Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  expand section
   
   
   
   
   
   
གནས་བརྟན་ཆེན་པོ་བཅུ་དྲུག་གི་མཆོད་པ་རྒྱལ་བསྟན་འཛད་མེད་ནོར་བུ།
   


 
previousགནས་བརྟན་ཆེན་པོ་བཅུ་དྲུག་གི་མཆོད་པ་རྒྱལ་བསྟན་འཛད་མེད་ནོར་བུ།next

གནས་བརྟན་ཆེན་པོ་བཅུ་དྲུག་གི་མཆོད་པ་རྒྱལ་བསྟན་འཛད་མེད་ནོར་བུ།


GLG012_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་ཆེན་པོ་བཅུ་དྲུག་གི་མཆོད་པ་རྒྱལ་བསྟན་འཛད་མེད་ནོར་བུ་ཞེས་བྱ་བ་བཞུགས་སོ། །


GLG012_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་སྙིང་རྗེའི་མ་དྲོས་ལས་འོངས་པ། །ཚོགས་གཉིས་ཀླུང་རྒྱུན་བྱང་ཆེན་ཆུ་གཏེར་ལྟོ། །རབ་འགེངས་འཇིག་རྟེན་དོན་ཀུན་གྲུབ་པའི་རླབས། །ཡོལ་མེད་ཤཱཀ་སེང་ལྷ་ཡི་ལྷར་གྱུར་བསྔགས། ཁྱོད་དང་མཉམ་པར་བཀྲམ་པ་སྤང་རྟོགས་ཀྱི། །ས་བོན་དར་དྲག་སྙེ་མ་གཡུར་ཟའི་ཁུར། །ལྕི་ཡང་ཉན་ཐོས་འཕྲུལ་གྱིས་བསྟན་པའི་མཐའ། །དེ་སྲིད་སྐྱོང་མཛད་གནས་བརྟན་བཅུ་དྲུག་རྒྱལ། །འཁོར་བའི་གདུང་བ་སིལ་ལ་ཉེར་སྦྲེངས་པ། །ཆད་མེད་རབ་འཇུག་ཐུགས་རྗེ་ཨརྒའི་རྒྱུན། །མཆོད་གསོལ་སྨོན་པའི་ས་སྙིང་ཞུན་མའི་སྐྱོགས། །སྤེལ་ལེགས་བརྗོད་པ་རིན་ཅེན་ཕྲ་ཚོམས་མཛེས། །བྱང་ཆུབ་སྙིང་པོ་ཀུན་ཁྱབ་གསེར་གྱི་ཁམས། །བསོད་ནམས་མཐུས་སྦྱངས་མངོན་པར་རྟོགས་པའི་སྐོངས། །ཡེ་ཤེས་མཆོག་གི་གཡུ་སྦྱང་པདྨའི་འདབ། །གཏན་མདུན་སྒྲ་འཛིན་མུན་སྟུག་མལ་ནས་སློང་། །སེམས་ཀྱི་རི་མོ་བག་ལ་ཉལ་བའི་ཆ། །ཆེས་ཕྲ་མངོན་སུམ་མཁྱེན་པ་ཉི་མའི་གཉེན། །མོས་དབང་ཞིང་གི་རྡུལ་སྙེད་དུས་


GLG012_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ། །གཤེགས་བཞུགས་མཛད་པར་ཉེ་དང་རིང་མིན་མངའ། །བླ་གོས་མདངས་གཟིགས་མཁའ་ངོས་ཐུན་འཚམས་མར། །བསྒྱུར་ནུས་དགྲ་བཅོམ་གྱིས་བསྐོར་ཐུབ་པ་ཆེ། །བསོད་ནམས་ཞིང་དུ་བསྟར་པ་སྔོན་རབས་ཀྱི། །ཚད་ལྡན་མཁས་མང་བཞེད་པའི་སྲོལ་ལས་བྱུང་། །དེ་ཕྱིར་སྡུག་བཙིར་རྔུལ་ཆུ་མི་འཛག་པར། །བློ་གྲོས་ལྷོང་པོའི་སོར་མོས་ཉེར་གཟུང་བ། །གནས་བརྟན་མཆོད་མཆོག་ནེའུ་ལེའི་ཁ་ནང་ནས། །རྒྱལ་བསྟན་འཛད་མེད་ནོར་བུ་སྐྱུག་འདི་ལོངས། །ཞེས་སྙན་དངགས་ཀྱི་ཚིགས་སུ་བཅད་པས་སྔུན་བསུས་ཏེ་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་འཁོར་འཕགས་པའི་གནས་བརྟན་བཅུ་དྲུག་དགེ་བསྙེན་དྷརྨ་ཏཱ་ལ་རྒྱལ་པོ་བཞི་སོགས་དཀར་ཕྱོགས་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་ལ་ཕྱག་མཆོད་སྨོན་ལམ་གྱི་རིམ་པ་ཁྲིགས་སུ་བསྒྲིགས་པར་ཡིད་ཆེས་ངོ་མཚར་གྱི་ལོ་རྒྱུས། སྐུ་ཆེ་བའི་ཡོན་ཏན། གསོལ་བ་ཇི་ལྟར་གདབ་ཚུལ། །ཆོ་ག་དངོས་དང་


GLG012_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས། །དང་པོ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་ལོན་པ་ན་ཡུལ་ཤི་པི་ཀར་གྲོང་ཁྱེར་བྱིན་གྱིས་བརླབས་པ་ན་རྒྱལ་པོ་རིག་པའི་སྡེས་དབང་སྒྱུར་བའི་ཡུལ་ན་དགའ་བའི་བཤེས་གཉེན་ཞེས་ཁྱད་པར་འཕགས་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་མྱ་ངན་ལས་འདའ་ཁར་དགེ་འདུན་རྣམས་ཀྱིས་མྱ་ངན་ལས་འདའ་བར་བརྩམས་པ་ན་དེ་ལྟར་སངས་རྒྱས་ཀྱི་བསྟན་པ་ནུབ་པར་འགྱུར་རམ་གསོལ་བའི་ལན་དུ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་གནས་བརྟན་ཆེན་པོ་བཅུ་དྲུག་གི་ལག་ཏུ་དམ་པའི་ཆོས་གཏད་པར་གྱུར་ཏེ་ཞེས་སོགས་ཀྱི་ལན་བཏབ་པར། དགེ་འདུན་རྣམས་ཀྱིས་གནས་བརྟན་དེ་དག་གི་མིང་ཡང་མི་འཚལ་ལོ་ཞེས་སྨྲས་པའི་ལན་དུ། གནས་བརྟན་དང་པོའི་མཚན་ནི་བ་ར་དྷྭ་ཛ་བསོད་སྙོམས་ལེན་ཞེས་བྱའོ་ཞེས་སོགས་རྒྱས་པར་གསུངས་ཤིང་། མཚོན་གྱི་བསྐལ་བ་འདས་རྗེས་དགེ་བཅུའི་མཐུས་ཚེ་ལོ་བཅུ་ནས་བརྒྱད་ཅུར་འཕེལ་བ་ན་ཉན་ཐོས་རྣམས་འཛམ་བུའི་གླིང་དུ་བྱོན་ནས་དམ་པའི་ཆོས་འཕེལ་བར་མཛད་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་བདུན་བརྒྱ་པའི་དུས་ཉན་ཐོས་དེ་དག་གིས་གང་སའི་སྟེང་འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཚོགས་ཇི་སྙེད་པ་དེ་དག་གཅིག་ཏུ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་ཞིག་བྱས་པར་བསྐོར་ཞིང་སྐྱིལ་ཀྲུང་གིས་འདུག་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་འདུད་པས་ཕྱག་འཚལ་ལོ་ཞེས་གསུངས་ནས། །ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས། མཆོད་རྟེན་དེ་ཡང་འོག་གི་གསེར་གྱི་ས་གཞིར་


GLG012_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་རང་རྒྱལ་བྱེ་བ་ཕྲག་བདུན་བྱུང་བའི་མཐར་ཚེ་ལོ་བརྒྱད་ཁྲི་པའི་དུས་བྱམས་པའི་བསྟན་པ་འབྱུང་བར་བཤད་པ་སོགས་འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་དེ་གནས་བརྟན་བཅུ་དྲུག་གི་ལོ་རྒྱུས་ཀྱི་རྩ་བ་ལྟ་བུར་སྣང་ལ། དཔལ་ལྡན་གྲོས་གནས་བརྟན་འདི་རྣམས་རྒྱ་གར་དུ་རྒྱ་གར་གྱི་རབ་ཏུ་བྱུང་བའི་ཆ་ལུགས་སུ་བྱོན། བོད་དུ་བོད་ཀྱི་རབ་ཏུ་བྱུང་བའི་ཆ་ལུགས་སུ་བྱོན། རྒྱ་ནག་ཏུ་རྒྱ་བན་སྙུག་ཆས་ཅན་དུ་བྱོན་པ་ཡིན་གསུངས་པ་ལྟར་ཡུལ་སོ་སོའི་ཁམས་དང་དབང་པོར་འཚམ་པའི་ཚུལ་གྱིས་འགྲོ་བ་རྣམས་འདྲེན་པར་མཛད་པ། སོ་སོའི་གནས་ནས་སྤྱན་དྲངས་པའི་ལུང་ལ་ཚིག་རིགས་མི་འདྲ་བ་གཉིས་བྱུང་བའི་རྒྱ་གར་སྐད་དུ། སྠ་ཝི་རོ་པ་ནི་མནྟྲ་ན། བོད་སྐད་དུ། གནས་བརྟན་སྤྱན་དྲང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཙུན་པ་རྣམས་དགོངས་སུ་གསོལ། དགོངས་ནས་ཀྱང་ཤེལ་དང་ནོར་བུ་དང་། དངུལ་དང་། ཀུ་མུད་དང་། ཁ་བའི་ཕུང་པོ་དང་། ཟླ་བའི་འོད་ཟེར་དང་། སྟོན་གྱི་ཆུ་དང་། ནམ་མཁའ་དང་། པདྨའི་རྩ་བ་ལྟར་དྲི་མ་མེད་པར་མཛོད། ཅེས་སོགས་དང་། རྒྱ་ནག་ནས་བརྒྱུད་དེ་འོངས་པ་ཐང་ཧུའི་རྒྱལ་པོས་གནས་བརྟན་སྤྱན་དྲངས་པའི་ཕྲིན་ཡིག་ནི། མ་ག་དྷའི་ཡུལ་དུ་བྱོན་པ་སངས་རྒྱས་ཀྱི་དགེ་བདུན་བཙུན་པ་གནས་བརྟན་ཆེན་པོ་རྣམས་དགོངས་སུ་གསོལ། བདག་གི་དད་པ་དང་། དང་བ་དང་། འདུན་པ་ལས་བྱུང་བའི་ཚིག་གིས་གསལ་བར་བྱེད་པའི་ངག ཤེལ་དང་། ནོར་བུ་དང་། ཁ་བའི་ཕུང་པོ་དང་། ཟླ་བའི་ཟེར་དང་། པདྨའི་རྩ་བ་ལྟར་དྲི་མ་མེད་པར་མཛོད་ལ་ཞེས་སོགས་


GLG012_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས། དེ་ཡང་ཤར་རྒྱ་ནག་འཇམ་དབྱངས་གོང་མའི་ཁབ་ཏུ་རྒྱལ་པོ་བསྙུན་གྱིས་བཏབ་པར་ཐབས་གཞན་གྱིས་མ་ཕན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་གསོལ་བ་བཏབ་པའི་ཚེ་ནམ་མཁའི་མཐོངས་སུ་འབྲུག་གི་རྒྱབ་ཡོལ་ལ་འཇའ་ཚོན་གྱི་གུར་གྱིས་བརྒྱན་ནས་བྱོན་པ་གཟིགས་པས་རྒྱལ་པོ་བསྙུན་ལས་གྲོལ། ཡང་བསྙུན་པའི་དུས་བློན་པོ་རྣམས་ཀྱིས་ཆོས་སྐྱོང་བའི་རྒྱལ་པོ་ཡིན་ན་གནས་བརྟན་བཅུ་དྲུག་དབྱར་གནས་ལ་གདན་དྲོངས་ཞུས་པ་ལྟར་གསོལ་བ་བཏབ་པས། བྲེ་ཕུལ་གྱི་ཟླ་བའི་ཚེས་བཅུ་གསུམ་གྱི་དུས་རྒྱ་བན་སྨུག་ཆས་ཅན་དུ་བྱོན་ནས་རྒྱལ་པོས་ཁང་པ་བཅུ་དྲུག་བརྩེགས་པར་བཞུགས་ནས་དབྱར་གནས་མཛད་པའི་ཚེ་རྗེ་འབངས་རྣམས་ཀྱིས་ཟ་འོག་ཕུལ་བ་བདག་གིར་མཛད་པས་དགྲ་བཅོམ་ལོངས་སྐུའི་ཆ་ལུགས་ཅན་དུ་གྱུར། རྒྱལ་པོས་ཁྱོད་རྣམས་ཆོས་སྐྱོང་བའི་བློན་པོ་ཡིན་ན་དགག་དབྱེ་ཐོན་ནས་ཀྱང་བཞུགས་པར་གསོལ་བ་ཐོབ་གསུངས་པ་ལྟར་གསོལ་བ་བཏབ་ནའང་གླིང་གཞན་གྱི་གདུལ་བྱ་ལ་དགོངས་ནས་སྐུ་ཚབ་འདྲ་འབག་བཞེང་བའི་གནང་བ་སྩལ། དབྱར་གནས་ཀྱི་དུས་གནས་བརྟན་ལུང་བསྟན་གྱི་མདོ་གསུངས་ཤིང་ཐེག་པ་ཆེན་པོ་ཤིན་ཏུ་དར་ལ་རྒྱ་ནག་ལོངས་སྤྱོད་ཆེ་བའང་གནས་བརྟན་གྱི་བྱིན་རླབས་སུ་གྲགས། གནས་བརྟན་རྣམས་ཧ་ལ་ཤན་གྱི་རི་ལ་བྱོན་པའི་དུས་དགེ་བསྙེན་ཆོས་འཕེལ་གྱིས་ཕྱག་བརྒྱར་མཛད་པའི་ཚེ་སྲོག་ཆགས་མ་རུངས་པའི་ཆོ་ག་བསྲུང་བསྲུང་སླད་པུས་མོ་གཡས་ལས་སྟག་སྤྲུལ་བ་དང་ཉིན་རེ་བཞིན་སྣང་བ་མཐའ་ཡས་སྤྲིན་གསེབ་ཏུ་བྱོན་ནས་བཞུགས། མི་ཉག་འགའི་རྒྱལ་པོ་ཞིག་བསྙུན་པའི་ཚེ་ཐབས་གཞན་གྱིས་མ་ཕན་པ་ན་རྒྱལ་


GLG012_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གོ་ཤིར་དཔེ་འདུལ་བ་འཛིན་པས་གནས་བརྟན་གྱི་ཆོ་ག་མཐོན་པས་རྒྱལ་པོ་སྙུན་ལས་གྲོལ། ཧོར་དམག་གིས་མི་ཉག་འགའི་མཁར་ཞག་བདུན་དུ་བསྐོར་ཏེ་སྨར་ཆུ་སྐྱིལ་ནས་ཆུ་བཀག་པའི་ཚེ་བླ་མཆོད་གཉིས་ཀྱིས་གནས་བརྟན་ལ་གསོལ་བ་བཏབ་པས་བཙུན་པ་སྐྱ་ཧྲལ་ལེ་བ་ཞིག་གིས་ཆུ་འདི་ན་ཡོད་ཟེར་བ་ལྟར་ས་བྲུས་པས་ཁྲོན་པ་ཐོན་ནས་མཁར་མ་ཤོར་མདོ་སྨད་དུ་ཆོས་འདི་དར་བར་ཕན་ཡོན་ཆེན་པོ་བྱུང་བས་གནས་གཞི་ཀུན་ཏུ་གནས་བཅུའི་གནྡྷོ་ལ་མ་བརྩིགས་པ་མེད། གླང་དར་གྱིས་བསྟན་པ་བསྣུབས་རྗེས་དབུས་གཙང་གི་མཁས་པ་མི་དྲུག་གིས་མདོ་སྨད་དུ་བྱོན་དུས་གནས་བརྟན་གྱི་ཆེ་བ་གསན་པས་གནས་གཞི་ཀུན་ཏུ་གནས་བརྟན་གྱི་སྐུ་བཞེངས་སྐད། ཁྱད་པར་ཀླུ་མེས་འབྲོམ་ཆུང་གིས་རྒྱ་ནག་ཏུ་བྱོན་ནས་བཞུགས་ཁང་གི་སྐུ་ལ་དཔེ་བྱས་ནས་བྲིས་སྐུ་བཞེངས་པ་ཉིན་རེ་ལ་ཐང་ཀ་རེ་ཟིན་པས་བཟོ་བོ་དེ་སྤྲུལ་པ་ཡིན་ནམ་ཟེར། བོད་དུ་གདན་དྲངས་ནས་ཡེར་པར་བཞུགས་པས་ཡེར་པ་ར་བ་མར་གྲགས། རྒྱ་ནག་གི་ཡིག་ཚང་ལས་བྱམས་པ་ལུང་བསྟན་པའི་མདོ་ཁུངས་མ་ཞིག་རྙེད་ཅིང་ཡིད་ཆེས་ཀྱི་ལོ་རྒྱུས་ཚིགས་བཅད་མ་བཀོད་པར། འགྲོ་བའི་བླ་མ་ཤཱཀྱ་སེང་གེའི་སྨོན་ལམ་དང་། །གནས་བརྟན་རྣམས་ལ་གསོལ་བ་བཏབ་པའི་བྱིན་རླབས་དང་། །རྒྱལ་ཆེན་བཞི་ཡི་ཐུགས་དམ་ཇི་ལྟར་བསྐུལ་བའི་ཚུལ། །སྔོན་བྱུང་རྒྱ་ནག་ཡིག་ཚང་ཉིད་ལས་ཁོ་བོས་རྙེད། །ཅེས་སོགས་མཆིས། ཇོ་བོ་ཆེན་པོས་བྱ་རྒྱུད་དང་འབྲེལ་བའི་ཐུབ་པ་གནས་བཅུའི་རྗེས་གནང་ཕྱག་མཆོད་དང་བཅས་པ་སློབ་མ་སེམས་ཙམ་གྱི་པཎྜི་ཏར་གནང་ཞིང་།


GLG012_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་བྱོན་པའི་འཁོར་དུ་པཎ་ཆུང་གསུམ་བྱུང་བའི་གོང་དུ་བཤད་པའི་སེམས་ཙམ་པའི་གྲུབ་མཐའ་འཛིན་པ་དེས་རྔོག་བྱང་ཆུབ་འབྱུང་གནས་ལ་གནང་བྲིས་སྐུ་ཡང་བཞེངས། ཁུ་སྟོན་གྱིས་རྔོག་གི་ལྷ་གོས་བཟང་པོ་འདི་སྨུ་ཡག་ཆེ་བར་འདུག་གསུངས་སྐད། རྔོག་གིས་བཤེས་གཉེན་པོ་ཏོ་བ་ལ་གསུངས། པོ་ཏོ་བས་འཁོར་རྣམས་ལ་གནས་བཅུའི་སྐུ་རྒྱུ་བཟང་ངན་ལ་མ་བལྟོས་པའི་རེ་རེ་གཞོངས་གནས་བཅུ་མ་བཞུགས་ན་ལྷ་ཁང་གི་གོ་ཡང་ཨེན་མི་ཆོད། བོད་ཀུན་གསོལ་བ་གདབ་ཏུ་ཡོད་པ་བསོད་ནམས་ཆེ་ཞེས་པོ་ཏོ་བ་རང་ཡང་གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་པར་དོན་ལ་ཞལ་གྱིས་བཞེས། གནས་བརྟན་ལ་གསོལ་བ་བཏབ་པའི་མཐུས་གྲྭ་པ་རྣམ་གྲོལ་སྒྲུབ་པར་ངེས་པ་ཉིས་སྟོང་ལ་ཉེ་བ་འདུས། དེ་ནས་རིམ་བཞིན་ཤ་ར་བ་ཡོན་ཏན་གྲགས་ཀྱིས་ཀྱང་གནས་བརྟན་ལ་ཕྱག་མཆོད་གཙོ་བོར་མཛད་པས་ཐར་པ་དོན་གཉེར་གྱི་གྲྭ་པ་སུམ་སྟོང་ཙམ་འདུས་ལན་ཅིག་བསྙུན་པའི་ཚེ་འཆད་དཀའ་བས་གནས་བརྟན་ལ་གསོལ་བ་བཏབ་པས་མྱུར་དུ་དྭངས། དགེ་བཤེས་འཆད་དཀའ་བའི་ཞལ་ནས་འདི་དག་ལ་གསོལ་བ་བཏབ་ན་ཆོས་དང་ཆོས་བྱེད་འཕེལ་བ་འདུག་སྟེ་འདི་ཁོ་ན་ངོ་མཚར་ཆེ། དེ་འཕེལ་བས་གཞན་ཐམས་ཅད་ཤུགས་ལས་འབྱུང་། ཆོས་དང་ཆོས་བྱེད་འཕེལ་བའི་ཉམས་སུ་མྱོང་བའི་སྙན་པ་ལ་བརྟེན་དགེ་བཤེས་སེ་སྤྱིལ་བས་ཡེར་པ་ནས་མ་དཔེ་བླངས་ཏེ་བཞེངས། འདི་བྱིན་རླབས་ཤིན་ཏུ་ཆེ་ཁོ་བོའམ་མགོ་སེ་ཧྲི་ཡ་ལེ་སྡོད་པ་འདུག་གསུངས་པ་ལྟར་དགུང་ལོ་གོ་གཉིས་བཞུགས། ད་ལྟ་འོ་སྐོལ་ལ་ཐང་སྐུའི་རྣམ་པར་སྣང་། ཚོགས་ལམ་ཆེན་པོའི་དུས་སུ་སྤྲུལ་སྐུར་


GLG012_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

འཆར། དྲོད་ཀྱི་ཡེ་ཤེས་ཐོབ་ནས་ཆོས་གསུང་། ས་དང་པོ་ཐོབ་ནས་ལོངས་སྤྱོད་རྫོགས་པའི་སྐུར་འཆར། སྒོམ་ལམ་དུ་ཆོས་གསུང་། ས་བཅུ་རྒྱུན་གྱི་ཐ་མར་གྱུར་པའི་ཚེ་སངས་རྒྱས་ཆོས་ཀྱི་སྐུར་བྱོན་པ་ཡིན་གསུངས། ལྷ་སྤྱིལ་བུ་བས་སེ་སྤྱིལ་བུ་བས་བཞེངས་པའི་རྟེན་རྣམས་ལ་གསོལ་བ་བཏབ་པས་ཕན་ཡུལ་རྨའི་གྲོག་པོ་བྱ་བའི་གནས་ཆུང་ཞིག་ན་རྒྱ་ནག་ནས་བྱིན་པའི་གནས་བཅུ་ལུང་བསྟན་གྱི་མདོ་དང་གདམས་པ་རྣམས་སྔོན་གྱི་ཀེ་ཚང་ན་བཞུགས་པ་གསན་ནས་འབུལ་བ་བསྐུར་པས་ཁོང་གི་ཐུགས་ལ་བཏགས་ཉམས་ལེན་མཁས་པས་ཡོན་ཏན་མང་དུ་འཁྲུངས། སྡེ་སྣོད་ཤེས་པའི་མཁས་བཙུན་ལྔ་བརྒྱ་འདུས། རྒན་མོ་ལྷས་པ་ཆེན་པོའི་ཞལ་ནས་གནས་བརྟན་ཆེན་པོ་རྣམས་ལ་གསོལ་བ་བཏབ་པས་བློ་ཆོས་ལ་བཀོལ་དུ་བཏུབ་པ་དང་། དད་པ་ཆེར་འགྲོ་བ་དང་། དགེ་སྦྱོང་ལ་བརྩོན་འགྲུས་ཆེ་བར་འགྲོ་བའི་འཕྲལ་དུ་ངེས་ཤེས་ཐོན་པ་བྱུང་གསུངས། དེ་ནས་དཔལ་ལྡན་གྲོ་མོ་ཆེ་པ། མཆིམས་ནམ་མཁའ་གྲགས། མཆིམས་བློ་བཟང་གྲགས་པ། སློབ་དཔོན་སྦས་པ་སྟོན་གཞོན། ཆོས་སྐུ་བློ་གྲོས་འོད། མཁན་ཆེན་སེང་གེ་རྒྱལ་མཚན། བྱང་སེམས་ཆེན་པོ་ཤཱཀྱ་བསོད་ནམས། ལོ་པ་སྤྱན་སྔ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། གཟིམས་འོག་པ་དཔལ་ལྡན་ཆོས་འབྱོར། ལོ་པ་སྤྱན་སྔ་མཚུངས་མེད་ཀུན་དགའ་དོན་གྲུབ། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་མཉམ་མེད་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་


GLG012_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་དུ་སྩལ། དཔལ་སྣར་ཐང་པའི་མན་ངག་བརྒྱ་རྩར་གྲགས་པ་སེ་སྤྱིལ་བུ་བ་ནས། ལྷ་སྤྱིལ་ཕུག །འགྲེ་ལྷས་པ། དཔལ་ལྡན་གྲོ། མཆིམས་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དཔང་སྟོན་གྲུབ་པ་ཤེས་རབ། ཁུ་སྟོན་བསོད་ནམས་མཆོག་གྲུབ། དཔལ་འབར་བ་དཔལ་ལྡན་དོན་གྲུབ། རྩེས་དང་ལས་ཆེན་ཀུན་དགའ་རྒྱལ་མཚན། མཐིལ་བྲག་ལྕོག་ཐམས་ཅད་མཁྱེན་པ། ཐོན་པ་བློ་གྲོས་རྒྱལ་མཚན། ཤངས་དགེ་འཕེལ་བ་ཕྱོགས་ལས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལ་དགྱེས་བཞིན་དུ་གནང་། མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་སྒྲུབ་ཡིག་རྒྱས་པའི་ལུང་ནོས་པའི་བརྒྱུད་པ་ནི། འགྲེ་ལྷས་པ་ཡན་གོང་བཞིན་ལ། དེ་ནས་སངས་རྒྱས་སྒོམ་པ། མཆིམས་ནམ་མཁའ་གྲགས། སློབ་དཔོན་བསོད་ཡེ། བྱང་སེམས་བསོད་གྲགས་པ། བར་འདིར་བླ་མ་གཉིས་ཙམ་ཧོལ་ཁེངས་སུ་ལུས། དེ་ནས་སྤྱན་སྔ་ལྷ་བསོད་ནམས། སྤྱན་སྔ་ངག་དབང་ཆོས་གྲགས། བྲག་དགོན་སྤྱན་སྔ་མན་གོང་བཞིན་ནོ། །གཉིས་པ་སྐུ་ཆེ་བའི་ཡོན་ཏན་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་དང་། མཚན་གྱི་རྣམ་གྲངས་ཀྱིས་ཆེ་བའི་ཡོན་ཏན་བསྟན་པའོ། །དང་པོ་ནི། གནས་བརྟན་ཆེན་པོ་འདི་རྣམས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ལྡོག་པས་ངོ་བོ་


GLG012_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡིན་པ་ནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ལྡན། ཐུགས་རྗེ་དང་འཕྲིན་ལས་ནི་ཡང་དག་པའི་མཐའ་མངོན་དུ་མི་མཛད་པས་སེམས་ཅན་ལ་རྗེས་སུ་བརྩེ་བས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་མ་འཆད་པར་མཛད་པས་བྱང་ཆུབ་སེམས་དཔའ་ཡིན། རྣམ་པ་ནི་ཉན་ཐོས་ཀྱི་ཚུལ་དུ་གནས་ཤིང་། འདོད་ཆགས་དང་བྲལ་བའི་སྤྱོད་པས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་བརྟུལ་ཞུགས་འཛིན་པ་ཡིན་ལ། མཛད་པའི་འཕྲིན་ལས་རྣམ་བཞིས་ཡུལ་གྱི་རྗེས་སུ་མཐུན་པར་བསྟན་པ་སྐྱོང་པར་མཛད་པས་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་ཡིན་ནོ། །གཉིས་པ་ནི། བྱམས་པ་ལུང་བསྟན་པའི་མདོ་ལས། གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་གྱིས་གདུལ་བྱའི་དབང་གིས་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་བསོད་སྙོམས་ལ་བྱོན་པའི་ཚེ། ལྷའི་བུ་དང་བུ་མོ་མང་པོ་རྣམ་ཐར་ལ་དད་ནས་འཕགས་པའི་རྣམ་ཐར་ལ་བཀོད་པས། ལྷའི་བུ་དང་བུ་མོ་དག་གིས་རང་རང་གི་དབུ་རྒྱན་དང་ཟེ་པྲོག་ཕུད་དེ་ཕུལ་བས། འཕགས་པས་དེ་བྱིན་གྱིས་བརླབས་ནས། པྲོག་ཞུ་གདུལ་བྱ་གང་གི་མགོ་ལ་བཞག་པ་གང་གིས་མཐོང་བ་དེའི་དགྲ་ཆོམས་པ་དང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་ཚིག་དོན་རྟོགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་པྲོག་ཞུ་ཕྱག་ན་ཡོད་པར་གསུངས་སོ། །གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་གྱི་ཕྱག་གཉིས་མཉམ་པར་བཞག་པ་ལ་ཡོན་ཏན་དུ་མ་དང་ལྡན་ཏེ། གང་དུ་མཉམ་


GLG012_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་པའི་ས་ཕྱོགས་དེར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་དང་། ཀུན་ནས་མནར་སེམས་པའི་མེ་དང་། མི་ཤེས་པའི་མེ་དང་། སྡུག་བསྔལ་གྱིས་གདུངས་པའི་མེ་དང་། སེམས་འཁྲུགས་པའི་མེ་དང་། ལོག་པར་ལྟ་བའི་མེ་དང་། ལོག་པར་སེམས་པ་ལ་སོགས་པའི་མེ་ཞི་བ་དང་། དབང་པོ་དུལ་བ་དང་། རྐྱེན་ངན་པའི་གདོན་ཉེ་བར་ཞི་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་བསོད་སྙོམས་ལེན་ནི། སྨོན་ལམ་གྱི་དབང་གིས་སེམས་ཅན་མི་ཁོམ་པའི་གནས་དང་། ངན་འགྲོ་ལོག་པར་ལྟུང་བའི་གང་ཟག་ཐམས་ཅད་ལ་སྡེ་སྣོད་ཀྱི་གླེགས་བམ་བསྟན་པ་དང་། རེག་པ་དང་། མཐོང་བ་དེ་དག་གི་སྡུག་བསྔལ་ཞི་བ་སྟེ། འོན་པ་དང་ལོང་བ་དང་ལྐུགས་པ་དང་དྲན་པ་ཉམས་པ་དང་འཁྲུལ་པའི་སྡུག་བསྔལ་ཐམས་ཅད་ཞི་ཞིང་། རང་རང་གི་འདོད་པའི་དོན་དབང་པོ་ཚང་བ་དང་ཤེས་རབ་དང་ངོ་ཚ་དང་ཁྲེལ་ཡོད་དང་ལྡན་པར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། མཉམ་གཞག་ནི་མྱུར་བ་དང་། ཡངས་པ་དང་། ཟབ་པ་དང་། ཕྲ་བ་དང་། གསལ་བའི་ཤེས་རབ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། ལྷུང་བཟེད་ནི་ནོར་བུ་རིན་པོ་ཆེ་ལ་སོགས་པའི་འབྱུང་གནས་ཡིན་པ་དང་། བུམ་པ་བཟང་པོའི་ཡོན་ཏན་ཏེ་འཕགས་པའི་ནོར་བདུན་གྱི་འབྱུང་གནས་དང་། འདོད་ཡོན་ལྷ་མིའི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་ལམ་བསྟན་གྱི་གླེགས་བམ་དེ་སུས་མཐོང་རེག་


GLG012_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བའི་གང་ཟག་དེ་སྤོབས་པ་རྒྱ་ཆེན་པོ་ཐོབ་པ་དང་། ཤེས་རབ་རྒྱ་ཆེན་པོ་ཐོབ་པ་དང་། མ་རིག་པའི་མུན་པ་འཇོམས་པ་དང་། ཆོས་ལ་བརྟེན་པའི་ལས་ཀྱི་སྒྲིབ་པ་མ་ལུས་པར་དག་པ་དང་། ཁོམ་པ་དང་དལ་བ་ཐོབ་པ་དང་། ཐེག་པ་ཆེན་པོའི་ཆོས་དང་མཇལ་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། ཆོས་འཆད་ཀྱི་ཕྱག་རྒྱ་དེ་སུས་མཐོང་བ་དང་རེག་པ་དང་ཡིད་ལ་བྱེད་པ་དེ་དག་བློ་གྲོས་ཀྱི་སྣང་བ་ཆེན་པོ་ཐོབ་པ་དང་། དཀོན་ཅོག་གསུམ་གྱི་སྒྲ་ཐོས་པ་དང་། ཡང་དག་པའི་ལྟ་བ་དང་ལྡན་པ་དང་། ལོག་པའི་ལྟ་བ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། སངས་རྒྱས་མཐོང་བ་དང་མི་འབྲལ་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་ཀླུའི་སྡེའི་བུམ་པ་དེ་རྒྱལ་པོ་ཆེན་པོ་བཞིའི་སྲས་རྣམས་ཀྱིས་དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་བའི་བསླབ་པ་ཞུས་ཏེ། རིན་པོ་ཆེའི་གཏེར་བུམ་མང་པོ་ཕུལ་བས་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བུམ་པ་བཟང་པོ་བསྒྲུབ་པ་དང་། ལྷའི་བདུད་རྩིའི་ཆུས་ལས་ཀྱི་སྒྲིབ་པ་ཐམས་ཅད་འཁྲུ་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། འཁར་གསིལ་གྱི་སྒྲ་གྲགས་པ་གང་གིས་ཐོས་པའི་ནད་ཀྱི་རིགས་སུ་གཏོགས་པ་མ་ལུས་པ་ཞི་བ་དང་། སྡུག་བསྔལ་གྱི་རིགས་ཐམས་ཅད་ལས་གྲོལ་བ་དང་། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་ཞི་བ་དང་། དཀོན་ཅོག་གསུམ་ལ་དད་པ་ཐོབ་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་སྦེད་བྱེད་ཀྱི་གླེགས་བམ་དེ་སུས་མཐོང་བ་དང་རེག་


GLG012_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འཆང་བ་དེ་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་བ་དང་། ཁྱད་པར་དུ་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་བ་དང་། ཆོས་ཀྱི་རྒྱལ་པོ་ཐོབ་པར་འགྱུར་པ་དང་། ཡང་དག་པའི་ཤེས་རབ་རྒྱས་པར་འགྱུར་བ་དང་། སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་མི་ཕྱེད་པ་རི་རབ་ཀྱི་བྱང་ཕྱོགས་སུ་གནོད་སྦྱིན་གྱི་གནས་སུ་བྱོན་ཏེ། གནོད་སྦྱིན་ཕོ་དང་། མོ་དང་། བུ་དང་། བུ་མོ་མང་པོ་ཐམས་ཅད་ཐར་པ་ལ་བཀོད་དེ། དེ་དག་གི་གནོད་པ་དང་གདུག་རྩུབ་ཞི་བར་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཞིག་གནང་བ་དེ་སུས་མཐོང་བ་དང་རེག་པ་དང་ཡིད་ལ་བྱེད་པ་དེའི་དོན་ཐམས་ཅད་འགྲུབ་པ་དང་། བསླབ་གསུམ་གྱིས་མཛེས་པར་འགྱུར་བ་དང་། བཀྲ་ཤིས་པ་དང་། དགེ་བ་དང་། ལེགས་པ་ཐམས་ཅད་འབྱུང་པ་དང་། མི་དགེ་བ་བཅུ་སྤྱད་པའི་སྡིག་པ་ཐམས་ཅད་དག་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་ཡན་ལག་འབྱུང་གིས་གདུལ་བྱའི་དབང་གིས་སྤོས་ངད་ལྡང་ལ་བསམ་གཏན་ལ་མཉམ་པར་འཇོག་ཏུ་བྱོན་པའི་ཚེ། དེའི་ལྷ་དང་ལྷ་མ་ཡིན་པ་གནོད་སྦྱིན་ཆེན་པོ་དཔག་ཏུ་མེད་པ་ཐར་པ་ལ་བཀོད་པས། ལྷ་རྣམས་ཀྱིས་བསིལ་ཡབ་ཀྱི་རྔ་ཡབ་ཕུལ། ལྷ་མ་ཡིན་དང་གནོད་སྦྱིན་གྱིས་སྤོས་དྲི་ཞིམ་པོའི་སྣོད་དང་བཅས་པ་ཕུལ་ཏེ། འཕགས་པའི་སྤོས་ཕོར་དེ་གང་གིས་མཐོང་རེག་དྲི་ཚོར་བ་ཐམས་ཅད་ལ་ཚུལ་ཁྲིམས་ཀྱིས་ཕྱོགས་བཅུར་ཁྱབ་པ་འབྱུང་བ་དང་། ལྷ་མི་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་།


GLG012_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འཕྲོག་པ་དང་། ནད་དང་སྡུག་བསྔལ་ཞི་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། རྔ་ཡབ་ལས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་དཔག་ཏུ་མེད་པ་འབྱུང་བ་དང་། སེམས་ཅན་གང་ལ་རེག་པ་དང་གང་གིས་མཐོང་བ་ཐམས་ཅད་ཀྱི་དྲུག་རྩ་བའི་ཉོན་མོངས་པ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་པ་ས་བོན་དང་བཅས་པ་ཞི་བ་དང་། ལུས་སེམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་མ་ཕམ་པའི་ཕྱག་མཉམ་པར་གཞག་པའི་ཡོན་ཏན་ནི། གདུལ་བྱ་གང་གིས་མཐོང་བ་དང་རེག་པ་དང་ཡིད་ལ་བྱས་པ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པ་དང་འཕེལ་བ་དང་། དཔལ་ཆེན་པོ་དཔག་ཏུ་མེད་པ་ཐོབ་པ་དང་། གྲགས་པ་སྙན་པ་ཕྱོགས་བཅུར་གྲགས་པ་དང་། ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་དང་ལྡན་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་ནགས་ན་གནས་ཀྱི་ཕྱག་གཡས་པ་ཞི་བའི་སྡིགས་མཛུབ་དེ་གང་ལ་བསྟད་པ་དེའི་འབྱུང་བ་ཆེན་པོ་བཞིའི་གནོད་པ་ཞི་བ་དང་། འདྲེ་དང་སྲིན་པོ་མ་རུངས་པ་དང་། ཀླུ་གདུག་པ་ཅན་དང་། གནོད་སྦྱིན་གཏུམ་པོ་དང་གཞན་ཡང་ལྷ་མ་སྲིན་གཏུམ་པོ་ཐམས་ཅད་ཀྱི་གདུག་པ་ཞི་བ་དང་། དུལ་བ་དང་། བཀའ་བཞིན་ཉན་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། རྔ་ཡབ་ཀྱིས་གདུལ་བྱ་གང་ལ་གཡབས་པའི་བསིལ་བ་ཕོག་པ་ལ་ཕྱགས་པས་སྒོ་གསུམ་གྱི་


GLG012_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་དག་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་དང་གང་ཟག་གི་བདག་ཏུ་འཛིན་པའི་ལོག་པར་རྟོག་པ་དང་། ཆོས་ཀྱི་བདག་ཏུ་འཛིན་པའི་ལོག་པར་རྟོག་པ་ཞི་བར་འགྱུར་བ་དང་། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་རྟོགས་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་དུས་ལྡན་གྱིས་འདོད་ཁམས་ལྷའི་ཡུལ་དུ་བྱོན་པའི་ཚེ་ལྷའི་བུ་དང་བུ་མོ་ལ་སོགས་པ་ཐམས་ཅད་ཐར་པ་ལ་བཀོད་པས། རིན་པོ་ཆེའི་རྣ་རྒྱན་ལ་སོགས་པའི་རྒྱན་མང་པོ་ཕུལ་ཏེ། དེས་བྱིན་གྱིས་བརླབས་པས། རྣ་ཀོར་དེ་གང་ལ་རེག་པ་དང་མཐོང་བའི་གང་ཟག་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གྱི་སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་དང་ཕྱིར་མི་ལྡོག་པ་ཐམས་ཅད་འདུ་བར་འགྱུར་བ་དང་། གཞན་ཡང་སྐལ་པ་ཆེན་པོ་དང་ལྡན་པའི་ཞི་གནས་དང་ལྷག་མཐོང་དང་བློ་གྲོས་དང་དད་པ་ཤེས་རབ་དང་ལྡན་པའི་འཁོར་མང་པོ་འདུ་བར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་གསེར་བེའུས་ཀླུའི་ཡུལ་དུ་བསོད་སྙོམས་ལ་བྱོན་ཏེ། ཀླུ་དཔག་ཏུ་མེད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་བཅུག་པས། ཀླུ་རྣམས་ཀྱིས་རིན་པོ་ཆེའི་ཞགས་པ་ཅི་དགོས་པ་འབྱུང་བ་ཕུལ། དེ་ལ་འཕགས་པས་བྱིན་ཀྱིས་བརླབས་པས། གདུལ་བྱ་གང་ལ་རེག་པ་དང་མཐོང་བ་ཐམས་ཅད་ཀྱིས་དྲན་པ་མི་བརྗེད་པ་ཐོབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་


GLG012_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཐམས་ཅད་ཐོས་པ་དང་། གཟུངས་ཀྱི་སྒོ་མང་པོ་འཐོབ་པ་དང་། སྤོབས་པ་རྒྱ་ཆེན་པོ་འཐོབ་པ་དང་། ཤེས་རབ་རྒྱ་ཆེན་པོ་འཐོབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུའི་ཕྱག་གཡས་ཞི་བའི་སྡིགས་མཛུབ་དང་། གཡོན་རྔ་ཡབ་བསྡམས་པའི་གཡས་པའི་སྡིགས་མཛུབ་ཀྱིས་གདུལ་བྱ་གང་ལ་བསྟད་པ་དེ་ལ། བདག་མཐོང་བ་དང་རེག་པ་དང་ཐོས་པ་དང་དེ་ཚོར་བ་དང་ཡིད་ལ་བྱེད་པ་དང་བསྙེན་བཀུར་རིམ་གྲོ་བྱེད་པ་དང་། མ་དད་པས་ཕྱིར་རྒོལ་པ་ལ་སོགས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ངེས་པར་བྱེད་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། དྲི་ཟའི་ཡུལ་དུ་བསོད་སྙོམས་ལ་བྱོན་པའི་ཚེ། དྲི་ཟ་ཕོ་མོ་བུ་དང་བུ་མོ་ལ་སོགས་པ་དུ་མ་ཐར་པ་ལ་བཀོད་པས། སྨན་དྲི་ཞིམ་པོ་དུ་མས་བསྒོས་པའི་རྔ་ཡབ་མང་པོས་མཆོད་ཅིང་ཕུལ་བ་དེ་འཕགས་པས་བྱིན་གྱིས་བརླབས་ཏེ། གདུལ་བྱ་གང་གིས་མཐོང་བ་དང་རེག་པ་དང་དེ་ཚོར་བས་ཡེ་ཤེས་ཐམས་ཅད་དང་ལྡན་པ་དང་། དབང་ཕྱུག་ཐམས་ཅད་ཀྱིས་ཕྱུག་པ་དང་། ལུས་མཚན་བཟང་པོ་དང་དཔེ་བྱད་ཕུན་སུམ་ཚོགས་པས་བརྒྱན་པ་འཐོབ་པ་དང་། ལུས་ལ་འོད་དང་འོད་ཟེར་མཐའ་ཡས་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱིས་བརྒྱན་པའི་འོད་ཀྱིས་གང་ལ་རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་འཐོབ་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་བཟང་པོའི་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱའི་ཡོན་ཏན་ནི། གདུལ་བྱ་གང་གིས་


GLG012_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དང་། རེག་པ་དེ་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ཚིག་དང་དོན་མ་ལུས་པ་རྒྱུད་ལ་སྐྱེ་སྟེ་རྟོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཅི་བསམས་པའི་དོན་འགྲུབ་པར་འགྱུར་བ་དང་། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟབ་མོའི་དོན་ཁོང་དུ་ཆུད་པར་འགྱུར་བ་དང་། གཡོན་མཉམ་གཞག་གི་ཡོན་ཏན་ནི། ཏིང་ངེ་འཛིན་དུ་མ་ལ་གདུལ་བྱ་མང་པོ་འཁོད་ཅིང་མངོན་ཤེས་དང་རྫུ་འཕྲུལ་དུ་མ་དང་ལྡན་པར་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ལམ་ལོག་པ་ཐམས་ཅད་ལས་བཟློག་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་དེར་འགྲོ་བར་འགྱུར་བ་དང་། ཉོན་མོངས་པའི་དགྲ་ཆོམས་པ་དང་། ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པར་ཚར་གཅོད་ཅིང་གདུལ་བྱར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་བ་ར་དྷ་ཛ་གསེར་ཅན་གྱི་ཕྱག་གཉིས་མཉམ་པར་བཞག་པའི་ཡོན་ཏན་ནི། གདུལ་བྱ་གང་གི་མདུན་དུ་ཕྱག་རྒྱ་དེ་བཅས་པའི་གདུལ་བྱ་དེ་ངན་འགྲོ་ལས་ཐར་ཏེ་རབ་ཏུ་དགའ་བ་དང་། བདེ་བ་རྒྱས་པར་འགྱུར་བ་དང་། རིག་པའི་ཡེ་ཤེས་རྒྱས་པར་འགྱུར་བ་དང་། ནམ་མཁའ་རྣམ་པར་དག་པ་ལྟར་དཀར་པོའི་ཡོན་ཏན་ཐམས་ཅད་རྒྱུད་ལ་རྒྱས་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་ཆེན་པོ་བ་ཀཱུ་ལའི་ནེའུ་ལེའི་ཡོན་ཏན་ནི། གདུལ་བྱ་གང་གིས་མཐོང་བ་དང་རེག་པ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་བ་དང་། བྱམས་པ་དང་སྙིང་རྗེ་ཆེན་པོ་རྒྱས་པར་འགྱུར་པ་ལ་


GLG012_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་སོ། །གནས་བརྟན་དྷརྨ་ཏཱ་ལ་ལ་ཡང་ཡོན་ཏན་དུ་མ་ཡོད་པར་བཤད་དེ། དགེ་བསྙེན་གྱི་ཆ་ལུགས་བཟུང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་དུས་ཡིན་པར་བཤད་གསུངས། གསུམ་པ་ནི། བླ་མའི་ཞལ་ནས། ཁ་ཆེ་པཎ་ཆེན་ལ་བླ་མ་ཁྲོ་ཕུ་བས་ཞུས་པ་ནི་བཞེད་པས། ཐུབ་པས་བཀའ་བསྒོ་བསྟན་པའི་རྒྱལ་མཚན་འཛིན། །མྱ་ངན་མི་འདའ་མངོན་སུམ་ཡུལ་ཀུན་ཏུ། །ལྷ་མིའི་བསོད་ནམས་དཔལ་ཞིང་འཚོ་གཞེས་པ། །རྒྱལ་ཚབ་དགྲ་བཅོམ་བཅུ་དྲུག་ཞབས་ལ་འདུད། །ཏེ་སེའི་གངས་ལ་དགྲ་བཅོམ་ཡན་ལག་འབྱུང་། །དྲང་སྲོད་རི་ངོགས་ཤེལ་ན་མ་ཕམ་པ། །ལོ་མ་བདུན་རིས་བཙུན་པ་ནགས་ན་གནས། །ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགས། །སིང་ག་ལ་ནི་རྡོ་རྗེ་མོ་ཡི་བུ། ཆུ་བོ་ཡ་མུ་ན་གླིང་བཟང་པོ་བཞུགས། ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེའུ། །ནུབ་གླིང་བ་ར་དྷ་ཛ་གསེར་ཅན་བཞུགས། །སྒྲ་མི་སྙན་ན་དཔལ་ཆེན་བ་ཀུ་ལ། པྲི་ཡང་ཀུ་ན་གནས་བརྟན་སྒྲ་གཅན་འཛིན། །བྱ་རྒོད་སྤུངས་པར་དགྲ་བཅོམ་ལམ་ཕྲན་བསྟན། །ཤར་གླིང་བ་ར་དྷ་ཛ་བསོད་སྙོམས་ལེན། །སུམ་ཅུ་གསུམ་ན་འཕགས་པ་ལམ་བསྟན་བཞུགས། །ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ། །རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་བཞུགས། །གངས་རིའི་རྒྱལ་པོར་མི་ཕྱེད་པ་བཞུགས་ཏེ། །འཕགས་ཆེན་གནས་བརྟན་རྒྱལ་པོ་བཅུ་དྲུག་པོ། །རེ་རེ་བཞིན་ཡང་དགྲ་བཅོམ་


GLG012_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་འཕྲིན་ལས་སྐྱོང་། །ཆོས་སྲུང་འགྲོ་དོན་མཛད་ལ་ལེགས་སྐྱོབ་མཛོད། །ཅེས་པའི་དོན་ནི། སངས་རྒྱས་འདས་ཀྱང་འདི་རྣམས་བཞུགས་པས་རྒྱལ་ཚབ་ཆེན་པོ་བཅུ་དྲུག་ཅེས་བྱ་བ་བདག་གཞན་གྱི་བཀྲ་ཤིས་དང་དགེ་ལེགས་ཐམས་ཅད་འབྱུང་བས་དཔལ་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། དགྲ་བཅོམ་པའི་ཚོགས་ཆེན་པོ་སྐྱོང་བས་གནས་བརྟན་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། ཚུལ་ཁྲིམས་ཀྱི་ཕུང་པོ་ཆེན་པོར་བཞུགས་པས་སྡོམ་བརྩོན་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྐྱོང་བས་བཙུན་པ་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། བསླབ་པ་རིན་པོ་ཆེ་གསུམ་དང་ཆོས་སྤྱོད་བཅུ་རྒྱས་པར་སྐྱོང་བས་དགེ་སྦྱོང་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། སྒྲིབ་པ་གཉིས་སྤངས་ཤིང་ཡོན་ཏན་ཁྱད་པར་འཕགས་པས་འཕགས་པ་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། །སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་སྟེ་ངོ་བོ་སངས་རྒྱས་ཡིན་པས་ཐུབ་པ་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། བདུད་བྱེ་བ་བརྒྱ་ཡིས་ཀྱང་བལྟ་བ་ལ་སོགས་པ་མི་ཕྱེད་པས་མི་ཕྱེད་པ་བཅུ་དྲུག་ཏུ་མཚན་གསོལ། དགྲ་བཅོམ་པ་ཆེན་པོ་འདུལ་བ་འཛིན་པ་ཆེན་པོ་ཉན་ཐོས་ཀྱི་ཆ་ལུགས་སུ་བཞུགས་པས་ཉན་ཐོས་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། དཀོན་ཅོག་གསུམ་པོ་ཐམས་ཅད་ཀྱི་ངོ་བོ་ཡོན་ཏན་གྱི་ཕུང་པོ་མཐའ་ཡས་པར་བཞུགས་ཤིང་གདུལ་བྱའི་རྒྱུད་ལ་ཡོན་ཏན་འཕེལ་བར་མཛད་པས་དཔལ་ལྡན་ཆེན་པོ་བཅུ་དྲུག་མཚན་གསོལ། སྡིག་པ་དང་ཉོན་མོངས་པ་ལས་རྒྱལ་བར་


GLG012_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ་སངས་རྒྱས་ཉིད་དུ་བཞུགས་ཤིང་ཕས་ཀྱི་རྒོལ་བ་ངན་པས་མི་བསྐྱོད་པས་རྒྱལ་པོ་བཅུ་དྲུག་ཏུ་མཚན་གསོལ། སྐུ་ཉན་ཐོས་ཀྱི་ཆ་ལུགས་སུ་བཞུགས་ནས་བྱང་ཆུབ་སེམས་དཔའི་འཕྲིན་ལས་ཀྱི་མཛད་པ་སྐྱོང་བས་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཏུ་མཚན་གསོལ། སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་འཛིན་པ་དང་སྐྱོང་བ་དང་བསྲུང་བར་མཛད་པས་ཆོས་སྐྱོང་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྐྱེན་ངན་དང་ནད་གདོན་སྡིག་སྒྲིབ་དང་འཇིགས་པ་ཐམས་ཅད་ལས་སྐྱོབ་པས་སྐྱབས་གནས་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། དུས་གསུམ་གྱི་ཤེས་བྱ་ཐམས་ཅད་དང་གང་ཟག་གི་བསམ་པ་ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པ་བཅུ་དྲུག་ཏུ་མཚན་གསོལ། འདོད་པ་ཆུང་བ་དང་ཆོག་ཤེས་པ་དང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་མཆོག་ཏུ་གྱུར་ཅིང་ལྷ་མོའི་བསོད་ནམས་གསོག་པའི་ཞིང་དུ་བཞུགས་པས་བསོད་སྙོམས་པ་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། ཐུབ་པས་བཀའ་བསྒོ་ནས་སངས་རྒྱས་ཀྱི་བསྟན་པའི་རྒྱལ་མཚན་ཆེན་པོ་འཛིན་པས་སྤྲུལ་པའི་སྐུ་ཆེན་པོ་བཅུ་དྲུག་ཏུ་མཚན་གསོལ། དཀོན་ཅོག་གསུམ་གྱི་ཡོན་ཏན་གྱི་ཚོགས་ཆེན་པོ་དང་ལྡན་པས་རིན་པོ་ཆེའི་ཕུང་པོ་བཅུ་དྲུག་ཏུ་མཚན་གསོལ། བསྟན་པའི་རྒྱལ་མཚན་བཟུང་ནས་སེམས་ཅན་བསླབ་པ་གསུམ་ལ་འགོད་ཅིང་མ་རིག་པའི་མུན་པ་སེལ་བས་བསྟན་པའི་སྒྲོན་མེ་བཅུ་དྲུག་ཏུ་མཚན་གསོལ་ཏེ། འདི་རྣམས་ལ་གསོལ་འདེབས་གདམས་ངག་གི་གནད་གསུམ་


GLG012_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚང་ཞིང་། ཁ་ཆེ་པཎ་ཆེན་ཉིད་ཀྱང་དགེ་སྦྱོང་ཆེན་པོ་འདི་རྣམས་ཀྱི་གཅིག་ཡིན་པར་ཐེ་ཚོམ་མེད་པས་ཡིད་ཆེས་པའི་གནས་ཡིན་ནོ། །གསུམ་པ་གསོལ་བ་གདབ་ཚུལ་ལ་གོ་རིམ། བསམ་པའི་ཁྱད་པར། སྐུ་གཟུགས། རྣམ་གྲངས་བསྟན་པ་དང་བཞི་ལས། དང་པོ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་ཀྱིས་རྒྱ་ཆེ་ལ་ཡུན་རིང་བར་མཆོད་པར་འདོད་པ་དང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འཕེལ་བར་འདོད་པ་དང་། ལྷག་པ་སེམས་ཀྱི་བསླབ་པ་བརྟན་པར་བྱ་བ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྟོགས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་རྨི་ལམ་དུ་ལུང་བསྟན་པ་ཐོབ་པར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་གིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་གང་ཟག་དང་ཆོས་ཐམས་ཅད་ལ་མི་ཕྱེད་པའི་དད་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་། མི་ཞུམ་པའི་སྙིང་སྟོབས་དང་། རྗེས་སུ་འཇུག་པའི་སྒྲུབ་པ་དང་ལྡན་པར་འདོད་པ་དང་། ཡུལ་ཕྱོགས་གང་དུ་བདག་ཉིད་འདུག་ཀྱང་ཡུལ་ཕྱོགས་དེའི་རིའི་ལྷ་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ཤིང་གི་ལྷ་དང་། ནགས་ཀྱི་ལྷ་དང་། ཚལ་གྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། འབྱུང་པོ་གདུག་པ་ཅན་དང་། ཡི་དྭགས་ལ་སོགས་པ་ནག་པོ་གདུག་པ་ཅན་ཐམས་ཅད་ཀྱང་རང་བཞིན་ཀྱིས་དུལ་བ་ཞི་བར་འདོད་པ་དང་། རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་


GLG012_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་དང་། ལྕེ་འབབ་པ་དང་། བྱུར་འབག་པ་དང་། པྲ་ངན་པ་དང་། བྲམ་ཟེའི་དམོད་པ་བྱུང་བ་དང་། སྔགས་ཀྱི་མངོན་སྤྱོད་ལ་སོགས་པ་བཟློག་པར་འདོད་པ་དང་། གཟའ་དང་སྐར་མ་ངན་པ་དང་། སྐག་དང་མ་མོའི་བྱད་དང་། གཤིན་རྗེའི་འཁྲུལ་འཁོར་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་གདུག་རྩུབ་དང་། གདོན་ཆེན་པོ་བརྒྱད་ལ་སོགས་པ་ནག་པོའི་ཕྱོགས་ཐམས་ཅད་རང་བཞིན་གྱིས་ཞི་སྟེ། ཡུལ་ཕྱོགས་བཀྲ་ཤིས་པ་དང་། བྱིན་ཆགས་པ་དང་། ལོ་ཏོག་རྒྱས་པ་དང་། གཏམ་སྙན་ཡང་ཐོབ་པར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་མ་ཕམ་པས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །ཡུལ་ཁྱད་པར་ཅན་ལ་སྡིག་བསགས་པ་དང་། ཉོན་མོངས་པའི་ཀུན་སློང་དྲག་པོས་སྡིག་བསགས་པ་དང་། ཡུན་བསྐལ་པ་མང་པོར་སྡིག་བསགས་པ་དང་། དངོས་པོ་ལྕི་བ་དཀོན་ཅོག་གསུམ་དང་དགེ་འདུན་གྱི་དཀོར་ལ་འབགས་པ་དང་། སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་ཉམས་པ་བཤགས་ཏེ་སྡོམ་པར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་ནགས་ན་གནས་ཀྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་སྦྱོང་བར་འདོད་པ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དམ་པའི་ཆོས་ཐམས་ཅད་གཟུང་བར་འདོད་པ་དང་། སེམས་ཅན་མཐའ་ཡས་པ་ཐམས་ཅད་བྱང་ཆུབ་སེམས་


GLG012_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་རང་སངས་རྒྱས་དང་ཉན་ཐོས་ཀྱི་ཐེག་པ་ལ་འགོད་པར་འདོད་པ་དང་། བདག་ལ་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཀྱིས་དགོངས་པར་འདོད་པ་དང་། རྟག་ཏུ་མཁན་པོ་དང་སློབ་དཔོན་དང་དགེ་འདུན་ཐམས་ཅད་ཀྱི་ཡིད་དུ་འོང་བས་ཐུགས་ཀྱིས་འཛིན་པར་འདོད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷན་ཅིག་ཏུ་འགྲོགས་པར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་དུས་ལྡན་གྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་རྟེན་དང་དཔུང་གཉེན་དང་སྐྱབས་བྱ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་རྟག་ཏུ་སངས་རྒྱས་དང་འགྲོགས་པ་ཐོབ་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་སྡིག་པ་སྤོང་བ་དང་། ཆོས་དགེ་བ་བཅུ་སྤྱོད་པ་དང་། ལྷ་དང་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བསམ་པ་དང་སྨོན་པ་འཕེལ་བར་འདོད་པ་དང་། དགྲ་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཞི་བར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུས་ཐོག་དྲངས་ཏེ་གསོལ་བ་གདབ་བར་བྱའོ། །འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། ཚུལ་བཟང་ཞིང་གཉེན་པའི་འཁོར་ཐོབ་པར་འདོད་པ་དང་། བདག་དང་གཞན་གྱི་ཤེས་རབ་འཕེལ་བར་འདོད་པ་དང་། ཆོས་ཐམས་ཅད་ཀྱི་སྤྱི་དང་བྱེ་བྲག་ལ་མ་རྨོངས་པ་ཤེས་པ་དང་། མཉམ་པར་བཞག་པ་ལ་སྒྲིབ་པ་མེད་པ་དང་། མཁན་པོ་དང་། སློབ་དཔོན་དང་། རྒྱུན་དུ་ཞུགས་པ་དང་། ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། སློབ་པ་དང་། མི་སློབ་པ་དང་། སོ་སོ་སྐྱེ་བོའི་དགེ་འདུན་ཐམས་ཅད་ལ་གུས་པ་ཐོབ་པར་འདོད་


GLG012_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ལྷ་དང་བཅས་པའི་མཆོད་པའི་གནས་སུ་བདག་འགྱུར་བར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་བཟང་པོས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །བདག་ཉིད་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་མི་འབྲལ་བ་དང་། འཁོར་རྣམ་བཞི་བདག་ལ་གུས་པས་ཉན་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་འབྱུང་པོ་དང་ས་བླ་བའི་གནོད་སྦྱིན་ལ་སོགས་པ་ཐམས་ཅད་བདག་ལ་གུས་པས་བཀའ་བཞིན་རྗེས་སུ་སྒྲུབ་པར་འདོད་པ་དང་། རྒྱལ་པོ་དང་བློན་པོ་ཆེན་པོ་དང་རྒྱལ་པོའི་སྲས་པོ་དང་བཙུན་མོ་དང་འབངས་དང་ཁྱེའུ་དང་བུ་མོ་དང་སྐྱེས་པ་དང་བུད་མེད་དང་བྲམ་ཟེའི་རིགས་སྔགས་འཆང་དང་དྲང་སྲོང་སྨོན་ལམ་གྲུབ་པ་ལ་སོགས་པ་ཐམས་ཅད་བདག་ལ་གུས་པས་འགྲོགས་པ་དང་། གཏམ་བྱ་བ་དང་། བཀའ་བཞིན་རྗེས་སུ་སྒྲུབ་པར་འདོད་པ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་འབྱུང་པོ་དཀར་པོ་ལ་དགའ་བ་གཟི་བརྗིད་ཆེ་བ་རྣམས་ཀྱིས་བདག་གི་ལུས་ཀྱི་གཟི་བརྗིད་བསྐྱེད་པ་དང་། སེམས་ཀྱི་མཐུ་བསྐྱེད་པར་འདོད་པ་དང་། གཞན་ཡང་གང་ཟག་ཐམས་ཅད་ཀྱི་རྒྱུད་འཇམ་པ་དང་། ཞི་བ་དང་། དུལ་བ་དང་དད་པ་དང་། བརྩོན་འགྲུས་དང་། ཤེས་རབ་རྒྱས་པར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་གསེར་བེའུས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །གྲགས་པ་དང་སྙན་པ་ཐོབ་པར་འདོད་པ་དང་། བུད་མེད་སྐྱེ་བ་ཕྱི་མ་ལ་སྐྱེས་པའི་ལུས་ཐོབ་པར་འདོད་པ་དང་། ཁྱེའུ་དང་བུ་མོ་ཡིད་དུ་འོང་བ་ཐོབ་པར་འདོད་པ་དང་། གྲོགས་གཉེན་བཤེས་ལ་


GLG012_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཡིད་དུ་འོང་བ་དང་འགྲོགས་པར་འདོད་པ་དང་། རྒྱལ་པོ་དང་བློན་པོ་དང་རྒྱལ་པོའི་བུ་དང་བཙུན་མོ་དམ་པ་ལ་སོགས་པ་དང་དགའ་བས་འགྲོགས་ལ་གཏམ་བྱ་བར་འདོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཞལ་མཐོང་བ་འདོད་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོའི་ཆོས་ཀྱི་འགྲོ་བ་མཛད་པ་བལྟ་བར་འདོད་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རླབས་པོ་ཆེ་མཛད་པ་བལྟ་བར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྲས་ཐུ་བོར་བདག་སྐྱེ་བར་འདོད་པ་དང་། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི་ཕན་ཡོན་འཐོབ་པར་འདོད་པ་དང་། གྲོགས་པོ་དམ་པ་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་མི་འབྲལ་བར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷཱ་ཛ་གསེར་ཅན་གྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །ངན་སོང་གསུམ་དང་མི་ཁོམ་པའི་གནས་བརྒྱད་ལས་ཐར་པར་འདོད་པ་དང་། སེམས་ཅན་བཀྲེས་པ་དང་སྐོམ་པ་དང་གཅེར་བུ་དང་འོན་པ་དང་ལོང་བ་དང་དབང་ཆུང་བ་དང་ལྐུགས་པ་དང་དིག་པ་དང་རྨོངས་པ་དང་གླེན་པ་ལས་ཐར་པར་འདོད་པ་དང་། ལྷ་དབུལ་པོ་དང་མི་དབུལ་བོ་ལས་ཐར་པར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་བ་ཀཱུ་ལས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །སངས་རྒྱས་ཐམས་ཅད་བསྐལ་པ་བསམ་གྱིས་མི་ཁྱབ་པར་འཇིག་རྟེན་འདིར་བཞུགས་ཏེ་ཆོས་སྟོན་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དུག་གསུམ་ལ་སོགས་པ་ཐམས་ཅད་ཞི་བར་འདོད་པ་དང་། མི་ཁོམ་པའི་གནས་ལ་སོགས་


GLG012_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་དུ་དཀོན་ཅོག་གསུམ་གྱི་སྒྲ་གྲགས་པས་དེ་དག་གི་སྡུག་བསྔལ་ཞི་བར་འདོད་པ་དང་། བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་གྱི་འཁོར་འདུས་པར་འདོད་པ་དང་། རང་དང་གཞན་གྱི་ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཚོམ་དང་སོམ་ཉི་དང་ཡིད་གཉིས་མེད་པར་སེམས་རྩེ་གཅིག་ཏུ་མོས་ཤིང་སྤྱོད་པར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་སྒྲ་གཅན་ཟིན་གྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །ཏིང་ངེ་འཛིན་དཔའ་བར་འགྲོ་བ་ལ་སོགས་པ་བརྒྱ་སྟོང་ཕྲག་དུ་མ་ལ་མཉམ་པར་བཞག་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པར་འདོད་པ་དང་། མངོན་པར་ཤེས་པ་ལྔ་དང་། སྤྱན་ལྔ་དང་། སོ་སོ་ཡང་དག་པར་རིག་པ་དང་། མི་འཇིགས་པ་ཐོབ་པར་འདོད་པ་དང་། སྐྱེ་བའི་སྡུག་བསྔལ་གྱིས་ཉམ་ང་བ་དང་། སྲིད་པའི་སྡུག་བསྔལ་གྱིས་ཉམ་ང་བ་དང་། སྒོ་གསུམ་སྡིག་པ་སྤྱོད་པས་ཉམ་ང་བ་དང་། དྲུག་རྩ་བའི་ཉོན་མོངས་པ་དང་ཉི་ཤུ་ཉེ་བའི་ཉོན་མོངས་པས་ཉམ་ང་བ་དང་། བྱིས་པ་བླུན་པོའི་སྤྱོད་པ་མི་ཤེས་པས་ཉམ་ང་བ་དང་། སྡིག་པའི་གྲོགས་པོའི་དབང་དུ་སོང་བས་ཉམ་ང་བ་དང་། དལ་བ་དོན་མེད་པའི་སྤྱོད་པས་དུས་འདའ་བའི་ཉམ་ང་བ་དང་། དུས་ངན་པས་འཇིགས་ཤིང་བསོད་ནམས་ལོག་པར་བསྔོས་པའི་ཉམ་ང་བ་སྟེ་ཉམ་ང་བ་བརྒྱད་དང་བྲལ་བར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་གྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །སེམས་ཅན་ནད་ཀྱིས་ཉེན་པ་དང་། སྡུག་བསྔལ་གྱིས་ཉེན་


GLG012_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རྒྱལ་པོའི་ཆད་པས་ཉེན་པ་དང་། ཆོམ་རྐུམ་གྱིས་ཉེན་པ་དང་། བསྡིགས་པ་དང་གསོད་པས་ཉེན་པ་དང་། ལུས་སེམས་སྟོབས་དང་ཉམ་ཆུང་བས་ཉེན་པ་དང་། འཚེ་བ་དང་གནས་མེད་པས་ཉེན་པ་དང་། ལྕེ་འབར་པས་འཇིགས་ཏེ་ཉེན་པ་དང་། ལྷའི་གདོན་ལ་སོགས་པ་གདོན་དྲག་པོས་མནར་ཏེ་ཉེན་པ་དང་། ཕོངས་པ་སྣ་ཚོགས་ཀྱིས་ཉེན་པ་སྟེ་ཉེན་པ་བཅུ་ལས་ཐར་བར་འདོད་པས། གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་བསོད་སྙོམས་ལེན་གྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་གཞོན་ནུ་ལ་རབ་ཏུ་བྱུང་བར་འདོད་པ་དང་། རབ་ཏུ་བྱུང་བའི་བར་ཆད་ཐམས་ཅད་དང་བྲལ་བར་འདོད་པ་དང་། ལྷ་དང་མི་ཐམས་ཅད་ཀྱིས་རབ་ཏུ་བྱུང་བའི་གྲོགས་བྱེད་པར་འདོད་པ་དང་། ངེས་པར་འབྱུང་བའི་སེམས་གཏན་དུ་ཐོབ་པ་དང་། རབ་ཏུ་འབྱུང་བ་ལ་བརྩོན་པ་དང་། གུས་པར་འདོད་པ། རྟག་ཏུ་ཚངས་པར་སྤྱོད་པས་སྡེ་སྣོད་གཟུང་བར་འདོད་པ་དང་། རྟག་ཏུ་ཚངས་པར་སྐྱོད་པ་ལྷུར་ལེན་པ་གཙང་མའི་འཁོར་ཐོབ་པར་འདོད་པ་དང་། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་བཅུ་གཉིས་འཆད་པ་དང་། ཉན་པ་དང་། བྲི་བ་དང་། འཆང་བ་དང་། ཀུན་ཆུབ་པར་བྱ་བ་འདོད་པ་དང་། མ་འདྲེས་པ་དང་། མ་གོད་པ་དང་། མ་སྦགས་པ་དང་། སྐྱོན་མེད་པ་དང་། མ་རལ་བ་དང་། མཁས་པས་བསྔགས་པའི་ཚུལ་ཁྲིམས་ལ་གནས་པར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་ལམ་བསྟན་གྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །སྡོམ་པ་གསུམ་ཡོངས་སུ་དག་པར་འདོད་པ་དང་། ཐེག་པ་ཆེན་


GLG012_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སེམས་ཡོངས་སུ་སྦྱོང་བར་འདོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོའི་རོལ་པས་ངོམས་པ་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་འགྱུར་བར་འདོད་པ་དང་། ཐོས་པའི་དོན་ལ་སེམས་པ་ལས་སུ་རུང་བར་འདོད་པ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་དགེ་སློང་འབའ་ཞིག་དང་འགྲོགས་པར་འདོད་པ་དང་། སྐྱེ་བ་ཐམས་ཅད་དུ་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པདྨའི་ཁ་རྫུས་ཏེ་སྐྱེ་བར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་དག་པར་སྐྱེ་བར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་ཀླུའི་སྡེས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །སངས་རྒྱས་དང་མྱུར་དུ་མཇལ་བར་འདོད་པ་དང་། མཆོད་པས་མཉེས་པར་འདོད་པ་དང་། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དུ་རྟོགས་པར་འདོད་པ་དང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་བཞིན་མེད་པ་ཉིད་དང་། མཚན་ཉིད་མེད་པ་ཉིད་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཉིད་རྟོགས་པར་འདོད་པ་དང་སེམས་ཅན་མྱ་ངན་དང་། མུ་གེ་དང་། མཚོན་གྱི་བསྐལ་པ་དང་། ནད་ཀྱི་བསྐལ་པ་དང་། གཅན་གཟན་གཏུམ་པོ་དང་། ཕ་རོལ་གྱི་དམག་ཚོགས་དང་། སྦྲུལ་དང་། མེ་དང་། ཆུ་དང་། རིམས་དང་བཙན་དང་། ཀླུ་གདུག་པ་དང་། གནོད་སྦྱིན་གདུག་པ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་བར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་སྦེད་བྱེད་ཀྱིས་ཐོག་དྲངས་ནས་གསོལ་བ་གདབ་པར་བྱའོ། །མཉམ་གཞག་བསྒོམ་


GLG012_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞི་གནས་དང་ལྷག་མཐོང་འཕེལ་བར་འདོད་པ་དང་། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་རང་གི་རྒྱུད་ལ་སྐྱེ་བ་དང་བརྟན་པ་དང་འཕེལ་བར་འདོད་པ་དང་། གཞན་ཡང་དཀོན་ཅོག་གསུམ་དང་རྟག་ཏུ་མི་འབྲལ་བར་འདོད་པ་དང་། རང་གི་འཁོར་དུ་ཆོས་ཉན་པ་དང་། འཆད་པ་དང་། དགེ་སློང་གི་དགེ་འདུན་ཆོས་བྱེད་པ་འཕེལ་བར་འདོད་པ་དང་། སེམས་ཅན་ལྟ་ན་སྡུག་པ་དང་གཟུགས་བཟང་བ་དང་གཅིག་ལ་གཅིག་ཡིད་དུ་འོང་བ་དང་། བདེ་བ་དང་། འབྱོར་པ་འཕེལ་བར་འདོད་པ་དང་། ཡུལ་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་ཞི་བ་ལ་སོགས་པར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་མི་ཕྱེད་པས་ཐོག་དྲངས་ཏེ་གསོལ་བ་གདབ་པར་བྱའོ། །ཞེས་བྱམས་པ་ལུང་བསྟན་པའི་མདོ་ལས་གསུངས་སོ། །ཞེས་གསུངས་སོ། །གཉིས་པ་བསམ་སྦྱོར་ཇི་ལྟར་བྱ་བ་ནི། འཕགས་པ་གནས་བརྟན་ཆེན་པོ་རྣམས་ལ་རང་གཞན་གྱི་སྡིག་པ་སྦྱོང་བའི་གསོལ་བ་གདབ་པར་འདོད་ན། གནས་བརྟན་ཆེན་པོ་དགྲ་བཅོམ་པ་དཔག་ཏུ་མེད་པའི་ཚོགས་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དགྲ་བཅོམ་པའི་རྣམ་པར་བྱོན་ཏེ། ཕྱག་ན་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་བ་བསྣམས་ནས་བདག་ལ་སོགས་པ་ལ་ཁྲུས་གསོལ་བར་བསམས་ལ། གསོལ་འདེབས་ཀྱི་ཡི་གེ་འདོན་ཞིང་། མཐར་གསོལ་བ་གདབ་པ་ནི། རྒྱལ་བ་གང་དག་ཡོན་ཏན་གྱི་ཀླུ་དཔག་ཏུ་མེད་པར་གྱུར་པ་ཉོན་མོངས་པའི་ཆུ་བོའི་འདམ་རྫབ་ལས་ཡང་དག་པར་བརྒལ་པ། སྟོང་པ་ལྡན་ཞིང་ཚུལ་ཁྲིམས་རྣམ་པ་དག །བཟོད་པ་ཆེན་པོའི་མཆོག་


GLG012_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་དང་། བརྩོན་འགྲུས་སྦྱངས་ཤིང་སྙིང་པོ་གཡོ་བ་མི་མངའ་བའི་བསམ་གཏན་ཆེན་པོ་དང་ལྡན་པ་དང་། མཁྱེན་རབ་རྣོ་བ་ཐོགས་པ་མེད་པ་དང་ལྡན་པ། འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ། དོན་ལ་མངོན་པར་བརྩོན་པ། བྱམས་པའི་ཐུགས་ཀྱི་བདག་ཉིད་ཅན་དེ་རྣམས་ལ་བདག་གི་ལུས་དང་ངག་དང་ཡིད་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་གིས་བདག་སྡིག་པ་ཐམས་ཅད་ལས་བདག་རྣམ་པ་ཐམས་ཅད་དུ་སྐྱབ་ཏུ་གསོལ། སྡུག་བསྔལ་དུ་མས་གདུངས་པའི་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་བརྩོན་པས་དྲང་དུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ངན་འགྲོ་ལས་དྲང་ཞིང་བྱང་ཆུབ་ཆེན་པོ་ལ་མྱུར་དུ་བཞག་ཏུ་གསོལ། བདག་སྲས་གཅིག་དང་འདྲ་བར་ཐུགས་བརྩེ་བར་དགོངས་སུ་གསོལ། བདག་སློབ་མ་སྡུག་པ་དང་འདྲ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་རྗེ་ཆེན་པོའི་ཆབ་ཀྱིས་བདག་བཀྲུ་བར་གསོལ། ངོ་ཚ་མཁྱེན་པའི་ན་བཟའ་དག་ལ་དགག་ཏུ་གསོལ། བྱང་ཆུབ་ཡན་ལག་གི་མེ་ཏོག་རྣམས་ཀྱིས་བདག་ལ་གཏོར་དུ་གསོལ། རྒྱལ་བ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། སེང་གེའི་སྒྲ་ཆེན་པོས་བདག་ལ་ལུང་བསྟན་དུ་གསོལ། བདག་རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་གཞོན་དུ་རབ་ཏུ་བྱུང་བ་དང་། ལྐོག་མ་ཡིན་པའི་རབ་ཏུ་བྱུང་བ་དང་། ཡང་དག་པའི་རབ་ཏུ་བྱུང་བ་དང་། དེ་བཞིན་གཤེགས་པའི་རབ་ཏུ་བྱུང་བས་རབ་ཏུ་བྱུང་བར་གྱུར་ཅིག །དེ་ཡང་འཇིག་རྟེན་ལས་ཁྱད་པར་དུ་འཕགས་པ། སྐྱོན་མ་འདྲེས་པ། རྙོག་པ་མེད་པ། ལྷ་དང་མི་མངོན་པར་དགའ་བ། སངས་རྒྱས་དང་བྱང་ཆུབ་སེམས་


GLG012_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཐམས་ཅད་ཀྱིས་བསྔགས་པ། སེམས་ཅན་ལ་སྨན་པའི་སླད་དུ་བདག་རབ་ཏུ་འབྱུང་བར་གྱུར་ཅིག །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་གསོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། ཞེས་གསོལ་བ་གདབ་སྟེ། མདོ་ན་བཞུགས་སོ་གསུང་། འཕགས་པ་གནས་བརྟན་ཆེན་པོ་རྣམས་ལ་འཇིག་རྟེན་དུ་ཆོས་ཀྱི་བཤད་ཉན་དང་། སངས་རྒྱས་ཀྱི་བསྟན་པ་དར་བར་གསོལ་བ་གདབ་པར་འདོད་ན། འཕགས་པ་ཉན་ཐོས་དགྲ་བཅོམ་པ་ཆེན་པོ་རྣམས་དང་། གནས་བརྟན་ཆེན་པོ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དགྲ་བཅོམ་པའི་རྣམ་པར་མདུན་གྱི་ནམ་མཁའམ་རང་གི་གནས་སུ་བྱོན་ནས། ཕྱག་ན་སྡེ་སྣོད་ཀྱི་གླེགས་བམ་བསྣམས་ཤིང་ཆོས་འཆད་པའི་ཕྱག་རྒྱས་བཞུགས་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་སྒྲ་སྒྲོག་པར་བསམས་ལ། གསོལ་འདེབས་ཀྱི་ཡི་གེ་འདོན་ཞིང་། མཐར་གསོལ་བ་གདབ་པ་ནི། འགྲོ་བའི་མུན་སེལ་བསྟན་པའི་སྒྲོན་མ་འཛིན། ཁྱོད་ཀྱིས་བདུད་རྩིའི་གྲོང་ཁྱེར་སྒོ་དབྱེར་གསོལ། །ཆོས་ཀྱི་རྔ་ཆེན་དམ་པ་རྡུང་དུ་གསོལ། །ཆོས་ཀྱི་དུང་གི་མཆོག་ཀྱང་འབུད་དུ་གསོལ། །ཆོས་ཀྱི་སྒྲོན་མ་མཆོག་ཀྱང་སྤར་དུ་གསོལ། །ཆོས་ཀྱི་ཆར་པ་དམ་པ་དབབ་ཏུ་གསོལ། །ཆོས་ཀྱི་རྒྱལ་མཚན་དམ་པ་བསྒྲེང་དུ་གསོལ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་དུ་གསོལ། །ཉོན་མོངས་དགྲ་ཚོགས་རྣམས་ལས་རྒྱལ་བར་མཛོད། །སྲིད་པའི་མཚོ་ལས་སེམས་ཅན་བསྒྲལ་དུ་གསོལ། །ངན་སོང་གསུམ་གྱི་ལམ་རྣམས་དགག་ཏུ་གསོལ། །སྲོག་ཆགས་ཉོན་མོངས་མེས་


GLG012_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་ཞི་མཛད་པ། །ཡེ་ཤེས་རལ་གྲིས་ཉོན་མོངས་རྒྱ་དྲལ་གསོལ། །ཆོས་ཀྱི་བདུད་རྩིས་སེམས་ཅན་ཚོམ་མཛད་གསོལ། །བྱང་ཆུབ་ཡོན་ཏན་རྒྱ་མཚོ་ངོམས་མཛད་གསོལ། །སེམས་ཅན་སྡུག་བསྔལ་མཚོ་ལས་ཐར་མཛད་གསོལ། བདེ་བ་ཀུན་གྱི་རྒྱ་མཚོ་ཐོབ་མཛད་གསོལ། །སྔོན་ཆད་སུས་ཀྱང་མ་བསྐོར་བའི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་དགེ་འདུན་ཐམས་ཅད་འདུན་པ་མཐུན་པས། སྙིང་གི་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་ན་ཆོས་བྱེད་པ་དང་ཆོས་བྱེད་ཀྱི་བཤད་ཉན་འཕེལ་ལོ་གསུང་། དགེ་སློང་ཚུལ་ཁྲིམས་རྣམ་པར་དག་མང་པོ་འདུས་ནས་གསོལ་འདེབས་ཀྱི་ཡི་གེ་གསུང་བསྒྲག་ཅིང་། སྐབས་སུ་ཚིག་འདི་རྣམས་ཀྱིས་གསོལ་བ་བཏབ་ན་ཚེ་འདིར་སངས་རྒྱས་ཀྱི་བསྟན་པ་དར་བར་འགྱུར་ལ་ཚེ་ཕྱི་མ་ལ་རང་ཅག་སངས་རྒྱས་ཀྱི་བསྟན་པ་དར་བ་དང་ཐེག་པ་ཆེན་པོའི་ཆོས་ལ་ཐོས་བསམ་སྒོམ་ངོམས་པ་མེད་པར་བྱེད་པ་ཡིན་ནོ་ཞེས་བླ་མ་གསུང་ངོ་། གནས་བརྟན་ཆེན་པོ་རྣམས་ལ་རང་གི་རྒྱུད་ལ་བསླབ་པ་རིན་པོ་ཆེའི་ཆོས་སྐྱེ་བར་གསོལ་བ་གདབ་པར་འདོད་ན། །གནས་བརྟན་ཆེན་པོ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དགྲ་བཅོམ་པའི་རྣམ་པར་རང་གི་མདུན་ན་སྐྱིལ་ཀྲུང་དང་མཉམ་གཞག་ཏུ་བཞུགས་ཏེ་བདག་བྱིན་གྱིས་རློབ་པར་བསམས་ལ། གསོལ་འདེབས་ཀྱི་ཡི་གེ་འདོན་ཞིང་། མཐར་གསོལ་བ་གདབ་པ་ནི། སངས་རྒྱས་སྤྲུལ་པའི་དགྲ་བཅོམ་པ། །འཕགས་པ་གནས་བརྟན་དགེ་སྦྱོང་ཆེ། །དཀོན་ཅིག་རིན་ཅེན་གསུམ་གྱི་དངོས། །ཉན་ཐོས་ཆེན་པོ་སྤྲུལ་པའི་སྐུ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་


GLG012_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འཕགས་པའི་དགེ་སློང་དགྲ་བཅོམ་པ། ཁྲི་དང་དྲུག་སྟོང་བཞི་བརྒྱ་རྣམས། །དགྲ་བཅོམ་ཟག་ཟད་ཉོན་མོངས་མེད། བྱ་བ་བྱས་ཤིང་བྱེད་པ་བྱས། །སེམས་ཤེས་ཤེས་རབ་རྣམ་པར་གྲོལ། །ཅང་ཤེས་རྟ་དང་གླང་ཆེན་བཞིན། ཁུར་བོར་རང་དོན་རབ་ཏུ་ཐོབ། །སྲིད་པར་ཀུན་སྦྱོར་ཡོངས་ཟད་པས། །སེམས་ཀྱི་དབང་རྣམས་མཆོག་ཐོབ་པ། །མངོན་ཤེས་རྫུ་འཕྲུལ་ཡོན་ཏན་དང་། །ཡོན་ཏན་རྒྱ་མཚོའི་ཕ་རོལ་བྱོན། །འཕགས་པ་གནས་བརྟན་ཁྱེད་རྣམས་ནི། །སེམས་ཅན་རྣམས་ལ་ཐུགས་བརྩེ་བས། །མ་དུལ་བ་ནི་དུལ་བར་མཛད། །མ་དག་དག་པར་མཛད་པ་པོ། །མགོན་སྐྱབས་མེད་ལ་མགོན་སྐྱབས་མཛད། །མ་གྲོལ་གྲོལ་བར་མཛད་པ་པོ། །མ་ཞི་བ་རྣམས་ཞི་བར་མཛད། །སྨན་ཆེན་སྨན་པའི་རྒྱལ་པོ་ལྟར། །སེམས་ཅན་རྣམས་ཀྱི་གསོས་གྱུར་པ། །རིག་དང་ཞབས་སུ་ལྡན་པ་ཡི། །སྦྱིན་གནས་དུལ་ཞིང་དགེ་འདུན་ཆེ། །ཞུགས་པ་རྣམ་པ་བཞི་དང་ནི། །འབྲས་ལ་གནས་པ་བཞི་རྣམས་ལ། །བདག་ཅག་གུས་པས་ཕྱག་འཚལ་ལོ། །བྱིན་རླབས་ཆེན་པོ་མཛད་དུ་གསོལ། །དད་ལྡན་བསོད་ནམས་གང་འདོད་པ། །རྫས་ལས་བྱུང་བའི་བསོད་ནམས་ནི། རྟག་ཏུ་བྱེད་པ་རྣམས་ཀྱི་ཞིང་། །གང་ལ་ཕུལ་ན་འབྲས་ཆེ་བ། །དེ་ལ་གུས་པས་ཕྱག་འཚལ་ལོ། །བདག་རྒྱུད་ཞི་དང་དུལ་བ་ཡི། །ཐུགས་རྗེ་ཐུགས་བརྩེར་མཛད་པར་གསོལ། །ཞེས་རང་གི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཕགས་པ་དགྲ་བཅོམ་པ་རྣམས་ལ་གསོལ་བ་བཏབ་


GLG012_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་གཅིག་པས་བྱིན་གྱིས་བརླབ་པར་བསམས་ན། རང་གི་བློ་སྣ་བཟང་པོ་གོང་ནས་གོང་དུ་འཕེལ་བར་འགྱུར་རོ་ཞེས་གསུང་ངོ་། །ནོར་འདོད་ན་ཐམས་ཅད་ཀྱི་ཕྱག་ན་ནེའི་ལེ་བསྣམས་པར་བསམ། ཉམས་མྱོང་འཕེལ་བར་འདོད་ན་ཐམས་ཅད་མཉམ་གཞག་ཏུ་བསམ། བཀྲ་ཤིས་པར་འདོད་ན་ཐམས་ཅད་གཟི་བརྗིད་དང་ལྡན་པ་ཕྱག་ན་ཟས་བཟང་པོས་བཀང་པའི་ལྷུང་བཟེད་བསྣམས་པར་བསམ་པར་བྱའོ། །གསུམ་པ་སྐུ་གཟུགས་ཇི་ལྟར་བྱ་བ་ནི། དགེ་འདུན་གྱི་ལོངས་སྤྱོད་འཕེལ་བར་འདོད་ན། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་འཁོར་གནས་བརྟན་ཆེན་པོ་བཅུ་དྲུག །དྷརྨ་ཏཱ་ལ་དང་བཅས་པས་བསྐོར་བའི་སྐུ་གཟུགས་ལེགས་པར་བཞེངས་ལ། རབ་གནས་ཚད་དང་ལྡན་པར་བྱས་ཏེ་དགེ་འདུན་གྱི་གནས་བརྟན་བཞུགས་པའི་རྩིག་ངོས་ལ་ངོས་ཁུང་ལེགས་པར་བྱས་ལ། དེར་བཞུགས་པ་ལ་མཆོད་པ་ཕུན་སུམ་ཚོགས་པ་དང་བཅས་པར་བྱས་ཏེ། སྒོ་བཅད་ནས་ཞལ་ཞལ་ལེགས་པར་བྱས་ལ། དགེ་འདུན་ལ་བསྙེན་བཀུར་བྱེད་པའི་དུས་སུ་གནས་བརྟན་གྱི་སྐུ་སྐལ་སྡེར་བཟང་དུས་རྒྱུན་དུ་ཕུལ་བས། དགེ་འདུན་གྱི་ལོངས་སྤྱོད་འཕེལ་ཞིང་བསྟན་པ་རྒྱས་པར་འགྱུར་རོ། །བཞི་པ་རྣམ་གྲངས་བསྟེན་པ་ནི། གཏོར་མ་མཆོད་པ་ལ་བརྟེན་པ་སོགས་མང་ནའང་རྒྱས་པར་མ་སྤྲོས་སོ། །བཞི་པ་ཆོ་ག་དངོས་ལ། ཡོ་བྱད་བཤམས་པ། བྱིན་གྱིས་བརླབས་པ། དངོས་གཞི། རྗེས་ཀྱི་བྱ་བ་དང་བཞི་ལས། དང་པོ་ནི། གནས་ཡིད་དུ་འོང་བ་ག་བདར་དང་། ཆག་ཆག་ལེགས་པར་གདབ། ཕན་གདུགས། རྒྱལ་མཚན། བླ་བྲེ།


GLG012_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁེབས་སོགས་ས་རྒྱན་གནམ་རྒྱན་གྱིས་མཚོན་པ་བཀོད་པས་མཛེས་པར་བྱ། སྨན་བླའི་མདོ་ཆོག་ཏུ་ཕོ་བྲང་ལ་བྲིས་འབུར་གྱིས་སྐུ་འགོད་པར་བཤད་ནའང་། འདིར་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བཤད་པས་རྩིག་པ་ལྟ་བུར་འགྲམ་པའམ་སྟེགས་ཀྱི་ཁར་བཞུགས་པས་ཆོག །གནས་བཅུའི་རྗེས་གནང་སྔགས་ལུགས་སུ་གཏོགས་པས་དཀྱིལ་འཁོར་ལ་ཡང་ཐིག་ཚོན་གྱི་ཆོ་ག་ངེས་པར་དགོས་པ་རིགས་གསུམ་སྤྱི་སོགས་དཀྱིལ་ཆོག་གཞན་ནས་ཁ་འགེང་ལ་འདིར་མདོ་དང་འབྲེལ་བའི་གཞལ་ཡས་ཁང་འབྲི་བར་བྱིན་རླབས་ཀྱི་ཆོ་ག་མི་དགོས། འོན་ཀྱང་ཙནྡན། སྤོས་དཀར་དྲི་ཞིམ་པའི་དཀར་གསུམ་ལྡེ་གུས་བྱུག་པ་དབྱིབས་ཤིན་ཏུ་དངས་པར་འགྱུར་བའི་སྟེང་དུ་རིན་པོ་ཆེ་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པ་ལ་བརྟེན་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་ཕྱི་ཐིག་དང་ནང་དུ་ལྟེ་བ་པདྨ་འདབ་མ་བཅུ་དྲུག་གིས་བསྐོར་བའི་ལྟེ་བ་དང་འདབ་མ་སྒོ་བཞི་ཤར་སྒོའི་ཐད་ཀྱི་ལྷ་སྣམ་ལ་ཚིམ་བུ་རེ་འགོད་པ་ནི་མགྲོན་སྤྱན་འདྲེན་པའི་གདན་ལས་བརྟེན་བསྐྱེད་པ་མིན་པས་གཞི་རྟེན་གྱི་དཀྱིལ་འཁོར་ཟེར། མཆོད་པའི་མཎྜལ་ནི། སྒོར་མཆོད་ཀྱི་ཚུལ་དུ་མཎྜལ་ཟླུམ་པོ་བཅུ་དྲུག་ལ་རི་རབ་གླིང་བཞི་སོགས་རྒྱས་པ་ཚོམ་བུ་སོ་བདུན་མ་བསྡུས་པར་ཚོམ་བུ་བདུན་མ་རྡུལ་མཚོན་ནམ་རས་བྲིས་གང་རུང་དེ་མ་འགྲུབ་ན་འབྲུའི་ཚོམ་བུ་འགོད། མཎྜལ་མ་འགྲུབ་ན་མདུན་དུ་རྒྱས་པ་ཚར་གཅིག་བཤམ། མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་རྣམ་ལྔ་སྤྲོ་ན་ཉེར་གཉིས། འབྲིང་དུ་བྱེད་ན་ཐུབ་དབང་། གནས་བརྟན་བཅུ་དྲུག །དགེ་


GLG012_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་དྷརྨ་དང་རྒྱལ་ཆེན་བཞི་བཅས་པར་ཚར་གསུམ། དེ་ཡང་མ་འགྲུབ་ན་སྤྱིར་ཚར་གཅིག །རྒྱལ་ཆེན་བཞི་ལ་གཙང་གཏོར་སོ་སོའམ་བསྡུ་ན་གཅིག །ཕྱོགས་སྐྱོང་དང་གཞི་བདག་ལའང་བཤམ གཞན་ཡང་རྒྱལ་སྲིད་སྣ་བདུན། ཉེ་བའི་རིན་ཅེན་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། འདོད་ཡོན་ལྔ། གདུགས། རྒྱལ་མཚན། བ་དན། རྔ་ཡབ། བསིལ་ཡབ། རྔ་དུང་སིལ་སྙན། ཁྲུས་ཆས། སྐུ་ཕྱིས། ཆོས་གོས་རྣམ་གསུམ་ལྷུང་བཟེད། བསིལ་བྱེད། སྐུ་ཆིངས། མཆིལ་ལྷམ་སོགས་རྫས་དང་ཡོ་བྱད་མ་ཚང་བ་མེད་པ་བཀོད། བྱེ་བྲག་མཆོད་པའི་ཁྱད་པར་ནི་དངོས་གཞི་འདྲ་བ་ལ་སྔ་དྲོའི་དུས་ཞལ་ཟས་ལ་ལྷ་བསོས་རྒྱན་ལྡན། འབྲས་ཆན། འཁུར་བ། དཀར་གསུམ་གྱི་བཟའ་བ། བཅའ་བ། མྱང་བ། ལག་པ། མུར་བ། བཏུང་བ་ལ་སོགས་པ་རྒྱས་པར་བཅུ་བདུན་ནམ། བསྡུ་ན་གཉིས་སམ་གཅིག །ཕྱི་དྲོ་དཀར་གསུམ། མངར་གསུམ། ཤིང་ཏོག་སོགས་ལོངས་སྤྱད་དུ་རུང་བའི་ཞལ་ཟས། བཏུང་བ་ལ་སྔ་ཕྱིའི་ཁྱད་པར་མེད་པས་འོ་མ། མངར་གསུམ་གྱི་ཁུ་བ། ཇ་དང་དྲི་བཟང་པོའི་རིགས་ཀྱི་མཆོད་ཡོན་བྱའོ། །གཉིས་པ་བྱིན་གྱིས་བརླབ་པ་ལ་ས་གཞི་དང་། མཆོད་པ་གཉིས་ལས་དང་པོ་ནི། ལུས་བཀྲུ་བ་དང་གོས་གཙང་མ་གྱོན་པ་ཕྱི་ཁྲུས། ཤ་ཆང་སྒོག་བཙོང་དུ་བ་ངན་པ་རྔུབ་པ་སོགས་སྤངས་ནས་དཀར་གསུམ་ལ་བརྟེན་པ་ནང་གི་ཁྲུས། ཉོན་མོངས་པ་དུག་གསུམ་གྱི་གཉེན་པོ་བསྟེན་པ་གསང་བའི་ཁྲུས། གྲོགས་ཚངས་པར་མཚུངས་པའི་དགེ་སློང་དང་། དགེ་ཚུལ། དགེ་བསྙེན་གཙང་


GLG012_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཞུགས་ན་ལེགས་། གཞན་ཡང་ཡོན་བདག་ཕོ་མོ་སོགས་ཡིན་ན་སྐྱབས་གསུམ་འཛིན་པའི་དགེ་བསྙེན་སྡོམ་པ་ལྟ་བུ་དང་། ཐེག་པ་ཆེན་པོའི་གསོ་སྦྱོང་ངམ་སོ་ཐར་གྱི་ཡན་ལག་བརྒྱད་པ་ལེན་དུ་གཞུག །དགེ་ཚུལ་སློང་རྣམས་ཀྱིས་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས་ན་ལེགས། བསྟན་པ་རྒྱས་པ། ཡུལ་ཁམས་བདེ་བ། ནད་གདོན་ཞི་བ། ཚེ་དང་ལོངས་སྤྱོད་འཕེལ་བ་སོགས་ཀྱིས་མཚོན་བྱ་བ་གང་ཡིན་པ་དེ་ཉིད་དེར་འཁོད་ཐམས་ཅད་བསམ་པ་ཕྱོགས་གཅིག་པར་བྱ་དགོས་ཚུལ་ཀུན་གྱིས་གོ་བ་གནས་བརྟན་རྒན་པོ་ཞིག་གིས་བརྡ་སྤྲད། དཀོན་ཅོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་བདེན་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་ཁྱབ་པའི་སྟོབས་ཀྱིས། དེང་འདིར་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ལ་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདི་དག་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་འགྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྦྲུལ་གྱི་སྙིང་པོ་དྲི་བསུང་ངད་ལྡན་


GLG012_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷའི་མེ་ཏོག་སྣ་ཚོགས་ཀྱི་བཅལ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་པ། གསེར་དང་། དངུལ་དང་། མུ་ཏིག་གི་ཕྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་། ཀུ་མུད་དང་། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང་། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ་དང་། དགའ་ཞིང་འཕྱོ་ལ་ལྡང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྗིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ། ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་འཕྲེང་དང་། རིན་པོ་ཆེ་དཔྱངས་པས། མེ་ཏོག་གི་མགོ་ལྕོགས་དང་། འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་སྒྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ལ། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའི་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་


GLG012_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ་ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས་དྲན་པ་དང་། བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ནས་འཇུག་པ་རིན་པོ་ཆེ་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ། པདྨའི་གདན་རིན་པོ་ཆེ་སེང་གེའི་ཁྲིའི་སྟན་ལ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་གནས་བརྟན་ཆེན་པོ་དང་། དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་བཞུགས་གནས་འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་དང་མངའ་ཐང་དང་འཚམ་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཅེས་ལན་གསུམ་བརྗོད་དོ། །གཉིས་པ་མཆོད་པ་བྱིན་རླབས་ནི། ཕྱི་ནང་ཀུན་ཏུ་ཡང་ཆོ་རིས་དང་འཚམ་པར་ལྷ་དང་མིའི་ཡོ་བྱད་དམ་པ། ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་ལྡན་པ་ཡིད་དུ་འོང་བ། གྱ་ནོམ་པའི་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། ལྡག་པ་དང་། རྔུབ་པ་དང་། གཞིབ་པ་ལ་སོགས་པ་ཞལ་ཟས་བཤམ་པར་བྱ་བ་སྣ་ཚོགས་པ་ཁྱད་པར་ཅན་དག་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་ཕུལ་དུ་ཕྱིན་པ་སྣ་ཚོགས་པ། ཕུང་པོ་གསུམ་པའི་མདོ་དང་། བཟང་


GLG012_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་དོ། །གསུམ་པ་ཆོ་ག་དངོས་གཞི་ལ། སྤྱན་དྲང་བ། བཞུགས་སུ་གསོལ་བ། ཚོགས་བསག་པ། གསོལ་བ་གདབ་པ་བཞི་ལས། དང་པོ་ནི། སྔར་བཞིན་འདུན་པ་རྩེ་གཅིག་པས་སྤོས་སྣ་རོལ་མོ་དང་བཅས་པས་འདི་སྐད་དུ། དེ་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་གིས་འཛམ་བུ་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་། སྔོན་གྱི་སྨོན་ལམ་ཁྱད་པར་ཅན་ལས་གླེངས་ཏེ། བདག་ཅག་མངའ་རིས་ཀྱི་གདུལ་བྱ་རྣམས་ཕྱག་མཚན་དུ་བཞེས་པའི་ནང་དུ་གཏོགས་ཏེ་བཀའ་དྲིན་ཐོབ་པའི་འཕྲོ་མཆིས་པ་ཙམ་ལ་བརྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། ཞེས་དང་། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་སེང་གེ །ཤཱཀྱའི་རྒྱལ་པོ་འཇིག་རྟེན་ན་བཞུགས་ཤིང་ཡོངས་སུ་མྱ་ངན་ལས་མ་འདས་པའི་ཚེ་འཕགས་པ་གང་དག་ཡང་དག་པའི་ཤེས་རབ་ཀྱི་མེས་ཉོན་མོངས་པ་ཤིང་དང་འདྲ་བ་བསྲེགས་ཏེ།


GLG012_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ལེགས་པར་བཅོམ་པ་དེ་དག་ལས་གང་ལ་ལ་ཞིག་ལ་འདི་ལྟ་བུས། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་ཀུན་གྱི་བསོད་ནམས་ཀྱི་དཔལ་ཞིང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་མངོན་སུམ་དུ་བཞུགས་ཤིང་འཕགས་པའི་ཚིག་བདེན་པས་ངེས་པར་ཞལ་གྱིས་བཞེས་པ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་ལ་འདི་ལྟ་སྟེ། པྲི་ཡངྐུའི་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་སྒྲ་གཅན་ཟིན་དང་། བྱ་རྒོད་ཕུང་པོའི་རི་ལ་འཕགས་པ་གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་དང་། ཤར་གྱི་ལུས་འཕགས་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་བསོད་སྙོམས་ལེན་དང་། ལྷའི་གནས་སུམ་ཅུ་རྩ་གསུམ་ན་འཕགས་པ་གནས་བརྟན་ཆེན་པོ་ལམ་བསྟན་དང་། རིའི་རྒྱལ་པོའི་ངོས་ཡངས་པ་ན་འཕགས་པ་གནས་བརྟན་ཆེན་པོ་ཀླུའི་སྡེ་དང་། རིའི་རྒྱལ་པོ་བྷི་ཧུ་ལ་ན་འཕགས་པ་གནས་བརྟན་ཆེན་པོ་སྦེད་བྱེད་དང་། གངས་རིའི་རྒྱལ་པོ་ལ་འཕགས་པ་གནས་བརྟན་ཆེན་པོ་མི་ཕྱེད་པ་དང་། གངས་རི་ཆེན་པོ་ཏེ་སེ་ལ་འཕགས་པ་གནས་བརྟན་ཆེན་པོ་


GLG012_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་འབྱུང་དང་། དྲང་སྲོང་རིའི་ངོགས་ཤེལ་ནགས་ན་འཕགས་པ་གནས་བརྟན་ཆེན་པོ་མ་ཕམ་པ་དང་། རི་ནགས་ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན་འཕགས་པ་གནས་བརྟན་ཆེན་པོ་ནགས་ན་གནས་དང་། ཟངས་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་དུས་ལྡན་དང་། ཆུ་བོ་ཡ་མུ་ནའི་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་བཟང་པོ་དང་། སིངྒ་ལ་ཡི་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་རྡོ་རྗེ་མོ་ཡི་བུ་དང་། ཁ་ཆེའི་ཡུལ་ན་འཕགས་པ་གནས་བརྟན་ཆེན་པོ་གསེར་བེའུ་དང་། ནུབ་ཀྱི་བ་ལང་སྤྱོད་ན་འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་དང་། བྱང་གི་སྒྲ་མི་སྙན་ན་འཕགས་པ་གནས་བརྟན་ཆེན་པོ་བ་ཀཱུ་ལ་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པའི་ཚོགས་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་དང་། འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་ལ་དང་། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་པོ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས། ཆོས་ཟབ་མོ་ལ་གནས་པར་མཁས་པ། དམིགས་པ་མེད་པའི་ཆོས་ཀྱི་ངེས་པར་འབྱུང་བ། སྤྱོད་ལམ་ཆེན་པོ་མཛེས་པ། ཕུན་སུམ་ཚོགས་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ། འཕགས་པ་ཡུལ་རྣམས་ཐ་དད་པ་དག་ན་བཞུགས་པའི་དགྲ་བཅོམ་པ་ཐམས་ཅད་དང་། རྒྱུན་དུ་བཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ལ་སོགས་པ་འཕགས་པའི་ཚོགས་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ཐུགས་སུ་ཆུད་པ། སེམས་དྲི་མ་མེད་པར་དྭངས་ཤིང་ཚུལ་ཁྲིམས་འདྲེན་མ་མ་ཡིན་པ། དགེ་བ་ལ་རྣམ་པར་རྟོག་པའི་ཟླ་བ་ཤར་བའི་སྟོབས་


GLG012_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཏིང་ངེ་འཛིན་གྱི་མཚོ་འཇིང་རྣམ་པར་གཡོ་བའི་རྙོག་པ་དང་བྲལ་བ་དག་ལ། མཐའ་གཉིས་སྤངས་པ་བྱང་ཆུབ་ཡན་ལག་སྐྱོན་མེད་པའི་གཟུགས་མང་པོ་གསལ་བར་མཐོང་ནས་བྲིས་པ། འཕགས་ལམ་ཡན་ལག་བརྒྱད་ཀྱི་རི་བོས་ཕྱོགས་བརྟེན་པ། འབྲས་བུའི་བྱེ་བྲག་ཐོགས་པ་མེད་པ་ཐོབ་པ། འཕགས་པའི་བདེན་པ་དང་ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པའི་ཤིང་ལྗོན་པས་མཛེས་པར་བྱས་པ། དྲན་པ་ཉེ་བར་བཞག་པའི་ཆུ་བསིལ་པོ་དང་ལྡན་པ། སྒྲིབ་པའི་རོ་མི་གནས་པ། མངོན་པར་ཤེས་པ་དྲི་མ་མེད་པའི་པདྨ་རྒྱས་པས་མཛེས་པར་བྱས་པ། སྦྱངས་པའི་ཡོན་ཏན་གོམས་པས་དག་པའི་མུ་ཏིག་གི་ཉ་ཕྱིས་ཀྱི་ཁོག་ལུས་དང་ལྡན་པ། མངོན་པར་རྟོགས་པའི་ཆོས་ཉིད་གཏིང་མི་དཔོགས་ཤིང་ཟབ་པ། རྒྱུན་མ་འཆད་པར་ཀློག་པ་དང་། ཁ་ཏོན་བྱེད་པའི་སྒྲ་རྒྱ་ཆེར་འབྱུང་བ། འཕགས་པའི་དགེ་སློང་གི་དགེ་འདུན་གྱི་རྒྱ་མཚོ་ཆེན་པོ་ལ་བདག་གསོལ་བ་ནི། སྲིད་པའི་རྒྱ་མཚོར་འགྲོ་བ་གཅིག་ནས་གཅིག་ཏུ་ཟོ་ཆུན་གྱི་ཁྱུད་མོ་བཞིན་བདག་གི་སེམས་ནི་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བས་དུབ་པ། བདག་ལ་བསོད་ནམས་ཀྱི་སྟེགས་བུ། ཐམས་ཅད་མཁྱེན་པའི་རྐང་འཐུང་གི་གྲིབ་བསིལ་ཡེ་ཤེས་ཀྱི་རྫི་ངད་བཟང་པོ་ལྡང་བ་དགའ་ཚལ་ཏེ། དེ་དག་གི་དོན་དང་། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་སྐྱོབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། ཞེས་དང་། སྔོན་སངས་རྒྱས་མཐོང་བ། དམ་པའི་ཆོས་ཐོས་པ། རྒྱལ་པོ་ཆེན་པོ་བཞིའི་རིགས་ལ་སོགས་པ་ལྷ་དང་།


GLG012_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་དང་། གནོད་སྦྱིན་དང་། རིག་སྔགས་འཆང་དང་། གྲུབ་པ་དང་། མིའམ་ཅི་དང་། ནམ་མཁའ་ལྡིང་ལ་སོགས་པ་འབྱུང་པོ་ཆེན་པོ་རྣམས་ཀྱང་དམ་པའི་ཆོས་གནས་པར་བྱ་བ་དང་། སྦྱིན་བདག་ཆེན་པོ་འདིའི་ཡང་གྲོགས་བགྱི་བའི་སླད་དུ་སྤྱན་འདྲེན་ཞིང་མཆིས་ན་ཞེས་སོགས་བྱའོ། །གཉིས་པ་བཞུགས་སུ་གསོལ་བ་ནི། ཇི་སྐད་དུ། སྟོན་པ་བཅོམ་ལྡན་འདས་ལ་སོགས་དགེ་སློང་གི་དགེ་འདུན་འཕགས་པ་གནས་བརྟན་ཆེན་པོ་རྣམས་ནི། བདག་ཅག་གི་ཡོན་གནས་སུ་དད་དེ། དེ་ཡང་ཆོས་ཐམས་ཅད་ཐུགས་སུ་ཆུད་པས་རྣམ་པར་སངས་རྒྱས་པའི་སངས་རྒྱས་ཉི་མའི་འོད་ཟེར་གྱིས་གསལ་བར་རེག་ནས་ཤེས་རབ་ཀྱི་པདྨ་རྒྱས་པ། པདྨའི་འབྱུང་གནས་རྣམས་ལ་སྣང་མཛད་ཀྱི་འོད་ཀྱི་འཕྲེང་བ་བྱེ་བྲག་མེད་པར་ཁྱབ་པའི་ཏིང་འཛིན་གྱིས་ཁྱབ་པ་གང་ལགས། གཙུག་ཏོར་གྱི་ནང་ནས་ཀུན་ཏུ་འབྱུང་བའི་འོད་ཀྱི་དཀྱིལ་འཁོར་གྱིས་དུས་མཐའི་དཀྱིལ་འཁོར་གྱི་གནས་མ་ལུས་པ་བཀྲ་བར་བྱས་ཤིང་། གནོད་སྦྱིན་གྱི་བདག་པོའི་གཙུག་ཏོར་གྱི་ནོར་བུ་ཆེན་པོས་ཞབས་ཀྱི་སེན་མོ་ལ་འདྲེས་པར་བྱས་ནས་ཆོས་སྟོན་པ། ཞི་བར་གཞོལ་བའི་ལམ་དུ་འདྲེན་པ། འཇིག་རྟེན་འདྲེན་པ། མཉེས་གཤིན་པ། གཉེན་གཅིག་པུ་དག་ནི་མེ་མར་གྱིས་འཕྲེང་བ་ཚར་དུ་བཀོད་པའམ། གསེར་གྱི་མཆོད་སྡོང་བསྒྲིགས་པ་ལྟར་གསལ་བ། བདག་གི་སེམས་ཤེལ་གྱི་རང་བཞིན་ལ་ངོ་མཚར་བ་ཤར་བ་ཇི་ལྟ་བ་དེ་ལྟར་རིན་པོ་ཆེའི་ཕོ་བྲང་ཟད་མི་ཤེས་པའི་གཏེར་དང་ལྡན་པའི་གནས་སུ་རྣམ་པར་བརྒྱན་པའི་ཁྲི་རྣམས་ལ་འཁོད་པར་འཚལ་ཏེ། རིན་ཅེན་དུ་མ་ལས་གྲུབ་སེང་གེའི་ཁྲི། ཞེས་སོགས་ཀྱིས་གདན་ཕུལ། མཆོད་ཡོན་དང་།


GLG012_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བསིལ་ལ་སོགས་པ་དག་ཀྱང་བྱས་ཏེ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཞེས་སོགས་ཁྲུས་གསོལ་རྒྱས་པར་བྱེད། དྲི་མེད་སྐུ་ལ་སྒྲིབ་གསལ་མི་མངའ་ཡང་། །ཞེས་སོགས་ཀྱིས་ཆོས་གོས་དབུལ་ལོ། །གསུམ་པ་ཚོགས་གསག་པ་ལའང་སྔར་བཞིན་ཡན་ལག་བདུན་པ་བྱ་བ་ལས། དང་པོ་ཕྱག་འཚལ་བ་ལ་དང་པོར་སྟོན་པའི་ཕྱག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ལ་ཕྱག་འཚལ་ལོ། །མཉམ་མེད་ཤཱཀྱའི་གཙོ་བོ་བཅོམ་ལྡན་འདས། །ཉི་མ་གཞོན་ནུ་འདྲ་བའི་སྐུ་མངའ་ཞིང་། །མཚུངས་མེད་སྨོན་ལམ་དག་པ་ཡིད་མཁའ་ཡི། །རྣམ་པར་སྣང་མཛད་མཆོག་ལ་ཕྱག་འཚལ་ལོ། །གང་ཞིག་འབྱུང་བ་ཀུན་ལ་ཐུགས་བརྩེ་བས། །སྔོན་ཆད་མ་ཐོས་ཆོས་ཀྱི་འཁོར་ལོ་བསྐོར། །སྐྱོབ་པ་ལྷ་དང་མི་རྣམས་འདུལ་མཛད་པ། །སྲིད་པ་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ཏེ། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས་། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །འཇིག་རྟེན་གསུམ་ནི་བཀྲ་དང་ལྷང་ངེ་བ། །མགོན་པོ་མཆོག་ཁྱོད་ལ་ཡང་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་


GLG012_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཁྱོད་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བར་དུ་གཅོད་པའི་བདུད་ནི་འདུལ་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །སྟོབས་ཆེན་ཏིང་འཛིན་ཡེ་ཤེས་མཆེ་བ་ཅན། །གང་ཞིག་སྐྱེ་བའི་རང་བཞིན་གཟེབ་དྲལ་ནས། །མྱ་ངན་འདས་ཞི་འབྲོག་དགོན་ཞུགས་གྱུར་པ། །སྟོན་པ་གླང་པོ་དེ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་རྣམས་ཐམས་ཅད་རབ་བཅད་ཅིང་། །མུ་སྟེགས་ཚོགས་ནི་ཐམས་ཅད་བཅོམས་བྱས་ཏེ། །སྡེ་དང་བཅས་པའི་བདུད་ནི་བཏུལ་ནས་སུ། །བྱང་ཆུབ་མཆོག་བརྙེས་དེ་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་པའི་ཁ་ལོ་སྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཅེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ནམ་མཁའ་འདྲ་ཞིང་རྡུལ་བྲལ་དྲི་མ་མེད། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཡོན་ཏན་རྒྱ་མཚོ་རབ་ཟབ་ཐུགས་རྗེ་ཅན། །མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག །དེ་ནས་གནས་བརྟན་རྣམས་ཀྱི་ཕྱག་ལ། སྤྱན་དྲངས་ཟིན་ནས་སོ་སོའི་གནས་སྨོས་མི་དགོས་པས། ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་སྒྲ་གཅན་ཟིན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་ཀུན་ནས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་


GLG012_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འགྲོ་བའི་ཉོན་མོངས་ཐམས་ཅད་ཞི་མཛད་ཅིང་། །མི་ཁོམ་གནས་སུ་དཀོན་ཅོག་གསུམ་སྒྲ་སྒྲོགས། །སྟོང་དང་ཆིག་བརྒྱའི་འཁོར་བཅས་སྒྲ་གཅན་ཟིན། །རིན་ཆེན་པྲོག་ཞུ་བསྣམས་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་འཁོར་དགྲ་བཅོམ་པ་སྟོང་དྲུག་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཉམ་ང་བརྒྱད་ཀྱིས་གཙེས་པའི་སེམས་ཅན་རྣམས། །སྲེད་པའི་སྡུག་བསྔལ་སོགས་ལས་སྒྲོལ་མཛད་པ། །སྟོང་དང་དྲུག་བརྒྱའི་འཁོར་བཅས་ལམ་ཕྲན་བསྟན། ཕྱག་གཉིས་མཉམ་གཞག་མཛད་པ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷ་ཛ་བསོད་སྙོམས་ལེན་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ནད་དང་སྡུག་བསྔལ་ཆད་པས་ཉེན་ལ་སོགས། །ཉེན་པ་བཅུ་ལས་རྣམ་པར་ཐར་མཛད་པ། །སྟོང་ཕྲག་འཁོར་བཅས་འཕགས་པ་བསོད་སྙོམས་ལེན། །གླེགས་བམ་ལྷུང་བཟེད་བསྣམས་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་ལམ་བསྟན་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་


GLG012_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །གང་དག་མི་ཁོམ་གནས་ལས་ཡིད་འབྱུང་བར། །དེ་དག་རབ་ཏུ་འབྱུང་བར་འགྱུར་མཛད་པ། །དགུ་བརྒྱའི་འཁོར་བཅས་འཕགས་པ་ལམ་བསྟན་ནི། །གླེགས་བམ་ཆོས་འཆད་ཅན་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་ཀླུའི་སྡེ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མངལ་གྱི་དྲི་མར་ཡིད་འབྱུང་པདྨ་ལས། །བརྫུས་ཏེ་དག་པའི་ཞིང་དུ་བསྐྱེད་མཛད་པ། །སྟོང་དང་ཉིས་བརྒྱའི་འཁོར་བཅས་ཀླུ་ཡི་སྡེ། །བུམ་པ་འཁར་གསིལ་བསྣམས་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། འཕགས་པ་གནས་བརྟན་ཆེན་པོ་སྦེད་བྱེད་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །འཇིགས་པ་ཀུན་གྱིས་གཙེས་ཤིང་ཉམ་ཐག་པ། །དེ་དག་ཐམས་ཅད་བསྲུང་ཞིང་སྦ་བར་མཛད། །སྟོང་དང་བཞི་བརྒྱའི་འཁོར་བཅས་སྦེད་བྱེད་ནི། །ཕྱག་གིས་གླེགས་བམ་བསྣམས་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་མི་ཕྱེད་པ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །གདུག་པའི་གདོན་གྱིས་


GLG012_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

གཙེས་ཤིང་ཉམ་ཐག་པ། །དེ་དག་ཐམས་ཅད་ཞི་ཞིང་བདེ་བར་མཛད། །སྟོང་ཕྲག་འཁོར་བཅས་འཕགས་པ་མི་ཕྱེད་པ། །ཐལ་སྦྱར་བྱང་ཆེན་མཆོད་རྟེན་འཛིན་ཕྱག་འཚལ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །གང་དག་ནད་དང་སྡུག་བསྔལ་སྣ་ཚོགས་ཀྱིས། །གཙེས་རྣམས་དེ་དང་དེ་ལས་ཐར་མཛད་པ། །སྟོང་དང་སུམ་བརྒྱའི་འཁོར་བཅས་ཡན་ལག་འབྱུང་། །ཐལ་སྤྱར་སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་མ་ཕམ་པ་འཁོར་དགྲ་བཅོམ་པ་ཆིག་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་ལྟས་དང་མཚན་མ་ངན་པ་སོགས། །བྱུར་དང་མི་ཤིས་ཀུན་ཏུ་ཞི་བར་མཛད། །བརྒྱ་ཕྲག་འཁོར་བཅས་འཕགས་པ་མ་ཕམ་པ། །ཕྱག་གཉིས་མཉམ་གཞག་མཛད་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་ནགས་ན་གནས་འཁོར་དགྲ་བཅོམ་པ་སྟོང་དང་བཞི་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །མི་དགེའི་ལས་དང་ཉོན་མོངས་ཀྱིས་གདུངས་རྣམས། །རྣམ་དག་གསལ་བའི་དངོས་ཉིད་ཐོབ་མཛད་པ། །


GLG012_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་བཞི་བརྒྱའི་འཁོར་བཅས་ནགས་ན་གནས། །སྡིགས་མཛུབ་རྔ་ཡབ་ཅན་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་དུས་ལྡན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མཚམས་མེད་ལས་ཀྱིས་ངན་འགྲོར་ལྟུང་བ་དང་། །བདེ་འགྲོའི་གནས་སུ་ཡང་དག་འདྲེན་མཛད་པ། །སྟོང་དང་ཆིག་བརྒྱའི་འཁོར་བཅས་དུས་ལྡན་ནི། །གསེར་གྱི་རྣ་ཀོར་བསྣམས་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་འཁོར་དགྲ་བཅོམ་པ་ཆིག་སྟོང་གིས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །དགྲ་དང་ཕས་ཀྱི་རྒོལ་པས་གཙེས་པ་དང་། །ཞི་ཞིང་ཆོས་དང་མཐུན་པར་ཚར་གཅོད་མཛད། །ཆིག་སྟོང་འཁོར་བཅས་རྡོ་རྗེ་མོ་ཡི་བུ། །སྡིགས་མཛུབ་རྔ་ཡབ་ཅན་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་བཟང་པོ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འདོད་པའི་ལོངས་སྤྱོད་ཚོགས་ཀྱིས་ངོམས་མི་ཤེས། །དེ་དག་སྲིད་པའི་སྒྲོག་ལས་སྒྲོལ་མཛད་པ། །སྟོང་དང་ཉིས་


GLG012_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་འཁོར་བཅས་བཟང་པོ་ནི། །ཆོས་འཆད་མཉམ་གཞག་མཛད་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་གསེར་བེའུ་འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གང་དག་ལུས་སེམས་ཤིན་ཏུ་ཉམས་ཆུང་བ། །དེ་ཡི་གཟི་བྱིན་མཐུ་སྟོབས་ཀུན་བསྐྱེད་པ། །ལྔ་བརྒྱའི་འཁོར་བཅས་འཕགས་པ་གསེར་བེའུ། །རིན་ཆེན་ཞགས་པ་བསྣམས་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷ་ཛ་གསེར་ཅན་འཁོར་དགྲ་བཅོམ་པ་བདུན་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །གང་དག་བུད་མེད་ལུས་ཀྱིས་སྐྱོ་བ་རྣམས། རྟག་པར་སྐྱེས་པའི་དངོས་ཉིད་ཐོབ་མཛད་པ། །བདུན་བརྒྱའི་འཁོར་བཅས་འཕགས་པ་གསེར་ཅན་ནི། ཕྱག་གཉིས་མཉམ་གཞག་མཛད་ལ་ཕྱག་འཚལ་ལོ། ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །འཕགས་པ་གནས་བརྟན་ཆེན་པོ་བ་ཀཱུ་ལ་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་འཚོ་ཞིང་གཞེས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མི་ཁོམ་གནས་སུ་དབུལ་བའི་སྡུག་བསྔལ་ཅན། །དབུལ་དང་མི་ཁོམ་འགྲོ་ལས་ཐར་མཛད་པ། །དགུ་བརྒྱའི་འཁོར་བཅས་འཕགས་པ་བ་ཀཱུ་ལ། །ཕྱག་གཉིས་ནེའུ་ལེ་བསྣམས་


GLG012_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་ལ་འཁོར་དགེ་བསྙེན་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བརྒྱད་དང་བརྒྱད་གཉིས་འཇིགས་ལས་ཀུན་ཏུ་སྐྱབ། །དཀོན་ཅོག་གསུམ་ལ་ཤེས་ནས་དད་པ་ཅན། །དགེ་བསྙེན་འཕགས་པ་དྷརྨ་ཏཱ་ལ་ཞེས། །སྣང་མཐའ་རྒྱལ་བའི་སྲས་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་ལ་སོགས་པ་ཆོས་སྐྱོང་བ་ལྷའི་དགེ་བསྙེན་ཆེན་པོ་ཐུགས་དམ་ཅན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །དམ་པའི་ཆོས་དང་རྣམ་བཞིའི་འཁོར་སྐྱོང་བར། །རྒྱལ་བའི་སྤྱན་སྔར་བདེན་པའི་ཞལ་འཆེས་པ། །ལྷ་ཡི་དགེ་བསྙེན་ཆེན་པོ་ཐུགས་དམ་ཅན། །འཁོར་བཅས་རྣམ་པ་བཞི་ལ་ཕྱག་འཚལ་ལོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བ་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ། འབུལ་ལོ། མཆོད་དོ། །བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་


GLG012_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བའི་རྩ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་ཡང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ཀྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བ་འཚལ་ལོ། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བའི་དགེ་བའི་རྩ་བ་དང་། བདག་གི་དགེ་བའི་རྩ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ་བའི་དགེ་བའི་རྩ་བ་ཐམས་ཅད་གཞལ་ཏེ་བསྡོམས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་བྱའོ། །བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཐམས་ཅད་མཉེས་པར་བགྱིད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་གྱུར་ཅིག །དགེ་བའི་བཤེས་གཉེན་དང་ཆོས་སྨྲ་བ་ཐམས་ཅད་མགུ་བར་བགྱིད་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་འཛིན་ཅིང་བསྲུང་བ་དང་ཡོངས་སུ་སྦྱོང་བར་གྱུར་


GLG012_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །སྒྲིབ་པའི་ལིང་ཏོག་ཐམས་ཅད་རྣམ་པར་སྦྱོང་བར་གྱུར་ཅིག །བདུད་ཀྱི་རྩོད་པའི་དམག་ཚོགས་འདུལ་བར་གྱུར་ཅིག །སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག །ཏིང་ངེ་འཛིན་ཐམས་ཅད་དང་དབང་ཐོབ་པར་གྱུར་ཅིག །སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ལྷ་དབུལ་པོ་ཐམས་ཅད་དང་། མི་དབུལ་པོ་ཐམས་ཅད་དང་། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་ཐམས་ཅད་དང་། གནོད་སེམས་ཐམས་ཅད་དང་། ལེ་ལོ་ཐམས་ཅད་དང་། རྣམ་པར་འཆི་བ་ཐམས་ཅད་དང་། འཆལ་བའི་ཤེས་རབ་ཐམས་ཅད་རྒྱུན་ཆད་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སངས་རྒྱས་ལ་བལྟ་བ་དང་། དམ་པའི་ཆོས་མཉན་པ་དང་། དགེ་བའི་བཤེས་གཉེན་དང་འགྲོགས་པ་དང་མི་འབྲལ་བར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་ལུས་མཉམ་པ་དང་། ངག་མཉམ་པ་དང་སེམས་མཉམ་པ་དང་། ཡེ་ཤེས་མཉམ་པར་གྱུར་ཅིག །འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ་བདག་གི་སྤྱི་བོར་འཇོག་པར་གྱུར་ཅིག །ཅི་ནས་ཀྱང་བདག་དངོས་པོ་ཐམས་ཅད་ལ་མི་བལྟ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་སེམས་དང་མི་འབྲལ་ཞིང་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་རྒྱུན་ཆད་པའི་སེམས་ཀྱིས་འཆི་བའི་དུས་བྱེད་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བལྟ་ཞིང་ཡང་དག་པར་སྨྲ་བཞིན་དུ་འཆི་བའི་དུས་བགྱིད་པར་གྱུར་ཅིག །འདི་ནས་


GLG012_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་པདྨའི་གདན་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེས་ནས་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཅིག །ཅེས་སོ། བཞི་པ་གསོལ་པ་གདབ་པ་ནི། གྲལ་འཁོར་ཀྱི་དགེ་འདུན་དང་། ཡོན་བདག་སྐོར་དང་བཅས་པ་ཐམས་ཅད་ཀྱི་ལག་ཏུ་སྤོས་དང་མེ་ཏོག་ཐོགས། པུས་མོ་བཙུགས། ཐལ་མོ་སྦྱར། མགོ་བོ་བཏུད་དེ། ཡིད་རྩེ་གཅིག་པས་སྨོན་ལམ་གྱི་གནས་རྣམས་ལ་ཡིད་བསྟད་དེ། དེ་ལ་གསོལ་བ་གདབ་པ་ཞེས་པ་ནི། འདིར་སྔོན་གྱི་ཐུགས་དམ་བསྐུལ་བ་སྟེ། དེའང་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་རིམ་བསྐུལ་བ་ཚར་གཅིག་ལ་བྱ་བ་ནི་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། ཁྱེད་ཀྱིས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ། སྙིགས་མ་ལྔའི་མུན་པར་ཆུད་པའི་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། སེར་སྣ་བདོ་བ་དང་། ཆོས་མ་ལགས་པ་ལ་འདོད་ཆགས་ཀྱིས་ཆགས་པ། འཕགས་པའི་ནོར་བདུན་དང་བྲལ་བ། བསོད་ནམས་བགྱི་བའི་དངོས་པོ་གསུམ་ལ་མི་བརྩོན་པ། ཐེག་པ་གསུམ་དོན་དུ་མི་གཉེར་བ། ཉེས་པར་སྤྱོད་པ་གསུམ་ལ་བརྩོན་པ། མི་དགེ་བ་བཅུའི་ལས་ལ་བརྩོན་པ། མཚམས་མ་མཆིས་པར་བགྱིད་པ། དམ་པའི་ཆོས་སྤོང་བ། འཕགས་པ་ལ་སྐུར་པ་འདེབས་པ། མི་དགེ་བའི་རྩ་བ་དང་འགྲོགས་པ། ལྟ་བ་ངན་


GLG012_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་དུ་ཞུགས་པ། སྲིད་པའི་དབའ་གློང་དང་འཁོར་བའི་འཁྲུལ་འཁོར་ན་སྐྱོབ་པ་མ་མཆིས་པ། སྐྱབས་མ་མཆིས་པ། དཔུང་གཉེན་མ་མཆིས་པ། སྡུག་བསྔལ་གྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་དྲུང་དུ་འདི་སྐད་ཅེས། བཙུན་པ་བཅོམ་ལྡན་འདས་གལ་ཏེ་དེའི་ཚེ་རྩོད་པའི་དུས་ཀྱི་མུན་པར་འཕངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྤངས་པའི་སེམས་ཅན་རྣམས་བདག་གི་སྙིང་རྗེའི་གནས་སུ་གྱུར་བ་ལ་ལྟ་ན། ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། བརྟུལ་ཞུགས་ངན་པ་སྣ་ཚོགས་ལ་བརྩོན་པར་གྱུར་པ་དེའི་ཚེ་ན། བདག་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བགྱིད་པའི་སླད་དུ། དགའ་ལྡན་གྱི་གནས་ལས་བབས་ཏེ། འཁོར་ལོ་སྒྱུར་བའི་རྒྱལ་པོའི་རིགས་སུ་བཙུན་མོ་དམ་པའི་མངལ་ན་གནས་པ་ཉེ་བར་འཛིན་པར་གྱུར་ཅིག །དེའི་ཚེ་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་རབ་ཏུ་སད་པར་བགྱིད་པར་འགྱུར་ཅིག །དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་མྱ་ངན་ལས་འདས་པའི་ས་བོན་འདེབས་པར་གྱུར་ཅིག །བདག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པར་གྱུར་ཅིག །འགྲོ་བ་རྣམས་ལ་གང་ལ་གང་འདུལ་གྱི་གཟུགས་ཀྱིས་ཆོས་སྟོན་པར་གྱུར་ཅིག །སེམས་ཅན་གང་དག་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ལ་རིན་པོ་ཆེ་རྣམས་


GLG012_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

དང་རོལ་མོ་སྣ་ཚོགས་ཀྱིས་མཆོད་པ་བགྱིད་པར་སྤྲོ་བ་དང་། ཐ་ན་སངས་རྒྱས་ཀྱི་མཚན་གཅིག་ཙམ་དང་། ཕྱག་དང་སྐོར་བ་དང་ཐལ་མོ་སྦྱོར་བ་གཅིག་དང་། མེ་ཏོག་གཅིག་ཙམ་གྱི་རྒྱུས་མཆོད་པ་བགྱིད་པར་འགྱུར་བ་དེ་དག་ཀྱང་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་པོ་དག་ལས་སླར་མི་ལྡོག་པར་གྱུར་ཅིག །ཅེས་གསུངས་པ་ལ་སོགས་སྨོན་ལམ་ལྔ་བརྒྱ་བཏབ་ཅིང་། བཙུན་པ་བཅོམ་ལྡན་འདས་དེ་ལྟར་བདག་གིས་མ་འོངས་པའི་དུས་སྙིགས་མ་ལྔ་བདོ་ཞིང་རྩོད་པའི་དུས་ལ་བབ་པ་ན་འཇིག་རྟེན་སྟོངས་ཤིང་འདྲེན་པ་མ་མཆིས་པ། སྡུག་བསྔལ་གྱི་མུན་པར་ཆུད་པའི་སེམས་ཅན་རྣམས་ལ་སྔར་སྨོས་པའི་བདག་གི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་ཞིང་། འདི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྒྲུབ་པའི་རྔོ་ཐོགས་པ་ལྟ་ན། བྱང་ཆུབ་ཀྱི་སླད་དུ་སྨོན་པ་སྤང་བར་མི་བགྱི་ཞིང་། དགེ་བའི་རྩ་བའང་ཞིང་གཞན་དུ་བསྔོ་བར་མི་བགྱིད་དེ། བཙུན་པ་བཅོམ་ལྡན་འདས་དེ་ནི་བདག་གི་ངེས་པ་ལགས་སོ། །ཞེས་དམ་བཅས་པའི་ཚེ། སྟོན་པ་འཁོར་དང་བཅས་པས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་སྨོན་ལམ་ཆེན་པོ་ཟབ་མོ་བཏབ་པ་ལེགས་སོ། ཁྱོད་ནི་སེམས་ཅན་རྣམས་ཀྱི་སྨན་དང་དཔུང་གཉེན་དུ་འགྱུར་རོ། །སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་བྱ་བའི་དོན་དུ་སྨོན་ལམ་བཏབ་པ་དེ་བཞིན་དུ་ཁྱོད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་བདེན་པའི་ཚིག་བརྗོད་ཅིང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ཀྱང་། སྐྱེས་བུ་དམ་པ་ཁྱོད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཞེས་ཕུལ་ནས་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ནི་མ་འོངས་


GLG012_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ན་འཇིག་རྟེན་གྱི་ཁམས་མི་མཇེད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པའི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ལོ་བཞི་བཅུ་རྩ་ལྔས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མང་པོ་དག་བྱེད་པར་འགྱུར་རོ། །ཁྱོད་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་གནས་པར་འགྱུར་རོ། །དམ་པའི་ཆོས་ནུབ་ནས་སྐུ་གདུང་རྣམས་ཁྱོད་ཀྱིས་སྨོན་ལམ་བཏབ་པ་དེ་ལྟར་འགྱུར་ཏེ། ཇི་སྐད་སྨོས་པ་དེ་བཞིན་དུ་ཡུན་རིང་པོར་སེམས་ཅན་རྣམས་འདུལ་བར་འགྱུར་རོ། །ཞེས་རྒྱལ་བ་སྲས་དང་བཅས་པས་ལུང་བསྟན་པ་དེ་བཞིན་དུ། དེང་འདིར་ཡང་མཚན་ནས་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་འབུལ་ན། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་སྨིན་པར་བགྱིད་པའི་སླད་དུ་དགའ་ལྡན་གྱི་གནས་ལས་བབས་ཏེ་འཁོར་ལོ་སྒྱུར་བའི་རྒྱལ་པོའི་རིགས་སུ་བཙུན་མོ་དམ་པའི་མངལ་ན་གནས་པ་ཉེ་བར་འཛིན་པར་གྱུར་ཅིག །དེའི་ཚེ་སངས་རྒྱས་ཀྱི་ཞིང་མི་མཇེད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག །དེ་ན་གནས་པའི་སེམས་ཅན་དམྱལ་བ་རྣམས་དང་། ཡི་དྭགས་རྣམས་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་མི་རྣམས་སུ་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ཀྱི་སྣང་བ་དེ་རིག་པ་དང་མཐོང་ཞིང་ཀུན་ཏུ་འཚལ་བར་གྱུར་ཅིག །འཁོར་བ་ལ་རྟོག་ཅིང་སྡུག་བསྔལ་གྱིས་ཡིད་འབྱུང་བ་དེ་དག་ཀྱང་མྱ་ངན་ལས་འདས་པར་འཚལ་ཞིང་། བྱང་ཆུབ་ཏུ་སེམས་བསྐྱེད་


GLG012_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །དང་པོར་ལམ་མཆོག་གི་ས་བོན་བསྐྱེད་པ་འདི་ཡང་བསྐྱེད་པར་གྱུར་ཅིག །སེམས་མཉམ་པར་བཞག་ནས་ཟླ་བ་བཅུར་མའི་མངལ་དུ་གནས་པར་གྱུར་ཅིག །མའི་མཆན་ཁུང་གཡས་ནས་མངོན་པར་འབྱུང་བའི་ཚེ་སངས་རྒྱས་ཀྱི་ཞིང་མི་མཇེད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག །དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་མྱ་ངན་ལས་འདས་པའི་ས་བོན་འདེབས་པར་གྱུར་ཅིག །མྱ་ངན་ལས་འདས་པའི་ས་བོན་སྐྱེས་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཏིང་ངེ་འཛིན་གྱི་མྱུ་གུ་བསྐྱེད་པར་གྱུར་ཅིག །ཏིང་ངེ་འཛིན་གྱི་མྱུ་གུ་བརྟན་པར་གྱུར་པ་རྣམས་ནི་ཐེག་པ་གསུམ་པོ་དག་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་བཙས་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་དེའི་ཚངས་པ་ཆེན་པོ་རྣམས་དང་། བདུད་རྣམས་དང་། བརྒྱ་བྱིན་རྣམས་དང་། ཉི་མ་དང་ཟླ་བ་དང་། འཇིག་རྟེན་སྐྱོང་བ་དང་། ཀླུའི་རྒྱལ་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། བརྫུས་ཏེ་སྐྱེས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། ལྷ་མ་ཡིན་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱང་བདག་ལ་མཆོད་པར་བགྱི་བའི་སླད་དུ་ཉེ་བར་མཆིས་པར་གྱུར་ཅིག །བདག་བཙས་མ་ཐག་ཏུ་གོམ་པ་བདུན་འབོར་བར་གྱུར་ཅིག །བདག་གཞོན་ནུར་རྩེ་བ་དང་། བཟོའི་གནས་དང་། ལས་ཀྱི་གནས་དང་། སྐད་སྣ་ཚོགས་སྟོན་པ་དག་དང་། བསླབ་ཏུ་རུང་བ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་བགྲོད་པའི་སླད་དུ་མཆི་བ་མཐོང་བར་གྱུར་པའི་སེམས་ཅན་དེ་དག་ལ་ཡང་ཐེག་པ་གསུམ་པོ་དག་གི་ཆོས་སྟོན་པར་གྱུར་ཅིག །བདག་གིས་སེམས་དང་པོ་བསྐྱེད་པས་ཀྱང་སླད་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་འགྲུབ་པར་གྱུར་ཅིག །ཡོངས་


GLG012_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱ་ངན་ལས་འདས་པའི་བར་དུ་བདག་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་དང་། རློམ་སེམས་མེད་པའི་ཚུལ་ཁྲིམས་དང་། ཁྲོ་བ་མ་མཆིས་པའི་བཟོད་པ་དང་། དགེ་བའི་ཆོས་མཐའ་དག་སྡུད་པའི་བརྩོན་འགྲུས། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་བསམ་གཏན་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ལ་སྤྱོད་པར་གྱུར་ཅིག །སེམས་ཅན་འཕགས་པའི་ནོར་བདུན་དང་བྲལ་བ་རྣམས་དང་། སངས་རྒྱས་ཀྱི་ཞིང་སྟོངས་པ་རྣམས་དང་། དམ་པའི་ཆོས་སྤོང་བ་རྣམས་དང་། འཕགས་པ་ལ་སྐུར་བ་འདེབས་པ་རྣམས་དང་། ལོག་པར་ལྟ་བ་རྣམས་དང་། མི་དགེ་བའི་རྩ་བ་དང་འགྲོགས་པ་རྣམས་དང་། ལས་ངན་པས་བཅོམ་པར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྲོ་བ་བརྟན་པོའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པར་གྱུར་ཅིག །སེམས་ཅན་རེ་རེའི་སེམས་ཀྱི་རྒྱུད་ལ་དགེ་བའི་རྩ་བའི་ས་བོན་བཞག་པའི་སླད་དུ་བསྐལ་པ་ཆེན་པོ་བཅུར་ཡང་སེམས་ཅན་དམྱལ་བ་མནར་མེད་པའི་སྡུག་བསྔལ་གྱི་ཚོར་བ་ལ་སྤྲོ་བར་གྱུར་ཅིག །དེ་བཞིན་དུ་ཡི་དྭགས་དང་དུད་འགྲོ་ལ་སོགས་པ་ཀུན་གྱི་ཕྱི་སྡུག་བསྔལ་གྱི་ཚོར་བ་ལའང་སྤྲོ་བར་གྱུར་ཅིག །སེམས་ཅན་གཅིག་གི་རྒྱུད་ལ་དགེ་བའི་ས་བོན་འཇོག་པ་ལ་སྤྲོ་བ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་ས་བོན་འཇོག་པ་ལའང་སྤྲོ་བར་གྱུར་ཅིག །སངས་རྒྱས་རེ་རེ་ལའང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་མཆོད་པ་རྣམ་པ་སྣ་ཚོགས་པ་དག་བགྱིད་པར་གྱུར་ཅིག །སངས་རྒྱས་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་ཡོན་ཏན་དག་རྟོགས་པར་གྱུར་ཅིག །དེ་ན་གནས་པའི་སེམས་ཅན་རྣམས་ཀྱང་བྱང་ཆུབ་ཡང་དག་པར་


GLG012_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དུ་བརྩོན་པར་གྱུར་ཅིག །ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་རྣམས་ཀྱང་རང་རང་གི་བྱང་ཆུབ་ལ་འགོད་པར་གྱུར་ཅིག །འཇིག་རྟེན་ན་སངས་རྒྱས་འབྱུང་བ་མ་མཆིས་ནའང་དྲང་སྲོང་གི་བརྟུལ་ཞུགས་ཀྱིས་སེམས་ཅན་རྣམས་དགེ་བ་བཅུའི་ལས་ལ་སྦྱོར་བར་གྱུར་ཅིག །ཏིང་ངེ་འཛིན་རྣམས་དང་མངོན་པར་ཤེས་པ་ལ་སྦྱོར་བར་གྱུར་ཅིག །སེམས་ཅན་ལྟ་བ་ལ་ཆགས་ཤིང་དབང་ཕྱུག་ཆེན་པོ་ལ་དད་པ་རྣམས་ལ་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་དགེ་བའི་ལམ་ལ་སྦྱོར་བར་གྱུར་ཅིག །དེ་བཞིན་དུ་སྲེད་མེད་ཀྱི་བུ་དང་། ཟླ་བ་དང་། ཉི་མ་དང་། ནམ་མཁའ་ལྡིང་དང་། ཚངས་པ་དང་། བརྒྱ་བྱིན་དང་། ཁྱབ་འཇུག་ལ་དད་པ་རྣམས་ལ་དེ་དག་གི་གཟུགས་ཀྱིས་དགེ་བའི་སྤྱོད་པ་རྣམས་ལ་སྦྱོར་བར་གྱུར་ཅིག །སེམས་ཅན་ལྟོགས་ཤིང་བཀྲེས་པ་རྣམས་ལ་བདག་གི་ཤ་དང་ཁྲག་གིས་ཚིམ་པར་བགྱིད་པར་གྱུར་ཅིག །སེམས་ཅན་སྡུག་བསྔལ་བར་གྱུར་པ་རྣམས་ལ་བདག་གི་ལུས་དང་སྲོག་གིས་བསྐྱབ་ནུས་པར་གྱུར་ཅིག །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་མཐོང་བར་གྱུར་ཅིག །བདག་གིས་སེམས་ཅན་སེམས་ཀྱི་རྒྱུད་ཚིག་པ་རྣམས་དང་ཉམ་ང་བ་ཐོས་པའི་བར་དག་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཇིག་རྟེན་དུ་བརྩོན་པ་དང་། རིམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ལ་འགོད་པར་གྱུར་ཅིག །ངན་སོང་རྣམས་ལས་ཐར་བར་གྱུར་ཅིག །ཤེས་རབ་དང་བསོད་ནམས་ཀྱི་ཚོགས་ལ་སྦྱོར་བར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་ཞིང་དེ་དག་ཏུ་འབུལ་བར་གྱུར་


GLG012_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དང་། གཟུངས་དང་བཟོད་པ་དག་ཀྱང་ཐོབ་པར་གྱུར་ཅིག །ས་ནོན་པར་ཡང་གྱུར་ཅིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་འཛིན་དུ་བརྩོན་པར་གྱུར་ཅིག །དེ་དག་ཀྱང་ཇི་ལྟར་འཚམ་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཀྱང་འཛིན་པར་གྱུར་ཅིག །དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འོག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་ཆོས་སྟོན་པ་དག་ཀྱང་མཐོང་བར་གྱུར་ཅིག །མཐོང་ནས་ཀྱང་དེ་དག་གི་དྲུང་དུ་མཆི་བར་གྱུར་ཅིག །མཆིས་ནས་ཀྱང་མཆོད་པ་སྣ་ཚོགས་བགྱིད་པར་གྱུར་ཅིག །ཞུ་བ་ཡོངས་སུ་ཞུ་བར་གྱུར་ཅིག །རབ་ཏུ་འབྱུང་བར་གྱུར་ཅིག །ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་ལ་མངོན་པར་བརྩོན་པར་གྱུར་ཅིག །ཆོས་ཀྱི་མཆོག་ཀྱང་སྟོན་པར་གྱུར་ཅིག །དེའི་ཚེ་སེམས་ཅན་སེམས་ཀྱི་རྒྱུད་ཚིག་པ་མི་དགེ་བའི་རྩ་བ་འགྲོགས་པ་རྣམས་ལ་ཆོས་ཀྱང་སྟོན་པར་གྱུར་ཅིག །བདག་ཆོས་འདུལ་བ་དེ་དག་ཀྱང་རབ་ཏུ་འཛིན་པར་གྱུར་ཅིག །རྒྱལ་བ་ཉི་མ་ནུབ་པ་དེའི་ཚེ་ན་བདག་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཞིང་། སེམས་ཅན་རྣམས་བསོད་ནམས་བགྱི་བའི་དངོས་པོ་གསུམ་པོ་དག་ལ་སྦྱོར་བར་གྱུར་ཅིག །བུད་མེད་གང་དག་བདག་བལྟ་བའི་སླད་དུ་མཆིས་པ་དེ་དག་ཀྱང་བུད་མེད་ཀྱི་ལུས་ཀྱི་ཐ་མར་གྱུར་ཅིག །ཡི་དྭགས་དང་དུད་འགྲོ་རྣམས་ཀྱང་སྐྱེ་བ་དེའི་ཐ་མར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་སླན་ཆད་ཀྱང་ལེན་པར་གྱུར་ཅིག །མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་


GLG012_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །བདག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་ཅིང་སྐུ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྱེད་པར་གྱུར་ཅིག །སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དག་ལ་ཆོས་སྟོན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གི་བསྔགས་པ་བརྗོད་པར་གྱུར་ཅིག །སེམས་ཅན་རྣམས་སྨོན་ལམ་རྣམ་པར་དག་པ་འདེབས་པ་ལ་བརྩོན་པར་གྱུར་ཅིག །སེམས་ཅན་དེ་དག་འགུམ་པའི་དུས་ཀྱི་ཚེ་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བའི་སྨོན་ལམ་འདེབས་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་སེམས་ཅན་རྣམས་ལ་རང་རང་གི་ཐེག་པའི་ཆོས་སྟོན་པ་ལ་སོགས་པ་ཆོས་སྟོན་པ་དགུ་བཅུ་རྩ་ལྔ་ཆོས་སྟོན་པར་གྱུར་ཅིག །སེམས་ཅན་དཔག་ཏུ་མ་མཆིས་པ་ལ་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། གཟུངས་བདུན་ཁྲི་ལྔ་སྟོང་ལ་སོགས་པའི་ཡོན་ཏན་རབ་ཏུ་འགོད་པར་གྱུར་ཅིག །བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མཐོང་བ་དང་། བྱང་ཆུབ་ཀྱི་ཡོན་ཏན་དམ་པ་ལ་སོགས་པ་རྒྱན་སུམ་ཅུ་རྩ་བདུན་གྱིས་བརྒྱན་པར་གྱུར་ཅིག །སེམས་ཀྱི་རྒྱུད་ཚིག་པར་གྱུར་པའི་སེམས་ཅན་རྣམས་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སེམས་ཅན་ལེ་ལོ་ཅན་རྣམས་ལ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་གྱུར་ཅིག །སེམས་ཅན་ཐེག་པ་ཆེན་པོར་གྱུར་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་རྣམས་རྒྱ་ཆེར་སྟོན་པར་གྱུར་ཅིག །དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་ཀྱང་དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་འགོད་པར་གྱུར་ཅིག །སླད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྐྱེ་བར་གྱུར་ཅིག །རྣམ་པར་འཚེ་བ་ལ་དགའ་བ་རྣམས་ནི་སྲོག་གཅོད་པ་སྤོང་བ་ལ་


GLG012_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པར་གྱུར་ཅིག །འདོད་པས་ཟིལ་གྱིས་གནོན་པ་རྣམས་ནི་མ་བྱིན་པ་ལེན་པ་སྤོང་བ་ལ་འགོད་པར་གྱུར་ཅིག །ཆོས་མ་ལགས་པ་ལ་འདོད་པས་ཆགས་པ་རྣམས་ནི་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་འགོད་པར་གྱུར་ཅིག །བརྫུན་གྱི་ཚིག་སྨྲ་བ་རྣམས་ནི་བརྫུན་ཚིག་སྨྲ་བ་སྤོང་པ་ལ་འགོད་པར་གྱུར་ཅིག །མྱོས་པར་འགྱུར་བ་ལ་དགའ་བ་རྣམས་ནི་བཅོས་པའི་ཆང་མྱོས་པར་འགྱུར་བ་སྤོང་བ་ལ་འགོད་པར་འགྱུར་ཅིག །སེམས་ཅན་ནོངས་པ་ལྔ་པོ་བགྱིད་པར་གྱུར་པ་དེ་དག་ནི་ནོངས་པ་ལྔ་པོ་སྤོང་ཞིང་དགེ་བསྙེན་གྱི་སྡོམ་པ་ལ་འགོད་པར་གྱུར་ཅིག །ཡང་དགེ་བའི་ཆོས་ལ་མི་དགའ་བ་དེ་དག་ཡན་ལག་བརྒྱད་དང་ལྡན་པའི་ཚུལ་ཁྲིམས་ལ་འགོད་པར་གྱུར་ཅིག །གང་དག་དགེ་བའི་རྩ་བ་ཆུང་ངུ་ལ་མངོན་པར་དགའ་བ་དེ་དག་རབ་ཏུ་བྱུང་བའི་སྡོམ་པ་བསླབ་པའི་གཞི་བཅུ་ཚངས་པར་སྤྱོད་པ་ལ་འགོད་པར་གྱུར་ཅིག །སེམས་ཅན་དགེ་བའི་ཆོས་རྣམས་ཡོངས་སུ་ཚོལ་བ་དེ་དག་ཚངས་པར་སྤྱོད་པ་ཐམས་ཅད་ལ་འགོད་པར་གྱུར་ཅིག །དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དག་ལ་ཆོས་སྟོན་པར་གྱུར་ཅིག །གང་དག་རྩོད་པ་འཚལ་བར་གྱུར་པ་དེ་དག་བདག་གིས་ཆོས་ཀྱི་རྩོད་པའི་བསྟན་བཅོས་སྟོན་པར་གྱུར་ཅིག །ཁ་ཏོན་ལ་མངོན་པར་དགའ་བ་རྣམས་ནི་བསམ་གཏན་གྱི་ཆ་གཅིག་གི་ལམ་སྟོན་པར་གྱུར་ཅིག །བདག་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་དབང་གིས་བདག་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་དུ་མར་གནས་པར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་རིན་པོ་ཆེ་སྣ་ཚོགས་དང་རོལ་མོ་སྣ་ཚོགས་ཀྱི་མཆོད་པ་བགྱིད་པའམ་ཐ་ན་སངས་རྒྱས་ཀྱི་


GLG012_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གཅིག་དང་སྐོར་བ་གཅིག་དང་མེ་ཏོག་ཙམ་གྱི་རྒྱུས་མཆོད་པ་བགྱིད་པར་འགྱུར་བ་དེ་དག་ཀྱང་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་པོ་དག་ལས་སླར་མི་ལྡོག་པར་གྱུར་ཅིག །ཇི་ཙམ་ན་དམ་པའི་ཆོས་ནི་ནུབ། ཆོས་ཀྱི་སྒྲོན་མ་ནི་གུམ། ཆོས་ཀྱི་རྒྱལ་མཚན་ནི་འགྱེལ་བར་གྱུར་པ་ན། མྱ་ངན་ལས་འདས་པའི་སྐུ་གདུང་དེ་དག་ཀྱང་མི་མཇེད་ཀྱི་ཞིང་དེར་རིན་པོ་ཆེས་ཡོངས་པར་གྱུར་པ་དེའི་ཚེ། ནོར་བུ་བཻཌཱུཪྻའི་ཏོག་གི་བློ་གྲོས་ཞེས་བྱ་བར་གྱུར་ཏེ་ཀུན་ཏུ་གནས་པར་གྱུར་ཅིག །དེ་དག་ལའང་མེ་ཏོག་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་པར་གྱུར་ཅིག །ཆར་དེ་དག་ལས་ཀྱང་སངས་རྒྱས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་ལ་སོགས་པ་ཡིད་དུ་འོང་བའི་སྒྲ་ཉི་ཤུ་རྩ་བདུན་འབྱུང་བར་གྱུར་ཅིག །མེ་ཏོག་དེ་དག་ཀྱང་རིན་པོ་ཆེ་སྣ་ཚོགས་སུ་འགྱུར་ཞིང་མི་མཇེད་ཀྱི་ཞིང་དུ་རིན་པོ་ཆེའི་ཆར་རབ་ཏུ་འབབ་པར་གྱུར་ཅིག །དེ་དག་ཏུ་ཕན་ཚུན་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མུ་གེ་དང་། ནད་དང་། ཕ་རོལ་གྱི་དམག་ཚོགས་དང་། ཚིག་རྩུབ་དང་། དུག་རྣམས་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཐམས་ཅད་དུ་བདེ་བ་དང་། ནད་མ་མཆིས་པ་དང་། འཐབ་རྩོད་མ་མཆིས་པ་དང་། ལོ་ལེགས་པ་དང་ཀུན་ཏུ་གནས་པར་གྱུར་ཅིག །སེམས་ཅན་གང་གིས་རིན་པོ་ཆེ་དེ་དག་མཐོང་བ་དང་། རེག་པ་དང་། ལོངས་སྤྱོད་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་པོ་དག་གིས་སླར་མི་ལྡོག་པར་གྱུར་ཅིག །དེ་བཞིན་དུ་མཚོན་གྱི་བསྐལ་པ་བར་མའི་ཚོན་སྐུ་གདུང་དེ་དག་ནོར་བུ་རིན་པོ་ཆེ་ཨནྡ་རྙིལ་དང་། མུ་གེའི་བསྐལ་པ་བར་མའི་ཚེ་ན་རིན་པོ་ཆེའི་ཟས་དང་། ནད་ཀྱི་བསྐལ་པ་བར་མའི་ཚེ་ན་རིན་པོ་ཆེའི་སྨན་དུ་གྱུར་ནས། མེ་ཏོག་


GLG012_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱི་ཆར་དང་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་བར་གྱུར་ཅིག །སྐུ་གདུང་དེ་དག་ཀྱང་སླར་གསེར་གྱི་འཁོར་ལོའི་མཐར་ཐུག་པར་གྱུར་ཅིག །བདག་ཅག་སེམས་ཅན་ཐམས་ཅད་ཀྱང་མི་དགེ་བ་སྤངས་ནས་དགེ་བ་སྤྱོད་པར་གྱུར་ཅིག །འཆི་ཀར་ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པའི་ཞལ་མཐོང་སྟེ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔར་པདྨའི་གདན་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེས་མ་ཐག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ལམ་ལ་འགོད་པར་གྱུར་ཅིག །འཕགས་པ་སྒྲ་གཅན་ཟིན་ལ་སོགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་པོ་རེ་རེ་ལ་དགྲ་བཅོམ་པ་དུ་མས་ཀུན་ནས་བསྐོར་ཏེ་འཚོ་ཞིང་གཞེས་པ་དག་དགོངས་སུ་གསོལ། དུས་ངན་པའི་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ངན་སོང་ནས་ངན་འགྲོར་འོག་ནས་འོག་ཏུ་ལྟུང་བར་འགྱུར་བའི་སེམས་ཅན་རྣམས་ཐུགས་བརྩེ་བར་དགོངས་ཏེ། སྔོན་དེ་བཞིན་གཤེགས་པ་ཤཱཀྱའི་ཐུབ་པའི་སྤྱན་སྔར་མྱ་ངན་ལས་མི་མདའ་བར་འཇིག་རྟེན་དུ་མངོན་སུམ་དུ་བཞུགས་ཤིང་བཀའ་ལུང་རྗེས་སུ་བསྒྲུབ་པར་འཕགས་པའི་ཚིག་བདེན་པས་ངེས་པར་ཞལ་གྱིས་གཞེས་པ་དམ་པའི་ཆོས་སྐྱོང་ཞིང་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་དཔལ་ཞིང་དུ་གྱུར་པ་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་


GLG012_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པའི་མཐུ་དང་བྱིན་གྱིས་རླབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པའི་དམ་པའི་ཆོས་མཐའ་དག་འཇིག་རྟེན་དུ་དར་ཞིང་རྒྱས་པར་གྱུར་ཅིག །གླེགས་བམ་ལ་བྲིས་ཏེ་འཆང་བ་དང་། མཆོད་པ་དང་། བཀུར་སྟི་བགྱིད་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་བགྱིད་པ་དང་། གཞན་དག་ལའང་རྒྱ་ཆེར་སྟོན་པར་གྱུར་ཅིག །ཉན་ཐོས་དང་ཐེག་པ་ཆེན་པོའི་གང་ཟག་ཐམས་ཅད་ཀྱི་རང་རང་གི་མཛད་པའི་འཕྲིན་ལས་རྒྱས་པར་གྱུར་ཅིག །རྟག་ཏུ་སྡེ་སྣོད་དུ་མཉན་པ་དང་། འཆད་པ་དང་། སེམས་རྩེ་གཅིག་ཏུ་མོས་པ་དང་། འཇིག་རྟེན་ཐམས་ཅད་དུ་བཀྲ་ཤིས་པ་དང་། གཟི་བརྗིད་ཆགས་པ་དང་། ཐམས་ཅད་འབྱུང་བ་དང་། ཅི་བསམས་པའི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག །ངན་སོང་དང་ངན་འགྲོ་ལས་གྲོལ་ཏེ་རབ་ཏུ་དགའ་བ་རྒྱས་པར་འགྱུར་བ་དང་། རིག་པའི་ཡེ་ཤེས་རྒྱས་པར་གྱུར་ཅིག །ནམ་མཁའ་རྣམ་པར་དག་པ་ལྟར་དཀར་པོའི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་ཅིག །རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་བསླབ་པ་གསུམ་གྱིས་མཛེས་པར་གྱུར་ཅིག །ཁྱད་པར་དུ་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་དཔག་ཏུ་མེད་པས་མཆོད་པར་གྱུར་ཅིག །ལྷག་པར་ཡང་གནས་བརྟན་ཆེན་པོ་སྒྲ་གཅན་ཟིན་དེའི་བྱིན་གྱི་རླབས་ཀྱིས། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་དུག་གསུམ་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ཞི་བར་གྱུར་ཅིག །མི་ཁོམ་པའི་གནས་ལ་སོགས་པ་ཐམས་ཅད་དུ་དཀོན་ཅོག་གསུམ་


GLG012_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲ་བསྒྲགས་པས་དེ་དག་གི་སྡུག་བསྔལ་ཞི་བར་གྱུར་ཅིག །སངས་རྒྱས་ཐམས་ཅད་བསྐལ་པ་བསམ་ཀྱིས་མི་ཁྱབ་པར་འཇིག་རྟེན་དུ་བཞུགས་ཏེ་ཆོས་སྟོན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་སློང་གི་དགེ་འདུན་གྱི་འཁོར་དཔག་ཏུ་མེད་པ་འདུ་བར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཚོམ་དང་སོམ་ཉི་མེད་པར་སེམས་རྩེ་གཅིག་ཏུ་མོས་ཤིང་སྤྱོད་པར་གྱུར་ཅིག །སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་ཚིག་དོན་རྟོགས་པར་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརློབ་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་སྲེད་པའི་སྡུག་བསྔལ་གྱིས་ཉམ་ང་བ་ལ་སོགས་པ་ཉམ་ང་བ་བརྒྱད་ཀྱིས་གཙེས་པར་གྱུར་པ་དེ་དག་ཐམས་ཅད་འཕགས་པ་གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་དེའི་བྱིན་རླབས་ཀྱིས་སྲིད་པའི་སྡུག་བསྔལ་གྱིས་ཉམ་ང་བ། སྐྱེ་བའི་སྡུག་བསྔལ་གྱིས་ཉམ་ང་བ་དང་སྒོ་གསུམ་སྡིག་པ་སྤྱོད་པས་ཉམ་ང་བ་དང་། དྲུག་རྩ་བའི་ཉོན་མོངས་པ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་པས་ཉམ་ང་བ་དང་། བྱིས་པ་བླུན་པོའི་སྤྱོད་པས་མི་ཤེས་པས་ཉམ་ང་བ་དང་། སྡིག་པའི་གྲོགས་པོའི་དབང་དུ་སོང་བའི་ཉམ་ང་བ་དང་། ངལ་བ་དོན་མེད་པའི་སྤྱོད་པས་དུས་འདའ་བའི་ཉམ་ང་བ་དང་། དུས་ངན་པས་འཇིགས་ཤིང་བསོད་ནམས་ལོག་པར་བསྔོས་པའི་ཉམ་ང་བ་སྟེ་ཉམ་ང་བ་བརྒྱད་དང་བྲལ་བར་གྱུར་ཅིག །གཞན་ཡང་འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་དང་ཀུན་ནས་མནར་སེམས་པའི་མེ་དང་། མི་ཤེས་པའི་མེ་དང་། སྡུག་བསྔལ་གྱིས་གདུངས་པའི་མེ་དང་། སེམས་འཁྲུགས་པའི་མེ་དང་། ལོག་པར་


GLG012_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་མེ་དང་། ངན་པར་སེམས་པའི་མེ་དང་། རྐྱེན་ངན་པའི་གདོན་ཐམས་ཅད་ཞི་བར་གྱུར་ཅིག །གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མཉམ་པར་འཇོག་པར་གྱུར་ཅིག །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མངོན་པར་ཤེས་པ་ལྔ་དང་། སྤྱན་ལྔ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མི་འཇིགས་པ་བཞི་ཐོབ་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་རྒྱལ་པོའི་ཆད་པ་ལ་སོགས་པས་ཉེས་པ་དེ་དག་ཐམས་ཅད་འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་བསོད་སྙོམས་ལེན་དེའི་བྱིན་གྱི་རླབས་ཀྱིས། ནད་ཀྱིས་ཉེན་པ་དང་། སྡུག་བསྔལ་གྱིས་ཉེན་པ་དང་། རྒྱལ་པོའི་ཆད་པས་ཉེན་པ་དང་། ཆོམ་རྐུན་གྱིས་ཉེན་པ་དང་། བསྡིགས་པ་དང་བསོད་པས་ཉེན་པ་དང་། ལུས་སེམས་སྟོབས་ཆུང་བས་ཉེན་པ་དང་། འཚོ་བ་དང་གནས་མེད་པས་ཉེན་པ་དང་ལྕེ་འབབ་པའི་འཇིགས་པས་ཉེན་པ་དང་། ལྷའི་གདོན་ལ་སོགས་པའི་གདོན་དྲག་པོས་མནར་ཏེ་ཉེན་པ་དང་། ཕོངས་པ་སྣ་ཚོགས་ཀྱིས་ཉེན་པ་སྟེ། ཉེན་པ་བཅུ་ལས་ཐར་བར་གྱུར་ཅིག །མི་ཁོམ་པའི་གནས་དང་། ངན་འགྲོ་ལོག་པར་ལྟུང་བའི་སྡུག་བསྔལ་ཞི་བར་གྱུར་ཅིག །འོན་པ་དང་། ལོང་བ་དང་། ལྐུགས་པ་དང་། དྲན་པ་ཉམས་པ་དང་། འཁྲུལ་བའི་སྡུག་བསྔལ་ཞི་བར་གྱུར་ཅིག །དབང་པོ་ཚང་བ་དང་། དད་པ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་མི་ཁོམ་པའི་གནས་ལ་ཡིད་འབྱུང་ཞིང་། རབ་ཏུ་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་འཕགས་པ་གནས་བརྟན་ཆེན་པོ་ལམ་བསྟན་གྱི་བྱིན་གྱི་རླབས་ཀྱིས། དལ་འབྱོར་གྱི་ལུས་ཁྱད་


GLG012_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་གཞོན་ནུ་ལ་རབ་ཏུ་འབྱུང་བར་འགྱུར་བ་དང་། རབ་ཏུ་འབྱུང་བའི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །ལྷ་དང་མི་རྣམས་ཀྱི་རབ་ཏུ་འབྱུང་བའི་གྲོགས་བྱེད་པར་གྱུར་ཅིག །ངེས་པར་འབྱུང་བའི་སེམས་རྟག་ཏུ་ཐོབ་པར་གྱུར་ཅིག །རབ་ཏུ་འབྱུང་བ་ལ་བརྩོན་པ་དང་། གུས་པ་དང་། དཀོན་ཅོག་གསུམ་གྱི་སྒྲ་ཐོས་པ་དང་། སངས་རྒྱས་མཐོང་བ་དང་མི་འབྲལ་བ་དང་། ཡང་དག་པའི་ལྟ་བ་དང་ལྡན་པར་གྱུར་ཅིག །རྟག་ཏུ་ཚངས་པར་སྤྱོད་པའི་སྡེ་སྡོད་འཛིན་པར་གྱུར་ཅིག །རྟག་ཏུ་ཚངས་པར་སྤྱོད་པ་ལྷུར་ལེན་པས་གཙང་བའི་འཁོར་ཐམས་ཅད་ཐོབ་པར་གྱུར་ཅིག །མ་རིག་པའི་མུན་པ་སྟུག་པོ་དང་ཆོས་ལ་བརྟེན་པའི་སྒྲིབ་པ་མ་ལུས་པ་དག་པར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་དང་མཇལ་བ་དང་། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་བཅུ་གཉིས་འཆད་པ་དང་། ཉན་པ་དང་། འབྲི་བ་དང་། འཆང་བ་དང་། ཀུན་ཆུབ་པར་བྱ་བ་དང་། འདོད་པ་དང་མ་འདྲེས་པ་དང་། མ་གོད་པ་དང་། མ་སྔགས་པ་དང་། སྐྱོན་མེད་པ་དང་། མ་རལ་པ་དང་། མ་བས་པས་བསྔགས་པའི་ཚུལ་ཁྲིམས་ལ་གནས་པར་གྱུར་ཅིག །སྤོབས་པ་རྒྱ་ཆེན་པོ་དང་། ཤེས་རབ་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིག །སེམས་ཅན་གང་དག་མངལ་དུ་སྐྱེ་བ་ལེན་པ་ལ་མི་དགའ་བ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་ཀླུའི་སྡེའི་བྱིན་གྱིས་རླབས་ཀྱིས། སྐྱེ་བ་ཐམས་ཅད་དུ་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པདྨ་ལ་བརྫུས་ཏེ་སྐྱེ་བ་དང་སངས་རྒྱས་ཀྱི་ཞིང་དག་པར་སྐྱེ་བར་གྱུར་ཅིག །དཀོན་གསུམ་ལ་དད་པ་ཐོབ་པར་གྱུར་ཅིག །ནད་ཀྱི་རིགས་སུ་གྱུར་པ་མ་ལུས་པ་དང་། སྡུག་


GLG012_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱི་རིགས་ཐམས་ཅད་དང་། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་ཞི་བར་གྱུར་ཅི། རྟག་ཏུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་དགེ་སློང་འབའ་ཞིག་དང་འགྲོགས་པར་གྱུར་ཅིག །སྡོམ་པ་གསུམ་ཡོངས་སུ་དག་པ་དང་། ཐེག་པ་ཆེན་པོའི་སེམས་ཡོངས་སུ་འབྱོངས་པར་གྱུར་ཅིག །ཐེག་པ་ཆེན་པོའི་སྣོད་དུ་འགྱུར་བ་དང་། ཐོས་པའི་དོན་ལ་སེམས་ལས་སུ་རུང་བར་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོའི་རོལ་པས་ངོམས་པ་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་མྱུར་དུ་རྫོགས་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་འཇིགས་པ་སྣ་ཚོགས་ཀྱིས་གཙེས་ཤིང་ཉམ་ཐག་པར་གྱུར་པ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་སྦེད་བྱེད་དེའི་བྱིན་གྱི་རླབས་ཀྱིས་མུ་གེའི་བསྐལ་པ་དང་། མཚོན་གྱི་བསྐལ་པ་དང་། ནད་ཀྱི་བསྐལ་པ་དང་། གཅན་གཟན་གཏུམ་པོ་དང་ཕ་རོལ་གྱི་དམག་ཚོགས་དང་། སྦྲུལ་དང་། མེ་དང་། ཆུ་དང་། རིམས་དང་། བཙན་དང་། ཀླུ་གདུགས་པ་ཅན་དང་། གནོད་སྦྱིན་གདུག་པ་ཅན་ལ་སོགས་པ་འཇིགས་པ་ཐམས་ཅད་ལས་ཐར་པར་གྱུར་ཅིག །སངས་རྒྱས་དང་མྱུར་དུ་མཇལ་བ་དང་མཆོད་པས་མཉེས་པར་བྱེད་པར་གྱུར་ཅིག །ཁྱད་པར་དུ་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཞི་བ་དང་། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཅིག །ཆོས་ཀྱི་རྒྱལ་པོར་དབང་ཐོབ་པར་གྱུར་པ་དང་། ཡང་དག་པའི་ཤེས་རབ་རྒྱས་པར་འགྱུར་བ་དང་། སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་པར་གྱུར་ཅིག །ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་བཞིན་མེད་པ་ཉིད་དང་། །མཚན་ཉིད་མེད་པ་ཉིད་དང་། སྐྱེ་བ་མེད་པ་ཉིད་དང་། འགག་པ་མེད་པ་ཉིད་དུ་རྟོགས་པར་གྱུར་ཅིག །བདག་


GLG012_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་སེམས་ཅན་གང་དག་ལྷ་འདྲེ་གདུག་པ་ཅན་གྱིས་གཙེས་ཤིང་ཉམ་ཐག་པར་གྱུར་པ་དེ་དག་གནས་བརྟན་ཆེན་པོ་མི་ཕྱེད་པའི་བྱིན་གྱི་རླབས་ཀྱིས་ཡུལ་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་དེ་དག་ཞི་བར་གྱུར་ཅིག །བཀྲ་ཤིས་པ་དང་བདེ་བ་དང་ལེགས་པ་ཐམས་ཅད་འབྱུང་བར་གྱུར་ཅིག །བལྟ་ན་སྡུག་པ་དང་། གཟུགས་བཟང་བ་དང་། ཡིད་དུ་འོང་བ་དང་། བདེ་བ་དང་། འབྱོར་བ་འཕེལ་བ་དང་། དོན་ཐམས་ཅད་འགྲུབ་པར་གྱུར་ཅིག །མི་དགེ་བ་བཅུ་སྤྱད་པའི་སྡིག་པ་ཐམས་ཅད་དག་པ་དང་། བསླབ་པ་གསུམ་གྱིས་མཛེས་པར་གྱུར་ཅིག །མཉམ་གཞག་གི་ཞི་གནས་འཕེལ་བ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་རྒྱུད་ལ་སྐྱེ་བ་དང་། བརྟན་པ་དང་འཕེལ་བར་གྱུར་ཅིག །རྟག་ཏུ་དཀོན་ཅོག་གསུམ་དང་མི་འབྲལ་བ་དང་། རང་གི་འཁོར་དུ་ཆོས་སྟོན་པ་དང་། འཆད་པ་དང་། དགེ་སློང་གི་དགེ་འདུན་གྱི་འཁོར་ཆོས་བྱེད་པ་འཕེལ་བར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་ནད་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་དེའི་བྱིན་གྱི་རླབས་ཀྱིས། ལུས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་གྱུར་ཅིག །དྲུག་རྩ་པའི་ཉོན་མོངས་པ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་པ་ས་བོན་དང་བཅས་ཞི་བར་གྱུར་ཅིག །ལྷ་མི་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་། ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཕྱོགས་བཅུར་ཁྱབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་བསྟན་པ་ཐོབ་པར་གྱུར་ཅིག །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་དཔག་ཏུ་མེད་པས་རྒྱ་ཆེར་ཡུན་རིང་དུ་མཆོད་པར་གྱུར་


GLG012_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འཕེལ་བ་དང་། ལྷག་པ་སེམས་ཀྱི་བསླབ་པ་བརྟན་པར་བྱ་བ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྟོགས་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་གདོན་དང་ལྟས་ངན་པ་སྣ་ཚོགས་ཀྱིས་གཟིར་བ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་མ་ཕམ་པ་དེའི་བྱིན་གྱི་རླབས་ཀྱིས་ཡུལ་ཕྱོགས་གང་དུ་བདག་ཉིད་འདུག་ཀྱང་ཡུལ་ཕྱོགས་དེའི་རིའི་ལྷ་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ཤིང་གི་ལྷ་དང་། ནགས་ཀྱི་ལྷ་དང་། ཚལ་གྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་གདུག་པ་དང་། འབྱུང་པོ་གདུག་པ་དང་། ཡི་དྭགས་ལ་སོགས་པ་ནག་པོ་གདུག་པ་ཅན་ཐམས་ཅད་ཀྱང་རང་བཞིན་གྱིས་དུལ་བ་དང་ཞི་བར་གྱུར་ཅིག །རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མཚན་མ་ངན་པ་དང་། ལྕེ་འབབ་པ་དང་། བྱུར་འབབ་པ་དང་། པྲ་ངན་པ་དང་། བྲམ་ཟེའི་དམོད་པ་དང་། སྔགས་ཀྱི་མངོན་སྤྱོད་དང་། གཟའ་དང་སྐར་མ་ངན་པ་དང་། སྐེག་དང་། མ་མོའི་བྱད་དང་། གཤིན་རྗེའི་འཁྲུལ་འཁོར་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་གདུག་རྩུབ་དང་། གདོན་ཆེན་པོ་བཅོ་བརྒྱད་ལ་སོགས་པ་རང་བཞིན་གྱིས་ཞི་བར་གྱུར་ཅིག །ཡུལ་ཕྱོགས་བཀྲ་ཤིས་པ་དང་། གཟི་བརྗིད་ཆགས་པ་དང་། ལོ་ཏོག་རྒྱས་པར་གྱུར་ཅིག །གཞན་ཡང་ཐེག་པ་ཆེན་པོའི་གང་ཟག་དང་། ཆོས་ལ་མི་ཕྱེད་པའི་དད་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་། མི་ཞུམ་པའི་སྟོབས་དང་། རྗེས་སུ་འཇུག་པའི་སྒྲུབ་པ་དང་ལྡན་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་མི་དགེ་བའི་ལས་སྣ་ཚོགས་ལ་བརྩོན་པ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་ནགས་ན་གནས་དེའི་བྱིན་གྱི་རླབས་ཀྱིས་ཡུལ་ཁྱད་པར་ཅན་ལ་སྡིག་པ་བསགས་པ་དང་། ཉོན་མོངས་


GLG012_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་སློང་དྲག་པོས་སྡིག་པ་བསགས་པ་དང་། དཀོན་ཅོག་གསུམ་དང་དགེ་འདུན་གྱི་དཀོར་ལ་འབགས་པ་དང་། སོ་སོར་ཐར་པའི་སྡོམ་པ་ལ་སོགས་སྡོམ་པ་གསུམ་ཉམས་པ་དག་བཤགས་ཏེ་སྡོམ་པར་གྱུར་ཅིག །སྒོ་གསུམ་གྱི་སྡིག་པ་དག་པར་གྱུར་ཅིག །ཉོན་མོངས་པ་ཐམས་ཅད་དང་། གང་ཟག་གི་བདག་ཏུ་འཛིན་པའི་ལོག་པར་རྟོག་པ་དང་། ཆོས་ཀྱི་བདག་ཏུ་འཛིན་པའི་ལོག་པར་རྟོག་པ་དག་ཞི་བར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་མཚམས་མ་མཆིས་པ་བགྱིས་པས་ངན་འགྲོར་སྐྱེ་བར་འགྱུར་བ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་དུས་ལྡན་གྱི་བྱིན་གྱི་རླབས་ཀྱིས་བདེ་འགྲོ་མཐོ་རིས་སུ་སྐྱེས་ནས། བྱམས་པ་ཆེན་པོ་དང་། བརྩེ་བ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་ཅིག །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་སྦྱང་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཐམས་ཅད་འཛིན་པ་དང་། སེམས་ཅན་མཐའ་ཡས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་ཉན་ཐོས་ཀྱི་ཐེག་པ་ལ་འགོད་པར་གྱུར་ཅིག །བདག་ཅག་ལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱིས་དགོངས་པ་དང་རྟག་ཏུ་མཁན་པོ་དང་སློབ་དཔོན་དང་དགེ་འདུན་ཐམས་ཅད་ཀྱི་ཡིད་དུ་འོང་བས་ཐུགས་ཀྱིས་འཛིན་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷན་ཅིག་ཏུ་འགྲོགས་པར་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤོབས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་འབྱུང་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ས་ལ་གནས་པ་དང་ཕྱིར་མི་ལྡོག་པ་ཐམས་ཅད་འདུ་བར་གྱུར་ཅིག །གཞན་ཡང་བསྐལ་པ་ཆེན་པོ་དང་ལྡན་པའི་ཞི་གནས་དང་ལྷག་མཐོང་དང་འགྲོགས་པ་


GLG012_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དད་པ་དང་ཤེས་རབ་དང་ལྡན་པའི་འཁོར་དཔག་ཏུ་མེད་པ་འདུ་བར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་དགྲ་དང་ཕས་ཀྱི་རྒོལ་བས་གཙེས་པ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུའི་བྱིན་གྱི་རླབས་ཀྱིས་དགྲ་ཐམས་ཅད་ཞི་བར་གྱུར་ཅིག །ཕས་མི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཚར་གཅོད་པར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་གྱུར་ཅིག །ཆོས་སྤྱོད་པ་བཅུ་དང་། ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱི་དགེ་བ་དང་སྨོན་པ་འཕེལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་དཔུང་གཉེན་དུ་གྱུར་ཅིག །རྟག་ཏུ་སངས་རྒྱས་དང་འགྲོགས་པ་དང་། ལུས་མཚན་བཟང་པོ་དང་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར་ཅིག །ལུས་ལ་འོད་ཟེར་དཔག་ཏུ་མེད་པ་མཐའ་ཡས་པ་ཐམས་ཅད་ཀྱིས་བརྒྱན་པའི་འོད་ཀྱིས་གང་ལ་རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་ལོངས་སྤྱོད་སྣ་ཚོགས་ཀྱིས་ངོམས་མི་ཤེས་པ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་བཟང་པོ་དེའི་བྱིན་གྱི་རླབས་ཀྱིས་འདོད་པ་ཆུང་བ་དང་ཆོག་ཤེས་པར་གྱུར་ཅིག །མཁན་པོ་དང་། སློབ་དཔོན་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། སློབ་པ་དང་། མི་སློབ་པ་དང་། སོ་སོ་སྐྱེ་བོའི་དགེ་འདུན་ཐམས་ཅད་ལ་གུས་པ་ཐོབ་པར་གྱུར་ཅིག །ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ཚིག་དོན་མ་ལུས་པ་རྟོགས་པར་གྱུར་ཅིག །ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་དང་། ཟབ་མོའི་དོན་ཁོང་དུ་ཆུད་པར་གྱུར་ཅིག །མངོན་ཤེས་དང་རྫུ་འཕྲུལ་དུ་མ་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བར་གྱུར་ཅིག །བདག་


GLG012_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་སེམས་ཅན་གང་དག་ལུས་སེམས་སྟོབས་ཆུང་བས་ཉེན་པ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་གསེར་བེའུ་དེའི་བྱིན་གྱི་རླབས་ཀྱིས་ལྷ་དང་ཀླུ་དང་གནོད་སྦྱིན་དང་འབྱུང་པོ་མི་དང་ས་བླའི་གནོད་སྦྱིན་ཐམས་ཅད་གུས་པས་བཀའ་བཞིན་དུ་བསྒྲུབ་པར་གྱུར་ཅིག །རྒྱལ་པོ་དང་། བློན་པོ་དང་། རྒྱལ་པོའི་སྲས་དང་། བཙུན་མོ་དང་། འབངས་དང་། ཁྱེའུ་དང་། སྐྱེས་པ་དང་། བུད་མེད་དང་། བྲམ་ཟེའི་རིགས་སྔགས་འཆང་བ་དང་། དྲང་སྲོང་གི་སྨོན་ལམ་གྲུབ་པ་ཐམས་ཅད་བདག་གི་བཀའ་བཞིན་དུ་བསྒྲུབ་པར་གྱུར་ཅིག །ལྷ་དང་ཀླུ་དང་གནོད་སྦྱིན་དང་འབྱུང་པོ་དཀར་པོ་ལ་དགའ་བ་རྣམས་ཀྱིས་བདག་གི་ལུས་ཀྱི་གཟི་བརྗིད་དང་། སེམས་ཀྱི་མཐུ་བསྐྱེད་པར་གྱུར་ཅིག །གཞན་ཡང་གང་ཟག་ཐམས་ཅད་ཀྱི་རྒྱུད་འཇམ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཐོབ་པ་དང་། གཟུངས་ཀྱི་སྒོ་མང་པོ་དང་། སྤོབས་པ་རྒྱ་ཆེན་པོ་དང་། ཤེས་རབ་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་བུད་མེད་ཀྱི་ལུས་ལས་ཡོངས་སུ་སྐྱོ་ནས་སྐྱེས་པའི་ལུས་འཚལ་བ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་གསེར་ཅན་གྱི་བྱིན་གྱི་རླབས་ཀྱིས་རྟག་ཏུ་སྐྱེས་པའི་ལུས་ཐོབ་པར་གྱུར་ཅིག །གྲོགས་པོ་དམ་པ་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་ཞིང་འགྲོགས་པར་གྱུར་ཅིག །སངས་རྒྱས་ཀྱི་ཞལ་མཐོང་བ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་བགྲོ་གླེང་མཛད་པ་བལྟ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རླབས་པོ་ཆེ་མཛད་པ་བལྟ་བར་གྱུར་ཅིག །སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བ་དང་། རིག་པའི་ཡེ་ཤེས་རྒྱས་པར་གྱུར་ཅིག །


GLG012_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་སེམས་ཅན་གང་དག་མི་ཁོམ་པའི་གནས་སུ་སྐྱེས་ཏེ་བཟའ་བ་དང་བགོ་བ་མེད་པ་དེ་དག་འཕགས་པ་གནས་བརྟན་ཆེན་པོ་བ་ཀཱུ་ལའི་བྱིན་གྱི་རླབས་ཀྱིས་ངན་སོང་གསུམ་དང་མི་ཁོམ་པའི་གནས་ལས་ཐར་བར་གྱུར་ཅིག །བཀྲེས་པ་དང་། སྐོམ་པ་དང་། གཅེར་བུ་དང་། འོན་པ་དང་། ལོང་བ་དང་། དབང་ཆུང་བ་དང་། ལྐུགས་པ་དང་། དིག་པ་དང་། རྨོངས་པ་དང་། གླེན་པ་ལས་ཐར་བར་གྱུར་ཅིག །འདོད་པའི་ཡོན་ཏན་ལྔ་ལ་ཕུན་སུམ་ཚོགས་པར་ལོངས་སྤྱོད་པར་གྱུར་ཅིག །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མྱུར་དུ་རྟོགས་པར་གྱུར་ཅིག །བྱམས་པ་དང་སྙིང་རྗེ་ཆེན་པོ་རྒྱས་པར་གྱུར་ཅིག །བདག་ཅག་སེམས་ཅན་གང་དག་གཅན་གཟན་ལ་སོགས་པ་དུ་མས་གཙེས་པ་དང་། གང་དག་དཀོན་མཆོག་གསུམ་ལ་བཀུར་སྟི་བགྱིད་པ་ལ་མི་དགའ་བ་དེ་དག་ཐམས་ཅད་འཕགས་པའི་དགེ་བསྙེན་དྷརྨ་ཏཱ་ལའི་བྱིན་གྱི་རླབས་ཀྱིས་གཅན་གཟན་ལ་སོགས་པ་འཇིགས་པ་བརྒྱད་དང་བཅུ་དྲུག་ལས་ཐར་བར་གྱུར་ཅིག །དཀོན་མཆོག་ལ་མངོན་པར་དད་པར་གྱུར་ཅིག །མེ་ཏོག་དང་སྤོས་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་བ་དན་དཔག་ཏུ་མ་མཆིས་པ་དག་གིས་མཆོད་པར་གྱུར་ཅིག །རིམ་གྲོར་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །དུག་ལྔ་དང་བདུད་བཞི་དང་སྒྲིབ་པ་གཉིས་ལ་སོགས་པ་མི་མཐུན་པའི་རྐྱེན་ཐམས་ཅད་ཞི་བར་གྱུར་ཅིག །ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་བ་ཐམས་ཅད་རྒྱས་པར་གྱུར་ཅིག །འདི་ནས་ཤི་མ་ཐག་ཏུ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་ས་དང་ལམ་ཐམས་ཅད་


GLG012_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བླག་ཏུ་བསྒྲུབ་པ་སྟེ། ཕྱོགས་བཅུར་སྤྲུལ་པ་དུ་མ་འགྱེད་པར་གྱུར་ཅིག །སེམས་ཅན་དཔག་ཏུ་མ་མཆིས་པ་ཐེག་པ་ཆེན་པོའི་ལམ་ལ་འགོད་པར་གྱུར་ཅིག །དཀོན་ཅོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་། བྱིན་གྱི་རླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་ཏུ་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་དུ་བཟླའོ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་དང་། འཕགས་སྐྱེས་པོ་དང་། སྤྱན་མི་བཟང་དང་། རྣམ་ཐོས་སྲས་ལ་སོགས་པ་དམ་པ་ཆོས་སྐྱོང་བ་ལྷའི་དགེ་བསྙེན་འཁོར་དང་བཅས་པ་དགོངས་སུ་གསོལ། སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱར་སྔར་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་ལྷའི་ཚིག་བདེན་པས་འདི་སྐད་ཅེས། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ནི་ཆོས་དང་ལྡན་པ་ཆོས་སྨྲ་བ་ཆོས་ཀྱི་རྒྱལ་པོ་ལགས་ཆོས་ཀྱིས་ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་ཕྱེ་ཆེན་པོ་རྣམས་ཀྱི་རྒྱལ་པོ་བགྱིའོ། །འབྱུང་པོའི་ཚོགས་མི་བཟད་པ་སྙིང་རྗེ་མ་མཆིས་པ་གཞན་གྱི་གཟི་བརྗིད་འཕྲོག་པ་རྣམས་བཟློག་པར་བགྱིའོ། །ཕ་རོལ་གྱི་དམག་ཚོགས་ཐམས་ཅད་བཟློག་པར་བགྱིའོ། །མུ་གེ་དང་ནད་ཀྱིས་ཡ་ང་བ་དང་། མྱ་ངན་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །སེམས་ཅན་ཐམས་ཅད་རང་བདེ་བ་དང་། བདེ་ལེགས་སུ་འགྱུར་བ་བགྱིའོ། །རྒྱུན་དུ་ལྷའི་མིག་རྣམ་པར་དག་པས་འཛམ་བུའི་གླིང་ཐམས་


GLG012_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་བལྟ་བར་བགྱི། བསྲུང་བར་བགྱི། ཡོངས་སུ་བསྐྱབ་པར་བགྱི་སྟེ། །དེའི་སླད་དུ་བདག་ལ་འཇིག་རྟེན་སྐྱོངས་པ་ཞེས་མིང་དུ་ཆགས་སོ། །གང་སུ་དག་འཛམ་བུའི་གླིང་འདིར་ཕ་རོལ་གྱི་དམག་ཚོགས་ཀྱིས་ཡུལ་འཇོམས་པར་འགྱུར་རམ། མུ་གེའི་ཡ་ང་བའམ་ནད་ཀྱི་ཡ་ང་བའམ། གནོད་པ་སྣ་ཚོགས་ཀྱིས་གཙེས་པར་གྱུར་པ་ན། བདག་ཅག །རྒྱལ་པོ་ཆེན་པོ་བཞིའི་རྫུ་འཕྲུལ་དང་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བདེ་བ་དང་ཕུན་སུམ་ཚོགས་པར་བགྱིའོ། །ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་དག་ལ་ལེགས་སོ་ལེགས་སོ། །ཁྱེད་རྣམས་ནི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་དང་ལྡན་པ། ཆོས་སྨྲ་བ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱིས་ལྷ་དང་མི་རྣམས་ཀྱི་རྒྱལ་པོ་བྱེད་པའོ། ཁྱེད་རྣམས་ནི་ཡུན་རིང་པོར་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་ལྡན་པ། བདེ་བ་དང་བྱམས་པའི་སེམས་དང་ལྡན་པ། མི་ཕན་པ་ཐམས་ཅད་འགོག་པ། སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་ཉེ་བར་བསྒྲུབ་པ་ལ་བརྩོན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཁྱེད་བཞིས་འཛམ་བུའི་གླིང་ཀུན་ཏུ་བསྲུང་བར་གྱིས་ཤིག །ཡོངས་སུ་བཟུང་བ་དང་ཞི་བ་བདེ་ལེགས་སུ་འགྱུར་བར་གྱིས་ཤིག །དེ་ནས་རྒྱལ་པོ་བཞི་དཔུང་དང་གཡོག་འབུམ་ཕྲག་དང་བཅས་ལ་ཁྱེད་བཞིས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་


GLG012_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྣམས་ཀྱི་ཚུལ་དུ་བསྲུང་བར་འགྱུར་རོ། །ཡོངས་སུ་བསྐྱངས་པ་དང་། ཡོངས་སུ་བཟུང་བར་ཡང་འགྱུར་རོ། །ལྷ་མ་ཡིན་དང་གཡུལ་འགྱེད་པ་ན་ཁྱེད་གཡུལ་ལས་རྒྱལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱེད་བཞིས་ངའི་བསྟན་པ་དང་། བསྟན་པ་འཛིན་པའི་དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མའམ་ཁྱིམ་པ་ལ་སོགས་པ་དེ་དག་ཀུན་ཏུ་བསྲུང་བར་གྱིས་ཤིག །འཛམ་བུའི་གླིང་འདིའང་ཀུན་ཏུ་བསྲུང་བར་གྱིས་ཤིག །ཅེས་བཀའ་སྩལ་པ་དང་། རྒྱལ་པོ་ཆེན་པོ་བཞི་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་སུ་འཛམ་བུའི་གླིང་འདི་དང་། བསྟན་པ་དང་བསྟན་པ་འཛིན་པ་དེ་དག་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །ཡུལ་དེ་དག་ཀྱང་འཇིགས་པ་དང་གནོད་པ་དང་འཁྲུགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིའོ། །ཕ་རོལ་གྱི་དམག་ཚོགས་ཐམས་ཅད་བཟློག་པར་བགྱིའོ། །འཛམ་བུའི་གླིང་རྒྱས་པ་དང་ལོ་ལེགས་པ་དང་ཉམས་དགའ་བ་དང་སྐྱེ་བོ་མང་པོས་གང་བ་དང་། གཟའ་དང་རྒྱུ་སྐར་དང་། ཉི་མ་དང་། ཟླ་བ་ཡང་ལེགས་པར་རྒྱུ་བར་བགྱིའོ། །ཆར་པའི་རྒྱུན་ཡང་དུས་སུ་འབབ་པར་འགྱུར་བ་དང་། ནོར་དང་འབྲུ་དང་། དཔལ་དང་འབྱོར་བ་ཐམས་ཅད་རྒྱས་པར་བགྱིའོ། །ཞེས་བགྱི་བ་ལ་སོགས་པ་གསུངས་ཤིང་ཞལ་གྱིས་བཞེས་པ་བཞིན་དུ་ཕན་ཡོན་ཇི་ལྟར་གསུངས་པ་ཐམས་ཅད་བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་དང་ལྡན་པ་འདི་ཉིད་རྒྱལ་པོ་ཆེན་པོ་བཞི་དང་ཕྱོགས་སྐྱོང་བཅུ་སའི་ལྷ་མོ་བསྟན་མས་


GLG012_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བྱས་བོད་ཁ་བ་ཅན་གྱི་རྒྱལ་ཁམས་བསྲུང་ཞིང་སྐྱོབ་པའི་སྲུང་མ་སྤྱི་དང་བྱེ་བྲག་ཡུལ་ཕྱོགས་འདི་དག་གི་དགོན་གྲོང་གནས་མལ་བསྲུང་བའི་ལྷ་ཀླུ་བསྟན་མ་བཅུ་གཉིས་སོགས་མི་མ་ཡིན་མཐུ་བོ་ཆེ་རྣམས་ལ་འབུལ་ལོ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་ཁམས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ཆོས་བསྒྲུབ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་སྒྲུབ་པར་མཛད་དུ་གསོལ། བཞི་པ་རྗེས་སུ་བྱ་བ་ལ་ལྔ་སྟེ། སླར་ཡང་མཆོད་པ། དགེ་བ། བསྔོ་བ། ཆོ་ག་བསྐང་བ། གཤེགས་སུ་གསོལ་བ། ཤིས་པར་བརྗོད་པའོ། །དང་པོ་ནི། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་ཞེས་སོགས་དང་། གཞན་ཡང་ཅི་རིགས་པར་བྱའོ། །གཉིས་པ་ནི། བཟང་པོ་སྤྱོད་པ་བསྔོ་བའི་རྒྱལ་པོ་དང་བསྟན་འབར་མ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་བཏབ་ནས་འདི་སྐད་དུ་བསྔོ་སྟེ། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པ་འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པ་དགེ་བའི་རྩ་བ་རླབས་པོ་ཆེ་འདི་དག་གི་སྟོབས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་མཛད་པའི་དགོངས་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཕོ་བྲང་གི་དཀྱིལ་འཁོར་ཐམས་ཅད་དུ་བཟང་པོ་སྤྱོད་པའི་མཆོད་པའི་སྤྲིན་རྒྱས་པས་རྒྱན་ཀླུབ་པ་དང་ལྡན་པར་གྱུར་ཅིག །དམ་པའི་ཆོས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་འཇིག་རྟེན་དུ་དར་ཞིང་རྒྱས་པར་གྱུར་ཏེ། ཡི་གེར་འབྲི་བ་དང་། མཆོད་པ་དང་། ཀློག་པ་དང་། འདོན་པ་དང་། སྦྱིན་པ་དང་། ཉན་


GLG012_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བསམ་པ་དང་། སྒོམ་པ་ལ་མངོན་དུ་བྱེད་པའི་སྒོ་ནས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་ཐོགས་པ་མེད་པར་འཇུག་ཅིང་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་བཀའ་ལུང་ཡང་དག་པར་བསྒྲུབ་བ་དང་། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་བགྱི་བ་ལ་ཡོ་བྱད་ཅིས་ཀྱང་མི་གཟུང་ཞིང་ཐབས་ལ་མཁས་པ་དང་། མཐུ་ཕུན་སུམ་ཚོགས་པའི་དབང་འབྱོར་བར་གྱུར་ཅིག །འཕགས་པ་རང་རྒྱལ་བ་དང་ཉན་ཐོས་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་མཐར་ཕྱིན་ནས། ཐེག་པ་བླ་ན་མེད་པའི་སྒོར་གཞོལ་ཞིང་བསྒྲུབས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་རང་གི་འཁོར་ཡོངས་སུ་སྨིན་པར་མཛད་པ་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པའི་མཐུ་དཔལ་དང་ཐབས་མཁས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ཐུགས་དམ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་བསྐང་བ་དང་། ལྷུན་གྱིས་གྲུབ་པའི་དབང་ཐོབ་པ་དང་། སོ་སོའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་མངའ་བདག་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཡོན་སྦྱོར་བ་སྦྱིན་པའི་བདག་པོ་སྐུ་འཁོར་དང་བཅས་པ་ལ་གཡོ་མེད་པར་ལྷག་པར་འགོ་ཞིང་ཕན་འདོགས་པའི་ལྷའི་མགོན་ཐམས་ཅད་ཀྱི་ལུས་དང་སེམས་ཀྱི་རྒྱུད་ཀྱི་སྡིག་པ་དང་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་དང་ལེགས་


GLG012_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་ཅིག །དཀོན་ཅོག་བླ་ན་མེད་པ་གསུམ་པོ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བསྒྲུབས་ནས། རིམ་གྱིས་སངས་རྒྱས་ཀྱི་གོ་འཕང་མཆོག་དམ་པ་ཐོབ་པར་གྱུར་ཅིག །རང་གི་འཁོར་ཡོངས་སུ་བསྐྱང་བ་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པ་ལ་མཐུ་དང་ཐབས་མཁས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །མུ་མེད་མཐའ་ཡས་པའི་སེམས་ཐམས་ཅད་ཀྱང་སྒྲིབ་པ་ཐམས་ཅད་ནི་བྱང་། སྡུག་བསྔལ་དང་གནོད་པ་ཐམས་ཅད་ནི་ཞི། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ནི་ཡོངས་སུ་རྫོགས་ཏེ། འཁོར་བའི་སྐྱོན་ཐམས་ཅད་སྤངས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་ཏེ། གཡུང་དྲུང་གི་སྐུ་མྱུར་དུ་ཐོབ་པར་གྱུར་ཅིག །དེ་ལྟར་དགེ་བའི་རྩ་བ་རླབས་པོ་ཆེ་ཐམས་ཅད་མ་ལུས་པར་འཕགས་པ་ཐམས་ཅད་ལ་ཕུལ་བ་དང་། འགྲོ་བ་ཐམས་ཅད་ལ་སྟབས་ཤིང་བསྔོས་པ་ལ་སོགས་པས་ཆེ་གེ་མོས་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པ་དགེ་བའི་རྩ་བ་ཅི་མཆིས་པའི་སྟོབས་དང་། དཀོན་ཅོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཆོས་ཀྱི་དབྱིངས་རྣམ་པ་དག་པའི་སྟོབས་ཀྱིས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པའི་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེངས་ཏེ། མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་བགྱིས་པ་ལས། ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་ཀྱང་བདག་ཅག་རྣམས་ཀྱིས་འཕྲལ་དུ་ཐོབ་ཅིང་ཡོངས་སུ་རྫོགས་ནས་མངོན་དུ་གྱུར་ཅིག །ཆེ་གེ་མོས་ཐོག་མ་མ་མཆིས་པའི་འཁོར་བ་ནས་འཁོར་བར་བརྒྱུད་པ་


GLG012_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་སྡིག་པ་མི་དགེ་བའི་ལས་ཀྱིས་བསྒྲིབས་པར་གྱུར་པ་ཉོན་མོངས་པ་སྣ་ཚོགས་ཀྱི་དབང་གིས་འབྱུང་བ་འདི་ལྟ་སྟེ། ལས་ཀྱི་སྒྲིབ་པའམ། ཉོན་མོངས་པའི་སྒྲིབ་པའམ། རྣམ་པར་སྨིན་པའི་སྒྲིབ་པའམ། ཆོས་ཀྱི་ཕོངས་པར་གྱུར་པའི་སྒྲིབ་པ་ལ་སོགས་པ་ལས་གང་གིས་ཆེ་གེ་མོ་ངན་སོང་ཀུན་ཏུ་མཆི་བར་འགྱུར་བའི་མི་ཁོམ་པར་སྐྱེ་བར་འགྱུར་བའམ་དཀོན་ཅོག་གསུམ་མངོན་པར་མི་རིག་ཅིང་། མི་གུས་མི་འཛིན་པར་འགྱུར་བའམ། དགེ་བའི་བཤེས་གཉེན་གྱི་རྗེས་སུ་མི་འཛིན་པར་འགྱུར་བའམ། བྱང་ཆུབ་ཀྱི་སེམས་དང་དགེ་བའི་ཕྱོགས་ལས་ཉམས་ཤིང་བདུད་ཀྱིས་ཆོམས་པར་འགྱུར་བའམ། འཁོར་བའི་ཆོས་རྣམས་ཀྱིས་ཀུན་ཏུ་འཇོམས་པར་འགྱུར་བའམ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་གྱི་ཆོས་ཐམས་ཅད་བསྒྲུབ་པ་ལ་མི་ཕྱོགས་ཤིང་། མི་བསྒྲུབ་པར་འགྱུར་བ་ལ་སོགས་པའི་སྡིག་པའི་ལས་སྣ་ཚོགས་ཆེ་གེ་མོ་ཉིད་ཀྱིས་བགྱིས་པའམ། བགྱིད་དུ་སྩལ་པའམ། བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་ཅི་མཆིས་པ་ཐམས་ཅད་མ་ལུས་པར་བསལ་ཏེ། གཏན་ཞི་ཞིང་བྱང་བར་གྱུར་ཅིག །སྔོན་གྱི་ལས་དེ་ལྟ་བུའི་རྣམ་པར་སྨིན་པའང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ། ད་ལྟར་གྱི་ལུས་འདི་ལ་ནད་ཀྱི་རྣམ་པ་མང་པོས་གདུངས་པ་དང་། མི་དང་མི་མ་ལགས་པས་ངན་དུ་བགྱིས་ཤིང་གཙེས་པ་དང་། ཚེེ་ཐུང་བ་དང་སྡུག་བསྔལ་མང་པོ་འབྱུང་བར་འགྱུར་བ་དང་། འཁོར་དང་ཡོ་བྱད་མི་མཐུན་པ་དང་། མི་སྦྱིན་པ་དང་བསམ་པ་མི་འགྲུབ་ཅིང་བར་དུ་གཅོད་པ་མང་བ་ལ་སོགས་པ་གནོད་པ་དང་མི་དགེ་བ་དང་བཀྲ་མི་ཤིས་པ་དང་། ངན་པ་དང་སྡིག་ཏོར་བགྲང་བ་ཐམས་ཅད་ཞི་ཞིང་གཏན་མི་འབྱུང་བར་གྱུར་ཅིག །གདོན་བགེགས་ཀྱིས་གནོད་པ་བགྱིད་པ་ཐམས་ཅད་དང་བྲལ་


GLG012_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གྲོལ་ནས་གདོན་བགེགས་དེ་དག་བྱམས་ཤིང་ཞི་བའི་སེམས་ཀྱིས་སྔར་གནོད་པའི་སྦྱོར་བ་ནས་བགྱིས་པ་ཐམས་ཅད་བཤིག་པས་རང་གི་གནས་སུ་དོང་ཞིང་། ཕྱིན་ཆད་ནམ་དུའང་གནོད་པ་ཅི་ཡང་མི་བྱེད་པར་གྱུར་ཅིག །འཕྲལ་དུའང་ཚེ་རིང་ཞིང་ནད་མ་མཆིས་པ་དང་འཁོར་དང་ཡོ་བྱད་ཐམས་ཅད་མཐུན་ཞིང་འབྱོར་བ་ཕུན་སུམ་ཚོགས་པ་དང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་དང་ལྡན་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུའང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལུས་དང་ལོངས་སྤྱོད་དང་འཁོར་གྲོགས་དང་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་དང་རྟག་ཏུ་འཕྲད་ཅིང་ཐོས་པ་དང་། བསམ་པ་དང་། སྒོམ་པའི་སྒོ་ནས་དོན་མངོན་སུམ་དུ་བགྱིད་པར་གྱུར་ཅིག །དམ་པའི་ཆོས་མ་ནོར་བ་སྟོན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་རྒྱུན་དུ་འགྲོགས་ཤིང་མཉེས་པར་བྱེད་པར་གྱུར་ཅིག །མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་བགྱི་ཞིང་འཕགས་པའི་ལམ་བསྒྲུབ་པ་ལ་ཡོ་བྱད་ཅིས་ཀྱང་མི་གཟུང་ཞིང་། ཐབས་མཁས་པ་དང་ཤེས་རབ་ཀྱི་མཐུ་ཐོགས་པ་མེད་པ་དང་ལྡན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་བདེ་བླག་ཏུ་ཉམས་འོག་ཏུ་ཆུད་པར་གྱུར་ཅིག །བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཆེན་པོ་མྱུར་དུ་ཐོབ་ནས་སེམས་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་ཞིང་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་པར་གྱུར་ཅིག །གསུམ་པ་ཆོ་ག་བསྐང་བ་ནི། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་


GLG012_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དགྲ་བཅོམ་པའི་ཚོགས་མང་པོས་བསྐོར་བ་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ལ་སོགས་པ་ཐམས་ཅད་གདན་འཛོམ་པའི་སྤྱན་སྔར་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར་བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས། མ་འཚལ་བ་དང་བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིག་ངན་པ་དང་། གཙང་སྦྲ་མ་བྱེད་པ་དང་། མདོ་སྡེ་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་རྣམས་ཀྱི་སྒྲིབ་པ་མི་འགྱུར་བར་ཅི་གནང་། ཞེས་སོགས་གཞན་ཡང་ཅི་རིགས་པར་སྦྱར་རོ། །བཞི་པ་གཤེགས་སུ་གསོལ་བ་ནི། མཎྜལ་དུ་སྤྱན་དྲང་བ་རྣམས་ཏེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་འཕགས་པའི་ཚོགས་རྣམས་ཀྱི་བདག་ཅག་ལ་སོགས་པ་འགྲོ་བ་ཉམ་ཐག་པ་རྣམས་ཀྱི་དོན་མཛད་ཅིང་བཀའ་དྲིན་སྩལ་ལགས་ཏེ། ད་དུང་དུའང་བདག་ཅག་ལ་ཐུགས་བརྩེ་བས་ཡང་དང་ཡང་དུ་གདན་འཛོམ་པར་མཛད་པས་དགོངས་ཤིང་སོ་སོའི་གདུལ་བྱའི་ཞིང་རྣམས་སུ་འགྲོ་བ་མང་པོའི་དོན་ལ་གཤེགས་པར་སྩལ་


GLG012_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཅི་གནང་། ཞེས་སོགས་ཅི་རིགས་པར་སྦྱར་རོ། །ལྔ་པ་ཤིས་པ་བརྗོད་པ་ནི། སྐུ་གཟུགས་ཀྱི་མཆོད་རྟེན་བཞུགས་པ་དང་གནས་ཁང་ལ་སོགས་པ་ལ་རོལ་མོ་དུ་མའི་སྒྲ་དང་བཅས་ཤིང་། མེ་ཏོག་གི་ཆར་དབབ་པ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཤིན་ཏུ་བཀྲ་ཤིས་པར་བྱ་སྟེ། དེའང་ཇི་སྐད་དུ། བདེན་པ་དང་བདེན་པའི་ཚིག་གང་གིས་ཕྱིར་མི་ལྡོག་པའི་ཚིག་བདེན་པ་རྣམས་ལ་འཇིག་རྟེན་གྱི་ཚིག་གི་མཆོག་དང་། དགེ་སྦྱོང་རྣམས་ཀྱི་ནང་ན་དགེ་སྦྱོང་སྐྱིད་དེ་བ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་ནི་འཇིགས་པ་མི་མངའ་བ། བག་ཚ་བ་མི་མངའ་བ་སྟེ་མི་སྐྲག་མི་དངངས་མི་འབྲོས་ལ། འཇིགས་པ་མེད་ཅིང་འཇིགས་པར་བྱེད་པ་དང་བྲལ་བ། འཇིགས་པ་དང་འཇིགས་པར་བྱེད་པ་སྤངས་པ་དང་། སྐྱི་བུང་ཞེས་བྱེད་པ་མེད་པའོ། །ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི། དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ། བདེན་པ་དག་བདེན་པའི་ཚིག་འདི་དག་གིས་རྒྱལ་ཁམས་དང་། ཡུལ་འཁོར་དང་། གྲོང་དང་། གྲོང་བརྡལ་དང་། གྲོང་ཁྱེར་དང་། ཁྱིམ་དང་། གནས་དང་། ཞིང་གང་དག་ཡིན་པ་རྣམས་སུ་སྐྱེ་རྒུ་ཐམས་ཅད་ལ་ཡོངས་སུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་གྱུར་ཅིག །རྒྱལ་ཁམས་ཞེས་པས་ན་འགྲེའོ། །གནས་བརྟན་རྒྱལ་པོ་ལྟ་བུའི་བུ་ཐུ་བོ་དང་འདྲ་བར་རབ་ཏུ་བྱུང་ནས་ཡུན་རིང་དུ་ལོན་པ། ཚངས་


GLG012_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་མངོན་པར་སྤྱོད་པ་རྣམས་ཀྱི་མཆོག་འདི་ལྟ་སྟེ། དགེ་སློང་ཀུན་ཤེས་ཀོཎྜི་ཎྱ་དང་། འདོད་པ་ཉུང་ལ་སྦྱངས་པའི་ཡོན་ཏན་ལ་གནས་པ་དང་ཆོག་ཤེས་པ་རྣམས་ཀྱི་མཆོག་འོད་སྲུངས་ཆེན་པོ་དང་། ཤེས་རབ་ཆེ་བ་དང་སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཤཱ་ར་དྭ་ཏིའི་བུ་དང་། རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་རྣམས་ཀྱི་མཆོག་མཽདྒལ་གྱི་བུ་ཆེན་པོ་དང་། ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགག་པ་དང་། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང་། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཉེ་བར་འཁོར་དང་། ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་མའི་བུ་གང་པོ་དང་། བསླབ་པ་ལ་གུས་པ་རྣམས་ཀྱི་མཆོག་སྒྲ་གཅན་ཟིན་དང་། མལ་ཆ་དང་སྟན་བགོ་བ་རྣམས་ཀྱི་མཆོག་གྱད་བུའི་ནོར་དང་། སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་མཆོག་བ་ར་དྷ་ཛ་བསོད་སྙོམས་ལེན་དང་། ཁྱིམ་པ་དད་པ་བསྐྱེད་པ་ཐམས་ཅད་ཀྱི་མཆོག་ནག་པོ་འཆར་ཀ་དང་། ལྷ་དང་མིས་མཆོད་པ་རྣམས་ཀྱི་མཆོག་ལེགས་མཐོང་གི་བདེན་པ་དང་། བདེན་པའི་ཚིག་དེ་དག་གིས་ཞེས་སོགས་བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་རྐང་པ་མེད་པའང་། རྐང་གཉིས་པའམ། རྐང་བཞི་པའམ། རྐང་མངས་སམ། གཟུགས་ཅན་ནའམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་སམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་པ་དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་མཆོག་


GLG012_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དེ་དག་གིས་ཞེས་སོགས་སོ། །བདེན་པ་དང་བདེན་པའི་ཚིག་གང་གིས་ཚོགས་པའམ། འདུས་པའམ། མང་པོའམ། འཁོར་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཅེས་བྱ་སྟེ། བདེན་པ་དང་བདེན་པའི་ཚིག་དག་གིས་ཞེས་སོགས་སོ། །བདེན་པ་དང་བདེན་པའི་ཚིག་གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་བྱ་བའི་ཕྱིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་དང་བཤད་པ་དང་བརྗོད་པའི་བདེན་པ་དང་བདེན་པའི་ཚིག་དེ་དག་གིས་ཞེས་སོགས་ཏེ། འདིར་གྲོང་ངམ་གནས་ཀྱི་མིང་། སྒོས་སུ་སྨོས་དགོས་པའི་སྐབས་ཡོད་ན་ནི་དེ་བཞིན་དུ་བྱའོ། །དེ་ནས་ཇི་སྐད་དུ། འཇིག་རྟེན་འདིའམ་ཡང་ན་འདས་པ་ཡི། །མཐོ་རིས་དག་ནི་རིན་ཅེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་གཡོ་མཆོག་དེ་འདིར་ནི་མཚུངས་པ་མེད། །དེ་བས་འདིར་ནི་རིན་ཅེན་མཆོག་ཏུ་གསུངས་། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཞེས་པ་ཤཱཀྱ་ཐུབ་པ་དེས་རབ་སྐྱེས། །བདུད་རྩི་ཞི་བ་འདུས་མ་བྱས་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདིར་ནི་རིན་ཅེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བརྟན་པ། །སྟོན་


GLG012_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུ་མི་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདིར་ནི་རིན་ཅེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་པ་མེད། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདིར་ནི་དགེ་འདུན་རིན་ཅེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །གོའུ་ཏ་མའི་བསྟན་ལ་བཞུག་བྱེད་པ། །དེ་དག་ཐོབ་བྱེད་བདུད་རྩི་མཆོག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཅེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །དེ་བས་དགེ་འདུན་རིན་ཅེན་མཆོག་ཏུ་གསུངས། །བདེན་པ་འདི་ཡིས་འདིར་ནི་བདེ་ལེགས་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ཅིང་། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ལ། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཅེན་མཆོག་ཏུ་གསུངས། །བདེན་པ་


GLG012_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེ་ལྟར་དབང་པོས་སྡོང་པོ་གསར་བཙུགས་པ། །ཕྱོགས་བཞི་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་མཆོག་རྣམས་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཅེན་མཆོག་ཏུ་གསུངས་། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཤེས་རབ་ཟབ་མོ་ཤིན་ཏུ་བརྟན་པ་ཡིས། །འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་ཞིང་། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་ནས་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཅེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་བ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་ཏུ་སྦྱོར་བས་རབ་བཏང་བ། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཅེན་མཆོག་གསུངས། བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། སའམ་འོན་ཏེ་མཁའ་ལ་འཁོད་


GLG012_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང་། སྐྱེ་རྒུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདི་ན་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ། །ཉི་མའི་དངོས་བརྒྱ་དང་འདྲེས་ཞུན་མའི་གསེར། །ལེགས་བྱུགས་འཁོར་ལོའི་རི་མོ་རབ་བཀྲའི་ཕྱག །བརྐྱངས་ནས་འགྲོ་རྣམས་འཁོར་བའི་མྱ་ངམ་ལས། །འདྲེན་པའི་སྙིང་སྟོབས་ཕུལ་བྱུང་དོན་ཀུན་གྲུབ། །རྣམ་མཁྱེན་ཡེ་ཤེས་ཟླ་གཟུགས་འཕྲུལ་པོ་ཆེ། །མཆོག་དམན་ཡིད་ངོའི་དངས་མཚོར་ཉན་ཐོས་ཀྱིས། །འོད་དཀར་འཁྲུལ་འགྲོའི་བྱིས་ཡིད་ཉེན་འཁྲིད་ནས། །སྣ་ཚོགས་ཐབས་མཁས་འཕྲིན་ལས་སྒོ་བརྒྱ་ཕྱེད། །རྒྱ་ནག་མང་བཀུར་ཁབ་ཀྱི་སྤྲུལ་པའི་རྒྱལ། །གནམ་སྐོས་མཆོད་སྤྲིན་ཡུལ་གྱུར་གནས་བརྟན་གྱི། །ཞབས་རྡུལ་དམར་འོད་ལྷུངས་ཚེ་དེའི་མོད་ལ། །བྱིན་རླབས་གཟུགས་ཅན་རི་བོ་དངོས་རྒྱུ་ཞིང་། །ཡེ་ཤེས་སེམས་དཔའི་ཆ་གང་སྐུ་བརྙན་ཟླ། །གཉིས་པ་གངས་ལྗོངས་དབང་ཕྱོགས་རི་བོའི་རྩེར། །ཤར་ཚེ་ཐུབ་བསྟན་རྒྱས་པའི་སྣང་འོད་ལ། །སྐྱེ་རྒུའི་བདེ་སྐྱིད་ཨུཏྤལ་འཛུམ་པ་བཞིན། །འོད་མཚན་སྟོང་དུ་འབར་བའི་ཡེ་ཤེས་གར། །སྡོམ་བརྩོན་ལྔ་རིག་ཚུལ་གྱུར་ཨ་ཏི་ཤའི། །རྗེས་འབྲངས་བཀའ་གདམས་རིན་ཅེན་འཕྲེང་རྣམས་ཀྱིས། །ཐུགས་གསང་དཔལ་བེར་འཁྱིལ་བའི་བདུད་རྩིའི་དཔྱིད། ཆེར་གྲགས་སྟོང་སྐད་འཆལ་སྒྲའི་དྲི་ཞོན་གྱིས། །འགྲོ་


GLG012_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

མང་གཙུག་འཁྱེར་སྦུན་པའི་གར་མཁན་དང་། །མཚུངས་མིན་རྣམ་འདྲེན་ཉན་ཐོས་ཚུལ་འཛིན་པ། །བསླུ་མེད་གཏན་གྱི་སྐྱབས་སུ་སོམ་ཉི་ཅི། །ཆགས་སྡང་ཆུ་འཛིན་སྟུག་པོར་མིག་བགྲད་ཅིང་། །བརྫུན་གཏམ་དབྱར་གྱི་སྐད་བསངས་ཐོས་པའི་མོད་། །ལོག་སྤྱོད་མངལ་སྦྲུམ་ཆོས་པར་རློམ་མང་དང་། །གཞན་འདྲིང་སྒྲོ་གཤོག་ངོམ་དེ་ཀྱེ་མ་ཧུད། །བླང་དོར་བཟང་ངན་ཆུ་དང་འོ་མ་གཉིས། །ལྟར་སྣང་ངོ་བོ་གཅིག་ཏུ་འཁྱིལ་བའི་གཤེར། །འབྱེད་པའི་དཔྱོད་ལྡན་འཁོར་ལོའི་ཡན་ལག་ཅན། །ངུར་སྨྲིག་མདོག་ཅན་ཕལ་གྱི་དོ་ཟླ་མིན། །ལྔ་བདོའི་དྲིས་སྦགས་བསྟན་འགྲོའི་བདེ་སྐྱིད་ཞབས། །བསེལ་བྱེད་མཆོད་མཆོག་ཀླུ་ཆེན་གངས་ལྗོངས་འདིར། །འདྲེན་པའི་སྐལ་ལྡན་ཤིང་རྟ་ཞ་ལུ་པ། ཁྱབ་བདག་རྡོ་རྗེ་སེམས་དཔའ་གཟུགས་གཞན་བཟུང་། །རིགས་ཀུན་བདག་པོའི་བཀའ་མཆིད་མཎྡ་ར། །མི་ཕྱེད་དད་པའི་ཐོད་དུ་ལེགས་བཅིངས་ཏེ། །སྔོན་རབས་དམ་པའི་བཞེད་སྲོལ་ལ་བརྟེན་ནས། །གནས་བརྟན་གསལ་གདབ་འཁྲུལ་མེད་ཁྲིགས་སུ་བསྡེབས། །རྒྱལ་དང་སློབ་མར་བཅས་པས་ཞལ་འཆེས་པའི། །དོན་བཟང་ཛམྦུའི་འབྲས་བུ་ལུས་ཅན་གྱི། །བསོད་ནམས་མཚོར་ལྷུངས་མཐོ་རིས་ཐར་པ་ཡི། །གསེར་གྱི་སྙེ་མར་རྟག་ཏུ་ལོངས་སྤྱོད་ཤོག །ཅེས་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གི་མཆོད་པ་རྒྱལ་བསྟན་འཛད་མེད་ནོར་བུ་ཞེས་བྱ་བ་འདི་ནི་དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་དཔལ་ལྡན་རྡོ་རྗེ་སེམས་དཔའ་ངུར་སྨྲིག་གི་ཟློས་གར་ཅན་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དཔལ་ལྡན་ཞ་ལུའི་ཆོས་གྲྭ་ཆེན་པོར་


GLG012_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་གྱི་མཆོད་པའི་དུས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གསུམ། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བཞེད་སྲོལ་འཇིགས་བྱེད་བཅུ་གསུམ་མ། གནས་བརྟན་མཆོད་ཆོག་རྣམས་འཛུགས་བཞེད་ཀྱི་རྩོམས་ཤིག་པར་བཀའ་གནང་བ་ལྟར་དཔལ་སྣར་ཐང་པ་མཚམས་ཀྱི་ཆོག་སྒྲིགས་དང་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བས་མཛད་པའི་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་མཆོད་ཅིང་བསྙེན་བཀུར་བའི་ཆོ་གའི་རིམ་པ་གསལ་བར་བྱེད་པ་བྱིན་རླབས་ཀྱི་སྤྲིན་ཕུང་སོགས་ཡིག་རྙིང་རྣམས་ལ་བརྟེན་ནས་ཟ་ཧོར་གི་རིགས་ལས་སྡེ་སྣོད་གསུམ་པ་འཇམ་དབྱངས་དགའ་བའི་བཤེས་གཉེན་དུ་འབོད་པས་མེ་འབྲུག་གླུ་དབྱངས་ཀྱི་ཟླ་བའི་ཕྱོགས་ཕྱི་མའི་བཟང་པོ་གསུམ་པའི་ཚེས་ལ་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་རཏྣ་ཤཱ་ས་ནོ་ད་ཡ་བྷ་ཝནྟུ། སརྦ་མངྒ་ལཾ།། །།


GLG012_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousགནས་བརྟན་ཆེན་པོ་བཅུ་དྲུག་གི་མཆོད་པ་རྒྱལ་བསྟན་འཛད་མེད་ནོར་བུ།next