Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  expand section
   
   
   
   
དགེ་བ་རྫོགས་བྱང་དུ་བསྔོ་བའི་གཏམ་མཆོག་དམན་གྱི་བློ་སྣ་ཚོགས་དང་མཐུན་པར་བཀོད་པ་རྒྱ་མཚོར་འཇུག་པའི་ཆུ་ཀླུང་།
   
   
   


 
previousདགེ་བ་རྫོགས་བྱང་དུ་བསྔོ་བའི་གཏམ་མཆོག་དམན་གྱི་བློ་སྣ་ཚོགས་དང་མཐུན་པར་བཀོད་པ་རྒྱ་མཚོར་འཇུག་པའི་ཆུ་ཀླུང་།next

དགེ་བ་རྫོགས་བྱང་དུ་བསྔོ་བའི་གཏམ་མཆོག་དམན་གྱི་བློ་སྣ་ཚོགས་དང་མཐུན་པར་བཀོད་པ་རྒྱ་མཚོར་འཇུག་པའི་ཆུ་ཀླུང་།


GLG012_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་རྫོགས་བྱང་དུ་བསྔོ་བའི་གཏམ་མཆོག་དམན་གྱི་བློ་སྣ་ཚོགས་དང་མཐུན་པར་བཀོད་པ་རྒྱ་མཚོར་འཇུག་པའི་ཆུ་ཀླུང་ཞེས་བྱ་བ་བཞུགས་སོ། །


GLG012_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་ལེགས་བྱས་ལུས་ཕྲའི་བཞིན་ངོས་ཡེ་ཤེས་འདྲེན་བྱེད་རིང་པོའི་དཀྱུས། འཁྱོག་པོར་ལྟ་བའི་རྨད་བྱུང་རྣམ་དཔྱོད་སྒྱུ་འཕྲུལ་དྲ་བའི་གར་མཁན་མ། །མི་གནས་མྱང་འདས་སྒྱུ་རྩལ་སྤྱོད་ཀུན་ཐོགས་པ་མེད་པར་རང་དབང་དུ། །གྲུབ་པའི་མགོན་པོ་ཟས་གཙང་སྲས་ཀྱིས་སྐལ་བཟང་འགྲོ་ལ་ཕན་བདེ་སྩོལ། །མཐའ་བྲལ་ཤེས་བྱའི་གནས་ལུགས་མ་ལུས་ལུས་པ་མེད་པར་ཀུན་གཟིགས་ཀྱང་། །ཐེག་ཆེན་སློབ་པ་འཕགས་པའི་ཚུལ་འཛིན་འཛིན་མའི་སྤོ་ལ་ཐུབ་པའི་བསྟན། །སྤེལ་མཁས་རྒྱལ་ཚབ་ཟུང་གི་གྲགས་སྙན་སྙན་པའི་ཚིག་གིས་རབ་བརྗོད་པ། །དོན་དང་ལྡན་པར་ཤེས་ལྡན་རྣམས་རིག་རིག་ལམ་སྨྲ་བའི་སྡེ་འདིར་སྒྲོག །རྣམ་དཔྱོད་མཆོག་གིས་ཐུབ་པའི་བསྟན་པ་ཀུན། །ཀུན་ནས་གྱེན་དུ་འདེགས་ལ་ཟླ་བྲལ་རྗེ། །རྗེ་བཙུན་ཤིང་རྟ་ཆེན་པོའི་རྣམ་པར་ཐར། །ཐར་འདོད་སུ་དག་དང་བས་ཅིས་མི་དད། །དད་པའི་ནོར་སོགས་བདུན་གྱིས་ལེགས་པར་གང་། །གང་ཡང་འགྲོ་རྣམས་ལེགས་པའི་ལམ་ལ་སྦྱོར། །སྦྱོར་བྱུང་བརྩོན་པས་བོད་ཡུལ་དཀར་པོར་མཛད། །མཛད་བཟང་སྟོན་མཁས་ཆོས་རྒྱལ་མེས་དབོན་རྒྱལ། །


GLG012_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བསྟན་ནོར་འཛིན་བུ་མོའི་མངལ་གྱི་ཁུར། ཁུར་གྱིས་འདེགས་བྱེད་པད་དཀར་མིག་གཉིས་པ། །པ་སངས་ལྟ་བུར་དཀར་བས་གསེར་ལྡན་ཁྱོན། ཁྱོན་ཀུན་ཡོངས་ཁྱབ་རྔོག་སྟོན་ལོ་ཙཱར་འདུད། །བློ་ཆེན་རྣམ་འདྲེན་འདྲེན་པ་ཡོངས་ཀྱི་གཙུག །མངོན་པར་འཛེག་མཁས་མཁས་བཙུན་བཟང་པོའི་གར། །རབ་སྒྱུར་སྙན་གྲགས་གྲགས་པས་ལེགས་གང་བ། །འཇམ་མགོན་བླ་མ་མ་ལུས་འགྲོ་བའི་འགོན། །མཁས་མཁས་རྣ་བར་འཇེབས་པའི་བཤད་པ་དང་། །བླུན་བླུན་ལོག་རྟོག་སེལ་བའི་རྩོད་པའི་སྒྲ། །འགྲིག་འགྲིག་ཚིག་གི་སྦྱོར་བའི་རྣམ་དཔྱོད་ལ། །ཡང་ཡང་བསམས་ཀྱིན་ལག་པའི་པདྨ་ཟུམ། །མང་ཐོས་ཙན་དན་ལྗོན་པའི་ནགས་ཀླུང་ནས། །ལེགས་བཤད་དྲི་བསུང་མངར་བའི་མཁས་གྲུབ་ཀྱི། །མཛད་པའི་ཚུལ་ལ་ཆ་ཙམ་བསྔགས་པའི་དབྱངས། མགྲིན་པར་ལེན་ནོ་ཤེས་ལྡན་རྣ་བ་ཉོན། །ཞེས་ཚིགས་སུ་བཅད་པས་སྔུན་བསུས་ཏེ། །ཀུན་མཁྱེན་དམ་པའི་ལམ་དུ་བགྲོད་པའི་རྒྱས་འགྱུར་གྱི་ཁམས་འཛམ་བུ་ཆུ་བོའི་གསེར་གྱི་ཕུང་པོ་ཚོགས་གཉིས་སོར་མོའི་འདུ་བྱེད་ཀྱིས་ལན་བརྒྱར་བསྐྲུན་པ་ལས་སྣ་


GLG012_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཟུགས་སྐུའི་བཀོད་པ་རྒྱ་མཚོའི་འཕྲེང་བ་ཚར་དུ་དངར་ཞིང་། གཞན་ཕན་འཕྲིན་ལས་ཀྱི་འོད་གཟི་ཕྱོགས་བཅུར་རྒྱས་པའི་བདེ་ལེགས་ཀུན་གྱི་འབྱུང་གནས་བཤེས་གཉེན་དམ་པ་རྒྱལ་བ་རྣམས་ཀྱི་གསང་བ་གསུམ་གྱི་བདག་ཉིད་ཅན། འགྲོ་བ་ཀུན་གྱི་ངལ་སོའི་སྟེགས་གཅིག་པུ་པར་བཞུགས་པ་ལགས། དེ་ལྟར་མཆོག་གསུམ་དམ་པའི་སྐུ་གསུང་ཐུགས་ཀྱི་རྟེན་དུ་འོས་པའི་ཀུན་རྫོབ་བརྡར་བཏགས་པའི་རྟེན་གྲངས་མེད་པས་གངས་རིའི་ལྗོངས་ཀུན་ཁྱབ་པ་ལས་ཁྱད་པར་དུ་གྱུར་པ། བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་ལྡན་གསང་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་འདིར། མཁས་གྲུབ་དམ་པའི་བྱིན་རླབས་ཀྱི་གཟི་བྱིན་འོད་དུ་འབར་བས་རྒྱལ་བ་ཉི་མའི་གཉེན་གྱི་སྐུ་གཟུགས་སོགས་བསྟར་བ་ནི། དགྲ་བཅོམ་པ་ས་ག་ལྷས། དགའ་སྟོན་དུས་ཆེས་སྐུ་གཟུགས་ནི། རྒན་པའི་གོང་དུ་རྟག་ཏུ་གཞག །ཅེས་པ་ལྟར་བཀོད་པ་ཁྱད་པར་དུ་འཕགས་ཤིང་བཞུགས་པ་ལགས། སྐད་གཉིས་སྨྲ་བ་ལོ་ཆེན་དམ་པའི་འཇིགས་པ་མེད་པའི་སེང་གེའི་ཁྲིར། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བའི་སྐྱེས་བུའི་ཁྱུ་མཆོག །ཤེས་བྱ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་ཅན་མཁན་ཆེན་གདན་ས་པས་དབུ་མཛད། པདྨ་དཀར་པོའི་དྲི་བསུང་ལ་བུང་བའི་ཚོགས་རྣམས་ངང་གིས་འདུ་བ་ལྟར། མཁན་ཆེན་གདན་ས་པའི་སྙན་གྲགས་ཀྱིས་རིང་ནས་བསུས་པའི་མཁས་པ་འཆད་ན་ཕྲ་ཞིབ་ཀྱི་བློ་ལྡན། རྩོད་ན་ལུང་རིགས་ཀྱི་ངར་ལྡན། རྩོམ་ན་སྙན་ཚིག་གི་ཉམས་དང་ལྡན་པའི་དྲུང་ཆེན་སོགས་སློབ་


GLG012_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རྒྱུ་སྐར་གྱི་འཕྲེང་བ་ལྟ་བུས་གྲལ་གྱི་མགོ་བཟུང་། ཚུལ་ཁྲིམས་ཆུ་གཏེར་ཆེན་པོའི་དབུས་ནས་ལེགས་པར་འོངས་བའི་མཁས་བཙུན་མང་དུ་ཐོས་པའི་བཅུ་དྲུག་གི་ཆ་ཤས་ཡོངས་སུ་གང་ཞིང་། བསམ་སྒོམ་རི་དྭགས་ཀྱི་མཚན་མས་མངོན་པར་མཛེས་པའི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་རྣམས་ཀྱིས་གྲལ་གྱི་གཞི་བཟུང་། ལུགས་གཉིས་ཀྱི་བྱེད་པོས་བསྟན་དང་འགྲོ་བའི་བདེ་ལེགས་སྤེལ་བའི་དྲུང་དུ་ཉེ་བར་གནས་པ་རྣམས་ཀྱིས་ཟུར་བརྒྱན། སྙན་པའི་གདངས་ཀྱིས་རྒྱལ་དང་རྒྱལ་བའི་སྲས་རྣམས་བསྟོད་ཅིང་བསོད་ནམས་སྤེལ་བའི་དབུ་མཛད་རྣམས་ཀྱིས་གྲལ་གྱི་སྟོད་མཛེས། རྩིང་པོའི་སྤྱོད་པ་མཐའ་དག་གཉའ་བ་ནས་གནོན་པའི་ཆོས་ཀྱི་ཁྲིམས་སུ་བཅའ་བའི་གཞུང་ལས་པ་རྣམས་ཀྱིས་གྲལ་གྱི་མཐའ་བསྟེན། དེ་ལྟར་མཁན་ཆེན་རི་དབང་ལྷུན་པོ་ལྟ་བུར་མངོན་པར་མཐོ་བ་ལ། ཆོས་འཆད་སློབ་དཔོན་གསེར་གྱི་རི་བདུན་ལྟ་བུས་མཛེས་པར་བསྐོར་ཞིང་། འདུས་ཚོགས་གྲངས་མེད་པའི་ས་འཛིན་ལྟ་བུས་ཡོངས་སུ་ཁྱབ་པའི་ངོ་མཚར་གྱི་དབུས་འདིར་གླེང་པར་འོས་པ་ནི་མཁས་མཆོག་དཔའ་བོས། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་བྱེད། །ཅེས་པ་ལྟར། ལེགས་བཤད་ཀྱི་སྐྱེས་འོས་པ་ཡིན་པས། སྲིད་པ་ཡུལ་གྱི་ཆགས་ལུགས། འཕགས་ཡུལ་དུ་བསྟན་པ་དར་ཚུལ། བོད་འདིར་བྱུང་ཚུལ་གསུམ་ལས། དང་པོ་ནི། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་རླུང་ཆུ་སའི་དཀྱིལ་འཁོར་རྣམས་རིམ་གྱིས་ཆགས་པ་སོགས་


GLG012_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཀྱི་འཇིག་རྟེན་ང་བཅུད་ཀྱི་སེམས་ཅན་བྱུང་ཚུལ་མངོན་པ་གོང་འོག་ནས་བཤད་པ་རྣམས་འདིར་བཞུགས་ཀུན་གྱི་ཐུགས་ལ་གསལ་བས་ཞུ་མི་འཚལ། དཔལ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་གཞན་ནས་འབྱུང་བ་རྣམས་གླེང་བར་སྐབས་དེ་ལགས། གཉིས་པ་འཕགས་ཡུལ་དུ་དར་ཚུལ་ནི། གྲགས་ཅན་གྱི་བསྐལ་པ་འདི་ལ་སངས་རྒྱས་སྟོང་བྱོན་ཞིང་། དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ། ཆུ་སྲིན་གྲོང་ཁྱེར་རིང་ནས་མ་བསྲུབས་ཤིང་། །འཆི་མེད་དབང་པོའི་མདུན་སར་མ་འོངས་པའི། །ཕུལ་བྱུང་སྲིད་འདིར་སྔོན་མེད་བདུད་རྩིའི་མཆོག །འགྲོ་བའི་གཉེན་གཅིག་ཟས་གཙང་སྲས་པོ་རྒྱལ། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། རྒྱལ་བ་ཟས་གཙང་གི་སྲས་པོས་ཐེག་པ་ཆེན་པོ་ལྟར་ན་འོག་མིན་དུ་བྱང་ཆུབ་མངོན་དུ་མཛད་ནས་འཛམ་བུའི་གླིང་འདིར་འཚང་རྒྱ་བའི་ཚུལ་བསྟན་ཅིང་། འོག་མ་ལྟར་ན་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་བརྙེས་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བས་བཀའ་དྲིན་ཆེ། རྒྱལ་བ་དེ་ཉིད་ཞི་བའི་དབྱིངས་སུ་མནལ་བའི་རྗེས་སུ་ལུང་རྟོགས་བསྟན་པའི་ཉི་མའི་དཀྱིལ་འཁོར་མཆོག །དཔྱད་གསུམ་དག་པས་ཡོངས་སུ་ལེགས་བརྡར་བས། །བྱེད་པོ་སྣ་ཚོགས་ལས་བཟང་གཉིས་པ་ཞེས། །འཕགས་ཡུལ་པཎ་གྲུབ་ཚོགས་རྣམས་ཕྱག་གི་ཡུལ། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། ཟབ་མོ་ལྟ་བ་སྟོན་པའི་ཀླུ་སྒྲུབ་ཡབ་སྲས། རྒྱ་ཆེན་སྤྱོད་པ་འཆད་ལ་ཐོགས་མེད་སྐུ་མཆེད། དངོས་སྟོབས་རིགས་པ་སྨྲ་ལ་ཕྱོགས་གླང་ཆོས་གྲགས། བླང་དང་དོར་བྱ་འབྱེད་ལ་ཡོན་ཤཱཀ་རྣམ་གཉིས། གསུང་རབ་རྒྱ་མཚོའི་མཐར་སོན་ཙནྡྲ་གོ་མི།


GLG012_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་མགྲིན་པར་ཆགས་པ་དཔལ་ལྡན་དཔའ་བོ། ཤེས་བྱ་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་སོགས། འཕགས་ཡུལ་ཤེལ་གྱི་ཁང་པའི་རྩིག་ངོས་ལ་ཐུབ་བསྟན་གཟུགས་བརྙན་གྲངས་མེད་འཆར་བར་བྱེད་པའི་མཁས་མཆོག་འཆི་བ་མེད་པའི་བདག་པོ་རྣམས་བཀའ་དྲིན་ཆེ། གསུམ་པ་བོད་ཀྱི་བྱུང་ཚུལ་ལ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། རྒྱལ་པོ་རུ་པ་ཏི་དཔུང་བཅས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་པའི་རིགས་སམ། ཡང་ན་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མའི་རྒྱུད་གདོང་དམར་ཤ་གཟན་གྱི་རིགས། རུས་ཆེན་བཞི་ལས་གྱེས་པའི་ཁམས། ཡེ་སངས་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག །ཡེ་མོན་ནག་པོ་ཁྲོ་ཆུའི་ཕ་བོང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་ཇུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིར་དབྱེ་བ་ལས་བོད་དུ་མིའི་འགྲོ་བ་རྒྱ་ཆེར་འཕེལ་ཞིང་། རྗེ་རྒྱལ་པོ་གཉའ་ཁྲི་བཙན་པོས། སྨན་ལྗོངས་སྐྱིད་པའི་ཡུལ་གྲུ་ཡར་ཀླུང་གི་སའི་ཆར་ཕྱག་ཕེབས་ཏེ་བོད་སྤྱི་ལ་དབང་བསྒྱུར་བ་ནས་བཟུང་རྒྱལ་རབས་ཉི་ཤུ་རྩ་བདུན་པ། ཀུན་ཏུ་འགྲོ་ལ་རྗེས་ཆགས་བཟང་པོའི་གར། །འཕགས་མཆོག་ཐུགས་རྗེའི་མཛད་པས་གངས་ཅན་འདིར། །ཕན་དང་བདེ་བའི་འདོད་དགུ་ཀུན་གྱི་སྒོ། །ཐོག་མར་འབྱེད་པའི་ཆོས་ལྡན་རྒྱལ་པོར་འདུད། །ཅེས་པའི་བསྟོད་ཡུལ་དུ་གྱུར་པ། ལྷ་ཐོ་ཐོ་རི་གཉན་བཙན་གྱིས་དམ་པའི་ཆོས་ཀྱི་དབུ་བརྙེས་པས་བཀའ་དྲིན་ཆེ། དེ་རྗེས་འཇམ་དཔལ་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་


GLG012_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལིཙྪ་བྱི་རྣམས་རིགས་སུ་འབྱུང་། །ཞེས་ལུང་བསྟན་པ། མཆོག་དམན་སྐྱེ་བོའི་ཁམས་ཀྱི་སྲད་བུ་དག །དགེ་བཅུའི་ཁྲིམས་ཀྱི་ཐགས་སུ་བྱས་པའི་དར། །ལས་བཟང་འབྲས་བུའི་ཁ་དོག་རབ་བཀྲ་བའི། །བྱེད་པོ་སྲོང་བཙན་སྒམ་པོ་ལྷ་ཡི་རྗེ། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། རྗེ་བཙུན་ཕྱག་ན་པདྨའི་སྤྲུལ་པ་སྲོང་བཙན་སྒམ་པོས་འཕྲུལ་སྣང་གཙུག་ལག་ཁང་རྟེན་བརྟེན་པ་བཞེངས། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སོགས། བསྟན་པའི་སྲོལ་གཏོད་པས་བཀའ་དྲིན་ཆེ། བརྟན་པའི་འཁོར་ལོ་མི་ཡི་ཟློས་གར་གྱིས། །བོད་འབངས་རྒྱལ་པོར་གྲུབ་པའི་སྒྱུ་དྲའི་གར། །བཤད་སྒྲུབ་མཛད་པར་གཟིགས་མོར་མཚར་བའི་བློས། །ཕྱོགས་ཀུན་ཁྱེད་ཀྱི་གྲགས་པ་སྒྲོག་ལ་བྲེལ། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་མཁས་གྲུབ་ལོ་པཎ་སྤྱན་དྲངས་ཤིང་བཤད་སྒྲུབ་ཀྱི་སྡེ་བཙུགས་པ་སོགས་བསྟན་པ་དར་རྒྱས་སུ་མཛད་པས་བཀའ་དྲིན་ཆེ། ཞི་བ་ཐོབ་པའི་སྨན་གྱིས་ཐར་པའི་སྲོག །འཚོ་མཛད་སྡོམ་བརྩོན་ཤཱནྟ་རཀྵི་ཏ། དུས་གསུམ་རྒྱལ་བའི་ངོ་བོ་པདྨ་འབྱུང་། །འཇིག་རྟེན་མིག་གཅིག་སྒྲ་སྒྱུར་ལོ་ཙཱར་འདུད། །ཅེས་པའི་བསྟོད་ཡུལ་དུ་གྱུར་པ། ཐམས་ཅད་མཁྱེན་པ་མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལ། ལོ་ཆེན་བཻ་རོ་ཙ་ན་སོགས་མཁས་གྲུབ་ལོ་པཎ་རྣམས་ཀྱིས་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་བོད་ཡུལ་


GLG012_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོར་མཛད་པས་བཀའ་དྲིན་ཆེ། དམར་སེར་སྐྲ་ཡི་ལན་ཚར་མི་ལྡན་ཞིང་། །རྣོ་ངར་རྡོ་རྗེའི་མཚོན་ཆ་མ་བཟུང་བར། །རྒྱལ་བའི་གསང་གསུམ་ཀུན་གྱི་བདག་པོ་མཆོག །མངའ་བདག་དམ་པའི་རྣམ་ཐར་སྙིང་ལ་འབབ། །ཅེས་པའི་བསྟོད་ཡུལ་དུ་གྱུར་པ། དཔལ་གསང་བའི་བདག་པོའི་རྣམ་འཕྲུལ་མངའ་བདག་རལ་པ་ཅན་གྱིས་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་སོགས་པཎ་གྲུབ་དུ་མ་ལ་བརྟེན་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པས་བཀའ་དྲིན་ཆེ། རང་དོན་འཆིང་བའི་དྲ་བར་མ་ཆུད་ཀྱང་། །གཞན་ཕན་ཞགས་པས་བཅིངས་པའི་སྙིང་སྟོབས་ཅན། །མར་མེ་མཛད་སོགས་མཁས་གྲུབ་ལོ་པཎ་གྱིས། །རྨད་བྱུང་མཛད་པའི་ཚུལ་གྱིས་ཡིད་རབ་ཕྲོགས། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། བསྟན་པ་ཕྱི་དར་ལ་འདུལ་བའི་བསྟན་པ་སྟོད་སྨད་ནས་མེ་རོ་གསར་དུ་གསོ་བར་མཛད་པའི་དམ་པ་རྣམས་དང་། ལྷ་བླ་མ་ཁུ་དབོན་གྱིས་དཀའ་བ་ཆེན་པོས་སྤྱན་དྲངས་པའི་ཇོ་བོ་ཆེན་པོ་ཨ་ཏི་ཤ །ཁུ་རྔོག་འབྲོམ་གསུམ། ལོ་ཆེན་རིན་ཆེན་བཟང་པོ། འབྲོག་མི། མར་འགོས་སོགས་མཁས་ཤིང་གྲུབ་པའི་སྐྱེས་བུ་མཐའ་ཀླས་པར་བྱོན་པ་རྣམས་བཀའ་དྲིན་ཆེ། ཁྱད་པར་དུ་ཡང་། རླུང་གི་ཤིང་རྟ་བདུན་གྱིས་མ་དྲངས་ཤིང་། །ཆ་ཤས་བཅུ་གཉིས་དག་དང་མི་ལྡན་པའི། །རྨོངས་པའི་མུན་ཚོགས་མ་ལུས་འཇོམས་མཛད་པ། །བློ་ལྡན་ཤེས་རབ་བརྒྱུད་པར་བཅས་པ་རྒྱལ། །ཅེས་པའི་བསྟོད་ཡུལ་དུ་གྱུར་པ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་དང་རིགས་པའི་སྒོ་ནས་སྤེལ་བར་མཛད་པའི་སྐད་གཉིས་སྨྲ་བའི་


GLG012_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཆ་པ་ཆོས་ཀྱི་སེང་གེ་སོགས་བཀའ་དྲིན་ཆེ། འཆི་མེད་ལྷ་ཡི་དབང་གཞུའི་ལྡིང་ཁང་ནས། བདེ་བར་བབས་པའི་འཇམ་དབྱངས་འཁོན་གྱི་རིགས། །མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བའི་དཔལ། །ས་སྐྱ་པ་ཞེས་སྙན་པའི་གྲགས་འབར་རྒྱལ། །ཅེས་པའི་བསྟོད་ཡུལ་དུ་གྱུར་པ། ལུགས་གཉིས་ཀྱི་ཆོས་སྲིད་ཀྱིས་མངོན་པར་མཐོ་བའི་གདུགས་དཀར་པོ་སྲིད་རྩེའི་བར་དུ་སྒྲེང་བར་ནུས་པའི་འཁོན་ས་སྐྱ་པ་ཞེས་ཡོངས་སུ་གྲགས་པ་གང་གི་རིགས་ལས་རྡོ་རྗེ་འཛིན་པ་ཀུན་དགའ་སྙིང་པོ། མི་ཐུབ་ཟླ་བའི་རྣམ་འཕྲུལ་བསོད་ནམས་རྩེ་མོ། རིག་སྔགས་འཆང་བའི་དབང་ཕྱུག་གྲགས་པ་རྒྱལ་མཚན། གནས་ལྔ་རིག་པའི་པཎ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་གོང་མའི་ཏི་ཤྲི་བླ་མ་ཆོས་ཀྱི་རྒྱལ་པོ། རྗེ་བཙུན་ངག་གི་དབང་ཕྱུག་འཇམ་དབྱངས་དོན་ཡོད་རྒྱལ་མཚན། སྡེ་སྲིད་ཕག་མོ་གྲུ་པའི་ཡོངས་འཛིན་འཇམ་དབྱངས་བསོད་ནམས་རྒྱལ་མཚན་ཏེ་འཇམ་དབྱངས་རིམ་པར་བྱོན་པ་བདུན་སོགས་འཁོན་གྱི་གདུང་རབས་བསྟན་འཛིན་དང་བཅས་པ་རྣམས་བཀའ་དྲིན་ཆེ། རྒྱ་ཆེན་ཤེས་བྱའི་ཀུན་གསལ་བུ་མོའི་མཐའ། །མཁྱེན་པའི་ལུས་འདེགས་གཅིག་གིས་གཞལ་ནུས་པའི། །ཤོང་དཔང་བུ་སྟོན་སྟག་ཚང་ཞ་ལུ་བ། །དོན་ལྡན་མཁས་པའི་གྲགས་པ་རྣ་བར་འཇེབས། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཐམས་ཅད་སྤེལ་བའི་ཤིང་རྟ་ཆེན་པོ། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་མཆེད་གཉིས། དཔང་སྟོན་ལོ་ཙཱ་བ་བློ་གྲོས་


GLG012_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ། མཆོག་ལྡན་ལེགས་པའི་བློ་གྲོས། ལོ་ཆེན་བྱང་ཆུབ་རྩེ་མོ། ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ། རྗེ་བཙུན་དམ་པ་གཞོན་ནུ་བློ་གྲོས། མཁས་པའི་དབང་པོ་སྟག་ཆང་ལོ་ཙཱ་བ། ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོ་སོགས་མཁས་པ་རིས་བྲལ་གྱི་སྐྱེས་བུ་རྣམས་བཀའ་དྲིན་ཆེ། ཆོས་སྲིད་ནོར་བུའི་ཡུ་བས་ཆེར་བཏེག་པའི། །རྨད་བྱུང་རྫོགས་ལྡན་གསར་པའི་གདུགས་དཀར་ཅན། །སྲིད་རྩེར་འཁོར་བའི་ས་ཡི་ཚངས་པ་ཆེ། །དཔལ་ལྡན་སྡེ་སྲིད་ཕག་མོ་གྲུ་པར་བསྔགས། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། ཐུབ་པའི་གསུང་རབ་རྣམས་འཆད་པ་ལ། རྣམ་པར་དཔྱོད་པའི་མཁྱེན་རབ་དང་ལྡན་ཞིང་། བསོད་ནམས་ཆེན་པོའི་དཔུང་པས་ཡངས་པའི་ས་ཆེན་པོ་ཐམས་ཅད་ལ་དབང་བསྒྱུར་བའི་རྩོད་པའི་དུས་ཀྱི་འཁོར་ལོས་སྒྱུར་བ། སྡེ་སྲིད་ཕག་མོ་གྲུ་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དབོན་བཅས་བཀའ་དྲིན་ཆེ། བློ་ཆེན་ཀུན་གྱིས་རྟོགས་དཀའ་མཁྱེན་པའི་ནོར། །སྐལ་བཟང་ཀུན་ལ་གཏོང་བའི་གྲགས་འབར་ཅན། །ཐུབ་བསྟན་ཡོངས་ཀྱི་རྩ་ལག་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་པ་སྤྱི་བོས་མཆོད། །ཅེས་པའི་བསྟོད་ཡུལ་དམ་པར་གྱུར་པ། འཇམ་དབྱངས་གཞོན་ནུའི་མཁྱེན་པའི་མངལ་ཁུར་ལས་བདེ་བར་འོངས་པའི་མིའི་སྲིད་པའི་ཟོལ་ཅན། ཐུབ་བསྟན་ཡོངས་ཀྱི་བདག་པོ། རྒྱལ་བའི་ཏོག་གྱུར་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་ཆེན་པོ་བཀའ་དྲིན་ཆེ། གང་དེའི་དྲི་མ་མེད་པའི་རིང་ལུགས་གསེར་གྱི་ཤིང་རྟ་བློ་གསལ་རྒྱ་མཚོའི་ར་བར་འདྲེན་པའི་སྙིང་སྟོབས་གྱད་ཀྱི་རིགས་ལྡན། རྒྱལ་བའི་


GLG012_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་། མཐུ་སྟོབས་དབང་ཕྱུག་ལེགས་པ་རྒྱལ་མཚན། མཁྱེན་བརྩེའི་བདག་ཉིད་བློ་གྲོས་ཆོས་སྐྱོང་། ཐུབ་བསྟན་གསལ་མཛད་ཆོས་ཀྱི་རྒྱལ་མཚན། མང་ཐོས་དབང་པོ་བློ་གྲོས་བརྟན་པ། ཀུན་མཁྱེན་གཉིས་པ་སྨོན་ལམ་དཔལ་བ་སྟེ་འཇམ་དབྱངས་བདུན་རྒྱུད་དང་། གཞུང་ལུགས་རབ་འབྱམས་སྨྲ་བའི་མངའ་བདག་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། དབྱངས་ཅན་ངག་གི་དབང་ཕྱུག་དགེ་འདུན་རྒྱ་མཚོ། །དངོས་སྟོབས་རིགས་པའི་རལ་གྲི་མཆོག་ལེགས་འོད་ཟེར། པཎ་ཆེན་ཆོས་གྲགས་གཉིས་པ་ལེགས་པ་བཟང་པོ། སྨྲ་མཁས་ངག་གི་དབང་ཕྱུག་བློ་གྲོས་རྒྱ་མཚོ། འཇམ་དབྱངས་མི་ཡི་ཟོལ་ཅན་དཀོན་མཆོག་ཆོས་འཕེལ་སོགས་དཔལ་རི་བོ་དགའ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ། གསུང་རབ་རིན་ཆེན་འབྱུང་བའི་སྒོ་གཅིག་པུ། ཕྱོགས་བྲལ་མཁས་མང་ཆུ་ཀླུང་འདུ་བའི་གནས། །དཔལ་ལྡན་གསང་ཕུ་ཟླ་བའི་མ་མ་གང་། །སྤེལ་བའི་བཤེས་གཉེན་ཚོགས་རྣམས་རྒྱལ་གྱུར་ཅིག །ཅེས་པའི་བསྟོད་ཡུལ་དུ་གྱུར་པ། རྔོག་ལོ་ཙཱ་བ་ཆེན་པོ་ནས་བཟུང་སྟེ། ད་ལྟ་གླིང་སྟོད་སྨད་ཀྱི་ཆོས་ཀྱི་གདན་ཁྲི་ལ་མངོན་པར་འཛེགས་པའི་དཔལ་ལྡན་གསང་ཕུ་ནེའུ་ཐོག་ཅེས་ཡངས་པའི་ས་ཀུན་དུ་མངོན་པར་ཁྱབ་པའི་འདུས་གྲྭ་ཆེན་པོ། བོད་ཡུལ་གྱི་གཞུང་ལུགས་སྨྲ་བའི་ཉལ་འགྲོ་མཐའ་དག་འབྱུང་བའི་ཁུངས། ཆུ་གཏེར་ཆེན་པོ་མ་དྲོས་པ་གཟུགས་གཞན་དུ་བྱས་པའི་སྡེ་ཆེན་པོ་འདི་སྤེལ་བའི་བཤེས་གཉེན་དམ་པ་རིམ་པར་བྱོན་པ་མཐའ་དག་བཀའ་དྲིན་ཆེ། དགའ་ལྡན་སྡེ་བཞིའི་སྒོ་འཕར་རབ་


GLG012_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་བའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེ། །ཆོས་སྲིད་གཉིས་འབྲེལ་འཁོར་ལོས་འཛམ་གླིང་ལ། །དབང་སྒྱུར་མཆོད་ཡོན་ཉི་ཟླ་ཟུང་གཅིག་རྒྱལ། །ཅེས་པའི་བསྟོད་ཡུལ་དུ་གྱུར་པ། རྣམ་པར་དཀར་བའི་ཐིགས་པ་འབུམ་དུ་འཛག་པའི་ལེགས་བྱས་ཀྱི་དཔུང་པས། བརྟན་གཡོའི་དགེ་ལེགས་ཐམས་ཅད་རང་བྱོན་དུ་ལྷུན་གྱིས་གྲུབ་བའི་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཆོད་ཡོན་རྣམ་གཉིས་བཀའ་དྲིན་ཆེ། གང་ཞིག་ཆུང་ངུར་བགྱིས་པའི་བདོག་པས་ཀྱང་། །བསོད་ནམས་བྱེ་བའི་མགྲོན་ཀུན་འགུགས་ནུས་པའི། །སྙན་གྲགས་ཕྱོགས་ཀྱི་འགྲམ་པའི་ཐོས་འཛིན་རྒྱན། །ཡོན་གནས་དམ་པ་དགེ་འདུན་འདི་རྨད་བྱུང་། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། སྐབས་འདིར་དང་བའི་ནོར་གྱིས་མངོན་པར་ཕྱུག་པའི་སྦྱིན་པའི་བདག་པོ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་གི་མཆོག་ཀུན་དགའ་ར་བ་འདི་ཉིད་དུ་ཕྱག་ཕེབས་པའི་དགེ་འདུན་ཚོགས་པ་རྣམས་བཀའ་དྲིན་ཆེ། དཔྱིད་ཀྱི་དཔལ་མོའི་མངལ་ལས་ལེགས་སྦྲུམ་པས། །དལ་འབྱོར་དབྱར་གྱི་དགའ་སྟོན་སྟེར་བྱེད་དང་། །ངེས་པར་ལེགས་པའི་ལམ་བཟང་སྟོན་བྱེད་པའི། །དྲིན་ཅན་ཡིད་ཀྱི་རེ་སྐོང་ཕྱག་གི་གནས། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། མི་གནས་པའི་མྱ་ངན་ལས་འདས་པ་འཐོབ་པའི་རྟེན་བཟང་པོ་དལ་འབྱོར་གྱི་ལུས་རྟེན་རྣམ་པར་དག་པ་སྐྱེད་པའི་ཕ་མ། རྟེན་དེ་ཡང་ལོག་པའི་ལམ་དུ་འཕྱན་པ་འགོག་ཅིང་ཐར་པའི་ཕྱོགས་སུ་འཁྲིད་པའི་ས་མཁན་དམ་པ་མཁན་སློབ་སོགས་བཤེས་གཉེན་དམ་པའི་མགོན་རྣམས་བཀའ་དྲིན་ཆེ། སྟོབས་ལྡན་ཁས་


GLG012_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཅན་གྱིས་འཕྲོག་མིན་ཞིང་། །ཕྱུག་པོའི་ནོར་གྱིས་ཁུགས་པར་མི་ནུས་པའི། །ཤེས་བྱའི་གནས་ལུགས་མཐོང་ཚེ་ཁོང་ནས་འཛུམ། །འཆོར་བར་བྱེད་པའི་ཤེས་རབ་འདི་རྨད་བྱུང་། །ཞེས་པའི་བསྟོད་ཡུལ་དུ་གྱུར་པ། གཏི་མུག་ཆུ་འཛིན་གྱི་ཕྲེང་བས་རིང་དུ་བསྒྲིབས་ན་ནི། །མཁས་པའི་གསུང་གི་ཚ་ཟེར་ཇི་སྙེད་ཅིག་སྤྲོས་ཀྱང་། །ཐོས་བསམ་སྒོམ་པའི་པདྨོ་བཞད་པར་མི་ནུས་པས། །རྨོངས་པའི་ཚོགས་ཀྱི་དྲི་མ་དྲུངས་ནས་ཕྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ཉིད་ཐུབ་བསྟན་རྒྱལ་མཚན་གྱི་རྩེ་མོ་མཛེས་པར་བྱེད་པ་ལ་མཆོག་ཏུ་བཀའ་དྲིན་ཆེ། ཉེ་ལམ་དགོས་དོན་གྱི་དབང་དུ་བྱས་ན་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་སྲས་དཔལ་ལྡན་ཟླ་བས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་པ། །དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། །ཞེས་གསུངས་པ་ལྟར། དལ་འབྱོར་གྱི་མི་ལུས་རྣམ་པར་དག་པའི་ཉིན་མོར་བྱེད་པའི་དཀྱིལ་འཁོར་འདི་ཐོས་བསམ་སྒོམ་པའི་རྟ་བདུན་གྱིས་ལེགས་པར་དྲངས་ནས། སྐུ་གསུམ་ལྷ་ལམ་གྱི་ངོས་སུ་འགོག་པ་མེད་པར་རྒྱུ་བས། དོན་གཉིས་འོད་སྟོང་ཕྱོགས་བརྒྱར་འགྱེད་པ་ཞིག་སྙིང་པོའི་མཆོག་ཡིན་པས། དེ་ལ་ཐོག་མར་ལུང་རྣམ་འབྱེད་ལས། གདུལ་བྱ་མ་ཐུལ་རྣམས་ཀྱི་སྲབ་འདི་ཡིན། །ཞེས་པ་ལྟར་བསྟན་པའི་རྩ་བ་སོ་སོ་ཐར་པའི་སྡོམ་པས་གཞི་བཟུང་། རྗེ་ས་པཎ་གྱིས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་


GLG012_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རིང་། །ཞེས་གསུངས་པ་ལྟར། ལུང་སྡེ་སྣོད་གསུམ་དགོངས་འགྲེལ་དང་བཅས་པ་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡང་། རྒྱལ་བ་ཙོང་ཁ་པ་ཆེན་པོས། ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། །ཞེས་གསུངས་པ་ལྟར། སྨྲ་བའི་དབང་ཕྱུག་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལུགས་ལ་ལེགས་པར་སྦྱངས་ཏེ་རིགས་པས་གཏན་ལ་འབེབས། རྗེ་བཙུན་བྱམས་མགོན་གྱིས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་པ་ལྟར། དལ་བའི་རྟེན་ལ་སྙིང་པོ་ཡང་དག་པར་ལོན་པ་ཞིག་གཙོ་བོར་དགོས་ལ། དེ་ཡང་སྐབས་དོན་དེ་རིང་གི་དུས། དད་པའི་ཞིང་ས་ལ་གཏོང་བའི་མྱུ་གུ་གཡུར་དུ་ཟ་བའི་སྦྱིན་པའི་བདག་པོ་རྣམས་ཀྱིས་རང་གཞན་གྱི་ཆེད་དུ་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་བླ་མ་དཀོན་མཆོག་མཆོད་པ། དགེ་འདུན་འདུས་པའི་ཚོགས་ལ་བསྙེན་བཀུར་བ། དབུལ་འཕོངས་ལ་སྦྱིན་གཏོང་སོགས་མཛད་པ་འདི་དག་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྟུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་པ་ལྟར་རྒྱུ་ཆེ་ཆུང་ལ་བལྟོས་པ་མེད་པར་བསྔོ་བས་རྒྱས་ཐེབས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཡིན་པ། བསྔོ་བ་དེ་ལ་ཡང་། བསྔོ་བའི་རྒྱུར་ཞིང་གི་ཡུལ་མང་དུ་ཡོད་ནའང་གཙོ་བོར་གྱུར་པ་དགེ་


GLG012_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འདུན། བསམ་པ་མར་གྱུར་པའི་འགྲོ་བ་རྣམས་ཀྱི་དོན་དུ་སངས་རྒྱས་འཐོབ་འདོད། དངོས་པོ་ཁ་ན་མ་ཐོ་བས་དབེན་པ་སྟེ་གསུམ་པོ་འདི་གཙོ་བོར་གྱུར་པ་ཡིན་པས་ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །ཅེས་གསུངས་པ་ལྟར་ཡིན་ཞིང་། བསྔོ་བ་ནི་རྒྱལ་བའི་ཡུམ་ལས། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །ཞེས་གསུངས་པས། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པས་འབྲས་བུ་ཐུན་མོང་བ་རྣམས་ཞར་གྱིས་འབྱུང་བར་ངེས་ཤིང་། ཆེད་དུ་བྱ་བ་ནི་མགོན་པོ་ཞི་བ་ལྷས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་གསུངས་པ་ལྟར། གྲངས་མེད་པའི་མར་གྱུར་གྱི་འགྲོ་ལ་དམིགས་པས་དགེ་བ་བླ་མེད་དུ་འགྱུར་ལ། རྣམ་པ་ནི་ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། ཞེས་པ་ལྟར། བསྔོ་བྱ་སྔོ་བྱེད་ལ་སོགས་པ་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་གྲུབ་ཅིང་། ཀུན་རྫོབ་ཐ་སྙད་དུ་སྣང་བའི་ཚུལ་ལ་ངེས་པ་རྙེད་པའི་སྒོ་ནས་བསྔོ་དགོས་པར་གདའ་བས། དེས་ན་མཆོག་གསུམ་དམ་པ་དཔང་དུ་བཞུགས་ཏེ།


GLG012_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་སྨོན་གྱིས་རྒྱས་འདེབས་པ་ལ་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་མཐུན་འགྱུར་གནང་བ་ཞུ། སྨྲས་པ། ནོར་འཛིན་བུ་མོ་ཁུར་གྱིས་ངལ་བྱེད་པའི། །གྲངས་མེད་ནོར་གྱིས་བསྒྲུན་མིན་ལེགས་བཤད་གཏམ། སྨྲ་བའི་བརྟུལ་ཞུགས་འདི་ཀོ་བླ་མའི་དྲིན། །བསམས་ཀྱིན་ལག་པའི་པདྨོ་སྙིང་གར་ཟུམ། །དེང་སང་ཁ་བས་བསྐོར་བའི་བོད་ཡུལ་ན། །བརྗོད་དོན་ལྡན་རྣམས་རྗོད་བྱེད་ཚིག་གིས་སྟོང་། །ཚིག་སྦྱོར་ཤེས་ཀྱང་གཞུང་དོན་སྨྲ་ལ་རྡུགས། །ཕལ་ཆེར་གཉིས་ཀས་དབེན་ཡང་ཆེན་པོར་རློམ། །ཚུལ་འདི་མཐོང་ཚེ་ཐུབ་བསྟན་གཟུགས་བརྙན་ཙམ། །མཁས་པའི་སྐྱེ་བར་རློམ་ནས་བླུན་ཚུལ་སྟོན། །ཟང་ཟིང་ནོར་གྱིས་རྨོངས་པ་མགོ་བོ་བསྐོར། །ཕྱི་མཛེས་ནང་སྟོང་ལྡེར་སྐུ་གསར་པ་ཡིས། བསིལ་ལྡན་ཁ་བའི་ལྗོངས་འདི་གང་བས་ནོངས། །མང་དུ་ཐོས་ལ་ཕག་རྒོད་བཞིན་དུ་བཟུར། །བླུན་པོ་མཐའ་ན་བུང་བས་མེ་ཏོག་བཞིན། །ཆོས་མིན་ཆོས་སུ་བརྫུས་ལ་དགའ་བྱེད་པའི། །གངས་ཅན་ལྗོངས་འདིར་དབང་མེད་བཞིན་དུ་སྐྱེས། །འོན་ཀྱང་ཐུབ་བསྟན་ཡིད་བཞིན་ནོར། །ལྔ་ཕྲག་དྲུག་པའི་ནང་ཡིན་པས། །ལུང་གི་བསྟན་པ་མ་ཉམས་ཞེས། །དགའ་བའི་ཡིད་ཀྱིས་རྩེད་འཇོར་རོལ། །བསྔོ་བའི་གཏམ་དུ་འོས་པ་ཡི། །ལེགས་བཤད་གསེར་གྱི་འཕྲེང་བ་འདི། །བློ་གྲོས་ལྡན་པའི་མགུལ་རྒྱན་དུ། །སྤེལ་ཕྱིར་རྣམ་དཔྱོད་སྲད་བུར་བརྒྱུས། །ཞེས་པ་འདི་ཡང་། རྔོག་ལོ་ཙཱ་བའི་ཆོས་ཀྱི་གདན་ཁྲི་ལ་མངོན་པར་འཛེགས་པའི་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་ཞེས། གཞུང་ལུགས་དང་གསོ་བ་རིགས་པ་ལ་མི་འཕྲོགས་པའི་རྣམ་དཔྱོད་ཅན་དེས་བསྐུལ་བའི་ངོར། ཟ་


GLG012_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་རྒྱི་བཙུན་པ་ངག་གི་དབང་ཕྱུག་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྦྱར་བའོ། །མེ་ཕག་ཟླ་བ་གསུམ་པའི་ཚེས་བཅུ་ལ་གནང་། དགེ་ལེགས་ཕན་དང་བདེ་བའི་ཆུ་གཏེར་ཆེན་པོ་ཟད་མི་ཤེས་པའི་འབྱུང་གནས། བྱོན་དང་བཞུགས་ཤིང་འབྱུང་འགྱུར་གྱི་མཉམ་མེད་སྟོབས་བཅུ་མངའ་བ་སྲས་བཅས་ཉན་རང་གི་ཚོགས་རྣམས་ཀྱིས། དངོས་སུ་དགེ་བའི་བདོག་པ་བསྐྲུན་པའི་བྱེད་པོས་མཚོན་པའི་ལུས་ཅན་མ་ལུས་པར་དགོངས་སུ་གསོལ། བསླུ་མེད་སྐྱབས་གནས་དམ་པའི་ཐུགས་རྗེ་ཆེན་པོའི་མཐུས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འཛད་མེད་ཀྱི་གཏེར་ཀུན་མཁྱེན་རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་འཁོར་ལོ་གསུམ་གྱི་བྱ་བའི་སྒོ་ནས་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིགརྟག་པར་འཛིན་པའི་འགྲོ་བ་ཀུན་བརྩོན་འགྲུས་རླུང་གི་ཤིང་རྟས་བྱང་གྲོལ་མཁའ་དབྱིངས་སུ་ཐོགས་པ་མེད་པར་རྒྱུ་བས་ཚོགས་གཉིས་སྦྲང་རྩིའི་དགའ་སྟོན་ཟླ་མེད་དུ་སྤེལ་བའི་ཆེད་དུ་ཆོས་དབྱིངས་བདེ་བའི་ཀློང་དུ་མངོན་པར་མནལ་བའི་རྒྱལ་མཆོག་བུ་རམ་ཤིང་པ། ལྔ་བརྒྱའི་གཙུག་རྒྱན་ཤིང་རྟ་ཆེན་པོ་རྣམ་གཉིས། མཁན་ཆེན་བསྟན་པའི་རྩ་ལག་ཞི་བ་འཚོ། དཔལ་དཱི་པཾ་ཀ་ར། ཁམས་གསུམ་གྱི་རྣམ་འདྲེན་དམ་པ་བློ་བཟང་གྲགས་པའི་དཔལ་སོགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །རྒྱལ་དང་རྒྱལ་སྲས་དམ་པ་དེ་དག་རང་ཅག་སྙིགས་མས་སྦགས་པའི་འགྲོ་བ་བླང་དང་


GLG012_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བྱའི་གནས་ལ་ཆེས་ཆེར་རྨོངས་པ་རྣམས་ཀྱི་ཐར་པའི་ས་མཁན་དུ་བསམས་བཞིན་མིའི་སྲིད་པའི་ཟློས་གར་གྱིས་བཤེས་གཉེན་དམ་པའི་གཟུགས་སུ་བྱོན་ཏེ། ཐུབ་བསྟན་རིན་པོ་ཆེ་བཤད་སྒྲུབ་ཀྱི་ཕྲག་པར་ཁྱོགས་ལ་བླངས་ནས་འཛིན་པའི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་ཐམས་ཅད་རྒྱས་པར་གྱུར་ཅིག །གང་ཞིག་དང་པོར་མང་དུ་ཐོས་ཤིང་དེའི་དོན་ཚུལ་བཞིན་དུ་རྣམ་པར་དཔྱད་ཅིང་བསམས་པས་མཐར་རང་གི་རྒྱུད་ལ་འབད་པ་མེད་པར་གོམས་པས་མི་གནས་པ་མྱ་ངན་ལས་འདས་པའི་གླིང་དུ་འཁྲིད་པར་བྱེད་པའི་རྟེན་གཞི་གྲངས་མེད་ཡོན་ཏན་གྱི་ཚོགས་མཐའ་ཀླས་པའི་མངལ་ཁུར་གྱིས་དུབ་པའི་ཁྲིམས་ལྡན་འདུས་པའི་གླིང་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་སོགས་ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རྣམས་སུ་ཆོས་སྤྱོད་བཅུའི་སྒྲུབ་པ་ཟབ་མོ་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མཆོག་གསུམ་དམ་པའི་མཁྱེན་བརྩེ་ནུས་གསུམ་གྱི་བྱེད་པོ་དང་། རང་ཅག་འདིར་འཚོགས་རྣམས་ཀྱི་དངོས་དང་བརྒྱུད་པའི་སྒོ་ནས་བསགས་པའི་དགེ་བའི་མཐུས། སེམས་ཅན་ཚེ་ལས་འདས་པ་རྣམས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་སྟེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག།བསོད་ནམས་ཀྱི་སྟོབས་ཕུལ་དུ་བྱུང་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱ་བ་ལས་ཀྱི་འཁོར་ལོའི་སྒོ་ནས་འཛིན་པའི་སྦྱིན་པའི་བདག་པོ་སྤྱི་དང་སེམས་ཅན་ཚེ་དང་ལྡན་པ་རྣམས་ཀྱི་སྔོན་ལས་ཀྱིས་བསྐྲུན་པའི་འགལ་རྐྱེན་མི་མཐུན་པའི་


GLG012_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཐམས་ཅད་ཉེ་བར་ཞི་ཞིང་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག །གཞན་ཡང་ལས་དང་ཉོན་མོངས་པའི་རྦ་ཀློང་དྲག་པོས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ལྷུང་སྟེ་སྡུག་བསྔལ་གསུམ་གྱི་ཆུ་སྲིན་ན་ཀྲའི་ལྟོ་བར་ཆུད་པའི་འགྲོ་བ་འདི་དག་ཟག་བཅས་འཁོར་བའི་སྡུག་བསྔལ་ལས་མངོན་པར་ཐར་ཏེ། ཐར་པ་མྱ་ངན་ལས་འདས་པའི་རིན་པོ་ཆེའི་གླིང་དུ་བགྲོད་པ་དང་མི་འབྲལ་བར་གྱུར་ཅིག །མཐུན་པའི་རྐྱེན་འབྱོར་བ་བཅུ་ཡོངས་སུ་ཚང་ཞིང་འགལ་རྐྱེན་མི་ཁོམ་པའི་གནས་བརྒྱད་དང་བྲལ་བའི་རྟེན་བཟང་པོ་རྒྱུད་མར་ཐོབ་པ་དང་མི་འབྲལ་བར་གྱུར་ཅིག །རྟེན་དེ་ཡང་བཤེས་གཉེན་དམ་པའི་མགོན་གྱིས་ལེགས་པར་ཟིན་ཏེ་མདོ་དང་སྔགས་ཀྱིས་བསྡུས་པའི་དམ་པའི་ཆོས་རྣམས་ལ་ཐོས་བསམ་སྒོམ་པ་ལྷུར་ལེན་པ་དང་མི་འབྲལ་བར་གྱུར་ཅིག །འཁོར་བ་ཐམས་ཅད་དུག་སྦྲུལ་གྱི་ཚང་ངམ་མེའི་དོང་ལྟ་བུར་རིག་ཅིང་། དེ་ལས་ཐར་པ་ཙམ་གྱིས་ཀྱང་སླར་མི་ལྡོག་པའི་ཆོས་ཅན་གཏན་གྱི་བདེ་བར་མ་ངེས་ཤིང་རང་ཉིད་གཅིག་པུ་ཐར་པའི་བཙན་ས་ཟིན་ཀྱང་དམན་པའི་གོལ་སར་འགྱུར་བའི་སྐྱོན་དུ་མཐོང་ནས་སེམས་ཅན་ཐམས་ཅད་མར་ཤེས་པ་སོགས་རྒྱུ་འབྲས་མན་ངག་བདུན་གྱིས་བློ་ལེགས་པར་སྦྱངས་ཏེ། ཕྱིན་དྲུག་གི་སྤྱོད་པ་ལ་སློབ་པ་དང་མི་འབྲལ་བར་གྱུར་ཅིག །དེ་ལྟ་ནའང་གྲངས་མེད་གསུམ་གྱི་རིང་འགྲོ་བ་འདི་དག་སྡུག་བསྔལ་གྱིས་མནར་བ་མ་བཟོད་པས་ཉེ་ལམ་ཟབ་མོ་རྡོ་རྗེ་ཐེག་པའི་ཕྲ་རགས་བསྐྱེད་པའི་རིམ་པ་དང་། ཟབ་མོ་རིམ་པ་ལྔ་ལ་སོགས་པའི་ལས་ལམ་ཉམས་སུ་


GLG012_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་བས་ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག་མངོན་དུ་བྱས་ཏེ་སྐྱེ་དགུ་མཐའ་དག་ལ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་རྒྱུན་མི་འཆད་དུ་སྤེལ་བ་དང་མི་འབྲལ་བར་གྱུར་ཅིག །བྱམས་ཆེན་བླ་མའི་ངོར་བྲིས། གྲངས་མེད་པའི་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་ན་བཞུགས་པའི་རྣམ་འདྲེན་སྟོབས་བཅུ་མངའ་བ་ཐེག་པ་གསུམ་གྱི་སྲས་དང་སློབ་མར་བཅས་པ་སྤྱི་དང་། ཁྱད་པར་དུ་ཡང་འདྲེན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ། རྒྱལ་བ་སྨན་གྱི་བླ། འཕགས་པ་ཕྱག་ན་པདྨ་ལ་སོགས་པ་རྣམས་ཀྱིས། དངོས་སུ་ཉེ་བར་འཁོད་པའི་འགྲོ་བ་རྣམས་ཀྱིས་གཙོ་བྱས། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། མཆོག་གསུམ་དམ་པ་རྣམས་ཀྱི་བླ་ན་མེད་པའི་ཐུགས་རྗེའི་མཐུ་དང་། རང་གཞན་རྣམས་ཀྱིས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྐྱེ་དགུ་ཀུན་གྱི་རྒུད་པ་མ་ལུས་པ་སེལ་ཞིང་། ཕན་པ་དང་བདེ་བའི་ལེགས་ཚོགས་ཟད་མི་ཤེས་པ་འབྱུང་བའི་གནས་དམ་པ། ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དུ་མཉམ་མེད་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་སྲིད་མཐའི་བར་དུ་མི་ཉམས་ཤིང་། གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །འགྱུར་བ་མེད་པ་རྡོ་རྗེའི་སྐུ་བརྙེས་ཀྱང་། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་ཞི་བའི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱའི་རྒྱལ་པོ་ཟས་གཙང་གི་སྲས་པོ། ལྔ་བརྒྱའི་གཙུག་རྒྱན་


GLG012_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤ འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་རྒྱལ་བའི་འབྱུང་གནས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པ་ཡབ་སྲས་རྣམས་ཀྱི་ཐུགས་ཀྱི་དགོངས་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ཐུབ་པའི་བསྟན་པ་འདི་ཉིད་འཁོར་ལོ་གསུམ་གྱི་སྒོ་ནས་འཕེལ་ཞིང་རྒྱས་པར་མཛད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ། མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བས་ཐོག་དྲངས། ཕྱོགས་བཅུའི་ཁྲིམས་ལྡན་འདུས་པའི་སྡེ་རྣམས་སུ་ཆོས་སྤྱོད་བཅུའི་ཉམས་ལེན་རྣམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །འདི་ལྟར་དམིགས་པའི་ཡུལ་དུ་གྱུར་པའི་སེམས་ཅན་ཚེ་ལས་འདས་པ་ཆེ་གེ་མོ་རྣམས། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་རྣམས་བྱང་སྟེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དེར་མ་གྱུར་པའི་ཚེ་རབས་ཐམས་ཅད་དུ་ཡང་མི་ཁོམ་པའི་གནས་བརྒྱད་དང་བྲལ་ཞིང་། རང་གཞན་གྱི་འབྱོར་བ་བཅུ་ཚང་བའི་མི་ལུས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །རྟེན་དེ་ལ་ཡང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་མདོ་རྒྱུད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སྒོམ་པ་ལྷུར་ལེན་བྱེད་ནུས་པར་གྱུར་ཅིག །དེ་ལྟར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་གྱི་སྙིང་པོ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ཏེ། དེ་བས་ཐར་འདོད་ཀྱི་ངེས་འབྱུང་གིས་བསམ་པས་ཀུན་ནས་བསླང་སྟེ་ཚུལ་ཁྲིམས་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་བསྲུང་ནུས་པར་གྱུར་


GLG012_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །རང་ཉིད་ཞི་བའི་གོ་འཕང་ཐོབ་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་མི་ནུས་པ་མཐོང་ནས། དོན་གཉིས་ལྷུན་གྲུབ་སངས་རྒྱས་ཀྱི་ས་བརྙེས་པའི་ཆེད་དུ་སྦྱིན་སོགས་ཕར་ཕྱིན་དྲུག་ལ་སློབ་པའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཞུམ་པ་མེད་པར་འཇུག་པར་གྱུར་ཅིག །སྦྱིན་པའི་བདག་པོ་ཞལ་བཞུགས་རྣམས་ཀྱི་གནས་སྐབས་སུ་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་མཐར་ཐུག་བླ་ན་མེད་པའི་ས་ཐོབ་པ་སོགས་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དུས་ཀྱི་འཁྲུག་པ་ལ་སོགས་པ་མི་འདོད་པའི་ཉེར་འཚེ་ཐམས་ཅད་ཞི་ཞིང་། བདེ་སྐྱིད་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་འབྱུང་བར་གྱུར་ཅིག །དེ་ལྟར་ཆོས་དང་མཐུན་པའི་བསམས་དོན་རྣམས་ཡིད་བཞིན་དུ་འགྲུབ་པར་བྱེད་པ་ལ་དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དམ་ཅན་གཤིན་རྗེའི་རྒྱལ་པོ་ཕྱི་ནང་གསང་གསུམ་ལ་སོགས་པ་བསྲུང་མ་མཐུ་རྩལ་ཅན་རྣམས་ཀྱིས་དུས་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་བྱེད་པར་གྱུར་ཅིག །མདོར་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བྱིན་རླབས་དང་། བདག་ཅག་རྣམས་ཀྱི་མི་འཕྲོགས་པའི་དད་པ་དང་མོས་པའི་སྟོབས་ལས་བྱུང་བའི་བསོད་ནམས་ཀྱིས་ཇི་ལྟར་སྨོན་པའི་གནས་རྣམས་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག །ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །སོགས་ཚིགས་བཅད་ཅི་རིགས་བྱའོ། །ཕྱོགས་དུས་ཀུན་དུ་སྐུ་གསུང་ཐུགས་བཀོད་པ་བསམ་གྱི་མི་ཁྱབ་པའི་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས་ལུས་ཅན་མ་ལུས་པར་སྨན་ཡོན་དུ་སྐྲུན་པའི་རྣམ་འདྲེན་


GLG012_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མར་བཅས་པའི་ཚོགས་དེང་འདིར་སྦྱིན་པའི་བདག་པོ་འཁོར་བཅས་ལ་དགོངས་སུ་གསོལ། དངོས་སུ་སྤེལ་བའི་དགེ་བའི་རྩ་བ་དག་གིས་ཉེ་བར་མཚོན་པའི་རང་གཞན་རྣམས་ཀྱི་བྱས་དང་བྱེད་འགྱུར་བྱེད་བཞིན་པའི་དགེ་བའི་ཚོགས་རྣམས་ཀྱི་མཐུ་ལ་བརྟེན་ནས་མཉམ་མེད་རྒྱལ་བའི་བསྟན་པ་དར་ཤིང་། སྐྱེ་དགུ་མཐའ་དག་བདེ་སྐྱིད་ཀྱི་བགོ་སྐལ་ལ་སྤྱོད་པར་གྱུར་ཅིག །རྟག་འཛིན་ཅན་ཐམས་ཅད་བརྩོན་འགྲུས་ཤུགས་དྲག་པོའི་རླུང་གིས་ཐར་པ་རིན་པོ་ཆེའི་གླིང་དུ་སྐྱེལ་བའི་ཆེད་ཞི་བའི་དབྱིངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཀུན་མཁྱེན་ཉི་མའི་གཉེན་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སོགས་དཔལ་ལྡན་བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག །ཟབ་རྒྱས་དམ་པའི་ཆོས་ཀྱི་འབྱོར་བའི་བང་མཛོད་ལ་མངའ་བསྒྱུར་ཏེ་གདུལ་བྱ་མཐའ་དག་སྨིན་གྲོལ་རླབས་པོ་ཆེར་འགོད་པའི་ཡོངས་འཛིན་གྱི་སྐུ་ཚེ་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གཙོ་བོར་གྱུར་པའི་འདུས་སྡེ་རྣམས་སུ་མདོ་སྔགས་ཀྱི་བཤད་སྒྲུབ་ཡར་ངོའི་ཟླ་ལྟར་འཕེལ་བར་གྱུར་ཅིག །དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཚེ་ལས་འདས་པ་འདི་ཞེས་བྱ་བ་མྱུར་དུ་སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་གྱུར་ཅིག །བཟོད་པར་དཀའ་བའི་ངན་སོང་གི་འཇིགས་པ་ལ་གྲོལ་ཏེ་ཚེ་རབས་ཀུན་དུ་མངོན་མཐོའི་རྟེན་བཟང་ཐོབ་པར་གྱུར་ཅིག །སྲིད་པའི་འབྱོར་པ་མཐའ་དག་སྙིང་པོ་མེད་པའི་རང་བཞིན་དུ་ཤེས་ཏེ། བདག་མེད་པའི་དོན་སྒོམ་པ་སོགས་ལ་འབད་པས་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་གྱུར་ཅིག །རང་ཉིད་གཅིག་


GLG012_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པུའི་དོན་སྒྲུབ་པ་དམན་པའི་ལམ་དུ་ཤེས་ནས་ཕྱིན་དྲུག་གི་ཉམས་ལེན་ལ་རིང་དུ་འབད་པས་ས་བཅུ་ལམ་ལྔ་རིམ་གྱིས་འགྲོད་དེ་འཚང་རྒྱ་བར་གྱུར་ཅིག །སྦྱིན་པའི་བདག་པོ་རྣམས་ཀྱི་ཕྱི་དང་ནང་གི་ཉེར་འཚེ་མ་ལུས་པ་དག་ནས། གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པར་གྱུར་ཅིག །དཔལ་ལྡན་ཆོས་སྐྱོང་བསྲུང་མའི་ཚོགས་ཐམས་ཅད་ཀྱིས་དུས་ཀུན་དུ་གཡེལ་བ་མེད་པར་གྲོགས་བྱེད་པར་གྱུར་ཅིག །མདོར་ན་བདག་སོགས་རྣམས་ཀྱི་འཕྲལ་ཡུན་ཀུན་དུ་ལེགས་ཚོགས་ཀྱི་དགའ་སྟོན་རྒྱ་ཆེན་པོའི་འདོད་དགུའི་ཆར་གྱིས་ཁྱབ་པར་གྱུར་ཅིག །ཅེས་པ་འདི་ཡང་རབ་འབྱམས་པ་དངོས་གྲུབ་ཡོན་ཏན་གྱི་ངོར་བྲིས། །


GLG012_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousདགེ་བ་རྫོགས་བྱང་དུ་བསྔོ་བའི་གཏམ་མཆོག་དམན་གྱི་བློ་སྣ་ཚོགས་དང་མཐུན་པར་བཀོད་པ་རྒྱ་མཚོར་འཇུག་པའི་ཆུ་ཀླུང་།next