Nitartha Digital Library
Tibetan
 
previousསྐབས་གསུམ་པའི་ཚིག་དོན་མཐའ་དཔྱོད།next

སྐབས་གསུམ་པའི་ཚིག་དོན་མཐའ་དཔྱོད།


GLG013_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་རྣམས་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་སྐབས་གསུམ་པའི་ཚིག་དོན་མཐའ་དཔྱོད་བཞུགས་སོ། །


GLG013_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་རྒྱས་པར་བཤད་པ། གྲངས་མེད་ཚོགས་གཉིས་རྒྱ་མཚོའི་རྦ་རླབས་སྲིད་རྩེའི་བར་དུ་འཕྱུར་བའི་སྒྲས། །གསེར་མངལ་ཅན་སོགས་རྣམ་པར་སྐྲག་པས་དྲེགས་པའི་སྙེམས་པ་རབ་བཏང་ནས། །གང་གི་བགྲོད་བྱེད་ཟུང་གི་འཁོར་ལོ་རལ་པའི་ཟུར་ཕུད་ལ་བསྟེན་པ། །འགྲོ་བའི་གཉེན་གྱུར་ཤཱཀྱ་སེང་གེ་ཆོས་དང་དགེ་འདུན་བཅས་ལ་འདུད། །བུ་རམ་ཤིང་པའི་ལུང་རྟོགས་མུ་ཐི་ལའི། །མཆོད་སྡོང་མཛེས་པར་སྤ་ལ་བརྒལ་བརྟགས་ཀྱིས། །ཚུལ་མིན་དྲི་མའི་ཆ་ཤས་ཀུན་འཁྲུད་པའི། །བྱེད་པོ་འཇམ་དབྱངས་སྨྲ་བའི་དབང་ཕྱུག་རྒྱལ། །ཐེག་གསུམ་སྐྱེས་བུ་ཀུན་གྱི་ཐུན་མོང་དུ། །སྤྱོད་པའི་གཞི་ཤེས་ནོར་གྱི་བང་མཛོད་སྒོ། །རྣམ་པར་ཕྱེ་ནས་ཆོས་སྦྱིན་འདིར་གཏོང་གི །ལེགས་བཤད་དོན་དུ་གཉེར་རྣམས་དོ་འདུས་ཤིག །གསུམ་པ་ལམ་ཤེས་རྣམ་པར་དག་བྱེད་ཀྱི་ཡན་ལག་གཞི་ཤེས་བཤད་པ་ལ། འབྲེལ་བཀོད་པས་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཀྱི་འོག་ཏུ་ཐམས་ཅད་ཤེས་པ་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། གཞི་མི་རྟག་


GLG013_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཅུ་དྲུག་པོ་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ཐེག་པ་གསུམ་གྱི་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ལམ་ཤེས་ཀྱི་ཡན་ལག་ཏུ་འཆད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཡེ་ཤེས་གང་ཞིག །ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པ་གཞི་ཤེས་ཀྱི་མཚན་ཉིད་ཟེར་ན། རང་རྒྱལ་གྱི་མཐོང་ལམ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཉན་ཐོས་སློབ་པ་འཕགས་པས་གཉིས་སྟོང་བསྒོམ་བྱའི་གཙོ་བོར་བྱེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་གཟུང་འཛིན་རྫས་གཞན་དུ་འཛིན་པའི་རྟོག་པ་སྤང་བྱའི་གཙོ་བོར་བྱེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པས་དེ་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་ཞེས་བཤད་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། རོང་ཊཱིཀ་པ་ན་རེ། གཞི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་


GLG013_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁྱེན་པ་གཞི་ཤེས་ཀྱི་མཚན་ཉིད་ཟེར་ན། ཉན་ཐོས་འཕགས་པའི་རྒྱུད་ཀྱི་འདུས་བྱས་མི་རྟག་པར་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་འདྲའི་མཁྱེན་པ་དེས་འདུས་བྱས་མི་རྟག་པར་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་དེས་དེ་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དེ་མངོན་སུམ་དུ་མ་རྟོགས་པར་ཐལ། ཁྱོད་བར་ཆད་མེད་ལམ་ཡིན་པའི་ཕྱིར། གཞན་ཡང་། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག །སྤངས་རྟོགས་ཉི་ཚེ་བའི་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་གཞི་ཤེས་ཀྱི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སངས་འཕགས་ཀྱི་རྒྱུད་ལ་སྤངས་པ་ཉི་ཚེ་བའི་རིགས་སུ་གནས་པའི་མཁྱེན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲིབ་གཉིས་སྤངས་པའི་སྤངས་པ་དེ་སྤངས་པ་ཉི་ཚེ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་དེ་དགྲ་བཅོམ་ཉི་ཚེ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དང་ཐེག་དམན་འཕགས་པའི་མཁྱེན་པ་གང་རུང་གཞི་


GLG013_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མཚན་ཉིད་ཟེར་ན། ཐེག་དམན་འཕགས་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཕྱི་མ་དེ་ཡིན་པའི་ཕྱིར། འདོད་ན། དེ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པར་ཐལ། དེ་གཞི་ཤེས་གང་ཞིག །དེ་ཐེག་དམན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། འདོད་ན། བདེན་འཛིན་གྱིས་བཅིངས་པའི་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་ཡིན་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པར་ཐལ། གཞི་ཤེས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མ་ཡིན་པར་ཐལ། སྟོང་ཉིད་རྟོགས་པའི་རྟོགས་རིགས་སུ་གནས་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་བསྒོམ་བྱའི་གཙོ་བོར་བྱེད་པའི་ཐེག་དམན་པ་མེད་པའི་ཕྱིར། ཁ་ཅིག །གཞི་ཤེས་དེ་སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་ཟེར་ན། གཞི་ཤེས་ཆོས་ཅན། གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཡོད་དེ། དེའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་ཉམས་སུ་ལེན་པའི་གཞི་ཤེས་ཡིན་དགོས་པའི་ཕྱིར། ཁ་ཅིག །མི་མཐུན་ཕྱོགས་ཀྱི་གཞི་ཤེས་དེ་སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་ཉམས་སུ་ལེན་པའི་རྒྱན་གྱི་ཆེད་དུ་བྱ་


GLG013_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདུལ་བྱ་ཡོད་པར་ཐལ། ཁྱོད་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་པའི་ཕྱིར། འདོད་ན། དེའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་ཐེག་དམན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་ཐེག་དམན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཐེག་དམན་པའི་རྒྱུད་ཀྱི་གཞི་ཤེས་ཡིན་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པས་ཁྱབ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་ན་བདེན་འཛིན་གྱིས་བཅིངས་པས་ཁྱབ་ཟེར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པར་ཐལ། ཐེག་དམན་པའི་རྒྱུད་ཀྱི་གཞི་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བདེན་འཛིན་གྱིས་བཅིངས་པའི་གཞི་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། གཞི་ལམ་བདེན་གྲུབ་ཏུ་བདེན་ཞེན་གྱིས་འདོད་པའི་གང་ཟག་གི་རྒྱུད་ཀྱི་གཞི་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཡོད་དེ། རྣམ་བཤད་ལས། བདེན་འཛིན་གྱིས་བཅིངས་པའི་དོན་ཡང་གཞི་དང་ལམ་ལ་བདེན་པར་གྲུབ་མ་གྲུབ་བརྟགས་པ་ན། བདེན་པར་ཞེན་པ་ལས་མི་འདའ་བའི་དོན་ཏེ། སྔར་ཆོས་ཀྱི་གནས་ལུགས་ཐོས་བསམ་གྱིས་ཀྱང་གཏན་ལ་མ་ཕབ་པའི་དབང་དུ་བྱས་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །བྱང་འཕགས་ཀྱི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་ཟེར་ན། དེ་རྒྱུད་ལྡན་གྱི་གང་ཟག་ཡིན་ན། དེའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་སྒོམ་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་གཞི་ཤེས་སྐབས་གསུམ་པས་དངོས་སུ་བསྟན་པར་ཐལ། འདོད་


GLG013_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འདོད་ན། སྒོམ་པའི་ལམ་ནི་མ་བསྟན་ཏོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གཉིས་པ་རང་ལུགས་ནི། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་གཞི་ཤེས་ཀྱི་མཚན་ཉིད། གཟུགས་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །ཞེས་པའི་མདོའི་བསྟན་དོན་དུ་གྱུར་པའི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་དམན་ལམ་སྔོན་མ་སོང་གི་བྱང་སེམས་མཐོང་ལམ་པའི་མཁྱེན་པ་དེ་སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་ཏེ། འགྲེལ་ཆེན་ལས། དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པས་འཕངས་པ་རྣམས་ཀྱི་གཞི་མ་ལུས་པ་ཡོངས་སུ་ཤེས་པ་ཡིན་པའི་དོན་དུ་ཐམས་ཅད་ཤེས་པ་ཉིད་ལོགས་ཤིག་ཏུ་བཤད་པར་གཟུང་ངོ་། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །རྟོགས་རིགས་གསུམ་ག་ཚང་བའི་ཉན་ཐོས་ཀྱི་མཐོང་ལམ་ཡོད་པར་ཐལ། ཐེག་དམན་འཕགས་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་སྟོང་ཉིད་རྟོགས་པའི་རྟོགས་རིགས་སུ་གནས་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་དེས་རྟོགས་རིགས་གསུམ་ཚང་བའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པས་དེ་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་འཕགས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། ཚང་བར་འདྲ་ཡང་ཚང་ཚུལ་མི་འདྲ་བའི་ཕྱིར། དེར་ཐལ། བྱང་ཆུབ་སེམས་དཔས་གདུལ་བྱ་རིགས་ཅན་གསུམ་རྗེས་སུ་གཟུང་བའི་ཕྱིར་དུ་རྟོགས་རིགས་གསུམ་སྐྱེད། ཐེག་དམན་ལ་དེ་མེད་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དམན་ལམ་སྔོན་དུ་མ་སོང་བའི་མཁྱེན་པ་ཡིན་པར་ཐལ། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་མཁྱེན་པ་ཡིན་པའི་ཕྱིར། དེར་


GLG013_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཟེར་ན། དེ་རྒྱུད་ལྡན་གྱི་གང་ཟག་ཡིན་ན་ཅིག་ཤོས་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་མཐོང་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། སྨྲས་པ། ལུང་རིགས་དབྱར་གྱི་པདྨོ་བཞད་པའི་མགྲོན། །འབོད་ལ་ཆས་པའི་རྣམ་དཔྱོད་ལེགས་ལྡན་དཔྱིད། །ཡོངས་འཛིན་གསུང་གི་དྲི་བཞོན་གྱིས་བསྐུལ་བ། །བློ་གསལ་གཞོན་ནུའི་དགའ་སྟོན་འདི་རྨད་བྱུང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ། གཞི་ཤེས་ཀྱི་རང་བཞིན་བཤད་པ། མཁྱེན་གསུམ་གྱི་མཇུག་བསྡུ་བའོ། །དང་པོ་ལ། ཉེ་རིང་གི་ལམ་བཤད་པ། གཞི་ཤེས་ཀྱི་སྦྱོར་བ། སྦྱོར་བ་བསྒོམས་པའི་འབྲས་བུ་བཤད་པ་གསུམ། དང་པོ་ལ། ལམ་ཉེ་རིང་གི་རྒྱུ་མཚན་བཤད་པ། རྒྱུ་མཚན་དེ་ཉིད་སྒྲུབ་པ། མི་མཐུན་ཕྱོགས་དང་གཉེན་པོའི་དབྱེ་བ་བཤད་པ་གསུམ། དང་པོ་ལ། རྩ་བ། འགྲེལ་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཅན། ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཉེ་བར་འདོད་དེ། དུས་གསུམ་གྱི་ཆོས་རྣམས་བདེན་པའི་རང་བཞིན་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་པའི་ཡེ་ཤེས་ཀྱིས་ཟིན་པའི་མཁྱེན་པ་ཡིན་པའི་ཕྱིར། ཚུ་རོལ་འཁོར་བའི་མཐའ་དང་ཕ་རོལ་ཞི་བའི་མཐའ་ལ་གནས་པ་མིན་ཏེ། ཁྱོད་མཐའ་དེ་གཉིས་འགོག་བྱེད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། དེ་ཆོས་ཅན། མཐའ་དེ་དག་གི་བར་ན་དོན་དམ་པར་མི་གནས་པ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས།


GLG013_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། ཁ་ཅིག །ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཤེས་པས་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། བྱང་འཕགས་ཀྱི་རྒྱུད་ཀྱི་གཉིས་སྟོང་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རང་རྒྱལ་ཀྱི་རྟོགས་རིགས་སུ་གནས་པའི་དེ་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཐབས་ཁྱད་པར་ཅན་གྱི་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཤེས་པས་སྲིད་མཐའ་ལ་མི་གནས་པའི་གཞི་ཤེས་དང་། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་གཞི་ཤེས་ཡིན་ཟེར་ན། མི་འཐད་པར་ཐལ། ཤེས་པས་སྲིད་མཐའ་ལ་མི་གནས་པའི་གཞི་ཤེས་ཡིན་ན་འཁོར་བའི་སྐྱོན་རྟོགས་པས་ཁྱབ་པ་གང་ཞིག །གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་མཐོང་ལམ་གྱིས་དེ་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དང་པོ་དེར་ཐལ། རྣམ་བཤད་ལས། སློབ་དཔོན་དང་འཕགས་པ་གཉིས་ཀས་ཤེས་རབ་ཀྱིས་འཁོར་བའི་སྐྱོན་མཐོང་བར་གསུངས་པའི་ཕྱིར་དང་། འཁོར་བའི་སྐྱོན་དོན་དམ་འཇལ་བའི་རིགས་ཤེས་


GLG013_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་རྙེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། ཚིག་རྐང་སྔ་མས་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་ཤེས་པས་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་དང་། ཕྱི་མས་བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་ལམ་ཤེས་སུ་བསྟན་པའི་ཕྱིར། ཁ་ཅིག །སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ཡིན་ན་ཤེས་པས་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ཡིན་པས་ཁྱབ་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཤེས་པས་སྲིད་མཐའ་ལ་མི་གནས་ཞེས་པའི་ཤེས་པ་ཡིན་ན་དོན་དམ་དཔྱོད་བྱེད་ཀྱི་བློ་མ་ཡིན་དགོས་པའི་ཕྱིར། ཁ་ཅིག །སྐབས་འདིར་བསྟན་གྱི་སྲིད་མཐའ་ཡིན་ན་འཁོར་བ་ཡིན་དགོས་ཏེ། སྲིད་མཐའ་ཡིན་ན་འཁོར་བ་ཡིན་དགོས་པའི་ཕྱིར། སྐབས་འདིར་བསྟན་གྱི་ཞི་མཐའ་ཡིན་ན་ཞི་བ་ཡིན་དགོས་ཏེ། སྐབས་འདིར་བསྟན་གྱི་ཞི་མཐའ་ཡིན་ན་མྱང་འདས་ཡིན་དགོས་པའི་ཕྱིར་ཟེར་ན། འོ་ན། སྐབས་འདིར་བསྟན་གྱི་སྲིད་མཐའ་ལ་གནས་ན་སྲིད་མཐའ་ལ་གནས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷག་མེད་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདིར་བསྟན་བྱང་སེམས་ལམ་ལ་ལྟོས་པའི་སྲིད་མཐའ་ལ་གནས་པའི་ཕྱིར། དེར་ཐལ། སྲིད་པར་སྐྱེ་བ་ལ་མཐའ་གཅིག་ཏུ་དོར་བྱར་ཞེན་པའི་ཆ་ལ་གནས་པའི་ཕྱིར། ཁྱབ་པ་ཡོད་དེ། འགྲེལ་པ་ལས། དངོས་པོར་དམིགས་པ་ཉིད་ཀྱིས་འཁོར་བ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྐབས་


GLG013_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བསྟན་གྱི་ཞི་མཐའ་ལ་གནས་ན་མྱང་འདས་ལ་གནས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་མཐོང་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདིར་བསྟན་བྱང་སེམས་ལམ་ལ་ལྟོས་པའི་ཞི་མཐའ་ལ་གནས་པའི་ཕྱིར། དེར་ཐལ། སྲིད་པར་སྐྱེ་བ་ཆད་ཙམ་གྱིས་ཐོབ་པའི་མྱང་འདས་ལ་མཐའ་གཅིག་ཏུ་བླང་བྱར་ཞེན་པའི་ཆ་ལ་གནས་པའི་ཕྱིར། ཁྱབ་པ་ཡོད་དེ། འགྲེལ་པ་ལས། དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སྐབས་འདིར་བསྟན་གྱི་སྲིད་མཐའ་ཡིན་ན་སྲིད་མཐའ་ཡིན་དགོས་པར་ཐལ། སྐབས་འདིར་བསྟན་གྱི་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་ཡིན་ན་སྲིད་མཐའ་ཡིན་དགོས་པའི་ཕྱིར། ཟེར་ན། འོ་ན། འདིར་བསྟན་སྲིད་མཐའ་ཡིན་ན་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་དགོས་པར་ཐལ། སྲིད་པར་སྐྱེ་བ་ལ་མཐའ་གཅིག་ཏུ་དོར་བྱར་ཞེན་པའི་ཆ་འདིར་བསྟན་སྲིད་མཐའ་གང་ཞིག །དེ་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་གནས་པའི་གང་ཟག་ཡིན་ན་ཅིག་ཤོས་ལ་གནས་པའི་གང་ཟག་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ཉན་ཐོས་ལྷག་མེད་པ་དེ་དེ་ལ་གནས་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལས་ཉོན་གྱི་དབང་གིས་ཡུན་རིང་པོར་ཉིང་མཚམས་སྦྱོར་བའི་ཆ་ལ་གནས་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་ཡིན་པའི་ཕྱིར། དེར་ཐལ། འགྲེལ་པ་ལས། ཤེས་རབ་ཀྱིས་ཚུ་རོལ་གྱི་མཐའ་འཁོར་བ་རྟག་པའི་མཚན་ཉིད་ཅེས་གསུངས་པའི་ཕྱིར། ཁ་ཅིག་སྐབས་འདིར་བསྟན་གྱི་ཞི་


GLG013_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡིན་ན་ཞི་མཐའ་ཡིན་དགོས་པར་ཐལ། སྐབས་འདིར་བསྟན་གྱི་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་ཡིན་ན་ཞི་མཐའ་ཡིན་དགོས་པའི་ཕྱིར་ཟེར་ན། འདིར་བསྟན་ཞི་མཐའ་ཡིན་ན་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་ཡིན་དགོས་པར་ཐལ། སྦྱོར་བ་དེ་འཐད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། སྲིད་པར་སྐྱེ་བ་ཆད་ཙམ་གྱིས་ཐོབ་པའི་མྱང་འདས་ལ་མཐའ་གཅིག་ཏུ་བླང་བྱར་ཞེན་པའི་ཆ་འདིར་བསྟན་ཞི་མཐའ་གང་ཞིག །དེ་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ལ་གནས་པའི་གང་ཟག་ཡིན་ན་ཅིག་ཤོས་ལ་གནས་པའི་གང་ཟག་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ཉན་ཐོས་མཐོང་ལམ་པ་གཅིག་ཤོས་ལ་གནས་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྲིད་པར་སྐྱེ་བ་ཆད་ཙམ་གྱིས་ཐོབ་པའི་མྱང་འདས་ལ་གནས་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་ཡིན་པའི་ཕྱིར། དེར་ཐལ། འགྲེལ་པ་ལས། སྙིང་རྗེ་ཕ་རོལ་གྱི་མཐའ་མྱ་ངན་ལས་འདས་པ་ཆད་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། ཁ་ཅིག །ཐེག་དམན་དགྲ་བཅོམ་ཡིན་ན་འདིར་བསྟན་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་ལ་གནས་པས་ཁྱབ་ཟེར་ན། རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྲིད་པར་སྐྱེ་བ་ཆད་ཙམ་གྱིས་ཐོབ་པའི་མྱང་འདས་ལ་གནས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་སྒྲིབ་སྤངས་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་མྱང་འདས་ལ་གནས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་མྱང་འདས་དེ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། གཟུང་འཛིན་རྫས་གཞན་དུ་འཛིན་པའི་ས་བོན་སྤངས་པའི་མྱང་འདས་ཡིན་པའི་ཕྱིར། ཁ་ཅིག །ཚུ་རོལ་


GLG013_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་མཐའ་འགོག་བྱེད་ཀྱི་ཤེས་རབ་ཡིན་ན། འཁོར་བའི་སྐྱོན་མ་མཐོང་བས་ཁྱབ་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འཁོར་བའི་རྩ་བ་བདག་འཛིན་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར། ཁ་ཅིག །འཁོར་བ་ཡིན་ན་སྤང་བྱ་ཡིན་པས་ཁྱབ་ཟེར་ན། སོ་སོ་སྐྱེ་བོ་ཚུལ་ཁྲིམས་རྣམ་དག་གི་དབང་གིས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིར་ཉིང་མཚམས་སྦྱོར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལས་ཀྱི་དབང་གིས་རང་དབང་མེད་པར་འཁོར་བར་སྐྱེ་བ་ལེན་པའི་ཆ་ཡིན་པའི་ཕྱིར། འདོད་ན། མངོན་མཐོའི་ལུས་རྟེན་སྤང་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། གཞི་ཀུན་རྫོབ་ལ་ལྟོས་ཏེ་སྲིད་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ཤེས་པས་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད། གཞི་ཀུན་རྫོབ་ལ་ལྟོས་ཏེ་ཞི་མཐའ་འགོག་ཁྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་སྙིང་རྗེས་ཞི་མཐའ་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་དང་པོར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཤེས་རབ་ཀྱིས་དེ་ལ་མི་གནས་པའི་ལམ་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། ཤེས་རབ་ཀྱི་སྟོབས་ཀྱིས་དེ་ལ་མི་གནས་པའི་ལམ་ཤེས་ཡིན་པའི་ཕྱིར། དེར་ཐལ། ཤེས་རབ་བདེན་འཛིན་མཐོང་སྤངས་ཀྱི་དངོས་གཉེན་གྱི་


GLG013_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་དེ་ལ་མི་གནས་པའི་ལམ་ཤེས་ཡིན་པའི་ཕྱིར། ཡང་ཁོ་ན་རེ། སངས་འཕགས་ཀྱི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། མཚོན་བྱ་གཉིས་པ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་པའི་སྒྲས་བསྟན་པའི་སྙིང་རྗེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྙིང་རྗེ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། སྨྲས་པ། སྲིད་དང་ཞི་བའི་བགྲོད་དཀའི་ཟླ་འཕེལ་དིག །བརྩོན་པའི་གཟིངས་ལ་བརྟེན་ལས་མི་གནས་པའི། །མྱང་འདས་ནོར་བུའི་གླིང་དུ་སོན་པ་ཡི། །སྙིང་སྟོབས་ཟོང་གིས་གཏམས་པའི་དེད་དཔོན་མཆོིག །དེ་འདྲའི་དབྱངས་སྙན་དྲི་ཟའི་འཕང་འགྲོའི་དབྱངས། །བཟང་པོའི་སྐལ་བར་སྤྱོད་པའི་ཐོས་འཛིན་དུ། རྣམ་པར་སྙན་ཡང་དམན་པའི་ཐེག་པ་ཀུན། །ཆུང་ངུའི་བློ་རུ་ཆུད་མིན་འཕྱང་མོ་ཉིུག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་འགྲེལ་པ་ལ། དངོས་བསྟན་སྲིད་ཞིའི་མཐའ་འགོག་བྱེད་ཀྱི་ལམ་དང་། ཤུགས་བསྟན་ཉན་རང་ལམ་དེ་དང་བྲལ་བར་བསྟན་པའོ། །དང་པོ་ནི། གཞི་ཤེས་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཆོས་ཅན། ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཉེ་བར་གྱུར་པར་འདོད་པ་ཡིན་ཏེ། ཁྱོད་དུས་གསུམ་པའི་ཆོས་རྣམས་བདེན་པའི་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་ཟིན་པའི་མཁྱེན་པ་ཡིན་པའི་ཕྱིར། མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ཤེས་རབ་ཆོས་ཅན། ཁྱོད་ཀྱིས་ཚུ་རོལ་གྱི་མཐའ་འཁོར་བས་བསྡུས་པ་གོ་རིམ་བཞིན་དུ་ལས་ཉོན་གྱི་དབང་གིས་ཉིང་མཚམས་སྦྱོར་བའི་རྟག་མཐའ་འགོག་པར་བྱེད་པ་ཡིན་ཏེ། ཁྱོད་འཁོར་བའི་རྩ་བ་འཇོམས་བྱེད་ཡིན་པའི་ཕྱིར། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་


GLG013_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་ཆོས་ཅན། ཁྱོད་ཀྱིས་ཕ་རོལ་གྱི་མཐའ་མྱ་ངན་ལས་འདས་པ་སྲིད་པར་སྐྱེ་བ་ཆད་པ་ལ་བརྟེན་ནས་ཐོབ་པའི་ཆད་པའི་མཚན་ཉིད་ཀྱི་མཐའ་འགོག་པ་ཡིན་ཏེ། ཁྱོད་འཁོར་བར་སྐྱེ་བ་ཡང་དང་ཡང་དུ་བླངས་ནས་མི་གནས་པའི་མྱང་འདས་སྒྲུབ་བྱེད་ཀྱི་ལམ་ཡིན་པའི་ཕྱིར། གཞི་ཤེས་པའ་ིཤེར་ཕྱིན་ཆོས་ཅན། ཁྱོད་སྲིད་པའི་མཐའ་དང་ཞི་བའི་མཐའ་ལ་མི་གནས་ཤིང་། དེ་དག་གི་བར་ན་ཡང་དོན་དམ་པར་མི་གནས་ཏེ། ཁྱོད་སྲིད་ཞི་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་མཐའ་དེ་དག་འགོག་བྱེད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྐབས་འདིར་ཉན་རང་གི་གཞི་ཤེས་མ་བསྟན་པའི་སྐྱོན་མེད་དེ། སྐབས་འདིར་བྱང་སེམས་ཀྱི་ཀུན་ཤེས་པ་དངོས་སུ་བསྟན་པ་ཉིད་ཀྱི་སྐབས་ལས་བཟློག་སྟེ་ཤུགས་ལ་བསྟན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉན་ཐོས་འཕགས་པ་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལ་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་བར་གྱུར་པ་ཡིན་ཏེ། དེའི་རྒྱུད་ལ་དུས་གསུམ་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་པའི་ཡེ་ཤེས་མེད་པའི་ཕྱིར། ཐེག་དམན་པ་རང་རང་གིས་རྟོགས་པ་ཙམ་གྱི་གཞི་ཤེས་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་གནས་པའི་ཉན་རང་ཆོས་ཅན། འདིར་བསྟན་འཁོར་བའི་མཐའ་ལ་གནས་པ་ཡིན་པར་ཤེས་པར་བྱ་སྟེ། ལས་ཉོན་གྱི་དབང་གིས་སྲིད་པར་སྐྱེ་བའི་དངོས་པོ་མཐའ་གཅིག་ཏུ་དོར་བྱར་བྱེད་པའི་ཕྱིར། དེར་ཐལ། ཁྱོད་ལས་ཉོན་གྱི་སྲིད་པར་སྐྱེ་བ་མི་ལེན་པར་མ་ཟད། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་སྙིང་བརྩེ་བ་དང་བྲལ་བའི་ཕྱིར། དེ་ཆོས་ཅན། མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་པར་ཤེས་པར་བྱ་སྟེ། ཁྱོད་སྲིད་པར་


GLG013_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་འཁོར་བའི་དངོས་པོ་མེད་པ་བླང་བྱར་དམིགས་པ་ཉིད་ཀྱི་ཕྱིར། དེར་ཐལ། ཁྱོད་ལས་ཉོན་གྱིས་སྲིད་པར་སྐྱེ་བ་འགོག་ཅིང་། སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་མྱང་འདས་སྒྲུབ་པའི་ཐབས་ཤེས་པའི་ཤེས་རབ་དང་བྲལ་བའི་ཕྱིར། གཉིས་པ་རྒྱུ་མཚན་དེ་སྒྲུབ་པ་ལ་ཇི་ལྟར་རྩོད་པའི་ཚུལ་དང་། རྩོད་པ་དེ་སེལ་བྱེད་ཀྱི་ལན་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྒྱུ་མཚན་ཇི་ལྟར་ན་དུས་གསུམ་མཉམ་ཉིད་དུ་ཤེས་པ་ཡོད་པ་དང་མེད་པའི་ཁྱད་པར་ལས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་བ་དང་རིང་བའི་ཅིག་ཤོས་སུ་འགྱུར་བ་མི་འཐད་པར་ཐལ། དུས་གསུམ་མཉམ་ཉིད་དུ་ཤེས་པ་ཉན་རང་ལ་ཡང་ཡོད་པའི་ཕྱིར། དེར་ཐལ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་ནི་གཞིའི་གནས་ལུགས་རྟོགས་པ་ཁོ་ན་ཡིན་ལ། གཞིའི་གནས་ལུགས་རྟོགས་པ་དེ་ཡང་འཕགས་པ་ཐམས་ཅད་ལ་ཡོད་པ་ཉིད་མ་ཡིན་ནམ་སྟེ་ཡོད་པའི་ཕྱིར། གཞན་ཡང་། ཉན་རང་ལ་དེ་ཡོད་པར་ཐལ། ཀླུ་སྒྲུབ་ཀྱི་ལུགས་ལས་ཏེ། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་སྟོང་པ་རྟེན་འབྱུང་གི་དོན་ཡིན་པར་འབྱུང་བའི་ཕྱིར་དང་། རྟེན་འབྲེལ་གྱི་གནས་ལུགས་རྟོགས་པ་ཉན་རང་ལ་ཡང་ཡོད་པའི་ཕྱིར་ཞེ་ན། གཉིས་པ་ལ། རྩ་བ། འགྲེལ་པ། དོན་བསྡུ་བ་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཉན་རང་འཕགས་པ་ཆོས་ཅན། གཞི་ཤེས་པའི་ཤེར་ཕྱིན་དེ་ནི་ཁྱོད་ལ་རིང་བ་ཡིན་ཏེ། ཁྱོད་གཞི་བདེན་པར་གྲུབ་པའི་མཚན་མར་དམིགས་པའི་སྒོ་ནས་འབྲས་ཡུམ་སྐྱེད་པའི་ཐབས་མ་ཡིན་པས་ཟིན་པའི་ཕྱིར། བྱང་སེམས་ཆོས་ཅན། ཤེར་ཕྱིན་དེ་ནི་ཁྱོད་ལ་ཡང་དག་ཉེ་


GLG013_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་དུ་བཤད་པའི་རྒྱུ་མཚན་ཡོད་དེ། འབྲས་ཡུམ་སྐྱེད་པའི་ཐབས་ལ་མཁས་པ་ཡིས་ཟིན་པའི་རྣལ་འབྱོར་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །བདེན་འཛིན་གྱིས་བཅིངས་པའི་ཐེག་དམན་འཕགས་པའི་མཁྱེན་པ་དེ་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། ཐེག་དམན་འཕགས་པའི་མཁྱེན་པ་ཡིན་ན། གཞི་ཤེས་ཡིན་པས་ཁྱབ། ས་མཚམས་ཐེག་དམན་འཕགས་པ་མཐའ་དག་གི་རྒྱུད་ལ་ཡོད་ཟེར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། གཞི་ཤེས་ཡིན་པར་ཐལ། ཐེག་དམན་འཕགས་པའི་གཞི་ཤེས་ཡིན་པར་ཐལ། ཐེག་དམན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཡིན་པར་ཐལ། འདོད་པ་གང་ཞིག །དེ་ཐེག་དམན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། འདོད་ན། བདེན་འཛིན་གྱིས་བཅིངས་པར་ཐལ། འདོད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག་གཞི་ཤེས་གང་ཞིག །ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་དེ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད། ས་མཚམས་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་ལ་ཡོད་ཟེར་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཚོགས་ལམ་པའི་རྒྱུད་གྱི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁ་ཅིག །གཟུགས་སོགས་བདེན་པར་ཞེན་པའི་གཞི་ཤེས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། གཟུགས་


GLG013_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བདེན་པར་ཞེན་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལོག་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་ཅིང་ཐེག་ཆེན་གྱི་རྟོགས་རིགས་སུ་མི་གནས་པའི་ཐེག་དམན་འཕགས་པའི་མཁྱེན་པ་འབྲས་ཡུམ་ལ་རིང་པའི་གཞི་ཤེས་ཀྱི་མཚན་ཉིད། གཞི་ཤེས་གང་ཞིག །ཐབས་ཁྱད་པར་ཅན་གྱིས་ཟིན་པ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ལམ་དུ་འཇུག་ཁ་མའི་གང་ཟག་གི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། མཚོན་བྱ་ཕྱི་མ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སྙིང་རྗེ་ཆེན་པོས་ཟིན་པའི་གཞི་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཉན་རང་འཕགས་པ་དེ་དག་ལ་རྒྱལ་བའི་ཡུམ་སྟེ་གཞི་ཤེས་པའི་ཤེར་ཕྱིན་རིང་བར་གྱུར་པ་ཡིན་ཏེ། ཉན་ཐོས་ལ་སོགས་པ་དངོས་པོའི་ངོ་བོ་བདེན་སྟོང་སྤྲོས་བྲལ་དུ་མི་ཤེས་པ་རྣམས་ལ་དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་མེད་པ་དེའི་ཕྱིར། དེར་ཐལ། དེ་དག་གིས་དངོས་པོ་བདེན་གྲུབ་ཀྱི་མཚན་མ་དང་ལྡན་པ་ཉིད་དུ་རྟོགས་པ་སྟེ་འཛིན་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་གང་ཟག་གི་བདག་མེད་རྟོགས་པར་ཟད་ཀྱི་གནས་ལུགས་སྟོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་ཐབས་མཁས་པ་དང་བྲལ་བའི་ཕྱིར། དཔེ་ཡང་ཡོད་དེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་གི་དངོས་པོ་སྣང་བ་ལ་སྒྱུ་མ་ཡིན་པ་དེའི་རང་གི་ངོ་བོ་མི་ཤེས་པས་དངོས་པོ་ལ་མངོན་པར་ཞེན་པ་ཉིད་ཀྱིས་རྟ་གླང་གི་ངོ་བོ་ཉིད་མེད་པར་མི་


GLG013_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཤིང་མི་སྣང་བ་བཞིན་དུ། དངོས་པོ་རྣམས་ལ་བདེན་པར་ཞེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་འཕགས་པ་དེ་དག་ཆོས་ཅན། ཡུམ་འདི་ཡང་དག་པར་ཉེ་བར་གྱུར་པ་ཡིན་ཏེ། ཁྱོད་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་དེའི་ཕྱིར། དེར་ཐལ། གཟུགས་སོགས་བདེན་སྟོང་དུ་ཤེས་པའི་ཕྱིར། ཁྱབ་པ་ཡོད་དེ། གཟུགས་ལ་སོགས་པའི་ཆོས་བདེན་སྟོང་དུ་ཡོངས་སུ་ཤེས་པ་དེ་ཉིད་དུས་གསུམ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་ཡིན་པའི་ཕྱིར། རྟགས་སྔ་མ་དེར་ཐལ། ཁྱོད་བདེན་པ་གཉིས་ཀྱི་རྣམ་དབྱེ་ལ་མཁས་པ་ལ་བརྟེན་པའི་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་ཐབས་ལ་མཁས་པས་བདེན་པའི་དངོས་པོར་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མ་བསལ་བ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དུས་ཡུན་རིང་མོ་ཞིག་ནས་བདེན་པ་གཉིས་ཀྱི་རྣམ་དབྱེ་ལ་མཁས་པའི་དགེ་བའི་བཤེས་གཉེན་ཡང་དག་པར་མགུ་བར་བྱས་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཅན་ཡིན་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཉན་རང་དང་བྱང་སེམས་ལ་ཤེར་ཕྱིན་ཉེ་རིང་གི་ཁྱད་པར་འཐད་དེ། ཉན་རང་ཡུམ་སྒོམ་པའི་ཐབས་ལ་མཁས་པ་མ་ཡིན་པས་ནི་རིང་བ་ཉིད་ཡིན་ལ། ཅིག་ཤོས་ཐབས་ལ་མཁས་པ་ཉིད་ཀྱིས་ནི་མི་རིང་བ་ཉིད་ཡིན་པའི་ཕྱིར། སྨྲས་པ། པད་དཀར་མིག་ལྟར་ཐབས་མང་དག་གིས་གྱ་གྱུའི་བསམ་པ་རིང་སྤངས་ཤིང་། །ཀུན་ལ་ཕན་པའི་ལྷག་པའི་བསམ་པས་དྲང་པོའི་རང་བཞིན་ལ་གནས་ཀྱང་། །སྒྲིབ་གཉིས་དགྲ་སྡེའི་གཡུལ་ངོ་ལས་རྒྱལ་བྱང་ཆུབ་མཆོག་གི་རྒྱལ་སྲིད་དཔལ། །འཐོབ་པའི་ཐབས་མཁས་བྱང་ཆུབ་སེམས་དཔའ་ཨེ་མ་སྲིད་འདིའི་རྒྱན་དུ་མཚར། །བདེན་སྟོང་མཉམ་


GLG013_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅང་ཤེས་ལ་ཞོན་ནས། །རྒྱལ་ཡུམ་གཞི་ཤེས་ཤེར་ཕྱིན་ཕྱིར་བསྙེགས་པས། །བཅུ་གཉིས་བདག་པོ་རང་ཉིད་འདེད་སྙམ་ནས། །ངལ་གསོ་མེད་པར་མཁའ་ལ་བརྩོན་པས་རྒྱུ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་དབྱེ་བ་བཤད་པ་ལ། གཞི་ལམ་ལ་མཚན་འཛིན་གྱི་སྤང་གཉེན་བཤད་པ། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་བཤད་པ། མཇུག་བསྡུ་བ་དང་གསུམ། དང་པོ་ལ། སྤང་བྱ་བཤད་པ་དང་། གཉེན་པོ་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྔར་བཤད་པ་དེ་ལྟར་ཉན་ཐོས་ལ་སོགས་པའི་ཡུམ་ཤེར་ཕྱིན་ལ་རིང་བར་འགྱུར་བའི་རྒྱུ་མཚན་ཡོད་དེ། རིང་བར་སྒྲུབ་པར་བྱེད་པ། སྙིང་རྗེ་ཁྱད་པར་ཅན་དང་བྲལ་ཞིང་བདེན་འཛིན་གྱིས་བཅིངས་པ་དེ་ཉིད་བྱང་ཆུབ་སེམས་དཔའ་རིགས་ངེས་པ་ལ་ལྟོས་ནས། ལམ་གྱི་གོལ་ས་མི་མཐུན་པའི་ཕྱོགས་ཡིན་པར་སྒྲུབ་པའི་སྒྲུབ་བྱེད་འཆད་པར་བྱེད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། གཞི་ཤེས་བྱ་ཇི་ལྟ་བས་བསྡུས་པ་གཟུགས་ལ་སོགས་པའི་ཕུང་པོ་གང་ཟག་བདག་གིས་སྟོང་པ་ཉིད་དང་། ཇི་སྙེད་པས་བསྡུས་པ་དུས་གསུམ་དུ་རྟོགས་པའི་ཆོས་རྣམས་དང་། ལམ་སྦྱིན་སོགས་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་བདེན་པར་སྤྱོད་པའི་འདུ་ཤེས་ཀྱིས་བཅིངས་པའི་ལམ་ཆོས་ཅན། བྱང་ཆུབ་སེམས་དཔའ་རིགས་ངེས་པའི་ལམ་གྱི་གོལ་ས་མི་མཐུན་ཕྱོགས་ཡིན་ཏེ། འབྲས་བུ་ཤེར་ཕྱིན་སྒྲུབ་པའི་རིང་ལམ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །མི་མཐུན་ཕྱོགས་


GLG013_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞི་ཤེས་ཡིན་ན་མི་མཐུན་ཕྱོགས་ཡིན་པས་ཁྱབ་ཟེར་ན། ཐེག་དམན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མི་མཐུན་ཕྱོགས་མ་ཡིན་པར་ཐལ། ལམ་བདེན་ཡིན་པའི་ཕྱིར། གཞན་ཡང་། ཉན་ཐོས་མཐོང་ལམ་པས་བདེན་འཛིན་གྱིས་བཅིངས་བཞིན་དུ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བའི་བསོད་ནམས་ཀྱི་ཚོགས་སུ་གྱུར་པའི་འཕགས་རྒྱུད་ཀྱི་མཁྱེན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རང་གི་མི་མཐུན་ཕྱོགས་མ་དད་པའི་གཉེན་པོ་ཡིན་པའི་ཕྱིར། དེར་ཐལ། འགྲེལ་པ་ལས། དེ་བཞིན་གཤེགས་པ་ལ་སོགས་པ་ལ་ཕྱག་འཚལ་བ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་གཉེན་པོ་ཡིན་མོད་ཀྱི་ཞེས་གསུངས་པའི་ཕྱིར། ཁ་ཅིག །ཉན་ཐོས་ཀྱི་མཐོང་ལམ་དེ་མྱུར་དུ་འཚང་རྒྱ་བར་འདོད་པའི་བྱང་སེམས་ལམ་ལ་ལྟོས་ཏེ་སྤང་བྱ་ཡིན་ཡང་། སྤྱིར་བྱང་སེམས་ལམ་ལ་ལྟོས་ཏེ་སྤང་བྱ་མ་ཡིན་ཟེར་ན། བྱང་སེམས་ལམ་ལ་ལྟོས་ཏེ་སྤང་བྱ་ཡིན་ན་སྤང་བྱ་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཉན་རང་ཡིད་བྱེད་ཀྱི་བསམ་པས་དབེན་པའི་དབེན་པ་དེ་བྱང་ཆུབ་སེམས་དཔའི་དབེན་པའི་མཆོག་ཏུ་མདོ་སྡེ་ལས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ལམ་བདེན་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། སྙིང་རྗེ་ཆེན་པོ་དང་བྲལ་ཞིང་བདེན་འཛིན་གྱིས་བཅིངས་པའི་ཐེག་ཆེན་གྱི་རྟོགས་རིགས་སུ་མི་གནས་པའི་ཐེག་དམན་འཕགས་པའི་


GLG013_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་སྐབས་འདིར་དངོས་སུ་བསྟན་པའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། བདེན་འཛིན་གྱིས་བཅིངས་པའི་རིགས་སུ་གནས་ཤིང་ཐེག་ཆེན་གྱི་རྟོགས་རིགས་སུ་མི་གནས་པའི་ཐེག་དམན་འཕགས་པའི་མཁྱེན་པ་སྤྱིར་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། དེ་དང་འབྲས་ཡུམ་ལ་རིང་བའི་གཞི་ཤེས་དོན་གཅིག །ས་མཚམས་ཐེག་དམན་གྱི་མཐོང་ལམ་ནས་ཐེག་དམན་མི་སློབ་པའི་བར་དུ་ཡོད། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་ཅིང་། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །གསུམ་པ་ནི། གཟུགས་ལ་སོགས་པ་དུས་གསུམ་པའི་ཆོས་སོ་སྐྱེའི་རྒྱུད་ཀྱི་ཟག་པ་དང་བཅས་པ་དང་། བྱང་ཆུབ་ཡན་ལག་སོགས་ཟག་པ་མེད་པ་དང་། གཉིས་ཀའི་ངོ་བོ་བདེན་པའི་དངོས་པོར་མ་གྱུར་པ་ཐམས་ཅད་ལ་བདེན་པའི་དངོས་པོར་དམིགས་པ་ཉིད་ཀྱིས་བཅིངས་བཞིན་དུ་གཞན་གྱིས་ཀུན་བརྟགས་པའི་གང་ཟག་གི་བདག་ལ་སོགས་པ་སྟོང་པ་ཉིད་དུ་མངོན་སུམ་དུ་ལྟ་བའི་ཤེས་རབ་དང་། དྲན་པ་ཉེར་གཞག་སོགས་དེ་ཁོ་ནར་རྟོགས་པའི་སྒྲུབ་པའི་འདུ་ཤེས་ཀྱིས་བཅིངས་པའི་ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། རང་གི་ངོ་སྐལ་གྱི་སྤང་བྱའི་གཉེན་པོ་ཡིན་ཏེ། ཉོན་སྒྲིབ་ཀུན་བརྟགས་ལ་དངོས་སུ་གནོད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཉན་ཐོས་དེ་དག་གི་སྤང་བྱའི་དངོས་ཀྱི་གཉེན་པོ་ཡིན་ན་ཡང་། བྱང་སེམས་ལམ་གྱི་གོལ་ས་མི་མཐུན་པའི་ཕྱོགས་ཡིན་ཏེ། བྱང་སེམས་དེའི་རྒྱུད་ལ་སྐྱེད་པ་སྤང་བར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། དངོས་པོའི་གནས་ལུགས་


GLG013_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཉིད་ཀྱིས་བཅིངས་པའི་ལམ་ཡིན་པའི་ཕྱིར། གཉིས་པ་གཉེན་པོ་བཤད་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་སྐད་བཤད་པ་ལས་བཟློག་སྟེ། གཉེན་པོ་ཡིན་པར་སྟོན་པའི་ཚུལ་ཡོད་དེ། དེ་བསྟན་པའི་ཕྱིར་དུ་གཞུང་ལྷག་མ་རྣམས་བྱུང་བའི་ཕྱིར། གཉིས་པ་ནི། སྦྱིན་པའི་ཕར་ཕྱིན་ལ་སོགས་པ་ཕྱིན་དྲུག་ལ་ངར་འཛིན་མེད་པ་ལ་རང་གནས་ནས། གདུལ་བྱ་གཞན་དག་ཀྱང་དེ་ལ་སྦྱོར་བར་བྱེད་པའི་གཞི་ལམ་རྣམ་གསུམ་བདེན་མེད་དུ་རྟོགས་པའི་ཡེ་ཤེས་དེ་ནི་ཆོས་ཅན། ཁྱོད་གཞི་ལམ་ལ་བདེན་པར་ཆགས་པའི་མཐའ་འགོག་བྱེད་ཡིན་ཏེ། ཁྱོད་དེའི་གཉེན་པོ་ཡིན་པའི་ཕྱིར། གསུམ་པ་ནི། འཁོར་གསུམ་རྣམ་པར་དག་པའི་སྦྱིན་པ་ལ་སོགས་པའི་ལམ་དང་། གཞི་ལ་བདག་མེད་པར་མངོན་སུམ་དུ་རྟོགས་པས་རང་གནས་པ་དང་། དེ་ལ་གཞན་ཡང་སྦྱོར་བའི་བྱང་འཕགས་ཀྱི་རྒྱུད་ཀྱི་མཁྱེན་པ་ནི་ཆོས་ཅན། ཁྱོད་རྣམ་གྲངས་མིན་པར་རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ཏེ། ཁྱོད་ཆོས་ཀྱི་གནས་ལུགས་ལ་ཡང་དག་པར་ཞུགས་པའི་ཕྱིར་དང་། བདེན་པར་ཆགས་པའི་ཚོགས་ཀྱི་གནས་ཐམས་ཅད་བཀག་པས་བྱང་སེམས་ཀྱི་རྒྱུད་ལ་བླང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་བཤད་པ་ལ། འབྲས་བུ་ལ་མཚན་འཛིན་གྱི་ངོ་བོ། སྤོང་བྱེད་ཀྱི་གཉེན་པོ། འཕྲོས་དོན་དང་གསུམ། དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི།


GLG013_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ལ་སོགས་པ་ལ་བདེན་པར་ཆགས་པ་ཕྲ་མོས་བཅིངས་བཞིན་དུ་དེ་ལ་ཕྱག་འཚལ་བ་སོགས་ནི་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། དེའི་གོལ་ས་ཡིན་པའི་ཕྱིར། གཉིས་པ་ནི། ཉན་ཐོས་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་ལ་ཕྱག་འཚལ་བ་ལ་སོགས་པ་ནི་ཆོས་ཅན། ཁྱོད་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པ་ཉིད་ཀྱིས་མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་མོད་ཀྱི། བྱང་སེམས་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་ཏེ། ཐོབ་བྱའི་འབྲས་བུ་ལ་བདེན་པར་ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཀྱི་བདེན་འཛིན་གྱིས་བཅིངས་པའི་རྣམ་པ་ཐམས་ཅད་དུ་ཉེས་སྐྱོན་དང་བྲལ་བ་མ་ཡིན་པའི་ཕྱིར། བམ་པོ་གཉིས་པ་བཤད་པའི་འོག་ཏུ་བམ་པོ་གསུམ་པ་འཆད་ཚུལ་ཡོད་དེ། གཞུང་ལྷག་མ་རྣམས་ཀྱིས་བཤད་པའི་ཕྱིར། གཉིས་པ་སྤོང་བྱེད་ཀྱི་གཉེན་པོ་བཤད་པ་ལ། མི་མཐུན་ཕྱོགས་ཡིན་པའི་རྒྱུ་མཚན་དང་། གཉེན་པོ་དངོས་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྒྱལ་ལ་ཞེས་སོགས་སུ་མ་ཟད། གཞན་ཡང་ཚུལ་ཇི་ལྟར་ཐོབ་བྱའི་འབྲས་བུ་ལ་བདེན་པར་ཆགས་པ་ཕྲ་མོས་བཅིངས་པའི་ལམ་དེ་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཞེ་ན། དེ་ཡང་བཤད་དུ་ཡོད་དེ། ཆོས་ཀྱི་ལམ་ཞེས་སོགས་ཀྱིས་བཤད་པའི་ཕྱིར། གཉིས་པ་ནི། ཆོས་རྣམས་ཀྱི་ལམ་གནས་ལུགས་མཐར་ཐུག་དེ་ནི་ཆོས་ཅན། ཁྱོད་ཟབ་པ་ཉིད་ཡིན་ཏེ། བདེན་པར་གྲུབ་པའི་རང་བཞིན་གྱིས་དབེན་པའི་ཆོས་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། དེ་བཞིན་གཤེགས་པ་ལ་སྐྱབས་གནས་སུ་བདེན་པར་དམིགས་པ་ཡང་བྱང་སེམས་ལམ་གྱི་


GLG013_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་ཕྱོགས་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། ཆོས་ཀྱི་རིགས་རྣམས་དོན་དམ་པར་གྲུབ་པའི་ངོ་བོ་ཉིད་ཁོ་ནས་སྟོང་པའི་ཆོས་དེ་དག་ཟབ་པ་ཉིད་ཡིན་པ་དེའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། འོ་ན། ཐོབ་བྱའི་འབྲས་བུ་ལ་ཆགས་པ་ཇི་ལྟར་སྤང་ཞེ་ན། བཤད་དུ་ཡོད་དེ། གཞུང་ལྷག་མ་རྣམས་ཀྱིས་འཆད་པའི་ཕྱིར། གཉིས་པ་ནི། བྱང་འཕགས་ཀྱི་རྒྱུད་ཀྱི་ཆོས་རྣམས་བདེན་སྟོང་དུ་རང་བཞིན་གཅིག་པར་ནི་མངོན་སུམ་དུ་ཤེས་པའི་མཁྱེན་པ་ཆོས་ཅན། འབྲས་བུ་དེ་ལ་ཆགས་པ་སྤོང་བ་ཡིན་ཏེ། དེའི་དངོས་གཉེན་ཡིན་པའི་ཕྱིར། གསུམ་པ་ནི། བྱང་འཕགས་ཀྱི་རྒྱུད་ཀྱི་ཤེས་པ་དང་ཤེས་བྱ་བདེན་སྟོང་མཉམ་པ་ཉིད་དུ་རོ་གཅིག་པར་མངོན་སུམ་དུ་ཡོངས་སུ་ཤེས་པའི་མཁྱེན་པ་ནི་ཆོས་ཅན། ཁྱོད་འབྲས་བུ་ལ་ཆགས་པ་སྤོང་བ་ཡིན་ཏེ། དེའི་དངོས་གཉེན་ཡིན་པའི་ཕྱིར། ཤེས་པ་དང་ཤེས་བྱ་བདེན་སྟོང་དུ་རོ་གཅིག་པར་གྲུབ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བདེན་སྟོང་དུ་རང་བཞིན་གཅིག་པ་ཁོ་ན་སྟེ། འདི་ལྟ་སྟེ་རང་བཞིན་མེད་པའོ་ཞེས་པའི་དོན་ཡིན་པའི་ཕྱིར། གསུམ་པ་འཕྲོས་དོན་ལ། ཟབ་པའི་རྒྱུ་མཚན་དང་། རྟོགས་དཀའ་བའི་རྒྱུ་མཚན་གཉིས། དང་པོ་ལ། དྲི་བ་དང་། ལན་གཉིས་ལས། དང་པོ་ནི། ཁོ་ན་རེ། སྔ་མར་མ་ཟད་གཞན་ཡང་ཡོད་དེ། ཇི་ལྟར་ན་ཆོས་རྣམས་དོན་དམ་པར་མེད་པར་རང་བཞིན་གྱིས་ཟབ་པ་ཡིན་ཞེས་དྲིས་པའི་ཕྱིར། གཉིས་པ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། དོན་དམ་བདེན་པ་དེ་ནི་ཆོས་ཅན། རྟོགས་པར་དཀའ་བར་བཤད་པའི་རྒྱུ་མཚན་ཡོད་དེ། ཁྱོད་མཐར་ཐུག་དཔྱོད་པའི་རིགས་ཤེས་


GLG013_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྟོགས་པར་བྱ་བ་ཉིད་ཡིན་གྱི། གཟུགས་མཐོང་བ་ལ་སོགས་པའི་ཐ་སྙད་ཚད་མས་རྟོགས་པ་བཀག་པ་ཡིན་པའི་ཕྱིར། ཆོས་རྣམས་ཀྱི་རང་བཞིན་དེ་ནི་ཆོས་ཅན། ཁྱོད་ཟབ་པ་ཉིད་ཡིན་ཏེ། ཁྱོད་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གཟིགས་པར་བྱ་བ་ཡིན་གྱི། ཐ་སྙད་པའི་ཚད་མས་མངོན་སུམ་དུ་རྟོགས་པར་དཀའ་བ་ཉིད་དུ་བཤད་པ་དེའི་ཕྱིར། དེར་ཐལ། རྒྱུ་མཚན་གང་གི་ཕྱིར་ན། གཟུགས་འཛིན་དབང་ཤེས་ལ་སོགས་པའི་ཐ་སྙད་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དམིགས་པའི་དོན་ཡིན་པ་ཚད་མས་བསལ་བའི་ཕྱིར། གཉིས་པ་རྟོགས་དཀའ་བའི་རྒྱུ་མཚན་ལ། དྲི་ལན་གཉིས་ལས། དང་པོ་ནི། དེར་མ་ཟད་གཞན་ཡང་ཡོད་དེ། སྔར་བཤད་པ་དེ་ལྟར་ཆོས་རྣམས་ཀྱི་རང་བཞིན་རྟོགས་པར་དཀའ་བ་ཉིད་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པའི་ཕྱིར། གཉིས་པ་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། དོན་དམ་པའི་བདེན་པ་དེ་ནི་ཆོས་ཅན། རྟོག་གེའི་བློས་མངོན་སུམ་གྱིས་བསམ་གྱིས་མི་ཁྱབ་པར་འདོད་དེ། གཟུགས་ལ་སོགས་པ་ཀུན་རྫོབ་པར་མི་ཤེས་ཤིང་། ཆོས་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་རྟོགས་བྱ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ནི། སྟོང་ཉིད་དེ་ནི་ཆོས་ཅན། ཁྱོད་རྟོགས་པར་དཀའ་བ་ཉིད་ཡིན་ཏེ། ཐ་སྙད་པའི་ཚད་མས་མངོན་སུམ་དུ་བསམ་པའི་ཡུལ་ལས་འདས་པའི་ཆོས་ཉིད་དུ་འདོད་པ་དེའི་ཕྱིར། དེར་ཐལ། རྒྱུ་མཚན་གང་གི་ཕྱིར་ན། གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྣམ་པའི་བར་གྱི་ཀུན་རྫོབ་ཀྱི་རང་བཞིན་ཡིན་པ་ཡོངས་སུ་མི་ཤེས་ཤིང་། གནས་ལུགས་མཐར་ཐུག་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གཟིགས་པའི་ཕྱིར། གསུམ་པ་མཇུག་བསྡུ་


GLG013_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་མི་མཐུན་པའི་ཕྱོགས་དང་། ལ་སོགས་པ་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཉིད་བརྗོད་ནས་མཇུག་བསྡུ་བའི་ཚུལ་ཡོད་དེ། གཞུང་ལྷག་མ་རྣམས་ཀྱིས་བསྡུ་བའི་ཕྱིར། གཉིས་པ་ནི། ཀུན་ཤེས་ཉིད་ཀྱི་ལུགས་ལ་སྟེ་སྐབས་སུ་མི་མཐུན་པ་དང་གཉེན་པོའི་ཕྱོགས་དག་གི་གཞི་ཤེས་ཀྱི་རྣམ་པར་དབྱེ་བ་མ་ལུས་པ་ཡུམ་གྱི་མདོ་ལས་ཇི་སྐད་བཤད་པ་བསྟན་བཅོས་འདིར་ཤེས་པར་བྱ་བ་ཡིན་ཏེ། དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་གོ་རིམ་བཞིན་དུ་ཉན་ཐོས་འཕགས་པའི་རྒྱུད་ཀྱི་གཞི་ཤེས་དེ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཡིན་པས་རབ་ཏུ་དབྱེ་བ་ཤེས་པར་བྱ་སྟེ། དེ་ལྟར་སྔར་བཤད་པའི་ཚུལ་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་གཞི་ཤེས་ཀྱི་སྦྱོར་བ་ལ། དེའི་དབྱེ་བ་དང་། དེའི་རང་བཞིན་གཉིས། དང་པོ་ལ། མཚམས་སྦྱར་བ་ལ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་མི་མཐུན་པའི་ཕྱོགས་ལ་སོགས་པའི་གཞི་ཤེས་རྣམས་བརྗོད་ནས། གཞི་ཤེས་དེ་དག་རྣམ་པར་སྒོམ་པའི་སྦྱོར་བ་གང་ཡིན་ཞེ་ན། ཡོད་དེ། གཞུང་ལྷག་མས་གཞི་ཤེས་ཀྱི་སྦྱོར་བ་བཅུར་ཕྱེ་ནས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐབས་འདིར་བྱང་སེམས་


GLG013_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞི་ཤེས་སྦྱོར་བ་དེ་ལ་རྣམ་པ་བཅུ་ཡོད་དེ། ཡུལ་གྱི་སྒོ་ནས་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་ལས་ཀྱི་སྒོ་ནས་གཉིས། ཤེས་བྱེད་དཔེའི་སྒོ་ནས་གཅིག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཁྱད་གཞི་གཟུགས་སོགས་ལ་དམིགས་ནས་བདེན་ཞེན་བཀག་པ་དང་། དེའི་ཁྱད་ཆོས་མི་རྟག་པ་སོགས་ལ་དམིགས་པ་དང་། ཡོན་ཏན་གྱི་རྟེན་དུ་མ་རྫོགས་པའི་སྦྱོར་བ་དང་། དེའི་རྟེན་དུ་རབ་ཏུ་རྫོགས་པ་དེ་ལ་ཆགས་པ་མེད་པ་ཉིད་ཀྱི་སྦྱོར་བ་དང་། བདེན་པར་ཞེན་པའི་སྤྱོད་པ་བཀག་པའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། ལས་སུ་བྱ་བ་ལ་བདེན་ཞེན་འགོག་པ་མི་འགྱུར་བ་དང་། བྱེད་པ་པོ་ལ་དེ་འགོག་པ་བྱེད་པོ་མེད་པ་ཉིད་དང་། འབྲས་བུ་ལ་དེ་འགོག་པ་བྱ་དཀའ་བའི་སྦྱོར་བ་རྣམ་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། རིགས་ཅན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པའི་འབྲས་བུ་ཡོད་པར་འདོད་པ་དེའི་སྦྱོར་བ་དེ་དང་ནི། ཕན་ཡོན་གཞན་ལ་རག་ལས་པ་མིན་པའི་སྦྱོར་བ་གང་ཡིན་པ་དག་ཏུ་ཡོད་པའི་ཕྱིར། བཞི་པ་ཡོད་དེ། སྣང་བ་རྣམ་པ་བདུན་དུ་ཤེས་པར་བྱེད་པའི་བྱང་སེམས་ཀྱི་གཞི་ཤེས་སྦྱོར་བ་གཅིག་ཡོད་པའི་ཕྱིར། སྨྲས་པ། སུམ་རྩེན་ཚལ་དུ་མངར་པོར་འཐུལ་བའི་དྲི། །མི་སྦྱིན་སྐྱེས་རྣམས་སྤྱོད་ལ་མཚར་དུ་ཅི། །སྔོན་ཆད་རྣ་བར་བྲོ་མིན་བྱང་སེམས་ཀྱི། །གཞི་ཤེས་སྦྱོར་བའི་དྲི་འདི་གང་གིས་བསྒྲུབས། །བཅོས་མིན་ངེས་འབྱུང་ཁ་བའི་རྡུལ་བརྩེགས་ལ། །བླ་གོས་སྨུག་རྩིའི་མདངས་ཀྱིས་འཁྱུད་པ་ཡི། །དོན་ལྡན་འབྲས་བུར་དུད་པའི་ཁུར་ལྡན་ཀུན། །གཙུག་ལག་འདི་འདྲ་ཐོས་པའི་བགོ་སྐལ་བྱོས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་


GLG013_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །གཞི་ཀུན་རྫོབ་ཀྱི་གདོད་ལུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང་། དོན་དམ་པའི་གདོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་གཉེན་པོར་སྒོམ་པ་གང་རུང་གི་སེམས་དཔའི་རྣལ་འབྱོར་གཞི་ཤེས་སྦྱོར་བའི་མཚན་ཉིད་ཟེར་ན། གང་ཟག་གི་བདག་མེད་རྟོགས་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་འདྲའི་ཉན་ཐོས་ཀྱི་མཐོང་ལམ་དེ་ཡིན་པའི་ཕྱིར། ཁ་ཅིག །མཚན་ཉིད་དེ་སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཟེར་ན། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དོན་དམ་པའི་སྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་གཉེན་པོར་སྒོམ་པའི་ཕྱིར། དེར་ཐལ། དེ་བདེན་འཛིན་གྱི་གཉེན་པོར་སྒོམ་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །གཞི་ཀུན་རྫོབ་ཀྱི་སྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང་དོན་དམ་པའི་སྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་གང་རུང་གི་གཉེན་པོར་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་སྐབས་འདིར་དངོས་སུ་བསྟན་པའི་སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སེམས་དཔའི་གཞི་ཤེས་སྦྱོར་བ་མ་ཡིན་པའི་ཕྱིར། དེར་ཐལ། ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྣམ་བཤད་ལས། སྐབས་འདིར་སྟོང་


GLG013_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་རྣམ་པ་ཅན་གྱི་ལམ་བཤད་པ་ནི་གང་གིས་ཟིན་པའི་ལམ་དེ་ཉིད་བསྟན་པ་ཡིན་གྱི་གཞི་ཤེས་སྦྱོར་བའི་མཚོན་བྱེད་ནི་གཞི་ཤེས་ཀྱི་རྣམ་པ་ཅན་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །རྟག་པ་དང་ཀུན་རྫོབ་བདེན་པའི་གཞི་མཐུན་ཀུན་བརྟགས་ཀྱི་མཚན་ཉིད་ཟེར་ན། མྱུ་གུ་བདེན་པར་སྐྱེ་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། མྱུ་གུ་ཆོས་ཅན། ཁྱོད་བདེན་པར་སྐྱེ་བ་ཀུན་བརྟགས་ཡིན་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །རྒྱུ་རྐྱེན་ལས་སྐྱེས་པ་གཞན་དབང་གི་མཚན་ཉིད་ཟེར་ན། རྒྱུ་རྐྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག །གང་ལ་དམིགས་ནས་བསྒོམས་པས་ཤེས་སྒྲིབ་དག་པར་འགྱུར་བའི་རྣམ་དག་གི་དམིགས་པ་ཡོངས་གྲུབ་ཀྱི་མཚན་ཉིད་ཟེར་ན། གཟུགས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། གཟུགས་ལ་དམིགས་ནས་བདེན་སྟོང་དུ་རྟོགས་ཟིན་བསྒོམ་པར་བྱས་པས་གཟུགས་བདེན་པར་འཛིན་པའི་བདེན་འཛིན་ལས་གྲོལ་བར་འགྱུར་བའི་ཕྱིར། གཉིས་པ་རང་ལུགས་ནི། གཞི་ཀུན་རྫོབ་པའི་གདོད་ལུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང་། དོན་དམ་པའི་གདོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་གང་རུང་གི་གཉེན་པོར་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། གཞི་ཤེས་ཀྱི་སྐབས་སུ་བསྟན་པའི་བྱང་སེམས་ཀྱི་སྦྱོར་བའི་མཚན་ཉིད། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། གཞུང་འདིའི་སྐབས་ནས་དངོས་སུ་བསྟན་པའི་བྱང་སེམས་ཀྱི་སྦྱོར་བ་ཡིན་ན་ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པས་ཁྱབ། གཞུང་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་སྦྱོར་བ་ཡིན་ན་


GLG013_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་དམན་གྱི་རྟོགས་རིགས་སུ་གནས་པས་ཁྱབ། བསྟན་བྱའི་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་སྦྱོར་བ་ཡིན་ན་ཤུགས་བསྟན་གྱི་དེ་ཡིན་པས་ཁྱབ་ཀྱང་། ཚུར་མ་ཁྱབ་བོ། །ཡོངས་གྲུབ་མ་ཡིན་པ་གང་ཞིག །དངོས་པོར་མེད་པར་དམིགས་པ་ཀུན་བཏགས་ཀྱི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བརྟགས་དང་། རྣམ་གྲངས་པའི་ཀུན་བརྟགས་གཉིས། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་གཞན་དབང་གི་མཚན་ཉིད། དེ་ལ་དག་མ་དག་གཉིས། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡོངས་གྲུབ་ཀྱི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སུ་ཡོད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་གཞལ་བྱར་གྱུར་པའི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གང་རུང་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སེམས་ཅན་དེ་དེའི་གཞལ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དེ་བདེན་སྟོང་དུ་རྟོགས་པའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་གཞལ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། ཁོ་ན་རེ། སེམས་ཅན་དེ་དེའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོའི་གཞལ་བྱ་ཡིན་པར་ཐལ། དེ་དེའི་ཡུལ་ཡིན་པའི་ཕྱིར་ན་མ་ཁྱབ། དེར་ཐལ། རྫོགས་པའི་བྱང་ཆུབ་དེ་དེའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཀྱི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྫོགས་པའི་བྱང་ཆུབ་ཁྱོད་ཀྱི་ཡུལ་ཡིན་པར་ཐལ། ཁྱོད་དེ་དོན་གཉེར་གྱི་བློ་ཡིན་པའི་ཕྱིར། གསུམ་པ་ལ། དངོས་བསྟན་གྱི་གཞི་ཤེས་སྦྱོར་


GLG013_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཤུགས་བསྟན་གྱི་སྦྱོར་བ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བའི་ཡུལ་དེ་དང་དེ་ལ་བདེན་ཞེན་བཀག་པའི་སྦྱོར་བ་དེ་ལ་རྣམ་པ་བཅུ་ཡོད་དེ། གཞིའི་ངོ་བོ་དང་ཁྱད་པར་ནས་སྣང་བ་རྣམ་པ་བདུན་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བདེན་འཛིན་བསལ་བའི་སྒོ་ནས་ཕྱེ་བ་རྣམས་སུ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་གཞིའི་ངོ་བོ་དང་ཁྱད་པར་ལ་བདེན་ཞེན་བཀག་ནས་ཤེས་བྱེད་དཔེའི་ཤེས་པ་ལ་སྣང་བ་རྣམ་པ་བདུན་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བདེན་འཛིན་བསལ་བའི་སྒོ་ནས་བཅུ་ཡོད་དེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་པ་དང་། གཟུགས་སོགས་དེ་དག་ཉིད་ཀྱི་ཁྱད་ཆོས་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་ལ་དམིགས་པ་དང་། ཡོན་ཏན་གྱི་རྟེན་དུ་སོ་སོར་མ་རྫོགས་པ་དང་རྫོགས་པ་ཉིད་ལ་དམིགས་པ་དང་། བདེན་པར་ཆགས་པ་མེད་པ་ལ་དམིགས་པ་དང་། ལས་སུ་བྱ་བ་གཞན་དུ་མི་འགྱུར་བ་དང་། དོན་དམ་པར་བྱེད་པ་པོ་མེད་པ་ཉིད་ལ་དམིགས་པ་དང་། འབྲས་བུ་གོ་རིམ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་རྣམ་མཁྱེན་དོན་དམ་པར་མ་དམིགས་ཀྱང་ཐ་སྙད་དུ་ཆེད་དུ་བྱ་བར་རྟོགས་པ་དང་། ལམ་ཤེས་དོན་དམ་པར་མ་གྲུབ་ཀྱང་ཐ་སྙད་དུ་རྣམ་མཁྱེན་གྱི་རྒྱུའི་སྦྱོར་བར་རྟོགས་པ་དང་། གཞི་ཤེས་དོན་དམ་པར་མེད་ཀྱང་ཐ་སྙད་དུ་གཞན་རྗེས་སུ་འཛིན་པའི་བྱེད་པ་དང་ལྡན་པ་རྣམས་ཀྱི་བྱ་དཀའ་བ་ཉིད་ཀྱི་སྦྱོར་བ་དང་རིགས་ཅན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པས་མི་གཏོང་བ་ཉིད་ཀྱི་སྦྱོར་བ་དང་། བསྲུང་བསྐྱབ་སོགས་གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་ཀྱི་སྦྱོར་བ་དང་། ཤེས་བྱེད་དཔེའི་སྒོ་ནས་ཕྱེ་བའི་སྦྱོར་བ་གཅིག་རྣམས་སུ་ཡོད་པའི་ཕྱིར། ཤེས་པའི་སྣང་བ་བདུན་ནི།


GLG013_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་བཅས་ཀྱི་རྟེན་འབྲེལ་འདི་དག་ཆོས་ཅན། བདེན་པར་མེད་དེ། དངོས་ཞེན་གྱི་བག་ཆགས་ཡོངས་སུ་འགྱུར་བའི་སྣང་བ་ཙམ་ཡིན་པའི་ཕྱིར། དེ་ཆོས་ཅན། བདེན་པར་མེད་དེ། རྒྱུ་རྐྱེན་མཉམ་ཉིད་དུ་ཚོགས་པའི་སྣང་བ་ཡིན་པའི་ཕྱིར། དེ་ཆོས་ཅན། བདེན་པར་མེད་དེ། བདེན་པར་ཡོད་པར་འགལ་བའི་སྣང་བ་ཡིན་པའི་ཕྱིར། དེ་ཆོས་ཅན། བདེན་པར་མེད་དེ། རྐྱེན་ལ་རག་ལས་པའི་སྣང་བ་ཡིན་པའི་ཕྱིར། དེ་ཆོས་ཅན། བདེན་པར་མེད་དེ། བག་ཆགས་འཇོག་པའི་རྣམ་པ་ལས་མ་འཕོས་པའི་སྣང་བ་ཡིན་པའི་ཕྱིར། དེ་ཆོས་ཅན། བདེན་པར་མེད་དེ། དེར་གྲུབ་པའི་རྟེན་མེད་པའི་སྣང་བ་ཡིན་པའི་ཕྱིར། དེ་ཆོས་ཅན། བདེན་པར་མེད་དེ། བྱེད་པ་པོ་བདེན་པར་གྲུབ་པ་མ་ཡིན་པའི་སྣང་བ་ཡིན་པའི་ཕྱིར། དཔེ་རིམ་པ་བཞིན་དཔེར་ན་རྨི་ལམ་དང་སྒྱུ་མ་དང་སྨིག་རྒྱུ་དང་སྒྲ་བརྙན་དང་མིག་ཡོར་དང་དྲི་ཟའི་གྲོང་ཁྱེར་དང་སྤྲུལ་པ་བཞིན། ཞེས་སོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། ཉན་ཐོས་ལ་སོགས་པའི་སྦྱོར་ལམ་ནི་སྔར་བྱང་སེམས་ལ་ཇི་སྐད་བཤད་པ་ལས་བཟློག་སྟེ། བདེན་ཞེན་མ་བཀག་པར་སྒོམ་པའི་སྦྱོར་བ་ཡིན་ཏེ། བྱང་སེམས་ཀྱི་སྦྱོར་བ་དངོས་སུ་བསྟན་པའི་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པས་དེའི་ཤུགས་ཀྱིས་ན་དེ་ལྟར་ཤེས་དགོས་པའི་ཕྱིར། གཉིས་པ་སྦྱོར་བའི་རང་བཞིན་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཡུལ་ཡུལ་ཅན་བདེན་སྟོང་མཉམ་པ་ཉིད་ཀྱི་སྒོ་ནས་སྦྱོར་བས་སྒོམ་དགོས་པས་སྦྱོར་བའི་འོག་ཏུ་མཉམ་པ་ཉིད་འཆད་ཚུལ་ཡོད་དེ། གཞུང་ལྷག་མས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། འདིར་


GLG013_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྦྱོར་བ་དེ་ཡི་མཉམ་པ་ཉིད་ཆོས་ཅན། ཁྱོད་ལ་རྣམ་པ་བཞི་ཡོད་དེ། ཡུལ་གཟུགས་ལ་སོགས་པའི་ངོ་བོ་དང་། མཚན་མ་དང་། དབྱེ་བ་དང་། ཡུལ་ཅན་ལ་བདེན་པར་རློམ་པ་མེད་པའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །གཞིའི་དབྱེ་བ་དང་། མཚན་མཚོན་དང་། ཡུལ་ཅན་ལ་བདེན་ཞེན་འགོག་པའི་སེམས་དཔའི་རྣལ་འབྱོར་གཞི་ཤེས་ཀྱི་སྦྱོར་བའི་མཉམ་ཉིད་ཀྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་མེད་རྟོགས་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། གཞི་ཤེས་ཀྱི་སྦྱོར་བའི་འཛིན་སྟངས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །མཚན་ཉིད་དེ་སེམས་དཔའི་རྒྱུད་ཀྱི་གཞི་ཤེས་སྦྱོར་བའི་མཉམ་ཉིད་ཀྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། སེམས་དཔའི་རྒྱུད་ཀྱི་གཞི་ཤེས་སྦྱོར་བའི་འཛིན་སྟངས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་དཔའི་རྒྱུད་ཀྱི་གཞི་ཤེས་སྦྱོར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། གཞིའི་དབྱེ་བ་དང་མཚན་མཚོན་དང་ཡུལ་ཅན་ལ་བདེན་ཞེན་འགོག་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་གཞི་ཤེས་ཀྱི་སྐབས་སུ་བསྟན་པའི་བྱང་སེམས་སྦྱོར་བའི་མཉམ་ཉིད་ཀྱི་མཚན་ཉིད། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། གསུམ་པ་འགྲེལ་པ་ནི། འདིར་བསྟན་ཐེག་ཆེན་གྱི་སྦྱོར་བ་ཆོས་ཅན། ཁྱོད་ཡུལ་ཡུལ་ཅན་བདེན་སྟོང་དུ་རྟོགས་


GLG013_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཉམ་པ་ཉིད་ཡིན་པས་སྦྱོར་བའི་མཉམ་པ་ཉིད་ཡིན་ཏེ། གཟུགས་ལ་སོགས་པ་ལ་བདེན་པར་མངོན་པར་ཞེན་པ་དང་། སྔོན་པོ་ལ་སོགས་པའི་མཚན་མ་དང་དབྱེ་བའི་སྤྲོས་པ་མེད་པ་དང་། ཡུལ་ཅན་རྟོགས་པའི་བདེན་པར་རློམ་པ་རྣམས་རྣམ་པ་ཐམས་ཅད་དུ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། གསུམ་པ་སྦྱོར་བ་བསྒོམས་པའི་འབྲས་བུ་ལ། སྐད་ཅིག་མ་མདོར་བསྟན་པ། རྣམ་པ་རྒྱས་པར་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་ཐེག་ཆེན་གྱི་མཐོང་བའི་ལམ་སྒོམ་དགོས་པས་མཐོང་བའི་ལམ་འཆད་ཚུལ་ཡོད་དེ། གཞུང་ལྷག་མས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་ལ་དམིགས་ནས་ཆོས་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། ཆོས་དང་རྗེས་སུ་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་འདི་ཆོས་ཅན། ཀུན་ཤེས་ཚུལ་ལ་དངོས་བསྟན་མཐོང་བའི་ལམ་ཡིན་ཏེ། དེ་འདྲའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད་ཟེར་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དང་


GLG013_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ལས་ལངས་པའི་རྗེས་ཐོབ་ཀྱི་རྗེས་སུ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་དེ་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཏུ་གྲངས་མ་ངེས་པར་ཐལ། འདོད་པའི་ཕྱིར། གཉིས་པ་རང་ལུགས་ནི། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དབྱེ་ན་བཅུ་དྲུག་ཡོད། གསུམ་པ་འགྲེལ་པ་ནི་རྩ་བ་ལྟར་རོ། །གཉིས་པ་རྣམ་པ་རྒྱས་པར་བཤད་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བདེན་པ་བཞི་ལ་དམིགས་པའི་ཐེག་ཆེན་མཐོང་ལམ་གྱི་རྣམ་པ་གང་ཡིན་ཞེ་ན། བཤད་དུ་ཡོད་དེ། ལྷག་མས་འཆད་པའི་ཕྱིར། གཉིས་པ་ནི། ཀུན་ཤེས་པ་ཉིད་ཀྱི་སྟེ་སྐབས་འདིར་དངོས་སུ་བསྟན་པའི་སྐད་ཅིག་མ་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཁྱོད་ལ་བཅུ་དྲུག་ཡོད་དེ། བར་ཆད་མེད་ལམ་གྱིས་བསྡུས་པ་བཟོད་པ་བརྒྱད་དང་། རྣམ་གྲོལ་ལམ་གྱིས་བསྡུས་པ་ཤེས་པ་བརྒྱད་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་འགྲེལ་པ་ལ། དངོས་བསྟན་གྱི་མཐོང་ལམ་བཤད་པ་ཤུགས་བསྟན་གྱི་མཐོང་ལམ་བཤད་པ། སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་བཤད་པའོ། །དང་པོ་ལ། སོ་སོར་ཕྱེ་སྟེ་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་ནི། གཟུགས་ལ་སོགས་པ་མི་རྟག་པ་ཆོས་ཅན། ཁྱོད་དོན་དམ་པར་རྟག་པ་ཡང་


GLG013_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། མི་རྟག་པ་ཡང་མ་ཡིན་ཏེ། ཁྱོད་དོན་དམ་པར་རྟག་པ་དང་མི་རྟག་པ་ཉིད་དང་བྲལ་བ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དོན་དམ་པར་གྲུབ་པའི་ངོ་བོ་ཉིད་མེད་པའི་ཕྱིར། སྡུག་བསྔལ་གྱི་རྣམ་པ་ཆོས་ཅན། ཁྱོད་དོན་དམ་པར་རྟག་པ་དང་ཆད་པའི་མཐའ་དང་བྲལ་བ་ཡིན་ཏེ། དོན་དམ་པར་སྡུག་བསྔལ་བ་དང་སྡུག་བསྔལ་བ་མིན་པ་དང་བྲལ་བ་ཉིད་ཀྱི་ཕྱིར། སྡུག་བསྔལ་དོན་གཞན་གྱི་བདག་གིས་སྟོང་པ་ཆོས་ཅན། ཁྱོད་དོན་དམ་པར་རྣམ་པར་དག་པ་ཡིན་ཏེ། ཁྱོད་དོན་དམ་པར་སྟོང་པ་དང་མི་སྟོང་པ་དང་བྲལ་བའི་ཕྱིར། སྡུག་བསྔལ་བདག་གི་ངོ་བོར་མ་གྲུབ་པ་ཆོས་ཅན། ཁྱོད་དོན་དམ་པར་མ་སྐྱེས་པ་དང་། མ་འགགས་པ་དང་། ཆགས་སོགས་པའི་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང་། དད་སོགས་ཀྱི་རྣམ་པར་བྱང་བ་མ་ཡིན་ཏེ། ཁྱོད་བདག་དང་བདག་མེད་པའི་ངོ་བོ་ཉིད་དོན་དམ་པར་གྲུབ་པ་མ་ཡིན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དག་ཡིན་ནོ། །གཉིས་པ་ནི། ཟག་བཅས་ཀྱི་ལས་དང་སྲེད་པ་ཆོས་ཅན། དོན་དམ་པར་མ་གྲུབ་པ་ནམ་མཁའ་དང་འདྲ་བ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་དང་རྒྱུ་མ་ཡིན་པ་དོན་དམ་པར་མ་གྲུབ་པ་སོགས་ཉིད་ཀྱི་ཕྱིར། དེ་ཆོས་ཅན། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་བདེན་པར་གྲུབ་པ་སྤངས་པ་ཡིན་ཏེ། ཀུན་འབྱུང་བ་དང་ཀུན་འབྱུང་བ་མེད་པ་དོན་དམ་པར་གྲུབ་པ་དང་མི་ལྡན་པའི་ཕྱིར། དེ་ཆོས་ཅན། དོན་དམ་པར་ཡོངས་སུ་འཛིན་པ་ལས་གྲོལ་བ་ཡིན་ཏེ། སྡུག་བསྔལ་དྲག་ཏུ་རབ་ཏུ་སྐྱེ་བ་དང་། རབ་ཏུ་མི་སྐྱེ་བ་དོན་དམ་པར་གྲུབ་པ་དང་མ་འབྲེལ་བའི་ཕྱིར། དེ་ཆོས་ཅན། རང་གི་ངོ་བོ་བརྗོད་དུ་མེད་པ་ཡིན་ཏེ། སྡུག་བསྔལ་གྱི་རྐྱེན་དང་རྐྱེན་མ་ཡིན་པ་བདེན་གྲུབ་ལས་རྣམ་པར་གྲོལ་བ་


GLG013_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། ཞེས་བྱ་བ་ནི་ཀུན་འབྱུང་བདེན་པའི་རྣམ་པ་ལ་དམིགས་པ་རྣམས་ཡིན་ནོ། །གསུམ་པ་ནི། འགོག་པའི་བདེན་པའི་དོན་ཉོན་མོངས་སྤངས་པའི་བྲལ་བ་ཆོས་ཅན། ཚིག་ཏུ་བརྗོད་པས་དོན་དམ་པར་རྒྱུད་གཞན་ལ་སྦྱིན་དུ་མེད་དེ། གང་གི་ཕྱིར་ན་འགོག་པ་དང་། འགོག་པ་མེད་པ་དོན་དམ་པར་གྲུབ་པ་དང་མ་འབྲེལ་བ་དེའི་ཕྱིར། དེ་ཆོས་ཅན། དམིགས་པ་དོན་དམ་པར་མེད་པར་བྱེད་པ་ཡིན་ཏེ། སྡུག་བསྔལ་ཞི་བ་དང་མ་ཞི་བ་བདེན་པར་མེད་པའི་ཕྱིར། དེ་ཆོས་ཅན། རྟག་ཆད་ཀྱི་མཐའ་གཉིས་ལས་འདས་ཤིང་། དོན་དམ་པར་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ཐར་པ་གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པ་དོན་དམ་པར་གྲུབ་པ་དང་བྲལ་བའི་ཕྱིར། དེ་ཆོས་ཅན། ནད་ཐམས་ཅད་མི་སྐྱེ་བའི་ཕན་ཡོན་དང་ལྡན་ཏེ། ངེས་པར་འབྱུང་བ་དང་། ངེས་པར་འབྱུང་བ་མེད་པར་ཡང་བདེན་པར་མེད་པའི་ཕྱིར། ཞེས་བྱ་བ་ནི་འགོག་པའི་བདེན་པའི་རྣམ་པ་ལ་དམིགས་པ་ཡིན་ནོ། །བཞི་པ་ནི། ལམ་བདེན་སྟོང་དུ་མངོན་སུམ་དུ་གསར་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། དམྱལ་བ་ལ་སོགས་པའི་ངན་སོང་ཆད་པ་དང་ལྡན་ཏེ། ལམ་དང་ལམ་མ་ཡིན་པ་དོན་དམ་པར་གྲུབ་པ་དང་བྲལ་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། རྒྱུན་ཞུགས་སོགས་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་དོན་གྱི་ཐབས་ལ་དོན་དམ་པར་རྣམ་པར་མི་རྟོག་པ་ཉིད་དང་ལྡན་ཏེ། ཉོན་མོངས་ཀྱི་གཉེན་པོར་རིགས་པ་དང་རིགས་པ་མ་ཡིན་པ་དང་དོན་དམ་པར་མ་འདྲེས་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཆོས་ཐམས་ཅད་ཀྱི་བདེན་པར་གྲུབ་པའི་མཚན་མ་དག་དང་མ་འབྲེལ་བ་ཡིན་ཏེ། སེམས་ཀྱི་གནས་ཚོད་ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང་སྒྲུབ་པ་མ་ཡིན་


GLG013_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་དམ་པར་གྲུབ་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་རྗེས་ཤེས་ཆོས་ཅན། བརྗོད་པར་བྱ་བ་ཤེས་བྱ་དོན་དང་། རྗོད་པར་བྱེད་པའི་ངོ་བོའི་མཚན་ཉིད་སྒྲ་གཉིས་ལ། གཉིས་སྣང་དང་བཅས་པའི་ཚུལ་གྱིས་དམིགས་པའི་ཤེས་པ་སྐྱེ་བ་མེད་པ་ཡིན་ཏེ། མྱང་འདས་སུ་ངེས་པར་འབྱིན་པ་དང་། ངེས་པར་འབྱིན་པ་མ་ཡིན་པ་དོན་དམ་པར་མེད་པ་མངོན་སུམ་དུ་གསར་དུ་རྟོགས་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཞེས་བྱ་བའི་རྣམ་པ་བཞི་ནི་ལམ་གྱི་བདེན་པའི་རྣམ་པ་ཡིན་ནོ། །གཉིས་པ་བསྡུས་ཏེ་སྟོན་པ་ལ། དེ་ལྟ་བུའི་རྣམ་པ་ཅན་གྱི་ཀུན་ཤེས་པ་ཉིད་ཀྱི་སྐད་ཅིག་མ་དེ་དག་ནི་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་ཡིན་ཏེ། དེའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ཤུགས་བསྟན་གྱི་མཐོང་ལམ་ནི། ཉན་ཐོས་རྣམས་ཀྱི་སྤྲོས་བྲལ་གྱི་རྣམ་པ་ཅན་དེ་ལས་བཟློག་པ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་ཏུ་བསྒོམ་པར་བྱ་བའི་མཐོང་ལམ་ནི་ཆོས་ཅན། ཀུན་ཤེས་པ་ཉིད་ཀྱི་སྐབས་ལ་ཤུགས་བསྟན་གྱི་མཐོང་བའི་ལམ་ཡིན་ཏེ། དེའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། མི་རྟག་སོགས་བཅུ་དྲུག་སྒོམ་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་པའི་ལམ་ནི་སྐབས་འདིར་མ་བསྟན་ཏོ་སྟེ་མི་སྟོན་པའི་རྒྱུ་མཚན་ཡོད་དེ། ཉན་ཐོས་ཀྱི་ལམ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི། བྱང་ཆུབ་སེམས་དཔས་ཤེས་མཐོང་གིས་བལྟས་ནས་མངོན་སུམ་དུ་ཡོངས་སུ་ཤེས་པར་བྱ་བ་ཡིན་


GLG013_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། མངོན་དུ་བྱ་བ་ནི་མ་ཡིན་པས་བསྒོམ་པར་མི་བྱེད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སྐབས་འདིར་དངོས་སུ་མ་བསྟན་པའི་སྒོམ་ལམ་ཡིན་ན། སྐབས་འདིར་དངོས་སུ་མི་སྟོན་རྒྱུའི་སྒོམ་ལམ་ཡིན་པས་ཁྱབ་ཟེར་ན། ཉན་ཐོས་རང་རྒྱུད་ཀྱིས་བསྡུས་པའི་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བྱང་ཆུབ་སེམས་དཔས་མངོན་སུམ་དུ་ཤེས་པར་བྱ་བའི་མངོན་རྟོགས་མ་ཡིན་པའི་ཕྱིར། ཁ་ཅིག །སྐབས་འདིར་དངོས་སུ་མ་བསྟན་པའི་སྒོམ་ལམ་ཡིན་ན་ཐེག་དམན་གྱི་རྟོགས་རིགས་སུ་གནས་པས་ཁྱབ་ཟེར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས། གྲྭ་ཆུང་བ་ན་རེ། མི་རྟག་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པའི་ཐེག་ཆེན་གྱི་སྒོམ་ལམ་སྐབས་འདིར་དངོས་སུ་མི་སྟོན་རྒྱུའི་སྒོམ་ལམ་ཡིན་ཟེར་ན། དེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་སོགས་བཅུ་དྲུག་བསྒོམ་བྱའི་གཙོ་བོར་བྱས་ནས་སྒོམ་པའི་ཐེག་ཆེན་གྱི་སྒོམ་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་བསྒོམ་བྱའི་གཙོ་བོར་བྱས་ནས་སྒོམ་པའི་དེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལྟར་སྒོམ་པའི་བྱང་སེམས་སྒོམ་ལམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་བྱང་སེམས་སྒོམ་ལམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །མི་རྟག་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པའི་བྱང་སེམས་ཚོགས་ལམ་པ་ཡོད་ཟེར་ན། དེ་འབད་རྩོལ་ཆེན་པོས་སྒོམ་པའི་བྱང་སེམས་ཚོགས་ལམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་སྒྲིབ་འབད་རྩོལ་ཆེན་པོས་སྤོང་བའི་བྱང་སེམས་ཚོགས་ལམ་པ་ཡོད་


GLG013_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། འདོད་པའི་ཕྱིར། འདོད་ན། ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀྱི་ནང་ནས་ཐར་པ་འབད་རྩོལ་ཆེན་པོས་དོན་དུ་གཉེར་བའི་བྱང་སེམས་ཚོགས་ལམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་མཁྱེན་གསུམ་གྱི་མཇུག་བསྡུ་བ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་མཁྱེན་གསུམ་རྒྱས་པར་བསྟན་ནས། མངོན་པར་རྟོགས་པའི་དོན་མཐའ་དག་སྡུད་པར་བྱེད་པ་ཉིད་ཀྱིས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཇུག་སྡུ་བར་བྱེད་པའི་ཚུལ་ཡོད་དེ། གཞུང་ལྷག་མས་སྡུ་བའི་ཕྱིར། གཉིས་པ་ནི། དེ་ལྟར་མཁྱེན་གསུམ་རྒྱས་པར་བསྟན་ནས། འདི་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་ཅེས་སོགས་གཞི་ཤེས་ཀྱི་མཇུག་སྡུད་སྟོན་པའི་མདོ་ཚིག་འདི་དང་། དེ་ལྟར་ཡུམ་ཁམས་གསུམ་ལས་ཞེས་སོགས་ཡང་ལམ་ཤེས་ཀྱི་མཇུག་སྡུད་སྟོན་པའི་མདོ་ཚིག་འདི་དང་། ཡང་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་ཞེས་སོགས་ཀྱི་ཚིག་འདི་ཡིན་ཏེ་མདོ་ཚིག་རྣམ་པ་གསུམ་པོ་འདི་ནི་ཆོས་ཅན། མཁྱེན་གསུམ་བརྗོད་བྱར་བྱེད་པའི་གནས་སྐབས་གསུམ་པོ་དག་གི་མཇུག་རྫོགས་པར་ཡོངས་སུ་བསྟན་པ་ཡིན་ཏེ། ཁྱོད་མཁྱེན་གསུམ་མཇུག་སྡུད་སྟོན་པའི་ཡུམ་བར་མའི་མདོ་ཚིག་ཡིན་པའི་ཕྱིར། གསུམ་པ་ནི། སྔར་བཤད་མ་ཐག་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཡང་དག་པ་ཞེས་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཇུག་སྡུད་ཀྱི་ཚིག་འདི་དང་། བཅོམ་ལྡན་འདས་འདི་ནི་གང་ལ་ཡང་ཞེས་སོགས་ལམ་ཤེས་པ་ཉིད་ཀྱི་མཇུག་སྡུད་ཀྱི་ཚིག་འདི་དང་། རབ་འབྱོར་སྟོང་པ་ཉིད་ནི་རབ་ཏུ་འཇུག་ཅེས་སོགས་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་མཇུག་སྡུད་ཀྱི་ཚིག་


GLG013_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། དེ་ལྟར་ལེའུ་གསུམ་གྱི་མཁྱེན་གསུམ་མཇུག་སྡུད་ཀྱི་ཚིག་དོན་ཚན་རྣམ་པ་གསུམ་པོ་ཆོས་ཅན། ཁྱོད་མཁྱེན་གསུམ་མཇུག་སྡུད་ཡོངས་སུ་རྫོགས་པར་མཛད་པ་ཡིན་ཏེ། ཁྱོད་མཁྱེན་གསུམ་རྒྱས་པར་བསྟན་པ་དེའི་མཇུག་སྡུད་སྟོན་པའི་མདོ་ཚིག་ཡིན་པའི་ཕྱིར། གསུམ་པ་སྐབས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐབས་གསུམ་པའི་འགྲེལ་པའོ་སྟེ། སྐབས་གསུམ་པའི་ཚིག་དོན་མཐའ་དག་ལེགས་པར་བཤད་པ་ཡིན་ཏེ། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་བཤད་པའི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། ཆོས་ཀུན་རྣམ་འབྱེད་ཤེས་རབ་ས་སྲུང་སྣར། །ཞིབ་མོར་དཔྱོད་པའི་རིགས་པའི་མཚོན་རྣོ་ཅན། ཁུངས་ལྡན་ལུང་གི་གསེར་སྦྱངས་རྒྱན་སྤུད་པའི། །རིགས་ལྡན་སྐབས་གསུམ་དབང་པོའི་མདུན་སར་མཛེས། །གཞུང་ལུགས་ལྟ་ལ་རྨོངས་པའི་མུན་འཐིབས་ཤིང་། །འཁྲུལ་གཏམ་ཕུང་སྒྲ་དབྱར་གྱི་རྔ་ལྟར་སྒྲོགས། །ངན་སྤྱོད་དུག་རླངས་གཞན་ལ་འགོ་བྱེད་པའི། །འགྲོ་ཕན་འདྲེན་པར་རློམ་ལ་འདི་མ་མཆིས། །མི་ཤེས་རྙོག་བྲལ་བློ་ཡི་མཚོ་ནང་དུ། །རིག་གཞུང་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ཅན། །ཤར་ཚེ་ཤེས་བྱའི་རི་བོང་སྟོན་མི་སྟོན། །ཀུན་ཕན་ཉིད་ལ་རང་དབང་ཇི་ལྟར་མཆིས། །ཐེག་གསུམ་གཞི་ཤེས་དོན་ཀུན་མ་ལུས་པ། །དཔྱད་གསུམ་དག་པའི་དབྱངས་སུ་བླངས་པ་ན། །སྐབས་གསུམ་པི་ཝང་སྒྱུར་བའི་སྒེག་མོ་དེ། །དུས་གསུམ་བྱེད་པོར་རློམ་པའི་གནས་སུ་བྲོས། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་


GLG013_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས། སྐབས་གསུམ་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།མངྒ་ལཾ།། །།


previousསྐབས་གསུམ་པའི་ཚིག་དོན་མཐའ་དཔྱོད།next