Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  expand section
  collapse section
སྐབས་དྲུག་པའི་ཚིག་དོན་མཐའ་དཔྱོད།
   
  expand section
  expand section


 
previousསྐབས་དྲུག་པའི་ཚིག་དོན་མཐའ་དཔྱོད།next

སྐབས་དྲུག་པའི་ཚིག་དོན་མཐའ་དཔྱོད།

མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་རྒྱས་པར་བཤད་པ།


GLG013_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་ལམ་གྱི་གདུགས་དཀར་གྲིབ་བསིལ་ལ། །མཐའ་ཀླས་སྐྱེ་དགུའི་ངལ་གསོའི་སྟེགས་བཅས་པའི། །རིས་མེད་འགྲོ་བའི་གཉེན་གྱུར་ཟས་གཙང་སྲས། །ཕན་དང་བདེ་བའི་ཤིས་པ་སྐྱོང་བར་མཛོད། །མཐར་གྱིས་སྦྱོར་བའི་གནམ་སྔོན་འཁྱིལ་འདྲའི་མཚོར། །ལུང་དང་རིགས་པའི་གཉེས་སྐྱེས་ལུས་དཀར་ཅན། །འཁྲུལ་མེད་འབྱེད་པའི་འདབ་གཤོག་རྐྱོང་བ་འདི། །གཉིས་འཐུང་རྟེན་ཅིང་འབྲེལ་པར་འབྱུང་བའི་བརྡ། །འཇམ་ཞིང་དུལ་བའི་ཡོན་ཏན་མ་ལུས་རྫོགས། །འཇམ་དབྱངས་གཞོན་ནུའི་མཁྱེན་པར་རང་གིར་མཛད། །འཇམ་ཀླས་གསུང་རབ་འཆང་བའི་སྤོབས་པ་ཅན། །འཇམ་སྙན་ངག་གི་དཔལ་མངའ་ཡོངས་འཛིན་རྗེ། །རྗེ་བོའི་སྲིད་འབྱོར་ལས་དཀོན་ལེགས་བཤད་རྒྱུན། །རྒྱུན་ཆད་མེད་འབབ་ཡན་ལག་མཆོག་གི་ཞལ། །ཞལ་འཛུམ་ལྷག་པར་སྟོན་པས་དམ་ཆོས་ཀུན། །ཀུན་ནས་བསུ་མཁས་མཁྱེན་རབ་ཡོངས་འཕེལ་མགོན། །གང་གི་གསུང་རྒྱུན་ཡན་ལག་བརྒྱད་ལྡན་ཆབ། །གླེགས་བམ་འཛིན་མར་ཕབ་ཚེ་ལོག་རྟོག་གི །དྲི་མའི་ཚོགས་ཀུན་དྲུངས་ནས་ཕྱུང་བ་དང་། །ཐུབ་བསྟན་ཁྱབ་འཇུག་ཞབས་བསིལ་ཚུལ་འདིའོ། །གཉིས་པ་བརྟན་པ་རྒྱུ་འབྲས་བཤད་པ་ལ། བརྟན་པ་ཐོབ་དོན་དུ་སྒོམ་པ་མཐར་གྱིས་སྦྱོར་བ་དང་། བརྟན་པ་ཐོབ་པ་སྐད་ཅིག་མའི་སྦྱོར་བ་བཤད་པ་གཉིས། དང་པོ་ལ། འབྲེལ་བཀོད་པས་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་


GLG013_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། མཐར་གྱིས་སྦྱོར་བའི་མངོན་པར་རྟོགས་པ་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གང་ཟག་སྐབས་དང་པོ་གསུམ་ནས་བསྟན་པའི་མཁྱེན་གསུམ་གྱི་རྣམ་པ་སོ་སོ་བ་དང་། རྣམ་ཀུན་སོགས་ཀྱིས་བསྟན་པའི་རྣམ་པ་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་བཀླགས་ནས་བརྟན་པོར་བྱ་བའི་ཕྱིར་དུ་རྣམ་པར་བསྒོམ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་མཐར་གྱིས་སྦྱོར་བ་དེ་སྐབས་འདིར་བསྟན་བྱའི་གཙོ་བོར་གྱུར་པའི་མཐར་གྱིས་སྦྱོར་བའི་མཚན་ཉིད་ཟེར་ན། དེ་རྒྱུད་ལྡན་གྱི་གང་ཟག་ཡིན་ན་སྐབས་འདིར་བསྟན་བྱའི་གཙོ་བོར་གྱུར་པའི་མཐར་གྱིས་སྦྱོར་བ་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་མ་ཐག་པའི་བྱང་སེམས་དབང་རྣོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྩེ་སྦྱོར་ཐོབ་པ་སྔོན་དུ་སོང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །མཁྱེན་གསུམ་གྱི་རྣམ་པ་གོ་རིམ་བཞིན་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་མཐར་གྱིས་སྦྱོར་བའི་མཚན་ཉིད་ཟེར་ན། མཁྱེན་གསུམ་གྱི་རྣམ་པ་གོ་རིམ་ངེས་ཅན་དུ་སྒོམ་པའི་གང་ཟག་གི་རྒྱུད་ཀྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེ་དེར་ཐལ། མཁྱེན་གསུམ་གྱི་རྣམ་པ་བདུན་ཅུ་རྩ་གསུམ་དཀྱུས་ཐོག་གཅིག་ལ་གོ་རིམ་མ་འཆོལ་བར་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། འདོད་


GLG013_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ན། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་དོན་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་བརྟན་པ་ཐོབ་ཟིན་པའི་ཕྱིར། ཁ་ཅིག །མཐར་གྱིས་སྦྱོར་བ་སྐབས་དྲུག་པའི་བསྟན་བྱའི་གཙོ་བོར་གྱུར་པའི་མཐར་གྱིས་སྦྱོར་བ་ཡིན་ཟེར་ན། འོ་ན་། དེ་ཆོས་ཅན། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཐོབ་པའི་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཀྱི་རྒྱུད་ཀྱི་དེ་ཡོད་པའི་ཕྱིར། དེར་ཐལ་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཀྱི་རྒྱུད་ཀྱི་སྦྱོར་བ་བཞི་ཀ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་རྒྱུན་མཐའི་བར་ཆད་མེད་ལམ་ཡོད་པའི་ཕྱིར། ཁ་ཅིག །དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་བ་ཡིན་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས་ཡིན་པས་ཁྱབ་ཟེར་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་མྱུ་གུ་བདེན་སྟོང་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་དབུ་མའི་ལྟ་བ་ཡིན་པའི་ཕྱིར། དེར་ཐལ། དབུ་མའི་ལྟ་བ་སྐྱོང་ཚུལ་དེ་ལ་རྗེས་ཐོབ་སྒྱུ་མ་ལྟ་བུ་དང་། མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་གཉིས་ཡོད་པའི་ཕྱིར། གཉིས་པ་རང་ལུགས་ནི། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་དོན་དུ་མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། མཐར་གྱིས་སྦྱོར་བའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། གཞི་ཤེས་ཀྱི་རྣམ་པ་སྒོམ་


GLG013_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐར་གྱིས་སྦྱོར་བ་ཆོས་ཅན། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པར་ཐལ། དེ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར་ན་མ་ཁྱབ། གཉིས་པ་ལ་གཉིས། རྩ་བ་དང་། འགྲེལ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན་། མཐར་གྱིས་པའི་བྱ་བ་དེར་བཞེད་པ་བཅུ་གསུམ་ཡོད་དེ། སྦྱིན་པ་ནས་ཤེས་རབ་ཀྱི་བར་གྱི་མཐར་གྱིས་སྦྱོར་བ་དྲུག་དག་དང་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ་དྲུག་དང་ཆོས་ཐམས་ཅད་དོན་དམ་པར་དངོས་མེད་ངོ་བོ་ཉིད་དུ་རྟོགས་པ་ཉིད་ཀྱི་མཐར་གྱིས་སྦྱོར་བ་རྣམས་ཡོད་པའི་ཕྱིར། གཉིས་པ་ནི། འཁོར་གསུམ་རྣམ་པར་དག་པའི་སྒོ་ནས་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པའི་སྦྱིན་པ་ལ་སོགས་པ་དྲུག་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པས་ཁྱད་པར་དུ་བྱས་པའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་རྣལ་འབྱོར་ཆོས་ཅན། ཕར་ཕྱིན་དྲུག་གི་མཐར་གྱིས་སྦྱོར་བ་ཡིན་ཏེ། ཕར་ཕྱིན་དྲུག་གི་ཉམས་ལེན་གྱིས་དངོས་སུ་ཟིན་པའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་ཕྱིར་དུ་རིམ་གྱིས་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། ས་བཅུ་རྫོགས་པ་ལ་ཕར་ཕྱིན་བཅུ་དགོས་པ་མ་ཡིན་ནམ་ཞེ་ན། ཕྱིན་དྲུག་གིས་ས་བཅུ་སྒྲུབ་པར་བྱེད་ནུས་ཏེ། ཐབས་མཁས་དང་། སྨོན་ལམ་དང་། སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར། གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བ་དང་སྒོམ་པའི་ལམ་རྗོད་པར་བྱེད་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་


GLG013_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་རྣམ་པ་གསུམ་པོ་དོན་དམ་པར་དྲན་པ་མེད་ཅིང་ཐ་སྙད་དུ་རྒྱུའི་སྒོ་ནས་དྲན་པའི་མཚན་ཉིད་ཀྱིས་སངས་རྒྱས་རྗེས་སུ་དྲན་པའི་ཆོས་ཅན། སངས་རྒྱས་རྗེས་དྲན་གྱི་ཡིན་ཏེ། སངས་རྒྱས་རྗེས་དྲན་གྱི་ཉམས་ལེན་གྱིས་དངོས་སུ་ཟིན་པའི་སྒོ་ནས་དེའི་ཕྱིར། དེ་བཞིན་དུ་དགེ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་བདེན་གཉིས་ལས་མི་འདའ་བར་རྗེས་སུ་དྲན་པའི་ཆོས་ཅན། ཆོས་རྗེས་དྲན་གྱི་ཡིན་ཏེ། དེའི་ཕྱིར། སྔ་མ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་བདེན་གཉིས་ལས་མི་འདའ་བར་གྲོགས་སུ་རྗེས་སུ་དྲན་པའི་ཆོས་ཅན། དགེ་འདུན་རྗེས་དྲན་གྱི་ཡིན་ཏེ། དེའི་ཕྱིར། དེ་བཞིན་དུ་ཉེས་སྤྱོད་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་རྗེས་སུ་དྲན་པའི་ཆོས་ཅན། ཚུལ་ཁྲིམས་རྗེས་དྲན་གྱི་ཡིན་ཏེ། དེའི་ཕྱིར། དགེ་རྩ་མཐའ་དག་གཞན་དོན་དུ་གཏོང་བ་རྗེས་སུ་དྲན་པའི་ཆོས་ཅན། གཏོང་བ་རྗེས་དྲན་གྱི་ཡིན་ཏེ། དེའི་ཕྱིར་ལྷག་པའི་ལྷ་དཔང་པོར་རྗེས་སུ་དྲན་པའི་ཆོས་ཅན། ལྷ་རྗེས་དྲན་གྱི་ཡིན་ཏེ། དེའི་ཕྱིར། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རིགས་རྣམ་གྲངས་མཐའ་ཡས་པས་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་རྟོགས་པ་སྟེ་སྒོམ་པ་གང་ཡིན་པའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་རྣལ་འབྱོར་དེ་ནི་ཆོས་ཅན། དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པའི་བྱ་བར་བཞེད་པ་ཡིན་ཏེ། གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་ཕྱིར་དུ་མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། གསུམ་པ་


GLG013_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་དྲུག་པའི་འགྲེལ་པའོ་སྟེ་དྲུག་པའི་ཚིག་དོན་མཐའ་དཔྱོད་གཏན་ལ་ཕབ་པ་ཡིན་ཏེ། མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་གྱི་སྒོ་ནས་དེ་ལྟར་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། བློ་གྲོས་གཏིང་མཐའ་བྲལ་བའི་རྒྱ་མཚོའི་ནང་། །མཐའ་ཡས་ལུང་གི་ཕུད་སྒྲ་ཆེར་སྒྲོག་ཅིང་། །རིགས་པའི་ལྟོས་འགྲོའི་གདེངས་ཀ་རབ་གཡོ་བ། །བཤེས་གཉེན་ཀླུ་དབང་ལེགས་བཤད་གན་མཛོད་ལས། །དྲུག་ལྡན་གླུ་དབྱངས་མ་ཡིན་སྙན་པའི་གཏམ། །དྲུག་གི་གདོང་ཅན་མ་ཡིན་སྨྲ་བའི་དབང་། །དྲུག་པའི་ས་དེ་ཐོབ་པར་མ་གྱུར་ཀྱང་། །དྲུག་པའི་སྐབས་ཀྱི་དོན་ནི་དེ་ལྟར་བཤད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོངས་ལྔའི་དབང་པོའི་སྒྲ་དབྱངས་ཞེས་བྱ་བ་ལས། སྐབས་དྲུག་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།སརྦ་མངྒ་ལཾ།། །།


previousསྐབས་དྲུག་པའི་ཚིག་དོན་མཐའ་དཔྱོད།next