Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
  
 expand section
  
  
  
  
  
  
 
རྒྱུད་སྡེ་རྒྱ་མཚོར་རབ་འབྱམས་སྨྲ་བ་རྣམས་ཀྱི་བཤད་པའི་སྔོན་འགྲོའི་མཆོད་བརྗོད་ཀྱི་རིམ་པ་འཕང་འགྲོའི་སྒྲ་དབྱངས།


3 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརྒྱུད་སྡེ་རྒྱ་མཚོར་རབ་འབྱམས་སྨྲ་བ་རྣམས་ཀྱི་བཤད་པའི་སྔོན་འགྲོའི་མཆོད་བརྗོད་ཀྱི་རིམ་པ་འཕང་འགྲོའི་སྒྲ་དབྱངས།no next

རྒྱུད་སྡེ་རྒྱ་མཚོར་རབ་འབྱམས་སྨྲ་བ་རྣམས་ཀྱི་བཤད་པའི་སྔོན་འགྲོའི་མཆོད་བརྗོད་ཀྱི་རིམ་པ་འཕང་འགྲོའི་སྒྲ་དབྱངས།


GLG012_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་རྒྱ་མཚོར་རབ་འབྱམས་སྨྲ་བ་རྣམས་ཀྱི་བཤད་པའི་སྔོན་འགྲོའི་མཆོད་བརྗོད་ཀྱི་རིམ་པ་འཕང་འགྲོའི་སྒྲ་དབྱངས་བཞུགས་སོ། །


GLG012_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་དཔྱོད་ལྡན་མཁས་མང་རྒྱ་མཚོའི་དབུས། །ལེགས་བཤད་དགའ་སྟོན་སྤྲོ་བའི་སྔོན་འགྲོའི་སྒོ། །དམ་པའི་ཡུལ་ལ་མཆོད་པར་བརྗོད་པའི་གཏམ། །སྙན་གྱི་བཞེས་སྤྲོའི་བུ་རམ་འདི་ན་མངར། ༡ །མང་པོར་སྦྱངས་པའི་རྒན་ཡུས་འབར་བའི་མེ། །ཐུགས་ཀྱི་བུམ་པའི་ནང་དུ་ཆེས་གསལ་ཀྱང་། །ཞལ་གྱི་སྒོ་ནས་སྨྲ་བའི་འོད་ཀྱི་ཟེར། །མ་འཕྲོས་ཕྱི་རོལ་གཟུགས་བརྙན་ཅི་ཞིག་སྟོན། ༢ །གཟུར་གནས་བློ་ལྡན་མཻ་ན་ཀ་ཡི་ཚོགས། །མ་སྨད་སྤོབས་པ་གཟེངས་མཐོའི་སོར་མོ་ཡིས། །ཚིག་དོན་ཟུང་དུ་འབྲེལ་བའི་རྒྱུད་བསྐུལ་ནས། །མཁས་པའི་སྙན་གྲགས་གླུར་ལོང་གར་གྱིས་རོལ། ༣།དེ་ཡང་མཁས་མང་ཚོགས་པའི་མདུན་སར་ངེས་གསང་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ལས་བརྩམས་ཏེ་རབ་འབྱམས་སྨྲ་བའི་གྲྭ་སྐོར་བྱེད་པར་འདོད་པ་རྣམས་ཀྱིས་ཐོག་མར་མཆོད་བརྗོད་ཀྱི་རིམ་པ་བྱ་བར། དཔེར་ན་རྒྱུད་སྡེ་གསུམ་ཙམ་ལ་བཤད་པ་བྱེད་ན་དཀོན་ཅོག་གསུམ་གྱི་ཤིས་བརྗོད་ཡན་སྔོན་མའི་དུས་སུ་སོང་བས་གོ་བཅད་ཕྱི་མ་རྣམས་ལ་ཉིན་མོ་བདེ་ལེགས་མའི་ཤོ་ལོ་ཀ་གཅིག་གི་རྗེས་སུ་ཡུལ་ཁྱད་པར་ཅན་སོགས་བཏགས་


GLG012_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྒྱས་བསྡུས་རན་པར་མངོན་ཞིང་གང་ལྟར་བཤད་ཡུན་སོགས་ཡུལ་དུས་གནས་སྐབས་དང་བསྟུན་རིགས་པས་དཔྱད་ནས་གང་ལ་གང་འཚམ་སྦྱོར་བའི་དབང་དུ་བྱས་པ་ཡིན་ལ། དེ་ཡང་འདུས་པ་མདོ་སྒྲུབ་སྡེ་གཞན་དུས་འཁོར་བདེ་མཆོག་རྣམས་ལ་བཤད་པ་བྱེད་པར་སྤྲོ་ན། སོ་སོ་དང་འབྲེལ་བའི་སྐབས་ཐོབ་ཀྱི་ཚིག་སྦྱོར་ཤེས་དགོས་པས་རེ་ཞིག་བཏང་སྙོམས་སུ་བཞག་ནས། གསང་སྔགས་རྙིང་མ་ལ་སྒྱུ་འཕྲུལ་དང་ཕུར་པ། གསར་མ་ལ་གསང་བ་འདུས་པ་དང་བརྟག་གཉིས་བཤད་པ་འཕོག་ཆེ་ཞིང་སྙན་འཇེབས་ཆེ་བའི་དབང་དུ་བྱས་ནས་སྔོན་འགྲོའི་མཆོད་བརྗོད་ལག་ཐོག་ཏུ་བླངས་ཆོག་མ་ནག་འགྲོས་སུ་བཀོད་པ་ལ། ཇི་སྐད་དུ། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་གསུངས་པ་ལྟར། མཁས་པ་རྣམས་དགྱེས་པ་སྐྱེད་པར་བྱེད་པའི་སྐྱེས་ཀྱི་མཆོད་པ་ནི་ལེགས་པར་བཤད་པ་ཡིན་ལ། བློ་གྲོས་ཀྱི་རྒྱུད་ལས་དྲངས་ཏེ་ལེགས་བཤད་ཀྱི་པི་ཝང་འཁྲོལ་བར་བྱེད་པ་ལ། ཇི་སྐད་དུ། ཐོས་པ་གཏི་མུག་མུན་སེལ་སྒྲོན་མ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་


GLG012_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་པ་ལྟར། ཐོག་མར་རྒྱལ་བའི་གསུང་རབ་དང་ཕྱི་ནང་གི་གཙུག་ལག་རྒྱ་མཚོ་ཆེན་པོར་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་ཞིག་སྔོན་དུ་འགྲོ་དགོས་པ་ལ། དངོས་ཅག་ཐོས་བྱུང་ཤེས་རབ་དང་སྦྱོར་བྱུང་གི་བརྩོན་འགྲུས་མཐུ་དམན་པས་སྦྱངས་སྟོབས་ཀྱི་ཡོན་ཏན་ཆུང་ངུར་གྱུར་པ་ཞིག་གིས་དེང་འདིར་གནས་ཕུན་སུམ་ཚོགས་པ་འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ཁང་གི་ཀུན་དགའ་ར་བར་གདན་སེང་གེའི་ཁྲི་ལ་སྟོན་པ་ཕུན་སུམ་ཚོགས་པ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་མཆོག་གི་རྡོ་རྗེའི་སློབ་དཔོན་ཆེན་པོ། །གནས་ཕུན་སུམ་ཚོགས་པ་རང་བྱུང་འཕགས་པ་ལོ་ཀེ་ཤྭ་རའི་གཙུག་ལག་ཁང་དམར་པོ་རི་དང་གནམ་བསྐོས་ཀྱི་རྒྱལ་ཁབ་ཆེན་པོ་ཟུང་དུ་འབྲེལ་པར་འཛམ་གླིང་དངོས་པོ་ཀུན་གྱི་ལུགས་གཉིས་ཀྱི་སྒོ་ནས་བཏུད་བྱའི་གནས་མཆོག་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕོ་བྲང་ཆེན་པོའི་དབུས་གདན་སེང་གེའི་ཁྲི་ལ་སྟོན་པ་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ་གཞི་ཚུལ་ཁྲིམས་རྣམ་པར་དག་པའི་རྩ་བ་བརྟན་ཞིང་མངོན་པར་རྟོགས་པའི་ཡོན་ཏན་གྱི་སྡོང་པོ་རྒྱས་པའི་རྩེར། འཆད་རྩོད་རྩོམ་པའི་ལོ་འབྲས་ཀྱི་ཁུར་དུ་དུད་པའི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཆོས་ཕུན་སུམ་ཚོགས་པ་རྒྱུད་ཀྱི་རྒྱལ་པོ་ཆེ་གེ་མོ་འདི་ཉིད་སྨྲ་བའི་བརྟུལ་ཞུགས་བཟུང་ནས་མགྲིན་པ་འདེགས་པའི་འོས་སུ་གྱུར་པ་མིན་ནའང་། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས། སེམས་དགེ་བ་ལ་ཉེས་པ་མེད། ཅེས་པ་ལྟར་མངོན་པའི་ང་རྒྱལ་སྤངས་ཏེ་བཅོམ་ལྡན་འདས་འཕྲིན་ལས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོ་རྡུལ་ཚོན་དང་འབྲེལ་བ་ཞལ་ཕྱེ་བར་བླ་མ་ཡིད་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག་པོ་དང་བཅས་པ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་ནས་མི་མཐུན་ཕྱོགས་ཀུན་ཕ་མཐར་བསྐྲད་དེ་བྱིན་རླབས་མཆོག་


GLG012_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་དངོས་གྲུབ་ཀྱི་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་དུས་འདིར་རང་གི་ལེགས། འོ་སྐོལ་གྱི་སྟོན་པ་བུ་རམ་ཤིང་པས་མུ་སྟེགས་བཏུལ་བའི་དུས་ཕུན་སུམ་ཚོགས་པ་འདིར་རང་གི་ལེགས་བྱས་ཀྱི་ཞིང་འདུས་པའི་ཚོགས་ལ་ཐོས་པའི་སྐྱེས་འབུལ་འདོད་ཀྱི་དད་པ་དང་མོས་པའི་དབང་གིས་ཅུང་ཟད་བརྗོད་པ་ནི། ཇི་སྐད་དུ། སྤྲིན་ཆེན་འབྲུག་སྒྲས་གང་ན་ཡང་། །ཆར་འདོད་བྱེའུ་ཅ་ཅོ་སྒྲོག །མཛངས་པའི་ཚིག་ནི་མི་ཤེས་ཀྱང་། །བྱིས་པ་མ་ཡི་གམ་དུ་སྨྲ། །ཞེས་པ་ལྟར། མཁས་པའི་དབང་པོ་གཞན་དག་གི་གོ་ས་བགགས་ཏེ་བདག་ལྟ་བུས་སྨྲ་བ་ལ་ཉེས་པར་མི་འགྱུར་བར་སེམས་ལ། འོ་ན་རྣམ་དཔྱོད་དང་མི་ལྡན་བཞིན་དུ་བཤད་པའི་ཁུར་ཁྱེར་བ་ཅི་ཞེ་ན། ངང་པའི་རྒྱལ་པོ་གྲགས་ལྡན་རྣམས། །ཆུ་མཚོར་མགྲིན་པའི་རྫ་རྔ་བརྡུང་། །འོན་ཀྱང་ཆུ་སྐྱར་གཞོན་ནུ་རྣམས། །གླུ་དབྱངས་ས་སིལ་འཁྲོལ་བར་བྱེད། །ཅེས་པ་ལྟར་བློ་མིག་ཆུང་ངུས་ཇི་ལྟར་རྟོགས་པ་རང་བློས་གང་སྤོབས་ཀྱིས་སྒྲོག་པ་ལ་ཉེས་པའི་ཀླན་ཀ་མི་འཇུག་ཅིང་ཁྱོད་ཀྱི་ཆོས་འདི་དག་རང་བཟོ་ཙམ་གྱིས་སྨྲ་བ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། གང་ཞིག་གསེར་གྱི་རི་ལ་གནས་བྱས་པ། །དེ་ཡི་འདབ་ཆགས་རྣམས་ཀྱང་གསེར་དུ་གྱུར། །ཞེས་གསེར་རིའི་མདངས་ཕོག་པའི་བྱ་རྣམས་ཀྱང་སེར་པོར་འགྱུར་བ་བཞིན་ཐོས་བསམ་སྒོམ་པའི་གྲྭར་གནས་པ་ཙམ་གྱིས་ལེགས་པའི་ཡོན་ཏན་འགོ་བ་ཆོས་ཉིད་ཡིན་ནའང་དེ་ཙམ་ལ་ཡིད་བརྟན་དུ་མ་བཟུང་བར་རྫོགས་པའི་སངས་རྒྱས་ནས་རྒྱ་བོད་ཀྱི་མཁས་གྲུབ་རྒྱུད་པ་ཟམ་མ་ཆད་པ་ལས་བྱུང་བའི་ལུང་རིགས་མན་ངག་དང་ལྡན་པའི་ཕྱིར་ཁུངས་དང་འབྲེལ་ལ། དེ་ཡང་སློབ་དཔོན་


GLG012_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

དཎྜིས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་བྱ་བ་ཁྱད་པར་ཅན་གྱི་ཚེ་ཤིས་པ་བརྗོད་ཅིང་ཡུལ་མཆོག་ཏུ་གྱུར་པ་ལ་ཕྱག་འཚལ་བ་ནི་སྔོན་བྱོན་དམ་པའི་རྣམ་ཐར་ཡིན་པའི་ཕྱིར་རང་ཉིད་ཀྱང་མིག་ཡར་བལྟའི་ཚུལ་གྱིས་དེའི་རྗེས་སུ་འཇུག་པ་ལགས་པས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་ཤོ་ལོ་ཀ་གསུམ། ཞེས་ཤིས་པ་བརྗོད་པ་སྔོན་དུ་བཏང་ནས། དེའི་རྗེས་སུ་ཡུལ་ཁྱད་པར་ཅན་ཇི་ལྟ་བུ་ལ་མཆོད་པར་བརྗོད་ཅེ་ན། སྐབས་འདིར་འཆད་པར་བྱ་བ་ལ། སྒྱུ་འཕྲུལ་རྒྱས་པའི་ལེའུ་ལྔ་བཅུ་པ་ལས། གསང་བའི་སྙིང་པོར་ངེས་པ་འདི། །གསང་སྔགས་ཀུན་གྱི་རྒྱལ་པོ་ཡིན། །ཐབས་ཆེན་མཚོན་པའི་ཤེས་རབ་ཡིན། །ཞེས་པ་ལྟར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་བཞེད་ཕུགས། འབྲས་བུ་ཐམས་ཅད་ཀྱི་མཐར་ཐུག །འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་བཤུལ། མ་འོངས་པ་རྣམས་ཀྱི་ལམ། ཆེ་བ་བརྒྱད་དང་ལྡན་པ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ། སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བ་སྙིང་པོ་འདི་ཉིད་གླེང་བ་ལ་འབྲེལ་ཆགས་པ་ཞིག་དགོས་པ་ཡིན་པས། ཤོ་ལོ་ཀ་གཅིག་པོ་འདི་སྨན་ལུང་མི་བསྐྱོད་རྡོ་རྗེའི་གསང་སྙིང་ཊིཀྐའི་མཆོད་བརྗོད་ནས་བླང་། རང་བཞིན་མངོན་བྱས་ཕྱོགས་དུས་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །ཞི་དང་ཁྲོ་མཛད་མི་ཟད་རྒྱན་གྱི་འཁོར་ལོར་རབ་སྣང་ཞིང་། །དབྱིངས་ཕྱུག་ཀྲོ་ཏཱིའི་ཚོགས་དང་གཉིས་མེད་སྟོན་པ་སྐུ་ལྔའི་བདག །འཆད་བྱེད་རིགས་གསུམ་མགོན་པོར་བཅས་


GLG012_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་པས་ཕྱག་འཚལ་ལོ། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ལས། ལོངས་སྐུ་ཞི་ཁྲོ་དམ་པ་རིགས་བརྒྱ་རྒྱུད་ཀྱི་སྡུད་པོ་འཕགས་པ་རིགས་གསུམ་མགོན་པོར་བཅས་པ་ལ་བདག་སོགས་རང་རིག་རང་ངོ་ཡེ་འཕྲོད་ཆོས་ཉིད་ཟད་སར་འཁྱོལ་མིན་དེ་སྲིད་བར་དུ་སྒོ་གསུམ་གུས་པས་མཆོད། འདི་མན་གྱི་ཚིགས་བཅད་རྣམས་གསར་རྩོམ། དམ་པའི་རིགས་ཅན་དྲི་མ་ལྔ་དང་ཀུ་ཀུ་རཱ་ཛ་རྒྱལ་པོ་ཛ། །ཨོ་རྒྱན་དྲི་མེད་བཤེས་གཉེན་སངས་རྒྱས་གསང་བ་རྨ་གཉགས་འཇིག་རྟེན་མིག །སོ་ཟུར་གནུབས་ཞེས་རྒྱལ་བའི་གདུང་འཚོབ་ཧེ་རུ་ཀ་དཔལ་མི་ཡི་གཟུགས། །གཡུང་སྟོན་སྒྲོལ་ཆེན་རཏྣ་གླིང་སོགས་བཀའ་བབས་བརྒྱུད་པ་རྣམས་ལ་འདུད། །ཅེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་ལྷའི་བུ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་མགྲིན་པ་ནག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་ལངྐ་མགྲིན་བཅུ། ཀླུ་རྒྱལ་འཇོག་པོ། ལི་ཙ་བི་དྲི་མ་མེད་པར་གྲགས་པ། དགེ་སློང་ཁྱིའི་རྒྱལ་པོ། སྐལ་ལྡན་རྒྱལ་པོ་ཛ། སངས་རྒྱས་གཉིས་པ་དཔལ་ཨོ་རྒྱན་ཆེན་པོ། པཎ་ཆེན་བི་མ་ལ་མི་ཏྲ་སོགས་འཕགས་ཡུལ་གྱི་མཁས་གྲུབ་རྣམས་དང་ལོ་ཙཱ་བ་རྨ་གཉགས་གཉིས་སོ་ཟུར་གནུབས་གསུམ་སོགས་བཀའ་བབས་བརྒྱུད་པའི་བླ་མ་ཐམས་ཅད་ལ་༝། རྡོ་རྗེ་འཆང་དབང་ངུར་སྨྲིག་གར་མཛད་པ། །འཁོན་རིགས་རྗེ་བཙུན་དཔལ་འབྱོར་ལྷུན་གྲུབ་ཞབས། །འཁོར་ལོའི་མགོན་པོ་ཆོས་དབྱིངས་རང་གྲོལ་དཔལ། །བྱང་ཆུབ་བར་དུ་ཁྱོད་ཞབས་སྤྱི་བོར་ལེན། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་རྒྱུད་རྒྱལ་འདི་ཉིད་ཀྱི་བསྟན་


GLG012_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པ་སླར་ཡང་ཉིན་མོ་ལྟར་གསལ་བར་མཛད་པ་ལ་གསང་བདག་སྒྲོ་སྦུག་པ་བསམས་བཞིན་དུ་སྤྲུལ་པའི་ཟློས་གར་མཁན་རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་དང་གང་དེའི་གསུང་གི་མཛོད་འཛིན་པ་ཀུན་མཁྱེན་ཆེན་པོ་ཆོས་དབྱིངས་རང་གྲོལ་ཡབ་སྲས་རྣམ་པ་གཉིས༝། ཁྲི་སྲོང་ཐུགས་རྗེ་ཉི་མའི་འོད་ཀྱི་ཟེར། །ཐེག་མཆོག་འདབ་བརྒྱ་བཞད་པའི་རིག་སྔགས་འཆང་། །དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་བཞད་པ་རྩལ། །རྡོ་རྗེའི་སློབ་དཔོན་དམ་པ་གཙུག་ན་བསྟེན། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་མངའ་བདག་ལྷ་བཙན་པོ་ཚངས་པ་ལྷའི་མེ་ཏོག་གི་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་ལས་བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་ཤར་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་གཅིག་པུ་པ་རྫུ་འཕྲུལ་རྐང་པའི་ཡན་ལག་བཞིའི་དཔུང་ཚོགས་ཀྱི་མི་མཐུན་ལོག་ལྟའི་གཡུལ་ངོ་མཐའ་དག་གཞོམ་པར་མཛད་དེ། བསྡུ་བའི་དངོས་པོ་རྣམ་བཞིས་རིས་མེད་ཀྱི་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་སྟོན་པའི་རྒྱལ་ཚབ་བཀའ་དྲིན་མཚུངས་པ་མ་མཆིས་པ་རྗེ་བཙུན་རྒྱལ་བའི་དབང་པོ་ཤེས་བྱ་ཇི་སྙེད་པའི་གནས་ལུགས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོ་དར་བ་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་སྡེ་ཆེན་པོ། བ་ལྟ་བུ་འདོད་པ་དང་སྦྱོར། གནམ་ས་བར་གསུམ་ཁོར་ཡུག་དགེ་མཚན་གྱིས། །རབ་བཀྲ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་། །ཐུབ་དབང་ཞལ་བསྐྱིན་རང་བྱོན་ལྔ་ལྡན་སོགས། །སྐྱེ་རྒུའི་ལེགས་བྱས་འབྲས་བཟང་མངོན་སུམ་བཞིན། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད་ཀྱིས་


GLG012_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྐོར་བའི་ར་ས་འཕྲུལ་སྣང་ཞེས་མི་རྗེ་སྲོང་བཙན་སྒམ་པོའི་ཡེ་ཤེས་སྒྱུ་མས་སྤྲུལ་པའི་གཙུག་ལག་ཁང་། ༧ ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུ་སོགས་རྟེན་དང་བརྟེན་པར་བཅས་པ་ལུས་ཅན་ཀུན་གྱི་མིག་གི་བདུད་རྩི་འདི་ཉིད་༝། ཟན་གཡང་མི་འགྱུར་ལྷུན་གྱིས་ཉེར་གྲུབ་པས། གངས་ཅན་བསྟན་པའི་རྩ་ལག་ཆོས་འཁོར་ཆེ། །མཐོང་ཐོས་དྲན་རེག་རྣམ་གྲོལ་གཙུག་ལག་ཁང་། །འཛམ་གླིང་མཛེས་པའི་རྒྱན་དུ་གྱུར་འདི་བསྔགས། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་སྤྲུལ་པའི་སྐྱེས་མཆོག་མཁས་གྲུབ་ལོ་པཎ་རྣམས་དང་མངའ་བདག་ཆོས་སྐྱོང་བའི་རྒྱལ་བློན་གྱིས་ཕྱག་དར་བའི་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་ཕན་བདེའི་འབྱུང་གནས་དེ་ཉིད་༝། དཔལ་ལྡན་ཕག་མོ་གྲུ་པའི་ཐུགས་རྗེ་ལས། །ཕུན་ཚོགས་འདོད་དགུར་རྩེས་པས་ཡང་དང་ཡང་། །ཕན་བདེའི་ཟློས་གར་བསྒྱུར་བའི་ཆོས་གྲྭ་ཆེ། །མཁས་གྲུབ་བྱེ་བའི་འཇུག་ངོགས་དམ་པ་རྒྱལ། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་དཔལ་ལྡན་ལྷ་གཟིགས་རླངས་ཀྱི་གདུང་ལས་གནམ་གྱིས་བསྐོས་པའི་རྒྱལ་པོ་ཕག་མོ་གྲུ་པའི་ཕྱག་རྗེས་དྲི་མ་མེད་པ་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་དང་༝། ཚུལ་ཁྲིམས་དག་པའི་ཞིང་ས་གཤིན་པ་ལ། །སྨིན་གྲོལ་རྒྱུད་བཤད་གདམས་པའི་འབྲས་དུད་པ། །ཕན་དང་བདེ་བའི་འབྱུང་གནས་ལེགས་བཤད་གཏེར། །རིག་སྔགས་འཆང་བའི་གླིང་འདི་རྟག་ཏུ་རྒྱལ། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་སོ་ཐར་ཁྲིམས་ཀྱི་ཞིང་ལ་སྨིན་བྱེད་ས་བོན་ཡོངས་སུ་སྦྲུམས་པ་ལས། བསྐྱེད་རྫོགས་རྫོགས་ཆེན་འབྲས་


GLG012_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

བུས་དུད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་འདི་ཉིད༝། དགྲ་བགེགས་འཁྲུལ་མཚོར་རྒྱལ་དང་དེ་སྲས་ཀུན། །གཏུམ་དྲག་སྲིན་པོའི་གཟུགས་སུ་ཉེར་ཤར་བ། །མཐུ་ལྡན་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བསྟན་དང་འགྲོ་བའི་ཕན་བདེ་རིང་དུ་སྤེལ། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་དཔལ་མགོན་མ་ནིང་ནག་པོ་དང་དྲེགས་པའི་སྡེ་དཔོན་སུམ་ཅུའི་ཚོགས་ཁྱད་པར་གཙུག་ལག་ཁང་འདི་ཉིད་བསྲུང་བའི་དཔལ་ལྡན་དུང་སྐྱོང་དབང་མོ། རྡོ་རྗེ་གཡའ་མ་སྐྱོང་། གནས་ཆུང་ཆོས་རྒྱལ་ཆེན་པོ་སོགས་དམ་ཅན་རྒྱ་མཚོའི་ཚོགས་རྣམས༝། གནམ་གྱི་མཐོངས་ནས་ཚངས་པའི་ལུང་ལས་ཀྱི། །བསོད་ནམས་སྟོབས་ཀྱི་དཔུང་པའི་འཁོར་ལོ་ཡིས། །ཡངས་པའི་ནོར་འཛིན་ཁྱོན་ལ་དབང་བསྒྱུར་ནས། བསྟན་ལ་སྲི་ཞུར་མཛད་རྣམས་རྒྱལ་གྱུར་ཅིག །ཅེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་རྒྱ་ཧོར་བལ་བོད་སོགས་སུ་ས་ཆེན་པོ་བདེ་བར་སྐྱོང་ཞིང་དཀོན་ཅོག་གསུམ་ལ་བླ་མར་འཛིན་པའི་མིའི་དབང་པོ་བསྟན་པའི་སྦྱིན་བདག་ཆེན་པོ་རྣམས༝། དེ་ལྟར་མཆོད་པར་བརྗོད་ནས་ལས་སུ་བྱ་བ་གང་ལ་འཇུག་ན་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་སྙིང་པོ་འདི་ཉིད་འཆད་པར་བྱེད་པ་ལ། ཞེས་དངོས་ལ་འཇུག་གོ །ཕུར་པ་ལ་བྱེད་ན་གཞན་རྣམས་གོང་དང་འདྲ་བ་ལ། དམ་པའི་རིགས་ཅན་དྲ་མ་ལྔ་ཞེས་སོགས་ཤློ་ཀ་གཅིག་པོའི་ཚིག །ལྷུན་གྲུབ་ཕྱག་རྒྱ་ཚེ་དབང་རྣམ་སྨིན་རིག་པ་འཛིན་དང་ལྷ་ཀླུ་མི། །པྲ་བྷ་ཧསྟི་པད་འབྱུང་བི་མ་ལ་དང་འཚོ་རྒྱལ་སྣ་ནམ་པ། །གཉགས་གནུབས་ཉང་ཟུར་མཁར་ཆེན་ལང་ལབ་ཀླུ་དབང་སྲུང་


GLG012_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྔོན་བྱོན་གྱི། །དཔལ་ཆེན་ཕུར་བུའི་སྔགས་འཆང་གོས་དཀར་ལྕང་ལོའི་ཕྲེང་བ་འཛིན་རྣམས་ནས། །ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དྲི་སྦྱངས་དཀྱིལ་འཁོར་རྣམ་བཞིར་སྨིན་ཅིང་གྲོལ། །བཤད་སྲོལ་གདམས་པའི་བཀའ་དྲིན་སྩོལ་བའི་དངོས་བརྒྱུད་བླ་མའི་ཚོགས་ལ་དད། །ཅེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་རིགས་འཛིན་བཞི། བཀའ་བབས་ལྷ་ཀླུ་མི། སློབ་དཔོན་པྲ་བྷ་ཧ་སྟི། ཨོ་རྒྱན་དུས་གསུམ་སངས་རྒྱས། པཎ་ཆེན་བི་མ་ལ་མི་ཏྲ། མཁར་ཆེན་བཟའ་འཚོ་རྒྱལ་སོགས་རྒྱ་བོད་ཀྱི་དཔལ་ཆེན་ཕུར་བུའི་རིག་པ་འཛིན་པ་ཐམས་ཅད༝། ཆོས་སྐྱོང་གི་སྐབས། དཀར་མོ་ཉི་ཟླ་སྟོང་ཕྲེང་། བདུད་རྒྱལ་ཐོད་པའི་ཕྲེང་བ། ཕུར་སྲུང་བཅུ་དྲུག་རྣམས་དང་ཞེས་པ་མ་ནིང་དྲེགས་པའི་ཚབ་ལ་འདུག །གསང་བ་འདུས་པ་ལ། ཇི་སྐད་དུ། ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས། ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་དབང་གིས། །རྣལ་འབྱོར་བླ་མེད་རྒྱུད་སྡེ་བྱེ་བ་ཕྲག །གཉིས་ཀྱིས་ལྷག་པའི་དུང་ཕྱུར་ཕྲག་གཉིས་གསུང་། །དེར་ནི་ས་སྐྱོང་ཁྲོད་ན་འཁོར་སྒྱུར་བཞིན། །རབ་འབྱམས་རྒྱུད་སྡེའི་འཁོར་གྱིས་ཡོངས་སུ་བསྐོར། །གསུང་རབ་རིན་ཆེན་གླིང་ལ་དབང་སྒྱུར་ཞིང་། །རྒྱལ་སྲས་སྟོང་གི་རེ་བ་ཀུན་ནས་སྐོང་། །གསུང་རབ་ཀུན་གྱི་རྩེ་མོར་གང་སོན་པ། །དེ་ནི་རྒྱུད་རྒྱལ་དཔལ་ལྡན་འདུས་པའོ། །ཞེས་གསུངས་པ་ལྟར་འདི་ཉིད་ཁོང་དུ་ཆུད་ན་བདེ་བར་གཤེགས་པའི་གསུང་རབ་ཀུན་ལ་མི་འཇིགས་པའི་སྤོབས་པ་མཆོག་ཏུ་ཐོབ་པའི་ཕྱིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། མདོ་སྡེ་ཐམས་ཅད་ཀྱི་ཟ་མ་ཏོག་


GLG012_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་འདི་ཉིད་འཆད་པར་བྱེད་པ་ལ་དེ་དང་འབྲེལ་མཚུངས་པ་ཞིག་དགོས་པས། ལུས་དང་མཚན་མེད་མཁའ་ལྟར་དྭངས་ཀྱང་མཚན་དང་དཔེ་བྱད་མཛེས་པའི་སྐུ་ཡི་གཟི་འོད་འབར། །སྤྲོས་པའི་སྒྱུ་མའི་སྤྲིན་ལྟར་དེངས་ཀྱང་སྒྱུ་མས་སྤྲུལ་པའི་ཤེས་རབ་ཀྱིས་འཁྱུད་བདེ་བས་མྱོས། །ཤླཽཀ་གཅིག་པོ་འདི་བུ་སྟོན་ཐམས་ཅད་མཁྱེན་པའི་སྒྲོན་གསལ་བཤད་སྦྱར་གྱི་མཆོད་བརྗོད། རིགས་བརྒྱའི་འཇུག་པ་མེ་ལྟར་ཞི་ཡང་དབྱིངས་ནས་རིགས་བརྒྱའི་སྤྲུལ་པ་དཔག་མེད་སྤྲོ་བ་པོ་སྲིད་ཞི་དཔྱད་ན་རྡུལ་ལྟར་མེད་ཀྱང་སྲིད་ཞིའི་ཁྱབ་བདག་བླ་མ་རྡོ་རྗེ་འཆང་ལ་འདུད། །ཅེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་བསྡུ་བའི་བྱེད་པོ་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་བདག་སོགས་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་གི་སྐུ་མངོན་དུ་མ་གྱུར་བར་དེ་སྲིད་དུ་སྒོ་གསུམ༝། རིམ་ལྔ་གསལ་སྒྲོན་གྱི་མཆོད་བརྗོད། གསང་བ་ཀུན་འདུས་སྡུད་མཛད་གསང་བའི་བདག །རྒྱུད་རྒྱལ་འདུས་པའི་ལམ་གྱིས་མཆོག་བརྙེས་པ། །ཨིནྡྲ་བྷཱུ་ཏི་ཀླུ་ཡི་མཁའ་འགྲོ་མ། །བི་སུ་ཀལྤ་དཔལ་ལྡན་ས་ར་ཧ། །ཀླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པ་ལྷ། །ཀླུ་བྱང་ཤཱཀྱ་བཤེས་གཉེན་མ་ཏངྒི། །ཟླ་བ་གྲགས་པ་སློབ་པའི་རྡོ་རྗེའི་ཞབས། །མཁའ་འགྲོ་བདེ་བ་མ་དང་ཌོམྦྷི་པ། །དྲིལ་བུ་པ་དང་ཨ་ནཾ་ག་བཛྲ། །ཀམྦ་ལ་བ་ནག་པོ་སྤྱོད་པ་དང་། །ཏཻ་ལོ་ནཱ་རོ་ལ་སོགས་བླ་མ་ལ། །ཤུགས་དྲག་དད་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །འདི་མན་མཇུག་འཐུང་ལ་གསར་དུ་བྲིས། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་སྡུད་པ་པོ་གསང་བའི་བདག་


GLG012_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། ཆོས་རྒྱལ་ཨིནྡྲ་བྷཱུ་ཏི་ནས་མཁའ་འགྲོ་མ་རྣམ་པ་གཉིས་ལས་རིམ་པར་བརྒྱུད་དེ་འཕགས་པའི་ཡུལ་དུ་ལམ་འདི་བཤད་པ་དང་སྒྲུབ་པའི་སྒོ་ནས་དར་ཞིང་རྒྱས་པར་མཛད་པའི་པཎ་གྲུབ་དམ་པ་རྣམས་ལ༝། རྒྱལ་བའི་དམ་ཆོས་གསལ་སྒྲོན་ནས་བླང་། འཛིན་པའི་སྨོན་ལམ་སོགས། །རླབས་ཆེན་དགེ་ཚོགས་དུ་མས་བསྐུལ་བ་ཡི། །དཀའ་བ་དུ་མས་འཕགས་པའི་ཡུལ་བགྲོད་ནས། །ལམ་འདི་གངས་རིའི་ཁྲོད་དུ་རྒྱས་མཛད་པ། །འཇིག་རྟེན་མིག་གྱུར་རིན་ཆེན་བཟང་པོ་དང་། །གསང་བའི་མཛོད་འཛིན་ལྷོ་བྲག་མར་པ་དང་། །རབ་འབྱམས་གཞུང་ལ་མཁས་པའི་སྒྲ་བསྒྱུར་མཆོག །རྟ་ནག་འགོས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་པཎྜི་ཏའི་བླ་མ་བདུན་ཅུ་དང་། །མཁའ་འགྲོའི་བླ་མ་གཉིས་ལ་བརྟེན་ནས་ལམ་འདི་གངས་རིའི་ཁྲོད་དུ་སྤེལ་བར་མཛད་པའི་འགོས་ཁུག་པ་ལྷས་བཙས། མགོན་པོ་ཀླུ་སྒྲུབ་ཀྱི་ཐུགས་ཀྱི་སྲས་བཞི་དང་ཉེ་བའི་སྲས་གསུམ་གྱི་ནང་ཚན་མ་ཏངྒི་པ་ནས་བརྒྱུད་པ་མཁས་པ་པཎྜི་ཏའི་བརྒྱུད་པ་ཌོམ་བྷི་ཧེ་རུ་ཀ་ནས་བརྒྱུད་པ་གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ། གཉིས་འདྲེས་ཀྱི་བཀའ་བབས་མར་ལོ་ཆོས་ཀྱི་བློ་གྲོས་སོགས་རྒྱུད་འདི་ཉིད་ལ་ཞུས་ཆེན་དང་འགྱུར་བཅོས་ཀྱི་སྒོ་ནས་འཆད་ཉན་གཏན་ལ་འབེབས་པར་མཛད་པའི་འཇིག་རྟེན་གྱི་མིག་གཅིག་པུ་བརྒྱུད་པར་བཅས་པ་རྣམས་དང་། ཁྱད་པར་ཤེས་བྱ་ཐམས་ཅད་ལ་མཁྱེན་པའི་སྤྱན་མངའ་བ་རྒྱལ་བ་གཉིས་པ་བུ་སྟོན་ཐམས་ཅད་མཁྱེན་པ་ཡབ་སྲས་བརྒྱུད་པ་དང་བཅས་པ༝། མ་སྨད་རྣམ་


GLG012_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མན་གསར་བྲིས། དཔྱོད་དཔུང་པས་ཉེར་བཏེག་འགྲོ་ལ་རྗེས་ཆགས་ཨུཏྤལ་རྩེར། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ཀུན་མཁྱེན་པའི་རལ་གྲི་རྣོན་པོ་ཡིས། །མ་རིག་འཆིང་བ་གཅོད་པའི་མཐུ་ལྡན་འཇམ་དཔལ་རྡོ་རྗེ་རྩོད་དུས་འདིར། །ངུར་སྨྲིག་གར་བསྒྱུར་བློ་བཟང་གྲགས་པའི་ཞབས་རྡུལ་སྲིད་ཞིའི་གཙུག་ན་མཛེས། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་རབ་ཏུ་བྱུང་བའི་བླ་གོས་ཐུན་མཚམས་གསར་པའི་འོད་ཀྱིས་ནམ་མཁའི་མདངས་ཀྱང་བསྒྱུར་ནུས་པས་ཛ་ཏིའི་མེ་ཏོག་བཀྲ་བའི་ཡུལ་ཁམས་ནས་བཟུང་ཟ་འོག་ཐགས་སུ་བསྐྲུན་པའི་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཁྱབ་པར་མདོ་སྔགས་ཀྱི་བསྟན་པ་བླ་ན་བླར་སྤེལ་ཞིང་ཁྱད་པར་སྒྱུ་ལུས་སོགས་ལ་སྔོན་མེད་པའི་ལེགས་པར་བཤད་དེ་ལམ་འདིའི་ཤིང་རྟ་པ་ཆེན་པོ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་༝། ཤེས་རབ་འཇིགས་མེད་སེང་གེའི་རྒྱུད་མང་ལས། །ཆེས་དཀོན་ཐེག་མཆོག་ཆོས་ཚུལ་གླུར་བླངས་ནས། །འཕེལ་མཛད་བྱམས་པ་ཆེན་པོས་གདུལ་བྱ་རྣམས། །འཛིན་མཁས་རྣམ་པར་རྒྱལ་བའི་མགོན་ཁྱོད་བསྔགས། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་དཔལ་གསང་བ་འདུས་པའི་དགེ་འདུན་དཀོན་སྟོད་རྒྱུད་སྨད་རྒྱུད་ཀྱི་འདུས་པའི་གྲྭ་ཆེན་པོའི་སྲོལ་ལེགས་པར་འབྱེད་མཛད་མཁས་གྲུབ་ཤེས་རབ་སེང་གེ་དང་། རྗེ་ཀུན་དགའ་དོན་གྲུབ་སོགས་མཁས་བཙུན་རྡོ་རྗེ་འཛིན་པའི་ཚོགས་སྤྱི་དང་ཁྱད་པར་ཤེས་བྱ་ཐམས་ཅད་མཁྱེན་པའི་སྤྱན་ལྡན་རྗེ་བཙུན་བླ་མ་དཀོན་ཅོག་ཆོས་འཕེལ་བའི་ཞལ་


GLG012_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ནས་དང་། དམ་པ་གང་གི་གསང་བའི་མཛོད་འཛིན་འཇམ་དབྱངས་བྱམས་པ་རྣམ་རྒྱལ་ཡབ་སྲས་རྣམ་པ་གཉིས༝། དགེ་ཚོགས་ལ་འདུན་མཁས་གྲུབ་རྒྱ་མཚོའི་དབུས། །བསོད་ནམས་ཞིང་གྱུར་ལུང་རྟོགས་ཡོན་ཏན་གྱིས། །ངག་གི་དབང་ཕྱུག་གྲུབ་པའི་བློ་གྲོས་གཏེར། །དཔལ་ལྡན་སྐལ་པ་བཟང་པོ་ཕྱག་གི་གནས། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་བཀའ་གདམས་གླེགས་བམ་རིན་པོ་ཆེར་རྒྱལ་བའི་འབྱུང་གནས་ཀྱི་སྤྲུལ་པ་རིམ་པ་བདུན་འབྱུང་བར་ལུང་གིས་ཟིན་པ་བཞིན་བདག་སོགས་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་རིམ་པར་བྱོན་པ་རྣམས༝། རྗེ་བཙུན་བླ་མས་ཟུང་འཇུག་མངོན་མཛད་པའི། །ས་ལ་གནས་པའི་འོག་མིན་དགའ་ལྡན་གླིང་། །རྒྱལ་བསྟན་མཁའ་ལ་ཉི་ཟླ་ལྟར་གསལ་བ། །ཐུབ་གཞུང་འབྱུང་གནས་གྲྭ་ས་ཕན་ཚུན་བསྔགས། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་དཔལ་མཉམ་མེད་རི་བོ་དགའ་ལྡན་པ་ཞེས་ས་གསུམ་ན་ཡོངས་སུ་གྲགས་པའི་འོག་མིན་གཉིས་པ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གིས་དབུ་མཛད་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་སེ་ར་ཐེག་ཆེན་གླིང་པ་གྲལ་ཟུར་དུ་འབྲེལ་བ་འདི་ཉིད༝། ཁྱད་པར་དུ་ཡང་འཕགས་པའི་ཡུལ་གྱི་དྷ་ནྱ་ཀ་ཊ་ཀ །ལྗོངས་འདིའི་བསོད་ནམས་ཡུལ་དུ་མངོན་སུམ་བཞིན། །དཔལ་ལྡན་འབྲས་སྤུངས་མཁས་མང་བྱེ་བ་ཡི། །འབྱུང་གནས་འགྲན་ཟླ་བྲལ་འདི་རྒྱལ་གྱུར་ཅིག །ཅེས་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་བསླབ་གསུམ་ངུར་སྨྲིག་འཆང་བས་རྣམ་པར་


GLG012_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་གཞུང་ལུགས་མང་དུ་ཐོས་པས་མཆོག་ཏུ་མཁས་པ་གཞན་ཕན་ལྷག་བསམ་འབྱོངས་པས་བཟང་པོའི་ངང་ཚུལ་ཅན་གྱིས་ཡོངས་སུ་གཏམས་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་འདི་ཉིད༝། དྲི་མེད་བླ་མས་ལུང་བསྟན་སྦས་པའི་གནས། །དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ས། །མི་འགྱུར་ལྷུན་གྱིས་གྲུབ་པའི་ཆོས་འཁོར་རྒྱལ། །མཁས་གྲུབ་དམ་པའི་བསྟི་གནས་ཕྱག་གི་ཡུལ། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ། དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་དང་། བཀའ་གདམས་གླེགས་བམ་སོགས་ནས་ལུང་བསྟན་པའི་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་འདུ་བའི་བསྟི་གནས་ས་ལའི་ལྗོངས་ཀྱི་ཨཽ་ཌྜི་ཨ་ནའི་གྲོང་ཁྱེར་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གནྡྷོ་ལ་བརྟེན་པར་བཅས་པ་དེ་ཉིད་༝། རྩེས་དང་དུ་གྲྭ་སྐོར་བྱེད་ན་གོང་ལྟར་དང་། གྲྭ་ཚང་སྒོས་ཀྱི་མཆོད་བརྗོད་ཀྱང་འདིར་ལེན། སྟོབས་ཆེན་ཕྱག་དྲུག་མགོན་དང་དུས་ཀྱི་དགྲ། །སྲིད་གསུམ་བདག་མོ་འདོད་ཁམས་དབང་ཕྱུག་སོགས། །བསྟན་པ་རིན་ཆེན་བསྲུང་བའི་ཚོགས་རྣམས་ཀྱིས། །དཀར་པོ་ཆོས་ཀྱི་བ་དན་རིང་དུ་ཕྱོར། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་དཔལ་མཧཱ་ཀཱ་ལ་ཕྱག་དྲུག་པ། འཆི་བདག་ལས་ཀྱི་གཤིན་རྗེ། འདོད་པ་ཁམས་ཀྱི་དབང་ཕྱུག་དམར་ཟོར་རྒྱལ་མོ། དཔལ་ལྡན་ལྷ་མོ་དུང་སྐྱོང་དབང་མོ། །བསྟན་སྐྱོང་རྡོ་རྗེ་གཡའ་མ་སྐྱོང་། །གནས་ཆུང་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ་སོགས་པ་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས༝།


GLG012_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་གི་མཆོད་བརྗོད་གོང་གི་དེ་ཡིན། །བག་ཡོད་རླབས་འཕྲེང་ཡོལ་མེད་མཚོ་ཆེན་སྡེ། །ལེགས་བཤད་མགྲིན་རྔ་འཁྲོལ་བ་གཉིས་སྐྱེས་དབུས། །ཐེག་མཆོག་གཏམ་གྱི་མཆོད་སྤྲིན་སྤྲོས་པའི་དགེ །འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན་རྒྱུར་བསྔོ། །འཇིག་རྟེན་རྒུད་མུན་སེལ་བའི་ཉིན་མོར་བྱེད། །ཤཱཀྱ་སེང་གེའི་རིང་ལུགས་འོད་སྟོང་ཅན། །རབ་འབར་ལུང་དང་རྟོག་པའི་ཡོན་ཏན་གྱིས། །རྟག་ཏུ་སྐལ་བ་བཟང་པོར་སྤྱོད་ཕྱིར་བསྔོ། །ཡིད་བཞིན་ནོར་ལས་ཆེས་དཀོན་རྙེད་དཀའི་ཆོས། །སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་དང་རྫོགས། །ཚུལ་བཞིན་སྟོན་པའི་བཤེས་གཉེན་དམ་པ་ཡིས། །སྐྱེ་བར་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །བཟང་པོའི་བག་ཆགས་མཐུ་འདིས་ཡང་སྲིད་ཀུན། །བདག་སོགས་མཁའ་མཉམ་སྐྱེ་དགུ་མ་ལུས་པ། །རྒྱ་ཆེན་ཐོས་རྣམས་བསམ་པས་གཏན་ཕབ་ནས། །སྒོམ་བྱུང་ལམ་གྱིས་སྐུ་བཞི་མངོན་འགྱུར་ཤོག །ཟས་གཙང་སྲས་ཀྱི་རིང་ལུགས་རྨ་མེད་པ། །ཀུན་མཁྱེན་བློ་བཟང་གྲགས་པའི་བསྟན་པ་ཡིས། །ཛཱ་ཏིའི་མེ་ཏོག་བཀྲ་ནས་ཟ་འོག་ཐགས། །འཐག་པའི་ས་ཆེན་ཡོངས་ལ་ཁྱབ་པར་ཤོག །དགའ་ལྡན་རྣམ་པར་རྒྱལ་བའི་ཕོ་བྲང་ཆེར། །ཕུན་ཚོགས་སྡེ་བཞིའི་སྒོ་འཕར་རབ་ཕྱེ་བས། །འཇིག་རྟེན་གསུམ་གྱི་གཙུག་ཏོར་གྱིས་འདུད་པའི། །དབང་ཐང་མཆོད་སྦྱིན་བརྒྱ་པའི་རྗེས་འགྲོ་ཤོག །རྡོ་རྗེ་སློབ་དཔོན་འཇིགས་མེད་སེང་གེའི་ཁྲིར། །འགྱུར་མེད་རྟག་བརྟན་གཡུ་དྲུང་སྐུ་བརྙེས་ཤིང་། །ཕན་བདེའི་འབྱུང་གནས་ལེགས་


GLG012_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པའི་གླིང་། །སྲིད་པའི་ཕ་མཐའ་ཡོངས་ལ་འཕེལ་བར་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འདིར། །དུས་ཀྱི་ཆད་པ་མཐའ་དག་རབ་ཞི་ནས། །བརྒྱད་ཁྲིའི་ཚེ་ལོར་སྤྱོད་པའི་སྐྱེ་དགུ་བཞིན། །བདེ་སྐྱིད་དགའ་སྟོན་དཔལ་ལ་རྟག་རོལ་ཤོག །ཁྱབ་བདག་རྡོ་རྗེ་སེམས་དཔའ་ནས་བཟུང་སྟེ། །རྒྱ་བོད་མཁས་དང་གྲུབ་པའི་འཁོར་ལོས་སྒྱུར། །རྩ་བརྒྱུད་བླ་མ་དམ་པའི་བྱིན་རླབས་ཀྱིས། །བཀྲ་ཤིས་ཆར་ཆེན་ནོར་འཛིན་ཀུན་ཁྱབ་ཤོག །དྭངས་མཚོར་ཟླ་གཟུགས་ཇི་བཞིན་སྣ་ཚོགས་སྐུ། །སྒྱུ་འཕྲུལ་གར་མཁན་བགྲང་ཡས་ཞི་ཁྲོའི་ཚུལ། །རྒྱུད་སྡེ་རྒྱ་མཚོའི་ཡི་དམ་དཀྱིལ་འཁོར་གྱི། །དངོས་གྲུབ་ཤིས་པའི་དཔལ་དེས་རིང་དུ་སྐྱོངས། །མི་བསྲུན་གཉེན་པོར་གནམ་ལྕགས་ཐོག་འབེབས་ཀྱང་། །ཅི་བསམ་རེ་སྐོང་ཡོངས་འདུ་ས་བརྟོལ་ལྗོན། །བསྟན་སྲུང་བྱེ་བའི་འཕྲིན་ལས་བཀྲ་ཤིས་གླུ། །སྙན་པའི་དབྱངས་ཀྱིས་སྲིད་འདི་འགེང་བར་ཤོག །ཅེས་བསྔོ་སྨོན་ཤིས་བརྗོད་ཀྱི་ཚིགས་བཅད་འདི་ནི་ཕོ་བྲང་བ་བློ་བཟང་སྐྱེས་མཆོག་རྩེས་དང་དུ་གྲྭ་སྐོར་བྱེད་སྐབས་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །གནས་ཕུན་སུམ་ཚོགས་པ་རང་བྱུང་འཕགས་པ་ལོ་ཀེ་ཤྭ་རའི་གཙུག་ལག་ཁང་གནམ་སྐོས་རྒྱལ་པོའི་ཕོ་བྲང་ཆེན་པོ་པོ་ཏ་ལ། དུས་ཕུན་སུམ་ཚོགས་པ་ལོ་གསར་རྒྱལ་གྱི་ཟླ་བར་ནག་ཕྱོགས་བདུད་སྡེ་ཐམས་ཅད་ལས་རྣམ་པར་རྒྱལ་བ་འཕྲིན་ལས་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་མཆོད་ཅིང་སྒྲུབ་པ། །དུས་ཀྱི་འཁོར་ལོའི་སྐབས་སུ། འགྲེལ་ཆེན་དྲི་མེད་འོད་ལས། འདི་ལ་དང་པོར་རེ་ཞིག་བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་བ་དང་


GLG012_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་དང་དགོས་པའི་དགོས་པ་རྣམས་མངོན་པར་གཟིགས་ནས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་བདེ་བ་ཆེན་པོའི་གནས་མཆོག་གི་དང་པོའི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་དང་ལྷ་དང་ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཁམས་གསུམ་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། ཁམས་གསུམ་གྱི་འཁོར་ལོས་སྒྱུར་པ་གཅིག་པུ། མཆོག་གི་དང་པོའི་སངས་རྒྱས་རིས་མེད་པ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ། ཟླ་བ་བཟང་པོས་གསོལ་བ་བཏབ་པར་གྱུར་པས། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ། རིས་མེད་པ་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་པ། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པ། སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། རྫོགས་པའི་བྱང་ཆུབ་པ་རྣམ་པ་བཞི་དང་རྡོ་རྗེ་རྣམ་པ་བཞི་ཡོངས་སུ་དག་པ། སྐུ་བཞི་དང་རིགས་དྲུག་དང་བདེན་པ་བཅུ་གཉིས་དང་། དེ་ཁོ་ན་ཉིད་བཅུ་དྲུག་དང་སྟོང་པ་ཉིད་བཅུ་དྲུག་དང་། སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཀྱི་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པ་དབང་བསྐུར་བ་འཇིག་རྟེན་པའི་བཅུ་དང་འཇིག་རྟེན་ལས་འདས་པའི་བཅུ་གཅིག་པ་རབ་ཏུ་གསལ་བར་བྱེད་པ། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་


GLG012_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རབ་ཏུ་གསལ་བར་བྱེད་པ། འཇིག་རྟེན་གྱི་ཁམས་དང་ནང་དང་མངོན་པར་དབང་བསྐུར་བ་དང་སྒྲུབ་ཐབས་དང་ཡེ་ཤེས་ཏེ་ལེའུ་ལྔའི་བདག་ཉིད་དམ་བརྟག་པ་ལྔའི་བདག་ཉིད་ནི་མི་ལ་སོགས་པའི་སེམས་ཅན་མཐའ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་བསྟན་ཏོ། །ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྟོན་པ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་འདི་ཉིད་གསུང་བ་པོ་བདག་ཅག་གི་སྟོན་པ་ཤཱཀྱ་སེང་གེས་ས་མོ་ལུག་ལོ་དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཉ་གང་བའི་ཚེས་ལ་ལྷུམས་སུ་ཞུགས། དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས། ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས་ཤིང་ས་བྱར་རབ་ཏུ་བྱུང་ནས་ལོ་དྲུག་དཀའ་བ་སྤྱད་པའི་མཐར། སོ་ལྔ་པ་ཤིང་ཕོ་རྟའི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས། དེ་ནས་ཞག་ཞེ་དགུ་འདས་པའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝཱ་ར་ཎཱ་སིར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེའང་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། ཞེས་དང་། བྱ་རྒོད་ཕུང་པོའི་རི་ཆེན་པོར། ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཞེས་དང་། མདོར་བསྡུས་དང་


GLG012_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཤད་སྦྱར་སྙིང་པོའི་སྣང་བར་ཡང་། ཟླ་བ་བཟང་པོ་གྲོང་དགུ་བཅུ་རྩ་དྲུག་གི་རྒྱལ་པོ་དང་བཅས་པས་ཤམ་བྷ་ལ་ནས་འབྲས་སྤུངས་སུ་འོངས་ཏེ་རྒྱུད་བསྟན་པའི་དོན་དུ་གསོལ་བ་བཏབ་ཅེས་པ་ལྟར་ལོ་ཞེ་དྲུག་འདས་པ་གྱ་གཅིག་པ་ལྕགས་འབྲུག་ནག་པས་ཉ་བའི་ཚེས་བཅོ་ལྔར་ཤྲཱི་དྷ་ནྱ་ཀ་ཊ་ཀའི་མཆོད་རྟེན་དུ་ ཆོསརྒྱལཟླབཟངཔོ next hit་སོགས་ཆེད་དུ་བྱ་བའི་གདུལ་བྱ་ལ། དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་བཀའ་སྩལ་པ། ཆོས་ཀྱི་རྒྱལ་པོ་དཔལ་ལྡན་གྲགས་པའི་ཞལ་སྔ་ནས་ཡབ་སྲས་རྣམས་ཀྱི་བཞེད་སྲོལ་བླ་ན་མེད་པ་ཡིན་ཅིང་། ཡང་ལུགས་འདི་ལ་ཚད་མར་གྱུར་པ་རྩོད་བྲལ་གྱི་མཁས་པ་ཆེན་པོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་ལས། བདག་ཅག་རྣམས་ཀྱི་སྟོན་མཆོག་དེ། །ཆུ་མོ་ཕག་ལ་ལྷུམས་སུ་ཞུགས། །ཤིང་ཕོ་བྱི་བའི་ལོ་ལ་བལྟམས། ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས། །ལོ་དྲུག་དཀའ་བ་སྤྱད་པའི་མཐར། །ས་མོ་ཕག་ལ་མངོན་སངས་རྒྱས། །ཐེག་པ་གསུམ་དང་རིམ་གསུམ་གྱི། །ཆོས་འཁོར་རྫོགས་པར་བསྐོར་བའི་མཐར། །དགུང་ལོ་དོན་བརྒྱད་ལྕགས་སྦྲུལ་ལ། །ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ། །ཟླ་བ་བཟང་སོགས་འཁོར་མང་ལ། །དམ་པ་དང་པོའི་སངས་རྒྱས་གསུངས། །ཞེས་གཏན་ཚིགས་ཀྱི་རྣམ་གཞག་མི་མཐུན་པ་གཉིས་དང་། དེར་མ་ཟད་མཁས་པ་དང་མཁས་པར་རློམ་པ་དང་མི་མཁས་པ་དག་གི་གཏན་ཚིགས་མང་དུ་བྱུང་བ་མཐའ་དག་བརྗོད་པའི་ཡུལ་ལས་འདས་ཀྱང་རང་ལུགས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་མཐར་ཟླ་བ་གསུམ་པ་ནག་པའི་ཉ་ལ་དཔལ་ལྡན་


GLG012_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པ་ཅན་དང་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་ཆ་བཅུ་དྲུག་གི་རྣམ་པར་ཕྱེ་བ་དང་པོའི་སངས་རྒྱས་རྣམ་པར་སྤྲོས་ནས་ཕུན་སུམ་ཚོགས་པ་ལྔ་ལས། སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་དུས་ཀྱི་འཁོར་ལོ་ཞལ་བཞི་ཕྱག་ཉེར་བཞི་པའི་སྐུར་བཞེངས་པ། ཞུ་བ་པོ་ཕུན་སུམ་ཚོགས་པ་previous hit ཆོསརྒྱལཟླབཟངཔོ next hit། འཁོར་ཕུན་སུམ་ཚོགས་པ་ལྷ་དང་མིའི་ཚོགས། གནས་ཕུན་སུམ་ཚོགས་པ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས། ཆོས་ཕུན་སུམ་ཚོགས་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་རྡོ་རྗེ་རྣལ་འབྱོར་བརྗོད་བྱར་སྟོན་པ་དེ་ལ་དགོངས་ནས། དཔལ་ལྡན་རྒྱུད་ལས། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་ལྷའི་མཆོག་རྣམས་ཀྱིས་ནི་བཏུད་པ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི། །རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པ་ཨ་འདུས་ལ་སྟ་མི་རྣམས་དགྲོལ་བའི་དོན་དུའོ། །ཞེས་གསུངས་ཤིང་། སྟག་ཚང་ལོ་ཙཱ་བའི་གསུང་གི་འཕྲོས་ལས། །ཆུ་མོ་ལུག་ལ་མྱ་ངན་འདས། །རྟ་ལུག་གཉིས་ལ་ཟླ་བཟང་གིས། །ཤམ་བྷ་ལ་རུ་རྩ་རྒྱུད་བསྟན། །འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ། །གཞལ་མེད་ཁང་དང་བཅས་པ་མཛད། །ཤིང་ཕོ་སྤྲེལ་ལ་དེ་ཡི་སྲས། །ལྷ་དབང་སེང་གེའི་ཁྲིར་བཞུགས་ནས། །ལོ་བརྒྱའི་བར་དུ་རྩ་རྒྱུད་བསྟན། །དེ་ན་གཟི་བརྗིད་ཅན་དང་ནི། །


GLG012_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་བྱིན་དང་ལྷ་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །རེ་རེས་ལོ་བརྒྱར་རྩ་རྒྱུད་བསྟན། །སླར་ཡང་ཤིང་ཕོ་སྤྲེའུ་ལ། །འཇམ་དབྱངས་གྲགས་པ་ཁྲི་ཐོག་བྱོན། །རྩ་རྒྱུད་ལོ་བརྒྱར་བསྟན་པའི་མཐར། །ཉི་མའི་ཤིང་རྟ་ལ་སོགས་པའི། །ཚངས་པའི་དྲང་སྲོང་བྱེ་བ་ཕྲག །ཕྱེད་དང་བཞི་ལ་བསྡུས་རྒྱུད་བསྟན། །དེ་སྲས་པདྨ་དཀར་པོ་ལ། འགྲེལ་བཤད་བྱེ་བ་བཀའ་སྩལ་གནང་། །དེ་ཡིས་དྲི་མ་མེད་པའི་འོད། །སྟོང་ཕྲག་བཅུ་གཉིས་པ་དེ་མཛད། །བསྡུས་རྒྱུད་ལོ་བརྒྱའི་བར་དུ་བསྟན། །དེ་བཞིན་བཟང་པོ་རྣམ་རྒྱལ་དང་། །བཤེས་གཉེན་བཟང་པོ་ཕྱག་དམར་དང་། ཁྱབ་འཇུག་སྦས་པ་ཉི་མ་གྲགས། །ཤིན་ཏུ་བཟང་རྣམས་རེ་རེས་ཀྱང་། །ལོ་བརྒྱ་ལོ་བརྒྱར་བསྡུས་རྒྱུད་བསྟན། །དེ་ནས་ཤིང་ཕོ་སྤྲེའུ་ལ། །རྒྱ་མཚོ་རྣམ་རྒྱལ་སྟོན་པ་པོར། །གྱུར་པའི་ལོ་དེ་ཀླ་ཀློའི་ཆོས། །མ་ཁའི་ཡུལ་དུ་འབྱུང་བ་དང་། །ཀླ་ཀློ་སྦྲང་རྩིའི་བློ་གྲོས་དེ། །སྟོན་པར་གྱུར་པ་དུས་མཉམ་ཡིན། །རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་གྱིས། །ལོ་བརྒྱར་བསྟན་མཐར་རྒྱལ་དཀས་བསྟན། །དེ་ཡི་དམ་ཆོས་བསྟན་ནས་ནི། །བརྒྱད་ཅུ་རྩ་གཉིས་འདས་པའི་ལོ། །མེ་ཕོ་ཁྱི་ཡི་ལོ་དེ་ནི། །བྱེད་རྩིས་འདི་ཡི་ལོ་དག་གི །ཐོག་མ་ཡིན་པར་ཁོ་བོས་སྨྲས། །དེ་ནས་ཉིས་བརྒྱ་ཉེར་གཅིག་འདས། །རབ་བྱུང་ལོ་ལ་དམ་ཆོས་འདི། །ཆུ་བོ་ཤི་ཏའི་ལྷོ་རུ་བྱོན། །ཞེས་དང་།དེ་ལྟར་རྒྱལ་བ་འདས་ནས་ནི། །ཉིས་སྟོང་སུམ་བརྒྱ་སོ་གཅིག་ནི། སྔར་འདས་ལོ་རུ་ངེས་པ་ཡིན། །རྒྱལ་དཀའི་ལྷག་མ་བཅོ་བརྒྱད་པོ། །འདས་རྗེས་ཉི་མས་ལོ་བརྒྱ་དང་། །སྣ་ཚོགས་གཟུགས་ཀྱི་ལོ་བརྒྱ་འདས། །


GLG012_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་འོད་ཀྱིས་ཆོས་བསྟན་ནས། །ལོ་གསུམ་ལོན་ཚེ་རྒྱ་གར་དུ། །ཆོས་འདི་བྱུང་ཞིང་དེ་ནས་ནི། །དེ་ལྷག་གོ་བདུན་རྫོགས་རྗེས་སུ། །མཐའ་ཡས་ས་སྐྱོང་དཔལ་སྐྱོང་གིས། །བརྒྱ་བརྒྱར་བསྟན་ནས་སེང་ག་ཡིས། །སོ་གཅིག་འདས་ནས་སོ་གཉིས་པའི། །སྟེང་དུ་ད་ལྟ་གནས་པ་ཡིན། །ཞེས་གསུངས་པ་དེ་དག་ཀྱང་དོན་སྙིང་པོར་བསྒྲིལ་བའི་ལ། རང་ལུགས་པདྨ་དཀར་པོའི་ཞལ་ལུང་གི་རྗེས་སུ་འབྲངས་པར་ཐུབ་པའི་དབང་པོས་རྩ་རྒྱུད་གསུངས་ནས་ཟླ་བ་གཅིག་སོང་བ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་འདའ་ཚུལ་བསྟན། དེ་ནས་ལོ་གཅིག་འདས་པ་ལྕགས་སྦྲུལ་previous hit ཆོསརྒྱལཟླབཟང་པོས་རྩ་རྒྱུད་ཀྱི་བཀའ་བསྡུ་མཛད། དེ་ནས་ལོ་གཉིས་འདས་པ་ཆུ་ལུག་ལ་ཟླབཟངཔོ ་གཤེགས། དེ་ནས་ལོ་དྲུག་བརྒྱ་དང་གཅིག་འདས་པ་ཤིང་སྤྲེར་རིགས་ལྡན་གྱི་ཐོག་མ་འཇམ་དཔལ་གྲགས་པས་རྩ་རྒྱུད་རྗེས་བསྔགས་ཀྱི་སྡེབ་སྦྱོར་ལས། བསྡུས་པའི་རྒྱུད་མེ་ཏོག་ཕྲེང་ཅན་གྱི་སྡེབ་སྦྱོར་དུ་སྤེལ། དེ་ནས་ལོ་བརྒྱ་འདས་པ་ཤིང་ཕོ་བྱི་བ་ལ་པདྨ་དཀར་པོ་ཁྲིར་ཕེབས། དེ་ནས་ལོ་བརྒྱད་བརྒྱ་འདས་པ་ཤིང་སྤྲེར་རྒྱ་མཚོ་རྣམ་རྒྱལ་ཤམ་བྷ་ལའི་ཁྲིར་བྱོན། ལོ་དེར་མ་ག་དྷར་མུ་སྟེགས་ཀྱི་བྱེད་པ་ཞུགས། དེ་ནས་མེ་མཁའ་རྒྱ་མཚོའི་དྲུག་ཅུ་སྐོར་ཐ་མའི་མཇུག་ཏུ་དུས་འཁོར་འཕགས་ཡུལ་དུ་ཕེབས། མུ་སྟེགས་ཀྱི་བྱེད་པ་ཞུགས་ནས། ལོ་བརྒྱ་དང་གྱ་གཉིས་འདས་པ་མི་ཟད་པ་མེ་ཁྱིར་རྩིས་འགོ་ཐོག་མ་ཟུག །དེ་ནས་ལོ་ཉིས་བརྒྱ་བཅུ་དགུ་འདས་པ་མེ་ཡོས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་རྣམས་བོད་ཡུལ་འདིར་འགྱུར་ཞིང་དར་རྒྱས་སུ་གྱུར་པ་ཡིན་ལ་མཁས་པ་སྟག་ཚང་པ་ནི། ཆོས་འདི་ཁ་ཆེ་ཟླ་མགོན་དང་། ཙ་མི་སོགས་ཀྱི་


GLG012_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཡུལ་དུ། །སྟོན་ཕྱིར་ཆོས་འདི་རྒྱ་གར་དུ། །བྱོན་ནས་ལོ་བརྒྱ་མ་འགྱངས་པར། །གངས་རིའི་ལྗོངས་འདིར་བྱོན་པར་ངེས། །འོན་ཀྱང་ལོ་ཡིས་ངེས་པ་དཀའ། །ཞེས་གསུངས་པའི་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཀ་ལཱ་པ་རིགས་ལྡན་གྱི་གྲོང་ཁྱེར་ན་ཤིན་ཏུ་དར་རྒྱས་ཆེའང་། ཡུལ་དུས་ཀྱི་བསྐལ་པས་ཡུལ་དབུས་འགྱུར་འཆང་དུ་རིང་ཞིང་མ་བྱོན་པ་དུས་ནམ་ཞིག་ནས་སྲོལ་འབྱེད་པ་པོ་ནི་རྭ་པའི་ལུགས་ལ་ཆོས་འདི་རྒྱལ་པོ་པཱ་ལ་རྣམ་གསུམ་གྱི་རིང་ལ་བྱུང་བའི་རྒྱ་གར་ཤར་ཕྱོགས་ཨོ་བི་སར་འཁྲུངས་པའི་སློབ་དཔོན་ཙི་ལུ་པཎྜི་ཏས་ནཱ་ལནྡ་ལ་སོགས་པའི་གཙུག་ལག་མང་པོ་དང་ཁྱད་པར་ཏུ་རུཥྐའི་གནོད་པ་མེད་པ་རིན་ཅེན་རི་བོའི་གཙུག་ལག་ཁང་དུ་གླེགས་བམ་རྣམས་ལ་གཟིགས་པས་ཚེ་གཅིག་ལ་འཚང་རྒྱ་བར་ཐེག་པ་ཆེན་པོའི་གསང་སྔགས་དགོས། དེ་ཡང་བྱང་ཆུབ་སེམས་དཔས་མཛད་པའི་འགྲེལ་པར་བརྟེན་དགོས་ལ། དེ་ཤམྦྷ་ལ་ན་ཡོད་དོ་ཞེས་གཟིགས་ནས་དེར་བྱོན་པར་བཞེད་དེ་ཚོང་པ་རྒྱ་མཚོར་འགྲོ་བ་དང་འགྲོགས་ཏེ་ཟླ་བ་དྲུག་གི་དུས་བྱས་ནས་བྱང་གི་རི་ཆེན་པོར་འཛེགས་ནས་བྱོན་པས་མི་ཞིག་དང་ཕྲད་པ་ལ་དེ་ན་རེ་གང་དུ་འགྲོ་ཟེར་བར་རྒྱུ་མཚན་བསྙད་པས་ཤེས་པ་བྱུང་ན་འདི་གར་ཉན་དུ་མི་རུང་ངམ་ཟེར་བ་འཇམ་དབྱངས་ཀྱི་སྤྲུལ་པར་ཤེས་ཏེ་གསོལ་བ་བཏབ་པས་དབང་རྒྱུད་འགྲེལ་མཐའ་དག་གནང་ནས་མེ་ཏོག་སྤྱི་བོར་བཞག་སྟེ་སེམས་འགྲེལ་གྱི་སྐོར་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་གསུངས་པས་ཐུགས་སུ་ཆུད་དེ་ཚོང་པ་དང་འགྲོགས་རྒྱ་གར་དུ་བྱོན་ནས་བིཎྜོ་ཨཱ་ཙཪྻ་ལ་གནང་དེས་དུས་ཞབས་པོ་ཆེན་པོར་སྩལ་བར་གྲགས་མོད། ལོ་རྒྱུས་གཅིག་ལ་དུས་ཞབས་


GLG012_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་དེ་རྣལ་འབྱོར་པ་ཞིག་གི་བུ་ཡིན་པ་ཕས་ཁྲིད་དེ་ཤམྦྷ་ལར་བྱོན་པ་ན་དགེ་སློང་གཟུགས་བཟང་བ་ཞིག་གིས་བྱིན་རླབས་མཛད་པས་ཞག་རེ་ལ་ཤློ་ཀ་སྟོང་སྟོང་ཟིན་པའི་བློ་གྲོས་དང་ལྡན་པར་གྱུར་ནས་དེས་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་དགེ་སློང་ལ་རྩ་བའི་རྒྱུད། བསྡུས་པའི་རྒྱུད། འགྲེལ་པ་རྣམས་ནོས་པ་ཐུགས་ལ་བཟུང་ནས་རྒྱ་གར་དུ་བྱོན་ཏེ་རབ་ཏུ་བྱུང་བའི་མཚན་ཙི་ལུ་པར་གྲགས་ཞེས་སྣང་ལ། འབྲོ་བ་ལུགས་ཀྱི་ལོ་རྒྱུས་ལ་ལར་ཡུལ་དབུས་ཀྱི་རྒྱལ་རིགས་གནས་ལྔ་རིག་ཅིང་འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་གྲགས་པ་ལྷ་མོ་སྒྲོལ་མས་རྗེས་སུ་བཟུང་ཞིང་ཤམྦྷ་ལ་ནས་རྒྱུད་འགྲེལ་འཚོལ་བར་ལུང་བསྟན་རྙེད་པའི་སློབ་དཔོན་དུས་ཞབས་པ་ཆེན་པོས་རིགས་ལྡན་པདྨ་དཀར་པོར་གསན་ལ། དེའི་ཚུལ་ཡང་ཚོང་པ་དང་བསྡེབས་ནས་གཤེགས་པ་སྤྲུལ་པའི་དགེ་སློང་ཞིག་གིས་ཁྲིད་པའི་གཏམ་རྒྱུད་སོགས་སྣང་ཡང་། ཤམྦྷ་ལར་འབྱོན་པར་བཞེད་དེ་ཆས་པ་དང་། དག་སྣང་ལ་ཤམྦྷ་ལར་སྤྱན་རས་གཟིགས་དངོས་ལ་ཞུས་པ་དོན་ལ་གནས་པར་གྲགས་མོད། འབྲོ་བ་རང་གི་ལུགས་ལ་རིགས་ལྡན་རྒྱལ་པོ་དཔལ་སྐྱོང་ལ་དུས་ཞབས་པས་ཐུག་པར་མཛད་ཀྱི། ཤམྦྷ་ལར་དེས་ཆོས་སྟོན་པའི་དུས་ཞེས་ངེས་པ་མི་འདོད་ལ། དེའང་འཕགས་ཡུལ་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡབ་ཡུམ་གཉིས་ཀྱིས་གཤེད་སྐོར་གྱི་རྒྱུད་ནས་བྱུང་བའི་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་བྱས་པས་ཁྱེའུ་ཞིག་འཁྲུངས་ཏེ་ཆེར་སྐྱེས་པ་ན་བྱང་ཕྱོགས་ན་བྱང་ཆུབ་སེམས་དཔའ་དངོས་སུ་ཆོས་སྟོན་པ་ཡོང་བར་གྲགས་ནས་ཉན་དུ་བྱོན་པས་ཁྱེའུའི་ལྷག་བསམ་ཁྱད་པར་ཅན་དང་། ཤམྦྷ་ལར་འོངས་ན་ཆུ་མེད་པའི་མྱ་ངམ་གྱི་ཐང་ལ་ཟླ་བ་བཞི་འགྲོ་དགོས་པས་སྲོག་གི་བར་ཆད་དུ་འགྱུར་བར་བྱང་ཆུབ་


GLG012_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་དགོངས་ཏེ་བྱང་སེམས་སའི་སྙིང་པོས་རིགས་ལྡན་གྱི་རྒྱལ་པོ་དཔལ་སྐྱོང་གི་སྤྲུལ་པ་བཟུང་སྟེ་ཁྱོད་གང་དུ་གང་གི་ཕྱིར་འགྲོ་ཞེས་གསུང་བ་ལ་ལན་ཞུས་པས་དེར་བགྲོད་པ་ནི་ཤིན་ཏུ་དཀའ་བས་ཤེས་པ་བྱུང་ན་འདིར་ཉན་དུ་རུང་ངམ་ཞེས་གསུང་བ་ན་རིགས་ལྡན་གྱི་སྤྲུལ་པར་ཤེས་ཏེ་གསོལ་བ་བཏབ་པས་དེར་ཟླ་བ་བཞིའི་བར་དུ་དབང་རྒྱུད་སེམས་འགྲེལ་དང་བཅས་པ་དང་གཞན་ཡང་རྒྱུད་སྡེ་མཐའ་དག་གནང་བ་བུམ་པ་གང་འབྱོའི་ཚུལ་དུ་མཁྱེན་ནས་རྒྱ་གར་དུ་བྱོན་ནོ། །ཤེས་བྱ་ཀུན་ལ་གཟིགས་པའི་སྤྱན་ལྡན་འགོས་ལོ་ཙཱ་བ་ཡེ་བཟང་རྩེ་པའི་ཞལ་སྔ་ནས། དུས་ཕྱི་མའི་མཁས་པ་ཕལ་ཆེར་དུས་ཀྱི་འཁོར་ལོ་ཡུལ་དབུས་སུ་བྱོན་པ་དང་འདས་ལོའི་ཐོག་མའི་རབ་བྱུང་འཇུག་པ་དུས་མཚུངས་པར་བཞེད་དོ། །དེ་ལྟ་མོད་ཀྱི་དུས་ཀྱི་འཁོར་ལོ་ནི་སྔ་རབས་ཤིག་ནས་འཕགས་པའི་ཡུལ་དུ་བྱུང་བར་མངོན་ཏེ། གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་མཛད་པའི་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ལས་དྲི་མ་མེད་པའི་འོད་ཀྱི་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་གཉིས་པ། རྣམ་པར་བཅས་ཀྱང་ཞེས་བྱ་བ་ལ་སོགས་པ་དེ་གསལ་པོ་ཉིད་དུ་བྲིས་སྣང་བའི་ཕྱིར་དང་། དྲིལ་བུ་པའི་རྗེས་སུ་རུས་སྦལ་ཞབས། དེས་ཛཱ་ལནྡྷ་རི་པ། དེས་ནག་པོ་པ། དེས་བཟང་པོ་ཞབས། དེས་རྣམ་རྒྱལ་ཞབས། དེས་ཏིལླི་པ། དེས་ནཱ་རོ་པ། ཞེས་དྲིལ་བུ་པ་ནས་ན་རོ་པའི་བར་དུ་བླ་མའི་རིམ་པ་བརྒྱད་བྱུང་ཞིང་ནཱ་རོ་པ་དང་དུས་ཞབས་ཡབ་སྲས་དུས་མཚུངས་པའི་ཡང་ཕྱིར་རམ། ཡང་དཔལ་བི་རཱུ་པས། དཔལ་གཤིན་རྗེ་གཤེད་ཀྱི་འཁོར་ལོའི་གསལ་བྱེད་མཛད་པ་དུས་ཀྱི་འཁོར་ལོ་ལ་བརྟེན་པ་ཡིན་པར་གཞུང་དེ་ཉིད་


GLG012_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྣང་བའི་ཕྱིར་ཞེས་དང་། དུས་ཀྱི་འཁོར་ལོའི་ཚུལ་འཕགས་ཡུལ་དུ་སྔ་མོ་ཞིག་ནས་ཕེབས་པ་ཕྱིས་སྐྱེ་བོ་ཡོངས་ལ་གྲགས་པ་ནི། དུས་འཁོར་ཞབས་ཡབ་སྲས་ཀྱི་རིང་ལ་ཡིན་ནོ་ཞེས་བྱས་ན་འཐད་དོ་གསུང་བའང་ལུང་རིགས་ཀྱིས་དཔྱད་པ་ཞུགས་པའི་ལེགས་བཤད་དུ་མངོན་ཞིང་། དེ་ཡང་རྒྱལ་པོ་ཤིང་རྟ་ཅན་གྱིས་མ་གདྷའི་རྒྱལ་པོ་བྱེད་ཅིང་སེནྡྷ་པས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་འཛིན་པའི་ཚེ་དུས་ཞབས་པ་ཆུང་བ་བྱོན་ཏེ་ནཱ་ལནྡའི་སྒོ་གོང་ལ་རྣམ་བཅུ་དབང་ལྡན་དང་དེའི་འོག་ཏུ། ཁམས་ལེའི་མདོར་བསྡུས་དྲུག་པའི་འགྲེལ་ཆེན་ལས། དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མ་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་དེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་ཐར་པ་དོན་དུ་གཉེར་བའི་སློབ་མ་རྣམས་ཀྱིས་མཉན་པར་བྱའོ་ཞེས་བྲིས་པར་འཕགས་ཡུལ་གྱི་པཎྜི་ཏ་ལྔ་བརྒྱ་རྣམས་ཡི་མ་རངས་པར་བི་ཀ་མ་ལ་ཤཱི་ལར་ཚོགས་ནས་སོ་སོར་ཁྲི་བཤམས་ཏེ་བརྩད་པ་ན་ཇོ་བོས་དུས་ཀྱི་འཁོར་ལོའི་གནད་ཀྱི་རྒྱུད་སོ་སོའི་སྟོད་སྨད་ཀྱི་འགལ་དྲིས་པ་དང་ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བས་ཐམས་ཅད་སྤོབས་པ་མེད་པར་གྱུར་ནས་ཁྲི་བོར་ཞིང་བསྙེམས་པ་བཏང་སྟེ་ཞབས་ལ་སྤྱི་བོས་ཕྱག་བཙལ། ད་བྱང་ཆུབ་སེམས་དཔའ་མ་གཏོགས་པ་ཐམས་ཅད་ཀྱིས་དུས་ཀྱི་འཁོར་ལོ་མ་


GLG012_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་མེད་པས་མཚན་ཡང་དུས་འཁོར་པ་ཞེས་གྲགས་ནས་ཤིན་ཏུ་དར་རྒྱས་སུ་གྱུར་མོད། འབྲོ་ལུགས་ལྟར་ན་དུས་ཞབས་པ་ཆེན་པོས་རིགས་ལྡན་དཔལ་སྐྱོང་ལ་གསན་པ་དང་རྭ་པའི་ལུགས་ལ་འཇམ་དབྱངས་སྤྲུལ་པ་ནས་དུས་ཞབས་པ་ཆེ་བའི་བར་བླ་མ་གཉིས་སོང་བ་དང་། ལ་ལར་ཙི་ལུ་པ་དང་། དུས་ཞབས་པ་ཆེ་བ་གཅིག་པ་སོགས་མི་མཐུན་པ་མང་ཡང་། དེབ་སྔོན་དུ་སྤྱིར་ན་རྒྱ་གར་བ་དག་ལའང་གཏམ་ངེས་པ་མེད་པ་སྲིད་དེ། ཉི་མ་དཔལ་གྱིས་མཛད་པའི་ཡན་ལག་དྲུག་གི་འགྲེལ་པ་དབང་གིས་བསྒྱུར་བར། ཉི་མ་དཔལ་ཆོས་འབྱུང་ཞི་བའི་སློབ་མར་བྱས་ལ། པཎ་ཆེན་རིན་པོ་ཆེའི་གསུང་གིས་ཉི་མ་དཔལ་ནི་ཆོས་འབྱུང་ཞི་བའི་བླ་མ་ཡིན་ཞེས་གསུང་། ཁོ་བོས་རྒྱ་དཔེ་གཉིས་མཐོང་བ་ལའང་དེ་ཁོ་ན་ལྟར་སྣང་ངོ་། །ཞེས་དང་། གཏམ་མཐུན་པ་དང་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་གཉན་དང་སེ་ལོ་ཙཱ་བའི་ཕྱོགས་ཀྱི་ཨ་བྷ་ཡ་དང་། རྭ་བའི་ཕྱོགས་ཀྱི་མཉྫུ་ཀཱིརྟི་དང་།འབྲོ་པའི་ཕྱོགས་ཀྱི་ཟླ་བ་མགོན་པོ་རྣམས་དུས་ཞབས་པ་ཆུང་བའི་དངོས་ཀྱི་སློབ་མ་ཡིན་པར་མཐུན་ཞིང་། དུས་ཞབས་པ་ཆུང་བ་དུས་ཞབས་པ་ཆེན་པོའི་དངོས་ཀྱི་སློབ་མར་མཐུན་པའི་ཕྱིར་ཡིད་བདེ་བར་བྱའོ། །ཞེས་གསུངས། དེ་ཡང་འབྲོ་ལུགས་ལ་དུས་ཞབས་པ་ཆུང་བ་ནས་རྒྱལ་སྲས་ནཱ་ལནྡ་པ་ཁ་ཆེ་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ནས་རིམ་པར་བརྒྱུད་དེ། ཀུན་མཁྱེན་ཡོན་ཏན་རྒྱ་མཚོ་ལ་ཇོ་ནང་ཀུན་མཁྱེན་དོལ་བུ་བས་གསན་ཞིང་། ཡང་ཀུན་མཁྱེན་འཕགས་འོད་ལ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་ཞུས་ལ། རྭ་བ་ལྟར་ན་དུས་ཞབས་པ་ཆུང་བ་


GLG012_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཉྫུ་ཀཱིརྟི། པཎྜི་ཏ་ས་མནྟ་ཤྲཱི། རྭ་ལོ་ཙཱ་བ་ཆོས་རབ་ནས་རིམ་པར་སྐྱི་སྟོན་གྲགས་རྒྱན་པ་ལས་ཀུན་མཁྱེན་དོལ་བུ་བ་དང་བླ་མ་དཔལ་ལྡན་སེང་གེ་ནས་ཀུན་མཁྱེན་བུ་ལ་བརྒྱུད་པ་སྟེ་བུ་དོལ་རྣམ་གཉིས་ཞེས་གངས་རིའི་ཁྲོད་ཀྱི་དུས་ཞབས་པ་ཉི་ཟླ་ལྟར་གྲགས་པ་དང་། གཞན་ཡང་ཙ་མི་སངས་རྒྱས་གྲགས། པཎ་ཆེན་ཤཱཀྱ་ཤྲཱི། རྒྱལ་སྲས་ནགས་ཀྱི་རིན་ཆེན། ས་ལོ། ཤོང་ལོ་སོགས་པཎ་གྲུབ་དུ་མ་ལས་བརྒྱུད་པ་དང་། ཕྱོགས་འདིར་མཁྱེན་པའི་དཀྱིལ་འཁོར་མཁའ་ལྟར་ཡངས་པ་མཐའ་ཀླས་ཤིང་དང་པོའི་སངས་རྒྱས་ཀྱི་དགོངས་པ་འགྲེལ་བར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཞལ་མངོན་སུམ་དུ་བསྟན་ནས་ཟླ་བ་བཟང་པོ་དང་འདྲ་བ། ཆེས་ཆེར་བསྔགས་པ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་སོགས་ཚད་མར་གྱུར་པའི་མཁས་གྲུབ་བགྲང་བར་དཀའ་ཞིང་ཁྱད་པར་རང་ལུགས་འདི་ལ་འཁྲུལ་པའི་དྲི་མ་དང་བྲལ་བ་སྟག་ཚང་ལོ་ཙཱ་བ་དང་། དཔལ་ལྡན་ཆོས་ཀྱི་གྲགས་པ་ཡབ་སྲས་ཀྱིས་རིགས་ལྡན་དགོངས་པའི་རྒྱན་གྱིས་ཁ་བས་བསྐོར་བའི་ལྗོངས་འདིར་རྒྱས་པར་མཛད་དོ། །དེ་ཡང་མན་ངག་སྙེ་མ་ལས། འདི་ལ་གསུང་རབ་གཞན་དང་འགལ་བ་མང་བས་འདི་བྱེད་པ་པོའི་བྱང་སེམས་སུ་བཤད་པ་དེ་རྣམས་རིགས་གསུམ་མགོན་པོ་དངོས་མ་ཡིན་ནོ། །ཞེས་མང་དུ་མཁྱེན་པ་རྣམས་གསུང་ཞེས་བཀོད་པའི་མང་དུ་མཁྱེན་པ་ནི་ཤནྟི་པར་གྲགས་ཤིང་། རྣམས་ཞེས་པས་མཁས་པ་གཞན་ཡང་ཡོད་ལ། འཇིགས་མེད་འབྱུང་གནས་དུས་འཁོར་ཞལ་གྱིས་བཞེས་ཀྱང་རླུང་གི་རྒྱུ་ཚུལ་བཤད་རྒྱུད་རྡོར་ཕྲེང་དང་མ་མཐུན་པ་སོགས་ནས་མང་ཞིག་དྲང་དོན་དུ་འགྲེལ། ཀུན་མཁྱེན་བུ་རྒྱུད་འདི་གཙོ་བོར་འཛིན་ཀྱང་འཇིག་རྟེན་བསྟན་བཞག་


GLG012_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དོན་ཡིན་པའི་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་དང་བཅས་པ་སྦྱར། བཅོམ་ལྡན་རལ་གྲིས། ཕྱི་ནང་འདྲེས་པའི་བསྟན་བཅོས་ཡིན་ཏེ། །འདི་ནས་ཁམས་གསུམ་རི་རབ་ལ་ཆུད་པ། སྟོང་གསུམ་ཡོངས་སུ་ཆད་པ། ཕྱིའི་རྒྱ་མཚོ་མེའི་ཁོར་ཡུག་གིས་འཁོར་བ། རི་རབ་ཀྱི་ལྷོ་པདྨ་རཱ་ག་ལས་གྲུབ་པ། རྩོད་དུས་འཁོར་ལོས་སྒྱུར་བ་འབྱུང་བ། གཟའ་སྐར་ཁ་ཤར་དུ་བལྟས་ནས་འགྲོ་བ། རྒྱ་ནག་བོད་ཀྱི་བྱང་ན་ཡོད་པ། ཟད་པར་ཁམས་གོང་མར་སྐྱེ་བའི་རྒྱུ་རྣམས་བཤད་པས་སོ་ཞེས་གསུང་། རྗེ་རེ་མདའ་པ་ཨེ་ཝཾ་མེད་པ་སོགས་ཀྱི་སྐྱོན་དུ་མ་བཀོད་པའི་རྩོད་ཡིག་དང་། སྐད་ཕལ་ཆེར་དྲང་བའི་དོན་དུ་ཤེས་ཞེས་སོགས་ཀྱི་རང་ལན་དང་བཅས་པ་མཛད་པ་གསུང་རབ་རྒྱ་མཚོར་གཟིགས་པའི་མཁས་གྲུབ་དེ་དག་ལ་འཁྲུལ་པ་མི་མངའ་མོད། འོན་ཀྱང་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། སེམས་ཅན་རྣམས་ནི་བག་ཆགས་སྐྱོན། །ཕྱི་རོལ་ཏུ་ནི་སྤྲིན་མཐོང་འགྱུར། །བག་ཆགས་ཟད་པའི་དུས་སུ་ནི། །སྤྲིན་དང་ཀླུ་རྣམས་མཐོང་བ་མེད། །ཅེས་དང་། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པའི་དོན་དང་འགལ་བར་ཅི། །དེ་དག་ནི་ཕྱི་དོན་བདེན་མེད་དུ་སྒྲུབ་པ་མ་ཡིན་ནམ་འདིར་ཕྱི་དོན་ཞལ་གྱིས་བཞེས་པས་མི་མཚུངས་སོ་ཞེ་ན་འདིར་ཡང་ཕྱི་དོན་བདེན་གྲུབ་ཏུ་བཞེད་པར་སུ་ཞིག་འདོད་དེ། སྒྲུབ་ལེའི་ཉིས་བརྒྱ་པར། སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ།


GLG012_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་མ་དཔྱད་པའི་ངོར། བྱེ་སྨྲ་སོགས་དང་བསྟུན་ནས་རྡུལ་ཕྲན་བཞེད་ལ། ཅུང་ཟད་དཔྱད་ན་རྣམ་ཤེས་ཀྱི་ངོ་བོ་དེ་ཡང་མ་གྲུབ་པར་ལེགས་པར་གསུངས་ཤིང་། སེམས་ཅན་སོ་སོའི་བསམ་པ་སོ་སོས་བག་ཆགས་སོ་སོར་བཞག་པའི་ལས་སྣང་གི་ནུས་པ་བསམ་གྱིས་མི་ཁྱབ་པས། དངོས་པོ་གཅིག་ཉིད་ཆེ་ཆུང་མདོག་དབྱིབས་བཟང་ངན་མི་འདྲ་བ་དུ་མར་གཞི་གཅིག་ཏུ་སྣང་བ་འཇིག་རྟེན་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཚོགས་སུ་གསུངས་ཤིང་དོན་དམ་པའི་བདེན་པས་འཇིག་རྟེན་གྱི་ཁམས་ལ་ཚད་མེད་དེ། སེམས་ཅན་གྱི་བསོད་ནམས་དང་སྡིག་པའི་དབང་གིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་མཐོང་བ་ཡིན་ཏེ། ཇི་སྐད་དུ། དེ་ལ་བསམ་པའི་དབང་གིས་ནི། །ཅི་ཡོད་པར་ནི་རབ་ཏུ་བསྒྲགས། །ཞེས་གསུངས་པས་སོ། །རྩ་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་ལས། རྒྱུད་ནི་མདོར་བསྟན་རྣམས་གསུམ་དང་། །རྒྱས་པར་བཤད་པ་རྣམ་གསུམ་འགྱུར། །མདོར་བསྟན་རབ་ཏུ་མདོར་བསྟན་ཆེ། །རྒྱས་བཤད་རབ་ཏུ་རྒྱས་བཤད་གཞན། །མདོར་བསྟན་རྒྱས་པར་བཤད་པ་ནི། །བསྡུས་དང་ཡང་དག་རྒྱུད་ཡིན་ནོ། །རབ་ཏུ་མདོར་བསྟན་རྒྱས་བཤད་པ། །དཀའ་འགྲེལ་ཚིག་ནི་འབྱེད་པ་པོ། །མདོར་བསྟན་ཆེན་པོ་རྒྱས་བཤད་པ། །འགྲེལ་བཤད་དོན་ཀུན་སྟོན་བྱེད་པའོ། །དེ་ནི་མངོན་ཤེས་ཐོབ་རྣམས་ཀྱིས། །བྱ་ཡི་མཁས་རྣམས་ཀྱིས་མིན་ཉིད། །དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག །རྡོ་རྗེ་རྣལ་འབྱོར་རྣམ་བཞི་དང་། །རྫོགས་པའི་བྱང་ཆུབ་བཞི་རྣམས་དང་། །ཕུང་ཁམས་སྐྱེ་མཆེད་རིགས་དྲུག་རྣམས། །དག་པ་འཇིག་རྟེན་ཁམས་ལ་སོགས། །ལེའུ་ལྔ་ནི་


GLG012_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

འདོང་རྣམས་ཀྱིས། །བདེན་གཉིས་དང་པོའི་སངས་རྒྱས་འགྱུར། །དུས་ཀྱི་འཁོར་ལོ་མངོན་བརྗོད་བྱེད། །ཅེས་རྒྱུད་འགྲེལ་འདི་ཉིད་ཀྱི་རྗོད་བྱེད་ཀྱི་ཚིག་བསྡུ་ན་རྩ་རྒྱུད་དགོངས་འགྲེལ་དང་བཅས་པ་དང་བསྡུས་རྒྱུད་དགོངས་འགྲེལ་དང་བཅས་པ་གཉིས་སུ་འདུས་མོད་ཀྱི་ཕྱེ་ན་དྲུག་ཏུ་དབྱེར་ཡོད་པ་དང་། དྲུག་པོ་དེ་ལ་མཐའ་དྲུག་ཏུ་བྱེད་དེ། དྲུག་ནི་མདོར་བསྟན་དང་རྒྱས་བཤད་གཉིས། རབ་ཏུ་མདོར་བསྟན་དང་རབ་ཏུ་རྒྱས་བཤད་གཉིས་མདོར་བསྟན་ཆེན་པོ་དང་རྒྱས་བཤད་ཆེན་པོའོ། །མཐའ་དྲུག་ཅེས་པ་མདོར་བསྟན་གྱི་མཐའ་དང་རྒྱས་བཤད་ཀྱི་མཐའ་ཞེས་སོགས་རེ་རེ་ལ་སྦྱར་ལ། མཚན་གཞི་ཞེས་པ་མདོར་བསྟན་ནི་བསྡུས་རྒྱུད་རྒྱས་བཤད་ནི་རྩ་རྒྱུད། བར་པ་གཉིས་ནི་རིམ་པ་ལྟར་དེ་གཉིས་ཀྱི་དཀའ་འགྲེལ། ཐ་མ་གཉིས་ནི་དེ་ཉིད་ཀྱི་འགྲེལ་བཤད་སོ་སོ། བརྗོད་བྱའི་དོན་ཧྲིལ་གྱིས་ན་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རྣམ་གཞག་འཇིག་འབྱུང་གནས་གསུམ་གྱི་སྒོ་ནས་དང་། ནང་རྡོ་རྗེ་ལུས་ཀྱི་རྣམ་གཞག་སྐྱེ་འཇིག་སྲུང་གསུམ་གྱི་སྒོ་ནས་དང་། གཞན་དཀྱིལ་འཁོར་འཁོར་ལོའི་རྣམ་གཞག་སྨིན་གྲོལ་འབྲས་གསུམ་གྱི་སྒོ་ནས་གཏན་ལ་དབབ་པའི་རྩ་འགྲེལ་ཐམས་ཅད་དུ་དབང་བཞི་པའི་ལམ་གསལ་བར་བྱེད་པ་ཁོ་ནས་ཀྱང་གཞན་ལས་ཁྱད་པར་དུ་འཕགས་པ་གཉིས་མེད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་སྒོ་ནས་ལེགས་བཤད་ཀྱི་མཆོད་པ་འབུལ་པ་ལ། པར་བཤད་པ་ཡིན་ལ། ཕྱི་སྟག་ཚང་ལོ་ཙཱ་བའི་སྤྱི་དོན་ལེགས་བཤད་བསྟན་པའི་རྒྱ་མཚོ་ནས་བླངས། ནང་དུས་སྦྱོར་བཅུ་གཉིས་འགགས་པས་བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཕྱིར་རྡོ་རྗེ་ཉི་མ་སྣང་བ་ཆེ། །འགྱུར་བའི་བདེ་བ་བཅུ་དྲུག་ཟད་པས་བདེན་མེད་དེ་ཉིད་བཅུ་དྲུག་རིག་ཕྱིར་རྡོ་རྗེ་ཟླ་བ་དྲི་མེད་འོད། །གནས་


GLG012_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་བཞི་ཡི་སྒྲིབ་པ་ཟད་པས་ཐིག་ལེ་བཞི་པོ་མི་འགྱུར་འཛིན་ཕྱིར་སྐུ་བཞི་རྡོ་རྗེ་བཞིའི་རང་བཞིན། །ཟབ་མོ་རྡོ་རྗེའི་རྣལ་འབྱོར་དྲུག་གིས་ཁམས་དྲུག་སྒྲིབ་པ་ཟད་པར་སྤངས་པའི་རིགས་དྲུག་གཙོ་བོར་གྱུར་ལ་འདུད། །ཅེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་སྟོང་གཟུགས་ཕྱག་རྒྱ་མཁའ་ལ་མཁའ་ཡེ་སྦྱོར་བ་ཇི་བཞིན་བརྗོད་བྲལ་གྱི་དབྱིངས་སུ་ནམ་ཡང་འཕོ་འགྱུར་དང་བྲལ་བ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲ་གཅན་བླ་ན་མེད་པ་ཆོས་ཀྱི་སྐུ་ལས། །ཉི་མ་དང་ཟླ་བའི་ངོ་མཚར་གཟུགས་སྐུའི་བཀོད་པ་སྣ་ཚོགས་སུ་འཆར་བར་མཛད་དེ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོའི་གཙོ་བོར་ཞལ་བཞི་ཕྱག་ཉེར་བཞི་པའི་སྤྲུལ་སྐུའི་གར་མཁན་རང་སྣང་མཛེས་སྡུག་སྒྱུ་མའི་ཕྱག་རྒྱ་གཉིས་མེད་གཉིས་སུ་ཤར་བ་སྣ་ཚོགས་ཡུམ་དང་མཉམ་པར་སྦྱོར་བའི་རྒྱུད་རྒྱལ་སྟོན་པ་པོ་འདི་ཉིད་བདག་སོགས་སྟོང་ཆེན་ཡི་གེ་ལྔ་མཐར་ཐུག་པའི་བདེ་བ་དང་། ཐིག་ལེ་ཡིག་དྲུག་ཕྱག་རྒྱ་ཆེན་མོ་ཨེ་ཝཾ་ཟུང་དུ་འཇུག་པར་མ་གྱུར་དེ་སྲིད་ཀྱི་བར་དུ་སྒོ་གསུམ×། རིགས་གསུམ་མངའ་བདག་ལ་སོགས་ས་བཅུའི་མགོན། །ཆོས་རྒྱལ་ཚུལ་བཟུང་དཔལ་ལྡན་ཀ་ལཱ་པར། །དང་པོའི་སངས་རྒྱས་གསལ་བར་མཛད་རྣམས་དང་། །རྒྱ་བོད་མཁས་གྲུབ་ཀུན་ལ་གུས་ཕྱག་འཚལ། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་བྱང་ཕྱོགས་ལེགས་པའི་ཆ་ཐམས་ཅད་བསགས་པའི་ཕོ་བྲང་ཆེན་པོའི་སེང་གེའི་ཁྲི་ལ་རྒྱལ་བའི་སྲས་པོ་མིའི་བདག་པོའི་རྣམ་པར་བསྟན་ནས་རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་པའི་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་པའི་ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གཉིས་ཀྱི་བར་དུ་བྱོན་པ་དང་། རྒྱུད་འགྲེལ་འཕགས་པའི་ཡུལ་དུ་དར་བར་མཛད་བའི་སློབ་དཔོན་དུས་འཁོར་ཞབས་པ་ཆེ་ཆུང་། རྒྱལ་སྲས་ནཱ་ལནྡ་པ། ཁ་ཆེ་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་


GLG012_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཇམ་དབྱངས་སྤྲུལ་པ། ཙི་ལུ་པཎྜི་ཏ། པིཎྜོ་ཨཱ་ཙཪྻ། དཔལ་དུས་ཞབས་པ་ཆེ་ཆུང་། མཉྫུ་ཀཱིརྟི། པཎྜི་ཏ་སམ་མནྟ་ཤཱི། རྭ་ལོ་ཙཱ་བ་ཆོས་རབ་སྟེ་སྒྱུར་བྱེད་ཀྱི་ལོ་ཙཱ་བ་རྣམ་གཉིས། འགྱུར་བཅོས་ཀྱིས་རྨད་དུ་བྱུང་བ་མཛད་པ་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན། སླར་ཡང་སྒྱུར་བྱེད་མ་ཏི་རྣམ་གཉིས་དང་། སྨིན་གྲོལ་རྒྱུད་བཤད་མཁན་པོ་ཇོ་ནང་ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཚོན་ལུགས་སྲོལ་འདི་ཉིད་ཀྱི་སྨིན་གྲོལ་རྒྱུད་བཤད་གདམས་པའི་ཆུ་བོ་ཕྱོགས་བརྒྱར་འབེབས་མཛད་འཕགས་བོད་ཀྱི་པཎ་གྲུབ་ཐམས་ཅད། གསར་རྩོམ་སེམས་འགྲེལ་དགོངས་དོན་འཁྲུལ་མེད་འཛིན་མཛད་མཁས་གྲུབ་ཆོས་ཀྱི་གྲགས་པའི་དཔལ། །རྒྱ་ཆེ་ཤེས་བྱའི་གནས་ཀུན་ལེགས་གཟིགས་ཤེས་རབ་རིན་ཅེན་སྟག་ཚང་པ། །བདེ་སྟོང་ཟུང་འཇུག་སྐུ་བཞིའི་བདག་ཉིད་དུས་འཁོར་ཞབས་པ་ནོར་བུ་བཟང་། །ཕྱི་ནང་གཞན་གསུམ་སྦྱོར་ལ་ཟླ་བྲལ་ལྷུན་གྲུབ་རྒྱ་མཚོ་ཡབ་སྲས་རྒྱལ། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་གནས་ལྔ་རིག་པའི་པཎྜི་ཏ་འཇིགས་མེད་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་གྲགས་པ། གཙུག་ལག་བྱེ་བའི་ཕ་མཐར་མཁྱེན་པའི་སྤྱན་རས་མཆོག་ཏུ་ཡངས་པ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་། ཚེ་གཅིག་ལུས་གཅིག་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་གྱུར་པ་མཁས་གྲུབ་ཆེན་པོ་ནོར་བཟང་རྒྱ་མཚོ། ཤིན་ཏུ་ཆ་ཕྲའི་གནས་ཀུན་སྤྱན་རས་གཟིགས་ཀྱིས་ལེགས་པར་བཀྲལ་བ་བཞིན་གཏན་ལ་ཕབ་པས་ནང་དང་གཞན་དུས་ཀྱི་འཁོར་ལོ་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ་གྲྭ་ཕུག་པ་ལྷུན་གྲུབ་རྒྱ་མཚོ་ཡབ་སྲས་བརྒྱུད་པ་དང་བཅས་པ་ཐམས་ཅད×། རབ་


GLG012_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཞབས་སེན་ཉི་མ་གཙུག་ཏོར་རྩེར། །ཤར་ཚེ་རྨོངས་པའི་མུན་སངས་བློ་གྲོས་ཀྱི། །པད་ཚལ་བཞད་ལ་གཞན་དྲིང་མི་འཇོག་པ། །དཔལ་ལྡན་བླ་མ་རྣམས་ཀྱིས་རྟག་ཏུ་སྐྱོངས། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་མཁས་པ་དང་གྲུབ་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཁྱབ་བདག་གནས་གསར་པ་མགོན་པོ་བསོད་ནམས་མཆོག་ལྡན། རབ་འབྱམས་རྒྱུད་སྡེའི་བང་མཛོད་རྡོ་རྗེ་འཆང་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། ཇི་ལྟར་ཇི་སྙེད་ཀྱི་ཤེས་བྱའི་གནས་ལུགས་མཐའ་དག་རང་བྱོན་དུ་ཆུད་པ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། སྔ་ཕྱིར་འགྱུར་བའི་རྡོ་རྗེ་ཐེག་པའི་གསུང་རབ་ཀུན་ལ་དབང་ཕྱུག་པ་འཁོར་ལོའི་མགོན་པོ་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེ་སོགས་དངོས་དང་བརྒྱུད་པའི་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་ཐམས་ཅད×། རྒྱལ་བ་བཙོང་ཁ་པ་སོགས་བླ་མའི་རིགས་དང་གནས་མགོན་སོགས་གསང་འདུས་དང་དབྱིབས་འདྲ། ཆོས་སྐྱོང་ནི། དང་པོའི་སངས་རྒྱས་རྒྱུད་འགྲེལ་ལེགས་སྐྱོང་བར། །སྟོབས་ཆེན་རྡོ་རྗེའི་ཤུགས་འཆང་ཁྲོ་རྒྱལ་གྱིས། །བཟོད་དཀའི་གཟི་བྱིན་རབ་བསྐྱེད་སྲུང་མའི་ཚོགས། །ཡིད་སྲུབས་ལས་རྒྱལ་རྔ་ཆེན་སྲིད་རྩེར་རྡུངས། །ཞེས་པའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་རྒྱུད་རྒྱལ་འདི་ཉིད་ཀྱི་ལུང་དང་རྟོགས་པའི་ཆོས་དཀོན་མཆོག་ཕྱོགས་ཙམ་འཛིན་པ་ཡན་ཆད་བསྲུང་ཞིང་སྐྱོབ་པའི་དམ་ཅན་རྒྱ་མཚོའི་ཚོགས་སྤྱི་དང་། གཞན་ཡང་གཙུག་ལག་འདི་ཉིད་བསྲུང་བའི་སོགས་འདྲ་ཞེས་བཤད་པའི་སྔོན་འགྲོའི་ལྷན་ཐབས་འདི་ནི་བློ་བཟང་ཐུགས་རྗེས་གྲྭ་སྐོར་གྱི་ཚེ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།


previousརྒྱུད་སྡེ་རྒྱ་མཚོར་རབ་འབྱམས་སྨྲ་བ་རྣམས་ཀྱི་བཤད་པའི་སྔོན་འགྲོའི་མཆོད་བརྗོད་ཀྱི་རིམ་པ་འཕང་འགྲོའི་སྒྲ་དབྱངས།no next