྱས་ཕུང་བའོ། །དེ་བཞིན་དུ་འོ་སྐོལ་ཡང་ལུས་རེག་བྱ་ལ་དགའ་དགའ་ནས་སྡུག་བསྔལ་གྱི་ལྕགས་ཀྱུས་འཛིན་གསུང་། བུང་བ་ཞེས་པ་ནི། དཔེར་ན་བུང་བ་མི་གཙང་བའི་དྲི་ལ་འཁར་ནས་མི་གཙང་བའི་འདམ་རྫབ་ཏུ་ལྷུང་ཞིང་བྱ་བྱིས་ཁྱེར་ཏེ་བུང་བ་དྲིས་ཕུང་བའོ། །དེ་བཞིན་དུ་འོ་སྐོལ་ཡང་འདོད་པའི་དྲི་ལ་འཁོར་ནས་ཉོན་མོངས་ཀྱི་འདམ་དུ་བྱིང་ཞིང་བདུད་ཀྱིས་ཁྱེར་ནས་འགྲོ་གསུང་། རི་དྭགས་ཞེས་པ་ནི། ལྷོའི་རི་དྭགས་གཤོར་བ་ཀུན་གྱིས་ལུང་སྟོང་གི་ནགས་གསེབ་ཏུ་ཡིབས་ནས་དེར་གླིང་བུ་དང་པི་ཝཾ་གི་སྒྲ་སྙན་བསྒྲགས་པས་རི་དྭགས་སྒྲ་སྙན་ལ་དགའ་བས་དེར་སྒྲའི་ཕྱོགས་སུ་ཉན་ཅིང་འོང་བ་ལ་ཕག་ནས་མདའ་བརྒྱབ་ནས་གསོད་དེ་རི་དྭགས་སྒྲས་


GLG012_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་བའོ། དེ་བཞིན་དུ་འོ་སྐོལ་ཡང་ཚེ་འདིའི་གྲགས་སྙན་གྱི་རྗེས་སུ་འབྲང་འབྲང་ནས་ཆགས་སྡང་གི་རྔོན་པས་གསོད་གསུང་། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། རི་དྭགས་ཉིད་ནི་སྒྲ་ཙམ་གྱིས། །རེག་པས་གླང་པོ་བརླག་པར་འགྱུར། །གཟུགས་ཉིད་ཀྱིས་ནི་ཕྱེ་ལེབ་སྟེ། །རོ་ཡི་ཉ་ཉིད་རྣམ་པར་བརླག །བུང་བ་དྲི་ལ་ཆགས་པས་ཏེ། །འདི་དག་རྒྱུ་ནི་རེ་རེ་ཡིན། །སྐྱེས་བུ་དག་ནི་གཅིག་ལ་ཡང་། །ལྔ་པོ་འདི་དག་རྟག་ལྡན་ཞིང་། །ཉིན་མཚན་དུ་ནི་རབ་ཏུ་འཇོམས། །བདེ་གནས་ཇི་ལྟར་ཐོབ་པར་འགྱུར། །ཞེས་གསུང་། དེས་ན་འོ་སྐོལ་འདོད་པའི་ཡོན་ཏན་ལྔའི་རྗེས་སུ་སྙེག་སྙེག་ནས། འཁོར་བ་འདིར་ཐོག་མ་མེད་པ་ནས་གཏིང་མཐའ་མེད་པར་འཁྱམས་ཏེ་ཕུང་ཚབས་དང་བརླག་ཚབས་འདི་ལས་ཆེ་བ་མེད་གསུང་། ཡུམ་ལས་ཀྱང་། ཤཱ་ར་དྭ་ཏཱིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་རྣམ་གྲངས་དུ་མས་འདོད་པ་རྣམས་ལ་སྐྱོན་དུ་བརྗོད་དེ། འདོད་པ་རྣམས་ནི་ཀུན་ནས་འབར་བའོ། །འདོད་པ་རྣམས་ནི་རབ་ཏུ་སྨད་པའོ། །འདོད་པ་རྣམས་ནི་རབ་ཏུ་གསོད་པའོ། །འདོད་པ་རྣམས་ནི་དགྲའོ། །འདོད་པ་རྣམས་ནི་ཕྱིར་རྒོལ་བའོ། འདོད་པ་རྣམས་ནི་རྩྭའི་སྒྲོན་མེ་ལྟ་བུའོ། །འདོད་པ་རྣམས་ནི་མེ་ཏོག་ཀིམྦ་ཀའི་འབྲས་བུ་ལྟ་བུའོ། །འདོད་པ་རྣམས་ནི་རལ་གྲིའི་སོ་ལྟ་བུའོ། །འདོད་པ་རྣམས་ནི་མེ་མདག་སྤུངས་པ་ལྟ་བུའོ། །འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ། །འདོད་པ་རྣམས་ནི་ཉའི་མཆིལ་པ་ལྟ་བུའོ། །འདོད་པ་རྣམས་ནི་མི་གཙང་བའི་རླབས་ལྟ་བུའོ། །ཞེས་གསུངས་པས་མཚོན་ཏེ་ཤེས་པར་ནུས་སོ། །གསུམ་པ་ངེས་འབྱུང་སྐྱེས་པའི་ཚད་བསྟན་པ་ནི། ཤེས་བྱ་ཆོས་ཅན། བཤད་མ་ཐག་པའི་ཚུལ་དེ་ལྟ་བུར་ལན་ཅིག་མ་ཡིན་པར་ཡང་ནས་ཡང་དུ་འདྲིས་ཤིང་གོམས་པར་བྱས་པ་ལ་བརྟེན་ནས་བཅོས་མ་མ་ཡིན་པའི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་རང་རྒྱུད་ལ་སྐྱེས་པ་ལགས་


GLG012_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་ཚད་བསྟན་དུ་ཡོད་དེ། ལྷ་མིའི་གཙོ་བོ་རྣམས་ཀྱི་བདེ་བས་མཚོན་སྲིད་པ་འཁོར་བ་འདིར་ཉམས་སུ་མྱོང་བར་བྱ་བའི་འདོད་པའི་ཡོན་ཏན་ལྔ་སོགས་ཕུན་སུམ་ཚོགས་པ་གང་ལའང་སྐྱུགས་ནད་ཅན་གཟན་མཐོང་བ་ལྟར་ཡིད་ལ་རེ་བའི་སྨོན་པ་སྐད་ཅིག་ཙམ་ཡང་རྒྱུད་ལ་མི་སྐྱེ་ཞིང་ཡིད་བརྟན་དུ་མི་རུང་བའི་འཁོར་བ་ལས་ཅི་ནས་ཀྱང་ཐར་པ་ཞིག་བྱས་ཏེ་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་བློ་གཞན་རྐྱེན་གྱི་དབང་གིས་ལྡོག་མི་ནུས་པའི་ཤུགས་དྲག་པོ་ཉིན་མཚན་གྱི་དུས་ཀུན་ཏུ་བྱུང་བ་ན། དེའི་ཚེ་སྟེ་དུས་དེར་ངོས་འཛིན་དགོས་པའི་ཕྱིར་རོ། །གཉིས་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་དངོས་དང་རྒྱུ་མཚན་གཉིས་ལས། དང་པོ་ལ་ཚིག་དོན་དང་སྤྱི་དོན་གཉིས་ཀྱི་དང་པོ་ནི། ཐེག་པ་ཆེན་པོའི་རིགས་སད་པའི་བློ་གྲོས་དང་ལྡན་པའི་དབང་པོ་རྣོན་པོ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱིས་ཤིག་པར་གདམས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། མཁའ་མཉམ་གྱི་སེམས་ཅན་རྣམས་ཀྱི་ཆེད་དུ་རྣམ་པར་དག་པའི་སྨོན་འཇུག་གི་སེམས་བསྐྱེད་ཀྱི་རྩིས་ཟིན་པ་མེད་ན་ནི་གོང་དུ་བཤད་པའི་སྲིད་པའི་ཕུན་ཚོགས་ལ་ངེས་པར་འབྱུང་བ་ཙམ་གྱི་བསམ་པ་དེ་ཡང་རང་དོན་ཡིད་བྱེད་དམན་པའི་ལམ་དུ་གོལ་བའི་སྐྱོན་ཡོད་པས་བླ་ན་མེད་པའི་བྱང་ཆུབ་ཀྱིས་རང་གཞན་གཉིས་ཀའི་ཕུན་སུམ་ཚོགས་པ་འགྲུབ་པའི་གཏན་གྱི་བདེ་བ་མི་གནས་པ་མྱ་ངན་ལས་འདས་པའི་རྒྱུ་རུ་མི་འགྱུར་བས་ན་སྐྱོན་དང་བཅས་པའི་ཕྱིར་རོ། །གཉིས་པ་སྤྱི་དོན་ནི། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་པ་ལྟར་ཆུ་ལུད་ཀྱིས་འབྲུ་སྣ་ཚོགས་བསྐྱེད་པ་དང་བྲམ་ཟེ་མོའི་བུར་རིགས་སྣ་ཚོགས་འབྱུང་བ་


GLG012_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྔར་བཤད་པའི་ངེས་འབྱུང་གི་བསམ་པས་དྲངས་ནས་གདུལ་བྱ་རིགས་ཅན་གང་གི་ལམ་དུའང་འཇུག་པས་མར་ངེས་ལ། ས་བོན་གྲོ་བཏབ་པ་དང་ཕ་རྒྱལ་པོ་ལྟ་བུ་ལ་མྱུ་གུ་དང་བུ་ཡང་རིགས་མི་འཆོལ་བ་ཁོ་ནར་འབྱུང་བ་ལྟར་སེམས་བསྐྱེད་ཀྱི་རྩིས་ཟིན་ནས་ཐེག་པ་ཆེན་པོའི་ལམ་ལས་གཞན་དུ་མི་འགྱུར་བའི་ཕྱིར་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པས་ན། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། ཤེས་རབ་རྣམ་དག་མངོན་སྒྲུབ་ཐེག་པའི་མཆོག །ཐུབ་ཆེན་ཐམས་ཅད་མཁྱེན་པ་དེ་ལས་འབྱུང་། །དེ་ནི་འཇིག་རྟེན་རྣམས་ཀྱི་མིག་བཞིན་ཏེ། །འོད་ལྡན་ཉི་མ་ཤར་བའི་འོད་དང་འདྲ། །ཞེས་གསུངས་པ་ལྟར་ཡིན་ལ། སངས་རྒྱས་ཀྱི་གོ་འཕང་དེ་ཡང་རང་དོན་དོར་ནས་གཞན་དོན་ལྷུར་བླངས་པ་ལ་བརྟེན་ནས་འབྱུང་ཞིང་གཞན་གྱི་དོན་སྒྲུབ་དགོས་པའི་རྒྱུ་མཚན། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །གློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་པ་དེ་ལས་ཁྲེལ་བོར་མེད། །ཅེས་དང་། བྱིས་པ་པང་ནས་བཙའ་བ་ཅི་ཡང་མི་ནུས་པས། །གང་གིས་ནུ་ཞོ་བྱམས་པའི་སྐྱུགས་ཀྱིས་གཟིགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བ་སུ་ཞིག་སྤྲོ། །གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་བྱས་ཤིང་། །གང་གིས་བརྩེ་བའི་སེམས་ཀྱིས་ཟོན་བཅས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདིར་བོར་ནས། །འགྲོ་བ་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །ཞེས་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་སྐྱེ་བ་


GLG012_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོར་ཉེ་དུར་འབྲེལ་ཞིང་ཁྱད་པར་མར་གྱུར་ནས་ཐབས་སྣ་ཚོགས་ཀྱིས་གནོད་པ་ལས་བསྐྱབས་ཤིང་ཕན་པ་བསྒྲུབས་པའི་རིས་མེད་ཀྱི་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་ཞིང་ཐར་པའི་བདེ་བ་ལ་འགོད་པའི་ཆེད་དུ་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད། སྦྱོར་བ་ཕྱིན་དྲུག་ལ་བསླབ་པ་ནི་ཐེག་པ་ཆེན་པོའི་གཞུང་ཤིང་ཡིན་ཅིང་བསམ་སྦྱོར་དེ་ལྟ་བུ་དང་ལྡན་ན་ཆོས་ཁྱད་པར་དུ་འཕགས་པས། ཕ་རོལ་ཏུ་ཕྱིན་པ་ལྔའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཁྱིམ་ན་གནས་ཏེ་འདོད་པའི་ཡོན་ཏན་ལྔ་རྣམས་ལ་བརྟེན་ཅིང་ལོངས་སྤྱོད་ལ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡང་སེམས་མི་བསྐྱེད་ན། དེ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་འཆལ་བ་ཞེས་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་འདིས་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལྷག་པའི་བསམ་པ་མ་དཀྲུགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ། དཔེར་ན་མི་ལ་ལ་ཞིག་ཉེས་པ་མེད་པར་བཙོན་རར་བཅུག་སྟེ། དེ་བཙོན་དེར་ལོ་མང་པོ། ལོ་བརྒྱ་ཕྲག་མང་པོ། ལོ་འབུམ་ཕྲག་མང་པོ་བཙོན་རར་བཅུག་ལ། དེའི་ལྷག་པའི་བསམ་པ་ཡང་འཁྲུགས་པར་མ་གྱུར། དེས་རྐུན་པོའི་སེམས་ཀྱང་མ་བསྐྱེད་དུ་ཟིན་ཀྱང་དེ་བཙོན་རར་བཅུག་ན། དེ་ཙམ་གྱིས་ནི་དེ་རྐུན་པོ་ཞེས་བརྗོད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཁྱིམ་ན་གནས་ཤིང་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ལོངས་སུ་སྤྱོད་པ་དེ་ཚུལ་ཁྲིམས་འཆལ་པ་ཞེས་བྱ་བར་མི་བརྗོད་དོ། །གལ་ཏེ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཚངས་པར་སྤྱད་པ་སྤྱོད་ལ། དེ་ཡང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་ཞིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་


GLG012_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་བསམ་པ་ཡང་འཁྲུགས་ན་དེ་ཙམ་གྱིས་ནི་དེ་ཚུལ་ཁྲིམས་དང་ལྡན་པ་ཞེས་མི་བྱའོ། །གང་གི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཐོས་ཀྱི་ཚུལ་ཁྲིམས་ལ་གནས་ན། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བའི་ཕྱིར་རོ། །ཞེས་གསུངས་པས་སེམས་བསྐྱེད་ནས་གཞན་དོན་འབའ་ཞིག་བསྒྲུབ་པའི་སེམས་དཔའ་དང་རང་དོན་ལྷུར་ལེན་པའི་ཉན་རང་གི་ཁྱད་པར་མཐའ་ཡས་པར་གསུངས་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ཅིང་། རང་ཉིད་ལ་རྒྱལ་བའི་སྲས་ཀྱི་ཡོན་ཏན་དང་མི་ལྡན་པར་ཚིག་ཙམ་ལ་འཆེལ་ནས་རྩིང་པོར་སྤྱོད་པ་དག་ཐར་པའི་སྲོག་དང་འབྲལ་བར་བྱེད་པའི་རྒྱུ་ཁོ་ན་ཡིན་པས། དཔེ་འགྲེལ་དུ། ནད་པ་ཆང་འཐུང་ཞེས་པ་ནི། དཔེར་ན་ཚད་རིམས་དྲག་པོས་ཐེབས་པའི་ནད་བསྐོམ་པས་གདུངས་ནས་ཆང་སྙིང་ལ་འདོད་པས་ཆང་འཐུངས་ན་ཚད་པ་ཆེར་འཕེལ་ནས་མྱུར་དུ་སྲོག་དང་འབྲལ་ལ་སྐོམ་པས་གདུངས་པའི་དུས་ན། སྨན་པའི་ངག་ལ་ཉན་ཆང་མ་འཐུངས་པར་བསྲན་པས་ཕྱིས་སྨན་གྱིས་ཚདཔ་ཞི། སྐོམ་པས་གདུངས་པ་སངས་ཙ་ན་ཆང་འཐུངས་ཀྱང་མི་གནོད་ལ། སླར་ལུས་ཟུངས་སྐྱེད་པར་བྱེད་པས། དེས་ན་སྐོམ་པའི་དུས་ན་ཆང་འཐུང་དུ་མི་བཏུབ་སྟེ། འཐུངས་སྲིད་ན་དུག་ཏུ་འགྱུར་ལ། མི་སྐོམ་པའི་དུས་འཐུངས་ཀྱང་མི་སྟོ་སྟེ། འཐུངས་པས་སྨན་དུ་འགྱུར་རོ། །དཔེ་དེ་བཞིན་དུ་འོ་སྐོལ་སོ་སོ་སྐྱེ་བོ་ལས་དང་པོ་པ། ལས་དང་ཉོན་མོངས་པ་ཁ་མ་བྲི་བ་ནད་ཚབས་ཅན་དང་འདྲ་བ་འདིས་འདོད་པ་ལ་བག་མེད་པར་སྤྱད་ན་འདོད་ཆགས་འབར་ནས་ཐར་པའི་སྲོག་གཅོད་ཅིང་ངན་སོང་དུ་འགྲོ་ལ། ད་རེས་འདོད་པས་གདུངས་པ་དང་


GLG012_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་དུས་འདིར་བླ་མའི་གདམས་ངག་མཉན་ནས་འདོད་པ་ལ་བསྲན་ཚུགས་པས་ནམ་ཞིག་ལས་དང་ཉོན་མོངས་པ་མཐའ་དག་ཞི། འདོད་པའི་ཆགས་སྲེད་ཀྱིས་གདུངས་པ་སངས་ཙ་ན་འདོད་ཡོན་ལ་སྤྱད་ཀྱང་མི་གནོད་དེ། སླར་ས་གོང་ནས་གོང་དུ་འཕར་བའི་གྲོགས་སུ་འགྲོ་བ་ཡིན། ཞེས་འབྱུང་བས་འདོད་ཡོན་ལམ་དུ་འགྲོ་མི་འགྲོའི་དུས་འཚམས་ཤེས་དགོས་ཤིང་། རྣམ་དཀར་གྱི་ལས་སྟོབས་ཆེ་ཆུང་ཅི་འདྲ་བ་ཞིག་བསགས་ཀྱང་འབྲས་བུ་ཟད་མི་ཤེས་པར་ལོངས་སྤྱོད་དུ་ཡོད་པ་སེམས་རིན་པོ་ཆེ་འདི་ལ་རག་ལུས་པས། དེ་ཉིད་ལས། གསེར་འགྱུར་ཞེས་པ་ནི། དཔེར་ན་གསེར་འགྱུར་གྱི་རྩི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་འགྱུར་སྐད། དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ངོ་བོ་ལུང་མ་བསྟན་ཡིན། དེ་ལ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ན། དེ་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་འགྱུར་ལ། བྱང་ཆུབ་སེམས་ཀྱི་རྩིས་མ་ཟིན་ན། དེ་ལས་གཞན་པར་འགྱུར་བས། དེས་ན་བྱང་ཆུབ་ཀྱི་སེམས་ནི་གསེར་འགྱུར་གྱི་རྩི་དང་འདྲ་གསུང་། བདུད་རྩི་འདྲ་ཞེས་པ་ནི། དཔེར་ན་སྨན་གྱི་བྱེ་བྲག་གཞན་གྱིས་ནད་ཀྱི་བྱེ་བྲག་ལ་ཕན་ལ། ལྷའི་བདུད་རྩིས་ནད་ཐམས་ཅད་ལ་ཕན་པ་ལྟར་ཆོས་གཞན་ནི། ཉོན་མོངས་པ་བྱེ་བྲག་པའི་གཉེན་པོར་འགྲོ་ལ། བྱང་ཆུབ་ཀྱི་སེམས་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་ཡིན་གསུང་། དེས་ན་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐོབ་པར་བྱེད་པའི་རྒྱུ་ཐུན་མོང་མ་ཡིན་པ་སྟེ། ལམ་སྣ་ནས་ཟིན་མ་ཟིན་ཀྱང་བྱང་ཆུབ་ཀྱི་སེམས་སྐྱེས་མ་སྐྱེས་ལ་བཞག་པ་ཡིན། ཕྱིར་ལྡོག་མི་ལྡོག་ཀྱང་བྱང་ཆུབ་ཀྱི་སེམས་ལ་བརྟན་པ་ཐོབ་མ་ཐོབ་བཞག་པ་ཡིན། ས་ལམ་གྱི་རིམ་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་


GLG012_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་ལ་བརྩི་བ་ཡིན་གསུང་། ཆུ་ཤིང་ཞེས་པ་ནི། དཔེར་ན་ཆུ་ཤིང་གི་རིགས་རྣམས་རང་གི་འབྲས་བུ་སྨིན་པ་དང་རྩད་ནས་བསྐམས་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་བའི་རྩ་བ་ནི་ལྷ་མིའམ་ཉན་ཐོས་སམ། རང་སངས་རྒྱས་ཀྱི་བྱང་ཆུབ་ཙམ་ཞིག་ཐོབ་པ་དང་དེའི་ནུས་པ་གཏན་ཟད་དུ་འགྲོ་སྟེ། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་པ་སྟེ། །ཞེས་གསུངས་པས་ཤེས་ལ། དེ་བསྒོམ་པའི་ཚུལ་ཡང་། ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་སྐྱོབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། བདག་པད་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་བདག་གཞན་མཉམ་པར་བརྗེ་བའི་བདེ་སྡུག་གི་གཏོང་ལེན་སྤེལ་མར་བྱེད་པ་ནི་ཉམས་ལེན་གྱི་གནད་འགག་ཆེ་ཤོས་ཡིན་པ་གོ་རིམ་ཡང་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་ཚེ་འདིའི་མ་ལ་བརྟེན་ནས་རིམ་གྱིས་སྦྱོང་བས། དཔེ་འགྲེལ་ལས། བྱང་ཆུབ་ཀྱི་སེམས་དེ་གང་ལས་སྐྱེ་ན་སྨོན་འཇུག་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དེའི་བསླབ་བྱ་ལ་བསླབ་པ་ཞིག་ལས་སྐྱེ། སྨོན་འཇུག་གཉིས་ཀྱི་སེམས་དེ་ཡང་སྔོན་དུ་སྙིང་རྗེ་ཆེན་པོ་ལ་བློ་འབྱོངས་པ་ཞིག་ལས་སྐྱེ། སྙིང་རྗེ་དེ་ཡང་བྱམས་པ་ཆེན་པོ་ལས་སྐྱེ། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་སྐྱེ། དེ་ཕན་རྒྱ་ཆེན་པོ་བཏགས་པ་ལས་སྐྱེ་གསུང་། དེ་ལ་ཕན་བཏགས་པའི་མཆོག་སུ་ཡིན་ན། བདག་གི་མ་རྒན་རྣམས་ཡིན་པས་དེ་ལ་རྩ་བའི་མས་མཚོན་ནས་ནམ་མཁའི་མཐའ་དང་མཉམ་པའི་མ་རྒན་ཁམས་གསུམ་


GLG012_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་ཅན་ཐམས་ཅད་ཀྱི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ཡིན་ཅེས་གསུང་། འབུ་སྲིན་གཡག་ཙམ་ཞེས་པ་ནི། དང་པོ་རྩ་བའི་མས་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་བསྟན་པ་ནི། འོ་སྐོལ་དང་པོ་མ་ལ་བཙས་མ་ཐག་ཏུ་འབུ་སྲིན་ལྟ་བུ་འཇིགས་ལ་སྐྱུག་བྲོ་བ་ཕ་མས་བརྩེ་བས་པང་དུ་བླངས། ཤའི་དྲོད་ལ་གླན། མར་གྱི་ལྡེ་གུ་བྱིན། ནུ་ཞོ་རན་པ་བླུད། བྱམས་པའི་མིག་གིས་བལྟས། སྙན་པའི་ཚིག་གིས་འདྲིད། ཟས་ཐམས་ཅད་ཁ་ཡིས་བསྙོད། མི་གཙང་བ་ཐམས་ཅད་ལག་པས་ཕྱིས། འཆི་བའི་སྲོག་ལས་བསྐྱབས། བརྡ་དང་བཤེས་གཉེན་བསླབས། ལྟོགས་པའི་དུས་སུ་ཟས་བྱིན། འཁྱགས་པའི་དུས་སུ་གོས་བསྐོན། དུས་རྟག་ཏུ་བརྩེ་བ་དང་གདུང་བ་ལ་བརྗེད་པ་མེད་པས་རང་གི་བདེ་སྡུག་གཏམ་ངན་ལུས་དང་སྲོག་ལ་མ་བལྟས་པར་བུའི་དོན་བྱས་པ་ཡིན་པས་མའི་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བར་བྱེད་དགོས་ཞེས་གསུངས་སོ། །གཉིས་པ་བསྒོམ་དགོས་པའི་རྒྱུ་མཚན་ནི། ཤེས་བྱ་ཆོས་ཅན། ཚེ་འདིའི་མས་མཚོན་པའི་མཁའ་མཉམ་གྱི་སེམས་ཅན་རྣམས་ཀྱི་ཉམ་ཐག་པའི་ངང་ཚུལ་ལ་ལེགས་པར་བསམས་ནས་སེམས་ཅན་གཅིག་གི་དོན་དུ་འགྱུར་ན་རང་ཉིད་དམྱལ་བར་འཇུག་པ་ལ་ཡང་ཚམ་ཚོམ་མེད་པ་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་དམ་བཅའ་བརྟན་པོས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་མཛོད་ཅིག་ཅེས་བསྐུལ་བ་ལ་རྒྱུ་མཚན་ཡོད་དེ། སྲིད་པའི་ཐོག་མ་འདི་ཞེས་ངོས་གཟུང་དུ་མི་ནུས་པ་ནས་ཐ་མའི་ཚད་ཀྱང་མུ་མེད་པར་རིགས་དྲུག་གི་གནས་སུ་ལན་གཅིག་དང་ལན་གཉིས་མ་ཡིན་པ་བགྲང་བར་དཀའ་བའི་སྐྱེ་བ་བླངས་པ་དང་སླར་ཡང་སྐྱེ་ཞིང་སྐྱེ་བ་རུ་སྡུག་བསྔལ་གྱི་སྡུག་བསྔལ་འགྱུར་བའི་སྡུག་བསྔལ།


GLG012_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ་གྱིས་གནོད་པ་སྐད་ཅིག་ཀྱང་རྒྱུན་ཆད་པ་མེད་པར་མནར་བ་ལ་བརྟེན་ནས་ཆེས་བཟོད་པར་དཀའ་བའི་ཡུལ་ཉམ་ཐག་པའི་གནས་སྐབས་ཏེ་སྣང་ཚུལ་འདི་འདྲ་བར་གྱུར་པའི་ཕྱིར། རྟགས་གྲུབ་སྟེ། རི་གཟར་གྱི་འབབ་ཆུ་ལྟར་ཆུ་ལོན་གྱིས་དགག་པར་དཀའ་བ་ཤུགས་ཤིན་ཏུ་དྲག་པའི་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ཡིས་ཅུང་ཟད་ཙམ་ཡང་མི་སྡོད་པར་སྡུག་བསྔལ་གྱི་རྒྱ་མཚོའི་གློང་དུ་རྒྱུན་གྱི་ཆ་བསགས་པས་ཁྱེར་ཞིང་རྐྱེན་གཞན་གྱིས་བཟློག་པར་དཀའ་བ་ཚེ་རབས་གྲངས་མེད་དུ་བསོད་ནམས་མ་ཡིན་པའི་ལས་ཀྱི་རིགས་སྣ་ཚོགས་པ་དུས་སུ་སྨིན་པས། འཆིང་བར་བྱེད་པའི་ཞགས་པས་གཡོ་འགུལ་ཙམ་ཡང་མི་ཐུབ་པར་དམ་པོས་བསྡམས་ཤིང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་དུ་མ་རྟོགས་པར་ཆོས་དང་གང་ཟག་གི་བདག་ཏུ་འཛིན་པ་གཅོད་པར་དཀའ་བ་ལྕགས་ཀྱི་དྲ་བ་ལྟ་བུའི་སྦུབས་སུ་ཆུད་པ་སོགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ལས་འབྲས་དང་དེ་ཁོ་ན་ཉིད་ལ་ལྟ་བའི་མ་རིག་པའི་མུན་པ་སྟུག་པོའི་སྨག་རུམ་ཆེན་པོ་ཕྱོགས་ཀུན་ནས་ཆུའི་ལྗིད་ཀྱིས་ནོན་པའི་དབྱར་གྱི་ཆར་སྤྲིན་ལྟ་བུར་འཐིབས་པའི་ཕྱིར་རོ། །གསུམ་པ་སྟོང་ཉིད་ཀྱི་ལྟ་བ་བསྟན་པ་ལ་ཚིག་དོན། སྤྱི་དོན། ཞར་བྱུང་མཐར་འཛིན་གྱི་ལྟ་བས་མི་འཕྲོག་པར་བསྟན་པ་དང་གསུམ་ལས། དང་པོ་ལ་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད་དགོས་པ། འབད་པའི་ལྟ་བ་བསྒོམ་པ། སྣང་སྟོང་ཟུང་དུ་འབྲེལ་བ། བསྒོམས་པ་ལ་བརྟེན་ནས་དཔྱད་པ་རྫོགས་ཚུལ་བསྟན་པ་དང་བཞིའི། དང་པོ་ནི། ཤེས་བྱ་ཆོས་ཅན། སྟོང་པ་ཉིད་ཀྱི་དོན་རྟེན་ཅིང་འབྲེལ་བར་འབྱུང་བས་འགྲུབ་པའི་ཚུལ་རྟོགས་


GLG012_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་ལ་རིགས་པ་བརྒྱ་ཕྲག་དུ་མའི་སྒོ་ནས་འབད་པར་བྱེད་དགོས་ཏེ། སྔར་བཤད་པའི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱི་རིམ་པ་ལ་ཇི་ཙམ་གྱི་བར་དུ་གོམས་པར་བྱས་ཀྱང་ཆོས་རྣམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་ངེས་པའི་བདག་མེད་རྟོགས་པའི་ཤེས་རབ་དང་མི་ལྡན་ན། སྲིད་པ་འཁོར་བའི་སྡུག་བསྔལ་ཀུན་གྱི་རྩ་བ་བདག་ཏུ་འཛིན་པའི་ཞེན་ཡུལ་སུན་དབྱུང་ཞིང་གཅད་པ་སྟེ་སླར་སྐྱེ་མི་རུང་བའི་ཆོས་ཅན་དུ་མ་ནུས་པས་འཁོར་བ་ལས་མི་གྲོལ་བ་དེའི་ཕྱིར་རོ། །གཉིས་པ་འབད་པའི་ལྟ་བ་བསྒོམ་པའི་ཚུལ་ནི། ཤེས་བྱ་ཆོས་ཅན། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་དགྱེས་པའི་དགོངས་པའི་ཞེ་ཕུགས་ཕྱིན་ཅི་མ་ལོག་པའི་ལམ་ལ་ཞུགས་པར་བྱེད་པའི་ཐབས་གནས་ལུགས་ཀྱི་དོན་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དེ་ནི་བཤད་དུ་ཡོད་དེ། རྣམ་གྲོལ་གྱི་ལམ་དོན་དུ་གཉེར་བའི་གདུལ་བྱ་གང་ཞིག་འཁོར་བ་འཇིག་རྟེན་གྱིས་བསྡུས་པའི་ལས་དང་ཉོན་མོངས་པ་དེའི་མཐུས་གྲུབ་པའི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན། དེའི་ཅིག་ཤོས་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀྱི་རྒྱུ་རྐྱེན་དགེ་མི་དགེ་ལུང་མ་བསྟན་ཚོགས་ཙམ་ལ་བརྟེན་ནས་འབྲས་བུ་བདེ་སྡུག་བཏང་སྙོམས་རྣམས་ནམ་ཡང་སྟེ་ཅུང་ཟད་ཙམ་ཡང་བསླུ་བ་མེད་པ་ས་བོན་ནས་བཏབ་པ་ལ་འབྲས་བུ་སྲན་མ་སྨིན་པ་ལྟ་བུའི་འཆོལ་བ་མི་འབྱུང་བར་རབ་ཏུ་མཐོང་ཞིང་། དེ་ལྟ་བུའི་དམིགས་པའི་ཡུལ་ལ་ཡན་ལག་ཚོགས་པ་ཙམ་ལ་ཤིང་རྟར་བཏགས་པ་ལྟ་བུའི་དོན་རང་བཞིན་གྱིས་མེད་པ་དུ་མ་རྟོགས་པར་བདེན་འཛིན་གྱི་རྟོག་པའི་འཛིན་སྟངས་ཀྱི་བསྟད་སོའི་ཡུལ་གང་ཡིན་པ་དོན་དམ་པར་ཅུང་ཟད་


GLG012_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡང་མེད་པར་རིག་པས་ཀུན་ནས་ཞིག་པ་སྟེ་ཁས་ལེན་དང་བྲལ་བ་དེ་ནི་ཡིན་པའི་ཕྱིར་རོ། །གསུམ་པ་སྣང་སྟོང་ཟུང་དུ་འབྲེལ་དགོས་པ་ནི། དྲང་དོན་གྱི་སྣང་བ་ཚུལ་ཁྲིམས་བསྲུངས་པ་ལ་བརྟེན་ནས་མངོན་མཐོའི་གོ་འཕང་དང་མ་བྱིན་པར་བླངས་པས་ཡི་དྭགས་སུ་སྐྱེ་བ་ལྟ་བུས་མཚོན་པའི་རྒྱུ་འབྲས་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་གཞག་ནམ་ཡང་བསླུ་བ་མེད་པ་སྟེ་མི་འཆོལ་བར་སྒྲ་ཇི་བཞིན་དུ་འབྱུང་བའི་དོན་ལ་གཏིང་ཚུགས་པའི་གོ་བ་དང་། དེ་རྙེད་པའི་ལས་འབྲས་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པར་སྟོང་པ་ཉིད་ཀྱི་དོན་བདེན་པར་གྲུབ་པའི་རྟག་མཐའ་དང་ཐ་སྙད་དུ་འཇོག་མི་ནུས་པའི་ཆད་མཐའ་གཉིས་ཀྱི་མཐར་མ་ལྷུངས་པས་རང་གི་ངོ་བོས་གྲུབ་པའི་ཆོས་རྡུལ་ཙམ་ཡང་ཁས་ལེན་དང་བྲལ་བའི་དོན་ལ་ངེས་ཤེས་རྙེད་པའི་གོ་བ་གཉིས་པོ་དེ་ཆོས་ཅན། ཁྱོད་གཉིས་གཅིག་གྲོགས་སུ་གཅིག་མི་འགྲོ་བར་ཀུན་རྫོབ་ཀྱི་སྣང་བ་ལ་ངེས་པ་ཆེར་སོང་བ་ཙམ་གྱིས་སྟོང་ཕྱོགས་ལ་ཐེ་ཚོམ་ཞིང་ཅིག་ཤོས་ལ་ངེས་པ་རྙེད་པ་ཙམ་གྱིས་ལས་འབྲས་ཀྱི་རྣམ་གཞག་སོགས་དོར་ནས་དོན་གཉིས་པོ་ཇི་སྲིད་ཀྱི་བར་དུ་སོ་སོར་འཛིན་སྟངས་ཐ་དད་པས་གཅིག་གི་དུས་ཅིག་ཤོས་འགོག་པར་སྣང་བ་སྟེ་ཚ་གྲང་ལྟར་འགལ་བར་བཟུང་བ་དེ་སྲིད་དུ་སྔར་བཤད་པའི་དབུ་མའི་ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བའི་སྐབས་མེད་དེ། སྣང་སྟོང་ཟུང་དུ་འཇུག་པའི་གནད་འདི་ལ་ད་དུང་བར་དུ་ངེས་པ་མ་འདྲོངས་ན་བདུད་བཞིའི་དགྲ་ཚོགས་ཐུབ་པའི་ཀུན་མཁྱེན་བུ་རམ་ཤིང་པའི་མཐར་ཐུག་གི་དགོངས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བའི་


GLG012_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་འགྱུར་བའི་ལུགས་ཀྱི་ལྟ་བ་རྟོགས་པའི་དུས་མེད་པ་དེའི་ཕྱིར་རོ། །བཞི་པ་བསྒོམས་པ་ལ་བརྟེན་ནས་དཔྱད་པ་རྫོགས་ཚུལ་ནི། ཤེས་བྱ་ཆོས་ཅན། མགོན་པོ་ཀླུ་སྒྲུབ་གྱི་རྗེས་འབྲངས་རྣམས་ཀྱི་ནང་ནས་འཁྲུལ་པ་མེད་པའི་ལུགས་འཛིན་པ་དཔལ་ལྡན་ཟླ་བའི་ཞབས་ཀྱིས་བཀྲལ་བའི་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབུ་མའི་དོན་རང་རྒྱུད་ལ་ཐེ་ཚོམ་དང་བྲལ་ནས་ལྟ་བའི་དཔྱད་པ་ཐམས་ཅད་རྫོགས་པ་ལགས་པ་སྟེ་ཚུལ་བཞིན་རྒྱུད་ལ་སྐྱེས་པའི་ཚད་དམ་དུས་ངོས་གཟུང་དུ་ཡོད་དེ། སྔར་བཤད་པའི་ལྟ་བ་དེ་ཉིད་ཉམས་སུ་བླངས་ཚེ་སྟོང་ཕྱོགས་དང་སྣང་ཕྱོགས་གཉིས་རྒྱུད་ལ་གཅིག་གི་གོ་བ་རྙེད་ཚེ་ཅིག་ཤོས་ཀྱི་དོན་ཕྱིན་ཅི་ལོག་ཏུ་འགྲོ་བ་དུས་ནམ་ཞིག་གི་ཚེ་ན་རེ་མོས་སུ་འཇོག་པ་མེད་པར་ལས་འབྲས་ཀྱི་རྣམ་གཞག་སོགས་ཀུན་རྫོབ་ཀྱི་བྱ་བྱེད་མཐའ་དག་སྟོང་ཕྱོགས་ཀྱིས་དགག་མི་ནུས་པར་བསྙོན་མེད་དུ་ཉམས་སུ་མྱོང་བ་ཙམ་གྱིས་བཟང་ངན་མཐའ་དག་རྐྱེན་གྱིས་བསྒྱུར་ནུས་པ་དེ་ཡེ་ནས་རང་བཞིན་གྱིས་ཚུགས་ཐུབ་ཏུ་མ་གྲུབ་པར་སྒྱུ་མའི་རྟ་གླང་དང་རྨི་ལམ་གྱི་བྱ་བྱེད་བཞིན་སྣང་ཡང་རང་གི་ངོ་བོས་མ་གྲུབ་པའི་གནད་ཡིན་པས། དོན་དམ་པར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཅུང་ཟད་ཙམ་ཡང་མེད་པ་ལ་གཏིང་ནས་ཡིད་ཆེས་པས་གཞི་གང་གི་སྟེང་ནས་ཀྱང་སྣང་སྟོང་གཉིས་པོ་དེ་ཅིག་ཅར་དུ་འཆར་ཐུབ་པའི་རྟེན་འབྲེལ་གྱི་ཚུལ་མི་བསླུ་བར་གཏན་ཚིགས་རྣམ་དག་གི་རིག་པས་མཐོང་བ་ཙམ་ཉིད་ལ་བརྟེན་ནས་ངེས་ཤེས་ལྷང་གིས་སྐྱེས་པ་དེའི་ཚེ། ཆོས་རྣམས་ཀྱི་ཡུལ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་གྱི་བློའི་འཛིན་སྟངས་ཀུན་ལྷག་མ་ལུས་པར་འཇིག་ཐུབ་པའི་གདེང་ཚད་རྙེད་པ་ན་སྟེ་དེའི་ཚེའམ་དེའི་དུས་ང་ཡིན་པའི་


GLG012_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །གཉིས་པ་སྤྱི་དོན་ནི། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་གཞིའི་ལྟ་བ་ཀུན་རྫོབ་བདེན་པ་སྣང་བའི་ཆོས་རྣམས་ཐ་སྙད་དུ་གྲུབ་ཅིང་རྒྱུ་འབྲས་མི་བསླུ་བའི་རྟེན་ཅིང་འབྲེལ་འབྱུང་དང་དོན་དམ་བདེན་པ་ཆོས་ཐམས་ཅད་རང་གི་ངོ་བོས་སྟོངས་པའི་ཆོས་དང་གང་ཟག་གི་བདག་མེད་གཉིས་ཕྱིན་ཅི་མ་ལོག་པར་ཤེས་ན་སྦྱིན་སོགས་ཀྱི་སྤྱོད་པ་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་འབྲེལ་པ་ལ་བརྟེན་ནས་ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་པར་འགྱུར་བས་སངས་རྒྱས་ཐོབ་པའི་རྒྱུ་ཐུན་མོང་མ་ཡིན་པ་བྱང་ཆུབ་ཀྱི་སེམས་ཡིན་ཀྱང་བུ་སྐྱེ་བ་ལ་ཕ་གཅིག་པུས་མི་འོང་བར་ཕ་མ་གཉིས་ཀ་ཚོགས་དགོས་པ་བཞིན་ཐེག་པ་གསུམ་གའི་ཐུན་མོང་གི་རྒྱུ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཟུང་དུ་འབྲེལ་དགོས་པའི་ཕྱིར་ན་དྲངས་མ་ཐག་པའི་ལུང་གི་ཤུགས་བསྟན་ལས། དེ་གཉིས་རྣམ་དབྱེ་གང་གིས་ལེགས་ཤེས་པ། །དེ་ནི་ཕྱིན་ཅི་མ་ལོག་ལམ་བཟང་ཞུགས། །ཞེས་འབྱུང་ལ།བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་ཟ་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་མངོན་སུམ་དུ་རྟོགས་ན་ལྟ་ཅི་སྨོས། ཆོས་ཐམས་ཅད་བདེན་པར་གྲུབ་བམ་མ་གྲུབ། ཕལ་ཆེར་མ་གྲུབ་སྙམ་པའི་རྟོག་པ་ཙམ་གྱིས་ཀྱང་སྲིད་པ་འཁོར་བའི་སྡུག་བསྔལ་ཧྲུལ་པོར་བྱེད་ནུས་སོ། །ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་རྒྱ་ཆེར་བསླབས་ཀྱང་ཆོས་རབ་ཏུ་


GLG012_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པའི་ཤེས་རབ་ཀྱིས་བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱུངས་ན་གཞན་དག་གིས་བདག་མེད་རྟོགས་མི་ནུས་པའི་ཕྱིར། དཔེ་འགྲེལ་ལས། སྐྱེས་བུ་མིག་ཅན་ཞེས་པ་ནི། དཔེར་ན་སྐྱེས་བུ་མིག་དང་ལྡན་པ་ཞིག་གིས་ལམ་སྣ་དྲངས་ན་དམུས་ལོང་བརྒྱ་ཕྲག་དུ་མས་ཀྱང་གྲོང་ཁྱེར་ལ་སོགས་པ་གང་འདོད་དུ་འགྲོ་ནུས་པ་ཡིན། དཔེ་དེ་བཞིན་དུ་ཤེས་རབ་སྟོང་པ་ཉིད་ཀྱི་དོན་རྟོགས་ནས་ཉམས་སུ་བླངས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ཡིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཅིང་ཐམས་ཅད་མཁྱེན་པའི་ས་ལ་འགྲོ་བར་ནུས་ཏེ། ཕ་རོལ་ཕྱིན་པ་ལྔ་ཡི་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ཞེས་པ་དང་། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པས་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །ཞེས་དང་། ཟས་ལ་ལྕེ་ཞེས་པ་ནི། དཔེར་ན་ཟས་ལ་ལྕེས་རེག་པ་ཙམ་གྱིས་ཟས་ཀྱི་རོ་ཐམས་ཅད་མོད་ལ་ཚོར་ནས་ཡོང་ལ། གཟར་བུ་དེ་ཟས་ཀྱི་གསེབ་ཏུ་བཅུག་ཀྱང་རོ་མི་ཚོར། དེ་བཞིན་དུ་སྐྱེས་བུ་ཤེས་རབ་ལྡན་པས་ཆོས་ཐམས་ཅད་ཀྱི་དོན་ཚེགས་མེད་དུ་ལོན་ནས་ཡོང་། ཤེས་རབ་མེད་ན་ཆོས་དང་རྟག་ཏུ་འགྲོགས་ཀྱང་ཆོས་ཀྱི་དོན་མི་ལོངས་གསུང་། དེས་ན་ཤེས་རབ་གལ་ཆེ་བས་ཤེས་རབ་འཕེལ་བའི་རྒྱུ་ལ་འབད་དགོས། ཤེས་རབ་འཕེལ་བའི་རྒྱུའི་གཙོ་བོ་ཐོས་བསམ་སྒོམ་གསུམ་རང་ཡིན་པས། ཐོས་བསམ་སྒོམ་གསུམ་ལ་ནན་ཏན་བྱེད་དགོས། གཞན་གང་ཟག་ཤེས་རབ་ཅན་དང་ཆོས་ཀྱི་བླ་བོ་དང་བཀའ་བསྟན་བཅོས་ཀུན་ལ་ལྟ་རྟོག་མང་དུ་བྱས་ན་ཤེས་རབ་ཇེ་ཆེ་ལ་འགྲོ། གཞན་ཡང་ཁབ་དང་སྐུད་པའི་སྦྱིན་པ་དང་། ཤོག་བུ་དང་།སྣག་ཚ་དང་། སྨྱུ་གུའི་སྦྱིན་པ་བཏང་ན་མ་འོངས་པ་ན་ཤེས་


GLG012_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཆེ་བའི་རྒྱུ་རུ་འགྲོ་སྟེ། ཤཱ་རིའི་བུས་སྔོན་ཚེམ་བུ་བ་ཞིག་ལ་ཁབ་ཅིག་དང་སྐུད་པ་ཕུལ་བས་འཛམ་བུ་གླིང་ན་ཤེས་རབ་ཆེ་བ་ཞིག་བྱུང་གསུང་། བདུད་རྩི་ཞེས་པ་ནི། དཔེར་ན་དུག་བུམ་པ་གང་གི་ནང་དུ་བདུད་རྩི་ཐིགས་པ་གཅིག་བླུགས་ན་དུག་དེ་ཐམས་ཅད་ཀྱང་སྨན་དུ་འགྱུར་རོ། །དཔེ་དེ་བཞིན་དུ་འོ་སྐོལ་གྱི་བདག་ཏུ་འཛིན་པ་དུག་བུམ་པ་གང་དང་འདྲ་བ་དེའི་གཉེན་པོར་བདག་མེད་བདུད་རྩི་ལྟ་བུ་དེ་རྟོག་ཅིང་བསྒོམས་ན་ཉོན་མོངས་པ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བདུད་རྩིར་འགྱུར། ཞེས་གསུངས་ལ། དེའང་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ལ་བཅིངས་གྲོལ་སོགས་ཐ་སྙད་ཀྱི་བྱ་བྱེད་ཐམས་ཅད་བསྙོན་མེད་དུ་འཇོག་ནུས་པའི་རྣམ་གཞག་འདི་རང་སྡེ་དངོས་པོར་སྨྲ་བའི་མཁས་པ་རྣམས་ཀྱིས་ཐུགས་སུ་མ་ཆུད་པས། རྩ་ཤེ་ལས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་དང་། རྩོད་ཟློག་ཏུ། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་རང་བཞིན་གྱིས་མ་གྲུབ་ན་བདེན་པ་བཞི་སོགས་ཀྱི་རྣམ་གཞག་ཀྱང་གཏན་མེད་དུ་སོང་ནས་འཇོག་མི་ནུས་ཤིང་། ཚིག་ལ་རང་བཞིན་མེད་ན་རང་བཞིན་འགོག་པ་དང་རང་བཞིན་མེད་པ་བསྒྲུབ་པར་མི་ནུས་སོ། །ཞེས་རྒོལ་བ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་དོན་དམ་པར་རྡུལ་ཙམ་ཡང་མ་རྙེད་པ་ལ་བསྐྱེད་བྱ་སྐྱེད་བྱེད་དང་དགག་བསྒྲུབ་སོགས་འཁོར་འདས་ཀྱི་བྱ་བྱེད་ཐམས་ཅད་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་འཇོག་ནུས་པ་དབུ་ལ


GLG012_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ནོ་ཞེས་པ་སྟེ། རྩ་ཤེའི་རབ་བྱེད་ཉེར་བཞི་པ་ལས། སྐྱོན་དུ་ཐལ་བར་འགྱུར་བ་ནི། །སྟོང་ལ་འཐད་པ་མ་ཡིན་པས། ཁྱོད་ནི་སྟོང་ཉིད་སྤོང་བྱེད་པ། །གང་དེ་ང་ལ་མི་འཐད་དོ། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཞེས་དང་། ཚིག་གསལ་ལས། ཁོ་བོ་ཅག་གི་ཕྱོགས་ལ་ནི་ཇི་སྐད་སྨྲས་པའི་སྐྱོན་དུ་ཐལ་བ་མི་འཇུག་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་བདེན་པ་ལ་སོགས་པ་རྣམ་པར་བཞག་པ་ཐམས་ཅད་ཆེས་ཤིན་ཏུ་འཐད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་གསུངས་པ། གང་ལ་སྟོང་པ་ཉིད་རུང་བ། །ཞེས་སོགས་ཀྱི་གཞུང་བཀོད་ནས་བཤད་པ་མཛད་དོ། །ཞེས་པའི་དོན་བཤད་མ་ཐག་པའི་སྐྱོན་ངེད་ཅག་དབུ་མ་པ་ལ་མི་འབྱུང་བར་མ་ཟད་ཆོས་རྣམས་རང་བཞིན་མེད་པའི་ཕྱོགས་ལ་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་རུང་ལ། ཅིག་ཤོས་ལ་རང་བཞིན་གྱིས་གྲུབ་ཕྱིན་དེ་ལ་རྐྱེན་གྱིས་བསྒྱུར་དུ་མི་རུང་བའི་ཕྱིར། སྐྱེ་འཇིག་སོགས་གློ་བུར་དུ་བཅོས་སུ་མེད་དོ་ཞེས་ལན་བཏབ་པའི་ཕྱིར། དེ་ཡང་འཁོར་བ་ལས་གྲོལ་བའི་ཐབས་ཀྱི་གཙོ་བོ་བདག་མེད་གཉིས་རྟོགས་པའི་ཤེས་རབ་ཀྱི་ནང་ནས་ཀྱང་གང་ཟག་གི་བདག་མེད་གཙོ་བོར་གསུངས་པའི་ཕྱིར། ལྷག་མཐོང་ཆེན་མོ་ལས། དེ་ཁོ་ན་ཉིད་ལ་ཇི་ལྟར་འཇུག་པའི་རིམ་པ་ནི་དང་པོར་འཁོར་བའི་ཉེས་སྐྱོན་བསམས་ནས་ཡིད་སུན་ཏེ་དེ་ལ་འདོར་འདོད་སྐྱེས་པ་ཞིག་དགོས། དེ་ནས་དེ་རྒྱུ་མ་ལོག་ན་མི་ལྡོག་པར་མཐོང་ནས་འཁོར་བའི་རྩ་བ་གང་ཡིན་སྙམ་སྟེ་དེའི་རྩ་བ་རྩད་བཅད་པས་འཇིག་ལྟའམ་མ་རིག་པ་འཁོར་བའི་རྩ་བར་འགྲོ་ལུགས་ལ་ངེས་པ་གཏིང་ཐག་པ་ནས་འདྲོངས་ནས་དེ་སྤོང་བར་འདོད་


GLG012_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅོས་མ་མ་ཡིན་པ་སྐྱེས་པ་ཞིག་དགོས། དེ་ནས་འཇིག་ལྟ་ལྡོག་པ་དེ་ངོས་བཟུང་བའི་བདག་མེད་པར་རྟོགས་པའི་ཤེས་རབ་སྐྱེ་བ་ལ་རག་ལས་པར་མཐོང་ནས་བདག་དེ་དགག་དགོས་པར་མཐོང་སྟེ། བདག་དེ་ཡོད་པ་ལ་གནོད་བྱེད་དང་མེད་པའི་སྒྲུབ་བྱེད་ཀྱི་ལུང་དང་རིག་པ་ལ་བརྟེན་ནས་ངེས་པ་རྙེད་པ་ཞིག་ཐར་པ་དོན་དུ་གཉེར་ན་མེད་པའི་ཐབས་མེད་དོ། དེ་ལྟར་བདག་དང་བདག་གི་བ་ལ་རང་བཞིན་ཅུང་ཟད་ཀྱང་མེད་པར་ངེས་པའི་ལྟ་བ་རྙེད་ནས་དེའི་དོན་གོམས་པར་བྱས་པས་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་ཚིག་གསལ་ལས། གལ་ཏེ་ཉོན་མོངས་པ་རྣམས་དང་ལས་དང་ལུས་རྣམས་དང་བྱེད་པ་པོ་དང་འབྲས་བུ་རྣམས་ཏེ། འདི་དག་ཐམས་ཅད་དེ་ཁོ་ན་ཉིད་མ་ཡིན་གྱི་འོན་ཀྱང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར་དེ་ཁོ་ན་འདི་མ་ཡིན་བཞིན་དུ་བྱིས་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་སྣང་བ་ཡིན་ན། ཡང་འདིར་དེ་ཁོ་ན་ཉིད་ནི་གང་ཞིག་ཡིན་ལ་དེ་ཁོ་ན་ཉིད་ལ་འཇུག་པ་ཡང་ཇི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ་ནང་དང་ཕྱིའི་དངོས་པོ་མ་དམིགས་པས་ནང་དང་ཕྱི་ལ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་འདི་ནི་འདིར་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ལ་འཇུག་པ་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བྱ་བ་ལ་སོགས་པས་དབུ་མ་ལ་འཇུག་པ་ལས་བཙལ་བར་བྱའོ། །ཞེས་པ་དང་། འདིར་རྣལ་འབྱོར་པ་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་ཅིང་ཉོན་མོངས་པ་དང་སྐྱོན་མ་ལུས་པ་རབ་ཏུ་སྤོང་བར་འདོད་པ་ནི་འཁོར་བ་འདི་


GLG012_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་རྩ་བ་ཅན་ཡིན་ཅེས་དེ་ལྟར་ཉེ་བར་རྟོག་པར་བྱེད་ལ། དེ་དེ་ལྟར་ཉེ་བར་རྟོག་པ་ན་འཁོར་བ་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཉིད་དུ་མཐོང་ཞིང་བདག་ནི་འཇིག་ཚོགས་ལ་ལྟ་བ་དེའི་དམིགས་པ་ཡིན་པར་མཐོང་ལ་བདག་ལ་དམིགས་པས་འཇིག་ཚོགས་ལ་ལྟ་བ་སྤོང་ཞིང་། དེ་སྤངས་པས་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ལྡོག་པར་མཐོང་བས་གང་ཞིག་བདག་ཏུ་འཛིན་པའི་ཡུལ་བདག་ཅེས་བྱ་བ་འདི་ཅི་ཞིག་ཅེས་ཆེས་ཐོག་མར་བདག་ཁོ་ན་ལ་ཉེ་བར་རྟོགས་པར་བྱེད་དོ། །ཞེས་གསུངས་སོ། །ཞེས་ཚིག་གསལ་གྱི་ཁུངས་དང་བཅས་རྒྱས་པར་གསུངས་ལ། དེའང་བདག་དང་བདག་གི་བ་ལ་རང་བཞིན་མེད་པར་གཏན་ལ་ཕབ་པ་ཙམ་གྱིས་ཆོས་ཀྱི་བདག་འཛིན་གྱི་ཞེན་ཡུལ་སུན་ཕྱུང་མི་ནུས་པས་དེ་ཁོ་ན་ཉིད་ལ་འཇུག་པའི་ལམ་དུ་མི་རིགས་སྙམ་ན། བཤད་མ་ཐག་པས་ཉོན་མོངས་པ་སླར་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པ་ཙམ་ཉན་རང་ལའང་ཡོད་ཀྱང་བདག་རང་བཞིན་མེད་པར་རྟོགས་པའི་གནད་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཕུང་པོ་ལྔ་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡང་རང་བཞིན་ཡོད་པར་འཛིན་པ་དཔེར་ན་ཤིང་རྟ་ཚིག་ན་འཁོར་ལོ་ལ་སོགས་པ་དེའི་ཡན་ལག་ཐམས་ཅད་ལྷག་མ་མ་ལུས་པ་ཚིག་པ་ལྟ་བུ་སྟེ། ཚིག་གསལ་ལས། ཇི་ལྟར་ཤིང་རྟ་ཚིག་ན་དེའི་ཡན་ལག་དག་ཀྱང་ཚིག་པས་མ་དམིགས་པ་དེ་བཞིན་དུ་རྣལ་འབྱོར་པ་དག་གིས་གང་གི་ཚེ་བདག་མེད་པར་རྟོགས་པ་དེ་ཉིད་ཀྱི་ཚེ་ཕུང་པོའི་དངོས་པོ་བདག་གི་བ་ཡང་བདག་མེད་པར་རྟོགས་པར་འགྱུར་རོ། །ཞེས་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། འདི་ལྟར་བདག་ཅེས་བྱ་བ་གང་ཡིན་པ་དེ་བདག་གི་ཞེས་བྱ་བ་ན་བདག་དེ་ཡང་མེད་དེ་དེ་མེད་ན་དེའི་འདི་ཡིན་ནོ། །ཞེས་


GLG012_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་མོ་གཤམ་གྱི་བུ་མི་སྲིད་ན་བུ་དེའི་མིག་རྣ་ལ་སོགས་པ་མེད་པ་ཤུགས་ལ་ཁེགས་པ་ལྟར་གཞི་གང་ཟག་གི་བདག་མེད་པར་དེའི་ཁྱད་ཆོས་ཕུང་པོ་ལྔ་སོགས་མེད་པར་རྟོགས་ནུས་པས་སོ། །བདག་མེད་ཀྱི་དོན་ཇི་ལྟར་བསྒོམ་ན། ཇི་སྐད་དུ། མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་པ་གཉིས། །བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །ཞེས་མཉམ་གཞག་དང་རྗེས་ཐོབ་གཉིས་སུ་ཡོད་པ་ནི། དཔེ་འགྲེལ་ལས། ནམ་མཁའི་དཀྱིལ་ལྟར་ཞེས་པ་ནི། དཔེར་ན་ནམ་མཁའ་རྣམ་པར་དག་པའི་དཀྱིལ་དེ་ངོས་གཟུང་ཐམས་ཅད་དང་བྲལ་བ་ལྟར་ཕུང་པོ་ཁམས་སྐྱེ་མཆེད་དང་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་ལ་ཐོས་བསམ་གྱིས་གཏན་ལ་ཕབ་ཅིང་གཞིགས་པས་དངོས་པོ་ཅི་ཡང་མ་རྙེད་དེ། ཤེས་བྱ་ཤེས་བྱེད་གཉིས་ཀ་རང་བཞིན་མེད་པ་ནམ་མཁའི་དཀྱིལ་ལྟར་སོང་བ་དེའི་ངང་ལ་མཉམ་པར་བཞག་སྟེ་གོམས་པར་བྱའོ། །ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་སྟེ། ནམ་མཁའ་ལ་ནི་གཟུགས་མ་མཆིས། ཚོར་བ་མ་མཆིས། ཞེས་པ་ནས། སངས་རྒྱས་ཀྱི་བར་དུ་མ་མཆིས་སོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །དེ་ཡང་ཡོད་པར་བཀག་པའི་མེད་པ་ཞིག་ལོགས་སུ་བསྒོམ་པ་ནི་མ་ཡིན་ཏེ། འཕགས་པས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་


GLG012_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་སྣང་བའམ་རྣམ་རྟོག་ངན་པ་ཞིག་ཕར་ལོགས་སུ་བསལ་དུ་མེད། ཡེ་ཤེས་བཟང་པོ་ཞིག་ཚུར་ལོགས་སུ་གཞག་ཏུ་མེད་དེ། ཆོས་རྣམས་ཀྱི་གནས་ལུགས་ཡེ་ནས་ཡོད་མེད་བདེན་རྫུན་རྟག་ཆད་ཀྱི་མཐའ་ལས་འདས་པའི་དོན་ལ། ལྟ་རུ་མེད་པའི་ཚུལ་གྱིས་ལྟ། བསྒོམ་དུ་མེད་པའི་ཚུལ་གྱིས་བསྒོམ་པ་ནི། ཡང་དག་ཉིད་ལ་ཡང་དག་ལྟ། །ཞེས་བྱ། དེ་ཉིད་མངོན་དུ་གྱུར་ཙ་ན་ང་བདག་ཉོན་མོངས་པའི་གཟུང་འཛིན་ཐམས་ཅད་རང་གྲོལ་དུ་འགྲོ་བས་ན། ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་སོ། །སྒྱུ་མ་མཁན་ཞེས་པ་ནི། དཔེར་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་སྐྱེས་པ་བུད་མེད་རྟ་དང་གླང་པོ་ལ་སོགས་པ་སྤྲུལ་པའི་ཚེ་སྒྱུ་མ་མཁན་པོ་ལ་སྣང་བ་ཡོད་ཀྱང་ཞེན་པ་མེད་དེ། བྱེད་མཁན་ཁོ་རང་ཡིན་པ་ལྟར། དཔེ་དེ་བཞིན་དུ་འོ་སྐོལ་གྱི་མཉམ་གཞག་ལ་ཆོས་ཐམས་ཅད་སྟོང་པ་བདག་མེད་ནམ་མཁའི་དཀྱིལ་ལྟར་བསྒོམས་པའི་རྗེས་ཐོབ་ལ། རང་སེམས་འཁྲུལ་པའི་རྣམ་རྟོག་གིས་བྱས་པས་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ལ་ཞེན་འཛིན་མེད་པ་སྒྱུ་མ་མཁན་པོ་ལྟ་བུར་ཤེས་པར་དཔྱད་པར་བྱ་སྟེ། སྲིད་གསུམ་སྐྲ་ཤད་འཛིངས་པ་འདྲ། །སྨིག་རྒྱུའི་ཆུ་ལྟར་ནོར་བ་སྟེ། །རྨི་ལམ་སྒྱུ་མ་ལྟ་བུ་རུ། །བསྒོམས་ན་རྣམ་པར་གྲོལ་བར་འགྱུར། །ཞེས་དང་། རྨི་ལམ་ལྟ་བུའི་ཆོས་རྣམས་ལ། །རྨི་ལམ་ལྟ་བུར་བསྒོམས་བྱས་ན། །རྨི་ལམ་ལྟ་བུར་འཚང་ཡང་རྒྱ། །སྒྱུ་མ་དང་ནམ་མཁའ་ལའང་སྦྱར་རོ། །དེས་ན་མཉམ་གཞག་གི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་ཅིའང་མི་རྟོག་པའི་ཚུལ་གྱིས་བསྒོམ་ཞིང་རྗེས་སུ་སྣང་བའི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་


GLG012_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པར་བྱའོ། །ཞེས་རྒྱ་ཆེར་གསུངས་པས་མཚོན་ནུས་སོ། །དེ་ཡང་། ཟླ་བ་གྲགས་པས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དེ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཞེས་བདེན་པ་གཉིས་ཀྱི་རྣམ་པར་འཇོག་ཚུལ་འཁྲུལ་མེད་དུ་མ་ཤེས་ན་ཐར་པ་ཐོབ་པའི་སྐབས་ནམ་ཡང་མེད་ལ། ཚུལ་དེ་འཁྲུལ་མེད་དུ་ཤེས་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པ་མཐར་ཐུག་པ་ཐལ་འགྱུར་བའི་ལུགས་ལས་ཕྱི་རོལ་ཏུ་མ་གྱུར་པ་ཞིག་དགོས་པས་ཕྱོགས་འདི་ལ་བློའི་མཐུ་ཅི་ནུས་ཀྱིས་འབད་པར་རིགས་པ་ཡིན་ནོ། །དེའང་རི་བོང་ཅལ་སྒྲོག་དང་ལུག་ཆུར་འབབ་ཀྱི་རྨོངས་པ་རྣམས་ལ་ཆེས་ཆེར་གྲགས་པའི་ཕྱག་རྒྱ་པའི་ལུགས་ལ་ནམ་ཡང་འགྲམ་ཆུ་ལྡང་བར་རིགས་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་དངོས་དེ། འཇམ་དབྱངས་ས་སྐྱ་པཎྜི་ཏས། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །འདི་ཡི་རྟོགས་པ་གསང་སྔགས་ཀྱི། །ཐབས་ལ་མཁས་ན་ཚེ་འདིར་འགྲུབ། །དེ་ལས་གཞན་དུ་ཕྱག་རྒྱ་ཆེ། །རྟོགས་པ་སངས་རྒྱས་ཀྱིས་མ་གསུངས། །དེས་ན་ཕྱག་རྒྱ་ཆེན་པོ་ལ། །མོས་ན་གསང་སྔགས་གཞུང་བཞིན་བསྒྲུབ། །ཅེས་གསུངས་པ་ལྟར། སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི་དབང་དང་རིམ་པ་གཉིས་ལས་བྱུང་བའི་མ་བཅོས་པའི་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་ཞེས་བྱ་བ། སམྦུ་ཊི་ལས། དེ་ཕྱིར་ཡེ་ཤེས་བསྐྱེད་པཡི། །ཕྱག་རྒྱ་བཞི་ནི་སྦྱར་བར་བྱའོ། །ཞེས་ཕྱི་རོལ་གྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ནི་ལས་ཀྱི་ཕྱག་རྒྱ། དེ་ལ་བརྟེན་ནས་ཨ་ཝ་དྷཱུ་ཏཱི་སྟོང་པ་


GLG012_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་རོ་གཅིག་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་དམ་ཚིག་གི་ཕྱག་རྒྱ། དེའི་རང་བཞིན་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་ཕྱག་རྒྱ། དེ་དག་གི་འབྲས་བུ་རང་བྱུང་གི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོ་ཡིན་པར་གསང་སྔགས་ཀྱི་རྒྱུད་ནས་ཇི་སྐད་གསུངས་པ་བཞིན་ཡིན་ལ། དེ་སྒྲུབ་པའི་དུས་མྱུར་བུ་ལ་ཡང་སྔར་བཤད་པའི་ཐབས་ལ་མཁས་ན་ཚེ་འདིར་འགྲུབ་ཅིང་། སྣང་བ་ཅི་ཤར་མ་འགགས་པ་ལ་མ་བཅོས་ཕྱག་རྒྱ་ཆེན་པོ་ཡིན་ཟེར་བ། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ། གནས་ལུགས་ཕྱག་རྒྱ་ཆེན་པོ། རྣམ་རྟོག་ཆོས་སྐུ་ཕྱག་རྒྱ་ཆེན་པོ། ཕྱག་དང་རྒྱ་དང་ཆེན་པོ་གསུམ་ལ་ཡི་གེ་ཐ་དད་པའི་གོ་དོན་བྱེད་པས་མཚོན་ལོག་བཤད་སོགས། དེ་འདྲ་བའི་ཐབས་གཞན་ཡོད་པར་སངས་རྒྱས་ཀྱིས་མ་གསུངས་པས་ཚེ་གཅིག་ལ་སངས་རྒྱས་བསྒྲུབ་པའི་ལམ་ཕྱག་རྒྱ་ཆེན་པོ་ལ་མོས་ན་གསང་སྔགས་ཀྱི་གཞུང་བཞིན་བསྒྲུབ་པར་གསུངས་པས་སོ། །གསང་སྔགས་མ་ཡིན་པའི་ཕྱག་རྒྱ་ཆེན་པོར་མིང་བཏགས་པ་ནི་རྣམ་པར་རྟོག་པ་ཕྱི་རོལ་གྱི་ཡུལ་ལ་མི་འཕྲོ་བར་ནང་དུ་བསྡུས་པའི་རྟོག་པ་ཁ་ཚོམ་གྱི་སེམས་གནས་ལྟེམ་པོ་ཙམ་དང་བསྲེས་པའི་སྟོང་རྐྱང་ཧད་པོ་ཆད་མཐར་ལྷུང་བའི་སྒོམ་དེ་ནི། སྡོམ་གསུམ་ལས། ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ། །ཡས་འབབ་དང་ནི་མས་འཛེག་གཉིས། །རིམ་གྱིས་པ་དང་ཅིག་ཅར་བར། མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་རྣམ་པར་དབྱེ་བ་མེད། །ཆོས་ལུགས་འདི་འདྲ་འཆང་བ་ཡང་། །བྱང་ཆུབ་སེམས་དཔའ་ཞི་བ་འཚོས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །ལུང་བསྟན་ཇི་བཞིན་ཐོག་ཏུ་བབས། །ཞེས་པ་ལྟར་ལྟ་བ་ལ་ཕྱག་རྒྱ་ཆེན་པོར་མིང་བཏགས་པ་ལ་མས་འཛེག་དང་རིམ་གྱིས་པའི་ལུགས། རྒྱ་ནག་མཁན་པོ་ཧྭ་ཤང་གི་རྫོགས་


GLG012_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལ་ཡས་བབས་དང་ཅིག་ཅར་བ་ཞེས་མིང་གི་འདོགས་ལུགས་ཙམ་མ་གཏོགས་དོན་ལ་ཁྱད་པར་ཅི་ཡང་མེད་ཅིང་ཆོས་ལུགས་འདི་འདྲ་འབྱུང་བའི་རྒྱུ་མཚན་མཁན་པོ་བོ་བྷི་ས་ཏྭའི་ཞལ་ཆེམས་ན། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསྟན་མ་བཅུ་གཉིས་དམ་ལ་བཏགས་པའི་མཐུས་བོད་དུ་མུ་སྟེགས་མི་འབྱུང་ཡང་། ཆོས་ལུགས་གཉིས་སུ་གྱེས་པ་ཞིག་འོང་བས་དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་གདན་དྲོངས་ལ་ཆོས་ལོག་དེ་སུན་ཕྱུངས་ཤིག་ཅེས་ལུང་བསྟན་པ་བཞིན་ཀ་མ་ལ་ཤཱི་ལས་ཧྭ་ཤང་བཏུལ་ནས་རང་ཡུལ་དུ་ཕྱིར་ལྡོག་མོད། འོན་ཀྱང་དེ་ཉིད་ལས། ཕྱི་ནས་རྒྱལ་ཁྲིམས་ནུབ་པ་དང་། རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསངས་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། ཕལ་ཆེར་རྒྱ་ནག་གི་ཆོས་ལུགས་ཡིན། །ཞེས་པ་ལྟར་ཡུམ་བརྟན་དང་འོད་སྲུངས་འཁྲུགས་ནས་རྒྱལ་ཁྲིམས་སིལ་བུར་གྱུར་པའི་དུས་རྒྱ་ནག་མཁན་པོའི་ལུགས་ཀྱི་ཡི་གེ་འབའ་ཞིག་ལྐོག་ཏུ་སྦས་པ་དོན་ཏེ་བློན་པོ་ཆོས་དད་ཅན་འགས་ཕྱག་ཆེན་ཞེས་མིང་བསྒྱུར་ནས་བསྟན་པའི་དོན་ཆེན་རྒྱ་ནག་གི་ཆོས་ལུགས་ཁོ་ན་ཡིན་ལ། དིང་སང་གནས་ལུགས་ཕྱག་ཆེན་པོའི་བརྒྱུད་པ་ནཱ་རོ་མཻ་ཏྲི་སོགས་ལ་འདོད་ཀྱང་། རྗེ་བཙུན་མི་ལས། སྒམ་པོ་བར་ངའི་གཏུམ་མོ་ཨ་ཐུང་འདི་སྒོམས་དང་ད་གཟོད་སེམས་ཀྱི་ངོ་བོ་མཐོང་གི །ཞེས་གསུངས་པས་ཀྱང་རྗེ་མི་ལ་ཡན་ཆོད་དུ་སྔགས་ལུགས་ཀྱི་ཕྱག་ཆེན་མཚན་ཉིད་པ་མ་གཏོགས་ཕྱག་ཆེན་བཏགས་པ་བ་དེ་འདྲའི་མིང་ཙམ་ཡང་མེད་པར་རིག་པས་ཀྱང་འགྲུབ། རྗེ་མི་ལའི་མགུར་དྲུག་སོགས་གསུང་ཚད་མར་ལྟ་བ་ཐལ་འགྱུར་བའི་ལུགས་མ་གཏོགས་དིང་སང་གི་རྗེས་


GLG012_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འབྲངས་སུ་རློམས་པ་དག་གི་ཆད་ལྟ་ཧད་པོ་དེ་འདྲ་ཅུང་ཟད་ཙམ་ཡང་མེད་མོད། སྒམ་པོ་ཟླ་འོད་གཞོན་ནུས་རྩ་བ་རྒྱ་ནག་མཁན་པོའི་ཡི་གེ་ལ་བརྟེན་དོ་ཧ་སོགས་གནས་ལུགས་ཀྱི་བསྟན་བཅོས་ཁུངས་མ་རྣམས་བསྲེས་ཤིང་བརྒྱུད་པ་མི་ལ་ཡན་ཆད་ལ་བསྙེགས་པའི་ཕྱག་རྒྱ་ཆེན་པོ་ཞེས་དར་རྒྱས་སུ་མཛད་སྣང་བ། སྡོམ་གསུམ་ལས། བླུན་པོ་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྟུང་། །ཞེས་བླུན་པོས་ལྟ་བ་དེ་སྐྱེ་མེད་ཅང་མེད་དུ་གོ་ནས་ད་ལྟར་གཟུང་བས་ངན་སོང་དུ་འགྲོ་བ། རྩ་ཤེར། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པའི་དོན་དང་རྟོག་པ་ནང་དུ་ཁ་ཚོམ་པའི་ཞི་གནས་འཐུག་པོ་འཕྱི་བ་ཚང་དུ་གཉིད་ལ་ཤོར་བ་ལྟ་བུ་ནི། ཨིནྡྲ་བྷཱུ་ཏིས། རྨོངས་པའི་སྒོམ་པ་གང་ཡིན་པ། །རྨོངས་པ་རྨོངས་པ་ཐོབ་པར་འགྱུར། །ཞེས་པའི་དོན་ཐོག་ཏུ་འབབ་ཤིང་བླུན་པོའི་བསྒོམ་ཚུལ་དེ་ལྟ་བུ་མ་ཡིན་པར་གཟུགས་ཀྱི་སྣང་བ་མཐའ་དག་བཀག་ནས་གཟུགས་ལ་འདོད་ཆགས་དང་བྲལ་བར་བྱས་ཏེ་ནམ་མཁའ་ལ་དམིགས་པ། རྣམ་ཤེས་ལ་དམིགས་པ། གཟུང་བྱ་ཅི་ཡང་མེད་པ་ལ་དམིགས་པ། འདུ་ཤེས་རགས་པ་ཡོད་པ་མ་ཡིན་ཅིང་ཕྲ་བ་མེད་པ་མིན་པ་ལ་དམིགས་པའི་ཞི་གནས་ཏེ་བཞི་དང་། གཟུགས་སྣང་འགགས་པའི་སྟོང་པ་ཟུང་དུ་སྦྲེལ་ནས་བསྒོམས་ན་གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་ཡང་སེམས་སྟོང་པར་ངོ་འཕྲོད་པའི་སྟོང་རྐྱང་དེ་སྔོན་དུ་ངེས་འབྱུང་གི་བསམ་པས་ཀུན་ནས་བླངས་ཤིང་། ཞི་གནས་སྐྱོན་མེད་ཅིག་དང་ཟུང་དུ་འབྲེལ་ནས་བསྒོམས་ན་ཐེག་ཆེན་དུ་མི་འགྲོ་བར་ཉན་ཐོས་ཀྱི་འགོག་པ་སྟེ་མྱང་འདས་སུ་ལྟུང་བར་འགྱུར་བ་སྟེ་རྒྱལ་བ་སྲས་བཅས་དགྱེས་པར་མི་འགྱུར་བའི་ཁུངས་འདི་ལ་ཤེས་ལྡན་


GLG012_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཅི་ཞིག་དགའ་བར་སེམས། ཆད་ལྟ་དང་། སྟོང་ཉིད་ཉི་ཚེ་བ་དང་། སྟོང་རྐྱང་དུ་ངོ་འཕྲོད་པའི་ཉན་ཐོས་ཀྱི་རྟོགས་བྱའི་སྟོང་པ་ཉིད་དེ་གསུམ་དུ་མ་ལྷུངས་པར། འ་ཞྭ་བོས་པས་བླ་གཡུའི་མངོན་ཤེས་ཀྱི་དཔེ་ལྟར་བག་ཆགས་ཀྱི་འཕྲོ་སད་པ་དང་། དབང་པོ་རྣོན་པོ་འདྲ་སྟབས་ལེགས་ཀྱི་སྒོམ་དེ་མཐའ་གཉིས་སུ་མ་ལྷུངས་པར་གནད་དུ་སོང་བ་རེ་གཉིས་བྱུང་ནའང་། སྡོམ་གསུམ་ལས། གལ་ཏེ་དེ་ནི་སྒོམ་ལེགས་ཀྱང་། །དབུ་མའི་སྒོམ་ལས་ལྷག་པ་མེད། །ཅེས་པ་ལྟར་ལྟ་བ་ཇི་ལྟར་མཐོ་ཡང་དབུ་མའི་སྒོམ་ལས་ལྷག་པ་ཞིག་ཡོང་རྒྱུ་མེད་པས་ཐལ་འགྱུར་བའི་ལུགས་ཀྱི་སྤྲོས་བྲལ་ལ་གནས་ལུགས་ཕྱག་རྒྱ་བའི་སྒྲིབ་ཤིང་གཞན་ལས་ཁྱད་ཞུགས་པར་རློམས་པ་ལ་སྙིང་པོ་མ་མཐོང་བས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་སློབ་དཔོན་ཟླ་བ་གྲགས་པས་བཀྲལ་བ་བཞིན། དཔལ་མར་མེ་མཛད་ཀྱི་རིང་ལུགས་རྨ་མེད་པ་འཇམ་དཔལ་དབྱངས་ཀྱི་དྲིན་ལས་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་རྙེད་པའི་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བའི་དབུ་མའི་ལྟ་བ་འདི་ནི་མིང་དོན་གཉིས་ཀ་སྦེད་མི་དགོས་པར་རྒྱལ་མཚན་གྱི་ཏོག་གི་ནོར་བུ་བཞིན་ཀུན་ལ་ངོམས་ཆོག་པའི་ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་འདི་དང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བའི་སྨོན་ལམ་གདབ་བང་མཛོད་ཅིག །ཅེས་ཐལ་མོ་སྦྱར་ནས་བསྐུལ་བར་གསོལ་ལོ། །གསུམ་པ་ཞར་བྱུང་མཐར་འཛིན་གྱི་ལྟ་བས་མི་འགྲོལ་བར་བསྟན་པ་ནི། ཤེས་བྱ་ཆོས་ཅན། བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཡང་དག་པའི་ལྟ་བ་ལ་ངེས་པ་འདྲེན་ཚུལ། གཞན་ཡང་བཤད་པ་ལ་བརྟེན་ནས་རྟག་མཐའ་དང་ཆད་པའི་མཐར་འཛིན་པར་བྱེད་པ་ལོག་པའི་ལྟ་བ་ངན་པ་དེས་སྔར་བཤད་པའི་དབུ་མའི་ལྟ་བ་རྣམ་པར་དག་པ་དེའི་དོན་འཕྲོག་ནུས་པར་མི་འགྱུར་རོ་སྟེ་ཕྱིན་ཅི་ལོག་ཏུ་འཁྲིད་པར་མི་བྱེད་པའི་རྒྱུ་མཚན་


GLG012_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་བཞིན་མེད་པའི་དོན་སྟོང་པ་ཉིད་ཀྱི་ངང་ནས་ཐ་སྙད་དུ་རྒྱུ་ས་བོན་དངར་བ་བཏབ་པ་དང་དེའི་འབྲས་བུ་རོ་དངར་བས་མཚོན་འཕྱུག་པ་མེད་པར་འབྱུང་བ་སོགས་ཀུན་རྫོབ་ཐམས་ཅད་བསྙོན་མེད་འཆར་བའི་ཚུལ་ཤེས་པ་ན་ཡིད་ཆེས་ཀྱི་ངེས་པ་རྙེད་པ་དེ་ཡིན་པའི་ཕྱིར། སྣང་སྟོང་གཉིས་ཀྱི་ངེས་པ་འདྲེན་ཚུལ་ཡོད་དེ། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་བསལ་བ་ལ། རང་བཞིན་ཞེས་པའི་དགག་བྱ་སྦྱར་བའི་ནུས་པས་མྱུ་གུ་གཏན་མེད་མ་ཡིན་པར་རྟོགས་ནུས་ལ། དེས་སྣང་བ་རྟེན་འབྲེལ་མི་བསླུ་བའི་རྒྱུ་མཚན་གྱིས་རང་བཞིན་གྱི་ཡོད་པའི་རྟག་མཐའ་སེལ་བ་སྟེ་འགོག་པ་དང་། རྟགས་ལ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་ནུས་པས་མྱུ་གུ་རྒྱུ་རྐྱེན་ལ་བལྟོས་ནས་གྲུབ་པར་བསྟན་པའི་ཤུགས་ལ་མྱུ་གུ་རང་བཞིན་གྱིས་མེད་པར་རྟོགས་ནུས་པས་མཚོན་ཏེ་སྟོང་པས་ཐ་སྙད་དུ་མེད་མཐའ་སེལ་ཞིང་འགོག་ནུས་པ་དེའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་ཚུལ་འདི་གལ་ཆེ་ཞིང་རྟོགས་དཀའ་བར་དགོངས་ནས། མདུན་ལེགས་མ་ལས། མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང་། །ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ན། །གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི། །ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར། །མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །ཟབ་མོ་འབྱེད་པའི་ཕྲ་བའི་རིག་ལམ་ནས། །ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། །ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་གསུངས་སོ། །རྩ་བའི་ས་བཅད་གསུམ་པ་མཇུག་ལ་ཉམས་སུ་བླང་


GLG012_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྐུལ་བ་དང་སྦྱར་བྱང་གཉིས་ཀྱི། དང་པོ་ནི། ཤེས་བྱ་ཆོས་ཅན། རྗེ་བདག་ཉིད་ཆེན་པོས་ཚ་ཁོ་དབོན་པོ་ལ་ཤིན་ཏུ་ཉེ་བའི་ཚིག་གིས་བུ་ཞེས་བོས་ནས་ཁྱོད་ཀྱིས་ཚེ་འདིར་ཆོས་བརྒྱད་ཀྱིས་དབེན་པ་རྒྱང་གྲགས་ལས་རིང་དུ་གྱུར་པའི་དགོན་གནས་བསྟེན་ཏེ་གནས་སྐབས་ཀྱི་བདེ་བའི་རོ་ལ་མ་སྲེད་པར་མི་རྟག་པའི་ལྕག་གིས་བསྐུལ་བའི་བརྩོན་འགྲུས་ཀྱི་སྟོབས་ཆེས་ཆེར་བསྐྱེད་ནས་རང་གཞན་ཐམས་ཅད་ཀྱི་དོན་བདེ་བླག་ཏུ་འགྲུབ་པའི་གཏན་གྱི་མདུན་མ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་སྒྲུབས་ཤིག་ཅེས་བསྐུལ་བ་ཡིན་ཏེ། ཚུལ་ཇི་ལྟར་བསྐུལ་ན་བཤད་མ་ཐག་པ་དེ་ལྟར། ངེས་འབྱུང་བྱང་སེམས་སྟོང་པ་ཉིད་དེ་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཉམས་སུ་ལེན་ཚུལ་གྱི་ཟབ་མོའི་གནད་རྣམས་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་རང་གིས་ཇི་ལྟ་བ་བཞིན་དུ་འཁྲུལ་པ་མེད་པར་རྟོགས་པ་དེའི་ཚེ་ཡིད་ལ་བསྒོམ་པར་གྱིས་ཤིག་ཅེས་གདམས་པ་ཡིན་པའི་ཕྱིར། གཉིས་པ་སྦྱར་བྱང་ནི། ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། །ཞེས་པ་ནི་གོ་སླའོ། །སྨྲས་པ། བསྟན་མ་ལུས་ཕྱེད་གསེར་ལྡན་ལས་འཐོན་ཏེ། །ལྷ་གཅིག་ཚོགས་བསགས་བདེན་དབང་ཐལ་སྦྱར་ཚེ། །དུས་གསུམ་རྒྱལ་རྣམས་བསྔགས་ཚིག་མེ་ཏོག་ཆར། །མཁའ་གོས་བཞིན་ཕབ་ཡུལ་གྱུར་ཤཱཀྱའི་ཏོག །ཨེ་མ་རླབས་ཆེན་སྤྱོད་གྲུས་སྲིད་ཞིའི་མཚོ། །ཡོངས་བརྒལ་ཀུན་མཁྱེན་ནོར་བུའི་གླིང་བགྲོད་ནས། །ཐེག་གསུམ་ལུང་རྟོགས་འདོད་དགུ་རིས་མེད་འགྲོར། །སྩལ་དྲིན་གཞལ་ལ་ཚངས་པས་གདོང་བཞི་སྤྲུལ། །ཡིད་ཅན་དབང་པོར་འཚམ་པའི་ཆོས་ཕུང་ཚད། །


GLG012_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་དཀའི་གཙོ་བོ་རྣམ་གསུམ་ལམ་གྱི་གནད། །སྟོན་མཛད་ཤེས་བྱ་ཀུན་མཁྱེན་བཙོང་ཁ་པའི། །ལེགས་བཤད་གསུང་རབ་ཡོངས་ཀྱི་ཡང་སྙིང་བཅུད། །མུན་བསྐལ་རུམ་དུ་ཐུབ་བསྟན་སྐད་ཅིག་གློག །དེ་བས་དལ་འབྱོར་རྟེན་བཟང་རྙེད་པ་དཀོན། །ཐོབ་ཀྱང་རྒྱལ་བ་གཉིས་པའི་དམ་ཆོས་དང་། །ཕྲད་དཀའ་དེ་ཕྱིར་སྙིང་ལ་རུས་པ་ཆུག །སེར་ཚོས་ཞྭས་མཛེས་ངུར་ཁྱུ་དོན་མེད་སྐད། །འབྱིན་མོད་གྲགས་བསྐམ་སྒོ་ངའི་སྦུབས་ཀྱི་རྒྱ། །མ་གྲོལ་མདོ་རྒྱུད་ཀ་ལ་པིངྐའི་སྒྲ། །སྒྲོག་དེ་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ཙམ། །མགོན་ཁྱོད་འཆད་མཁས་མ་ལ་ཡར་སྐྱེས་དྲི། །མངར་པོར་འཐུལ་ཚེ་བདག་བློ་འཕགས་པའི་ཤིང་། །རིག་ལམ་སྨྲ་བའི་ཙནྡན་ལྗོན་པའི་གྲངས། །འདྲེན་འདི་སྔོན་བསགས་ལེགས་བྱས་མཐུ་ལ་རངས། །གསང་འཇིགས་བདེ་དུས་རྗེས་གནང་གསར་བྱུང་དིང་། ཁམས་སོག་གྲལ་ཤོག་ཡོན་ཏན་མ་བསླབས་ཀྱང་། །ཐུབ་བསྟན་སྙིང་པོའི་བཀའ་མདུད་རྣམ་དཔྱོད་ཀྱི། །སོར་མོས་འགྲོལ་བའི་རེས་སུ་སོན་པས་སྤྲོ། །ཙེར་ཙེར་མགྲིན་བདེའི་གླུ་ལེན་ལུས་གནད་བསྲང་། །གཟེངས་མཐོའི་ལྟ་སྟངས་སྒོམ་ཞྭ་དྲ་ཕད་སྣོད། །པུས་འཁྱུད་མ་འབྱོར་ནོངས་ཀྱང་ཤེས་ལྡན་ཁྲོད། །རྔུལ་ཆུའི་མུ་ཏིག་འགྲམ་པར་མི་འཆད་ཙམ། །ཕྱག་རིང་ཟང་ཟིང་ལ་རྐྱོང་སྨྲ་བའི་ལྗགས། །ཐུང་རྣམས་མཐོན་པོའི་ཁྲི་ལ་ཞིམ་པོའི་རྫས། །ངོམས་ཤིང་ཞལ་སྒོ་བེར་ཟླམ་གྱིས་གྲིལ་ཏེ། །གཞན་འཕྲུལ་མཛེས་པའི་ཏིང་འཛིན་ལ་གཞོལ་མཛོད། །མཐའ་མེད་གསུང་རབ་མེས་པོའི་རལ་ཀླུང་ནས། །ཉེར་ཕབ་ལེགས་བཤད་གངྒཱས་ལོག་རྟོག་གི །ཁྱབ་འཇུག་རྐང་པའི་དྲི་མ་བཀྲུས་པའི་ཚེ། །སྐལ་ལྡན་ཤིང་རྟའི་བསྙེམས་པ་ངང་གིས་གཏོད། །སྒྲིབ་གཉིས་འབོད་སྒྲོག་མགྲིན་པ་དགེ་བའི་


GLG012_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མདས། གཅོད་པའི་དགའ་བྱེད་ལྷ་བདག་བྱང་ཆེན་པར། །བཤེས་གཉེན་སཱི་ཏཱར་རྩེ་བའི་ཐོས་བསམ་དོན། །ལེགས་བསྒོམ་བདེ་བའི་རོ་བདས་མྱོས་པར་ཤོག །ཅེས་རྒྱལ་བ་གཉིས་པ་བཙོང་ཁ་པ་ཆེན་པོས་ཚ་ཁོ་དབོན་པོ་ལ་གདམས་པ་ལམ་གྱི་གཙོ་བོ་རྣམ་གསུམ་འདི་ལ་མཚན་གྱིས་ཉུང་ངུར་བཀྲོལ་བ་ཞིག་གིས་ཞེས་འཕྱོང་རྒྱས་ཞལ་དཔོན་སྦྱིན་དཔལ་གྱིས་བསྐུལ་བ་ལ་བརྟེན་ནས་རང་ལོ་ཉེར་གཉིས་པའི་དུས་བཀོད་པ་ཞིག་ཡོད་ནའང་ཉེ་ཆར་དགོངས་འགྲེལ་ལུང་རིག་གཏེར་མཛོད་འདི་ནི་མདོ་ཁམས་སྟོད་སྨད་ནས་དོན་གཉེར་ཅན་དུ་མས་བསྐུལ་བ་དང་དགེ་སློང་འཇམ་དབྱངས་གྲགས་པས་མཚམས་སྦྱར་བའི་རྐྱེན་གྱིས་ཟ་ཧོར་གྱི་རིགས་ལས་འཇམ་དབྱངས་དགའ་བའི་བཤེས་གཉེན་ནམ་གདོང་དྲུག་བསྙེམས་པའི་ལང་ཚོར་འབོད་པས་ཀུན་དགའ་ཞེས་པ་ཤིང་སྟག་གླུ་དབྱངས་ཀྱི་ཟླ་བའི་དཀར་ཕྱོགས་དགའ་བ་གཉིས་པའི་ཚེས་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་ཀཱ་ལེ་ཥུལཀྵྨཱི་སཱ་གརེ་ཎ་པཱུརྞཾ་བྷ་ཝནྟུ།། །།མངྒ་ལཾ།། །།


GLG012_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousལམ་གྱི་གཙོ་བོ་རྣམ་གསུམ་གྱི་དགོངས་འགྲེལ་ལུང་རིགས་གཏེར་མཛོད།next