Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  expand section
  expand section
  collapse section
སྐབས་བདུན་པའི་ཚིག་དོན་མཐའ་དཔྱོད།
   
  expand section


 
previousསྐབས་བདུན་པའི་ཚིག་དོན་མཐའ་དཔྱོད།next

སྐབས་བདུན་པའི་ཚིག་དོན་མཐའ་དཔྱོད།


GLG013_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་མངོན་རྟོགས་རྒྱན་རྩ་འགྲེལ་རྣམས་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་སྐབས་བདུན་པའི་ཚིག་དོན་མཐའ་དཔྱོད་བཞུགས་སོ། །

སྐད་ཅིག་མ་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་རྒྱས་པར་བཤད་པ།


GLG013_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མ་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་རྒྱས་པར་བཤད་པ། འགྲོ་ལ་བརྩེ་བའི་གཞན་དབང་དམ་པོས་རིང་ནས་བཅིངས་ཀྱང་མི་ཤེས་མུན་པའི་འཆིང་ལས་གྲོལ། །མི་མཐུན་བདུད་བཞིའི་དགྲ་ཚོགས་ཐམས་ཅད་ལྷག་མར་བཅོམ་ཡང་ལུས་ཅན་ཀུན་གྱི་གཉེན་གཅིག་པུ། །དམན་པའི་བློ་ངོར་ཆོས་ཀུན་བདེན་པར་གྲུབ་པར་བསྟན་ཀྱང་སྟོང་ཉིད་སྒྲ་དབྱངས་སྒྲོགས་པ་ཅན། །གཉིས་མེད་གསུང་བ་གང་གི་ཆོས་འདི་ཕ་མཐའ་ཡས་ཀྱང་བློ་ཆུང་རྣམས་ཀྱིས་དཔྱོད་སྙམ་བྱེད། །རིགས་ལམ་ཕྲ་མོའི་འབྲས་བུའི་ཟས་འཚོལ་བའི། །མཁས་འདོད་སྤྲེའུའི་རྣམ་ཐར་སྐྱོང་བ་རྣམས། །སྐད་ཅིག་སྦྱོར་བའི་དཔག་བསམ་ལྗོན་ཤིང་འདི། །རྐང་འཐུང་ཡིན་ཡང་སྤྱད་བྱའི་ཡུལ་ལས་འདས། །བློ་གསལ་ལེགས་བྲིས་ཚོགས་ཀྱི་དགའ་སྟོན་དུ། །ཚིག་དོན་བླ་ན་མེད་པའི་ཟིལ་མངར་འདི། །གཏོང་བའི་དགྱེས་དགུར་སྤྱོད་ཕྱིར་སྤྲོ་བྱེད་ན། །དགའ་བའི་ཡིད་ཀྱིས་ལོངས་ལ་ཅི་བདེར་འཐུང་། །གཉིས་པ་བརྟན་པ་ཐོབ་པ་སྐད་ཅིག་མའི་སྦྱོར་བ་ལ། འབྲེལ་བཀོད་པས་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་པ་ལ་རྒྱུ་མཚན་


GLG013_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པའི་མཐར་གྱིས་པའི་མངོན་པར་རྟོགས་པ་ཡུན་རིང་པོར་རྣམ་པར་བསྒོམས་པ་ནི་ཤིན་ཏུ་གོམས་པར་བྱས་པའི་སྟོབས་ཀྱིས་ཅིག་ཤོས་ཀྱང་སྒོམ་ནུས་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་རྒྱུ་མཐར་གྱིས་སྦྱོར་བའི་སྟོབས་ཀྱིས་བྱུང་བའི་སེམས་དཔའི་རྣལ་འབྱོར་མཐར་ཐུག །སྐད་ཅིག་སྦྱོར་བའི་མཚན་ཉིད་ཟེར་ན། རྒྱུན་མཐའི་སྦྱོར་བའི་གནས་སྐབས་ཀྱི་སྐད་ཅིག་མའི་སྦྱོར་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། སྐད་ཅིག་མའི་སྦྱོར་བ་དེ་ལ་རྒྱུན་མཐའི་སྦྱོར་བའི་གནས་སྐབས་ཀྱི་རྒྱུན་མཐའི་སྦྱོར་བའི་ལམ་དང་། བར་ཆད་མེད་ལམ་དུ་གྱུར་པའི་སྐད་ཅིག་མའི་སྦྱོར་བ་གཉིས་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། དེ་ལྟར་ཡོད་ཅིང་ཕྱི་མ་དེ་སྟོང་ཉིད་ལ་མངོན་སུམ་དུ་མཉམ་པར་བཞག་བཞིན་པའི་ངང་ཚུལ་ཅན་གྱི་ལམ་ཡིན་པའི་ཕྱིར། དེར་ཐལ། ལམ་སྒྲིགས་ཐེག་ཆེན་སྒོ་འབྱེད་ལས། སྐད་ཅིག་མའི་སྦྱོར་བ་ལ་ཡང་སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་གཉིས་ཡོད་ལ། ཕྱི་མ་ནི་སྟོང་པ་ཉིད་ལ་མངོན་སུམ་དུ་མཉམ་པར་བཞག་བཞིན་པའི་ངང་ཡིན་པས། ཞེས་


GLG013_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུན་མཐའི་བར་ཆད་མེད་ལམ་པའི་རྒྱུད་ཀྱི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྒྱུན་མཐའི་སྦྱོར་བའི་གནས་སྐབས་ཀྱི་ལམ་ཡིན་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཤེས་སྒྲིབ་ཀྱི་དངོས་གཉེན་བྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག །སྐད་ཅིག་སྦྱོར་བའི་མཚན་ཉིད་ཟེར་ན། རྒྱུན་མཐའི་སྦྱོར་བ་སྔ་མ་དེ་ག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གོང་དུ་བསྒྲུབས་ཟིན། འདོད་མི་ནུས་ཏེ། སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པ་གོང་དུ་བཀག་ཟིན་པའི་ཕྱིར། གཉིས་པ་རང་ལུགས་ནི། བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དངོས་ཡུལ་དུ་བྱེད་པའི་ནུས་པ་ཐོབ་པའི་སེམས་དཔའི་རྣལ་འབྱོར་དེ་འདིར་བསྟན་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །དེ་མི་འཐད་པར་ཐལ། སྐད་ཅིག་མའི་སྦྱོར་བ་ཡིན་ན། སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་དགོས་པའི་ཕྱིར། དེ་དགོས་པར་ཐལ། སྐད་ཅིག་མའི་སྦྱོར་བའི་ས་མཚམས་རྒྱུན་མཐའ་ཁོ་ནར་འཇོག་རིགས་པའི་ཕྱིར། དེ་རིགས་པར་ཐལ། རྣམ་བཤད་ལས། ས་མཚམས་རྒྱུན་མཐའ་ཁོ་ན་ན་ཡོད་དོ་ཞེས་གསུངས་པ་ཡིན་པའི་ཕྱིར། ཞེས་ཟེར་ན། སྐྱོན་མེད་དེ། དེ་ནི་སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཅེས་པའི་དངོས་བསྟན་གྱི་སྐད་ཅིག་མའི་སྦྱོར་བའི་ས་མཚམས་རྒྱུན་མཐའ་ཁོ་ན་ན་ཡོད་ཅེས་པའི་དོན་ཡིན་པའི་ཕྱིར། ཁོ་


GLG013_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བས་གཉིས་སྟོང་མངོན་སུམ་དུ་རྟོགས་པ་ཡོད་པར་ཐལ། རྣམ་བཤད་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོངས་པ་ལ་ལམ་དང་པོ་གསུམ་གྱི་སྐབས་སུ་སྒོམ་པར་བཤད་ཅིང་། མཐོང་ལམ་གྱི་སྐབས་སུ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་པ་ཡིན་ལ། སྒོམ་ལམ་གྱི་སྐབས་སུ་དེ་ལ་གཙོ་བོར་སྒོམ་པ་ལྷུར་ལེན་མི་བྱེད་ཅིང་། རྒྱུན་མཐའི་ཚེ་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་དུ་འགྱུར་བར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྒོམ་ལམ་གྱི་གནས་སྐབས་སུ་གཟུང་འཛིན་གཉིས་ཀ་ཞར་བྱུང་དུ་བསྒོམས་པས་དེས་ཉེར་ལེན་བྱས་པ་ལ་བརྟེན་ནས་རྒྱུན་ཐ་མའི་ཚེ་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་འབྱུང་ཞེས་པའི་དོན་ཡིན་པའི་ཕྱིར། གཉིས་པ་ལ་བཞི། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་བ་བཤད་པ་དང་། རྣམ་པར་སྨིན་པའི། མཚན་ཉིད་མེད་པའི། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་བཤད་པའོ། །དང་པོ་ལ་གཉིས། དངོས་དང་། མཚོན་བྱེད་ཀྱི་དཔེ་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། སྐད་ཅིག་སྦྱོར་དེ་ལ་ཡང་ལྡོག་པས་ཕྱེ་བའི་མཚན་ཉིད་ཀྱི་རྣམ་པ་བཞི་ཡོད་པ་ལས་དང་པོ་རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འབད་རྩོལ་རགས་པ་དང་བཅས་པའི་སྐབས་སུ་ཐོབ་པའི་ཟག་མེད་ཀྱི་ཡེ་ཤེས་ཀྱི་རིགས་རྣམས་མངོན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་ཐུབ་པའི་རྒྱུད་ཀྱི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ལམ་གྱི་རིགས་རྣམས་མངོན་


GLG013_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པའི་སྦྱོར་བ་འདི་ནི་ཆོས་ཅན། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་གཅིག་པ་ཡི་རྟོགས་པ་ཡིན་པར་ཤེས་པར་བྱ་སྟེ། སྦྱིན་པ་ལ་སོགས་པའི་རྣམ་པ་རེ་རེ་མངོན་དུ་གྱུར་པས་ཀྱང་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཆོས་ཀྱི་རིགས་ཀུན་བསྡུས་ནས་མངོན་དུ་བྱེད་པའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ནི། རྒྱུན་མཐའ་ལ་གནས་པའི་ཐུབ་པ་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་རྣམ་པར་སྨིན་པ་མ་ཡིན་པའི་རྟོགས་པ་ནི་ཆོས་ཅན། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་བྱ་བར་ཤེས་པར་བྱ་སྟེ། བསྡུ་བྱེད་མང་པོས་བསྡུ་བྱ་གཅིག་བསྡུས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁྱོད་རང་ལ་སྦྱིན་པ་ལ་སོགས་པའི་ཡེ་ཤེས་དམིགས་པར་བྱ་བའི་སྐད་ཅིག་མ་གཅིག་པོ་མངོན་དུ་གྱུར་པའི་ཚེ་སྦྱིན་པ་ལ་སོགས་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཆོས་ཀྱི་རིགས་རྣམས་བསྡུས་ནས་མངོན་དུ་བྱེད་པའི་སེམས་དཔའི་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་ཟག་མེད་ཀྱི་ཡེ་ཤེས་གཅིག་མངོན་དུ་བྱས་པའི་ཚེ་དེའི་རིགས་མཐའ་དག་མངོན་དུ་བྱེད་ནུས་ཏེ། ཁྱོད་དེ་ལྟར་ནུས་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་བདེན་གཉིས་ཀྱི་དངོས་པོ་ངོ་བོ་སོ་སོར་ངེས་པར་འཛིན་པའི་ཕྱིན་ཅི་ལོག་མཐའ་དག་དང་བྲལ་བའི་ངོ་བོར་གནས་པའི་ཕྱིར། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་བྱེད་ནུས་ཏེ། ཤིང་རྟ་ཆེན་པོ་འཕགས་པ་ལྷའི་ལུགས་ལས་ཆོས་ཐམས་ཅད་བདེན་པས་སྟོང་པའི་ཆོས་ཀྱི་དབྱིངས་


GLG013_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོར་གཅིག་པ་ལ་དགོངས་ནས་དངོས་པོ་གཅིག་གི་སྟོང་པ་ཡང་དངོས་པོ་ཀུན་གྱི་ངོ་བོ་སྟོང་པ་ཉིད་ཡིན་ལ་དངོས་པོ་ཀུན་གྱི་སྟོང་པ་ཡང་དངོས་པོ་གཅིག་གི་ངོ་བོ་སྟོང་པ་ཉིད་ཡིན་ཞིང་ཡུལ་གྱི་གནས་ཚུལ་དེ་དང་མཐུན་པར་རྣལ་འབྱོར་པ་གང་གིས་དངོས་པོ་གཅིག་གི་དེ་བཞིན་ཉིད་མཐོང་བ་དེ་ཡིས་དངོས་པོ་ཀུན་ཡང་དེ་བཞིན་ཉིད་དུ་མཐོང་ཞེས་འབྱུང་བའི་ཕྱིར། གཉིས་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཡང་། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །ཅེས་སོགས་ཀྱིས་ཟག་མེད་རྣམ་པར་སྨིན་པ་འཇིག་རྟེན་པའི་དཔེས་གསུངས་པ་ལ་དགོས་པ་ཡོད་དེ། ཇི་ལྟར་ན་ཟག་པ་མེད་པའི་ཡེ་ཤེས་ཀྱི་རིགས་གཅིག་མངོན་གྱུར་པ་དམིགས་པ་ན་ཟག་པ་མེད་པའི་རིགས་ཐམས་ཅད་བསྡུས་ནས་མངོན་དུ་གྱུར་པ་ཡིན་ཞེ་ན། དེའི་ལན་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཟག་པ་མེད་པའི་ཡེ་ཤེས་ཐམས་ཅད་ཤེས་ནུས་ཏེ། ཇི་ལྟར་ཏེ་དཔེར་ན་ཟོ་ཆུན་གྱི་རྒྱུད་གཅིག་སྐྱེས་བུས་རྡོག་ཐབས་གཅིག་གིས་བསྐྱོད་པ་ན་རྒྱུད་ཐམས་ཅད་ཅིག་ཅར་འགུལ་བ་དེ་བཞིན་དུ་ནུས་པ་ཡིན་པའི་ཕྱིར། གསུམ་པ་ནི། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། སྐད་ཅིག་མ་གཅིག་ཁོ་ན་ལ་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་པ་ན་དེ་དང་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་ཏེ། དེ་ལྟར་གྱུར་ཅིག་སྙམ་པའི་སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་མཐུས་དེ་ལྟར་མངོན་དུ་བྱེད་པའི་ཕྱིར། དཔེར་ན་སྐྱེས་བུས་རྡོག་ཐབས་གཅིག་གིས་ཟོ་ཆུན་གྱི་རྒྱུད་གཅིག་བསྐྱོད་པ་ན་བཟོ་བོ་མཁས་པས་སྔོན་བཟོ་ལེགས་པར་བྱས་པའི་མཐུས་ཟོ་ཆུན་གྱི་རྒྱུད་ཐམས་ཅད་ཅིག་ཅར་དུ་འགུལ་བ་


GLG013_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དེ་ལྟར་ནུས་པའི་ཕྱིར། གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་བ་བཤད་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་སྐད་ཅིག་སྦྱོར་དང་པོ་བསྟན་ནས་གཉིས་པ་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་ཀྱི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འབད་རྩོལ་རགས་པ་ཉེ་བར་ཞི་བའི་སྐབས་སུ་ཐོབ་པའི་ཟག་མེད་ཀྱི་ཡེ་ཤེས་ཀྱི་རིགས་རྣམས་མངོན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྒྲིབ་གཉིས་དངོས་སུ་སྤོང་བྱེད་ཀྱི་གཉེན་པོ་སྒོམ་པ་མཐར་ཕྱིན་པ་གང་གི་ཚེ་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟག་མེད་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་སྐྱེས་པ་དེའི་ཚེ་སྟེ་དེའི་དུས་ཀྱི་རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། ཟག་མེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ་མངོན་དུ་བྱེད་ནུས་པའི་ལམ་ཡིན་ཏེ། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ནི། རྣམ་པར་སྨིན་པའི་གནས་སྐབས་སུ་གྱུར་པའི་ཟག་པ་མེད་པ་རྣམས་རྟོགས་པའི་རྒྱུན་མཐའི་བར་ཆད་མེད་ལམ་གྱི་ཡེ་ཤེས་ནི་ཆོས་ཅན། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གཉིས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་གསུམ་དུ་ཆོས་ཀྱི་བདག་མེད་རྟོགས་པ་གཉེན་པོ་རྫོགས་པར་བསྒོམས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བར་གྱུར་པ་ན་རྣམ་པར་བྱང་བའི་ཕྱོགས་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་


GLG013_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་གནས་ངན་ལེན་གྱི་དྲི་མ་ཐམས་ཅད་དང་བྲལ་བས་སྒྲིབ་བྱེད་དང་བྲལ་བའི་སྟོན་ཀའི་ཟླ་བའི་འོད་བཞིན་དུ་དཀར་བའི་ངོ་བོ་ཉིད་དུ་སྐྱེས་པ་དེའི་ཚེ་སྐད་ཅིག་མ་གཅིག་ཁོ་ན་ལ་དེ་ལྟར་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་བཤད་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་སྐད་ཅིག་སྦྱོར་གཉིས་པ་བསྟན་ནས་གསུམ་པ་མཚན་ཉིད་མེད་པར་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཐམས་ཅད་བདེན་གྲུབ་དང་བྲལ་བར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་རྣམས་དོན་དམ་པར་མཚན་ཉིད་མེད་པ་ཉིད་དུ་སྐད་ཅིག་མ་ནི་གཅིག་གིས་རྟོགས་པའི་སྦྱོར་བ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ཕྱིན་དྲུག་གི་སྤྱོད་པ་ཡིས་ཟིན་པའི་ཆོས་ཀུན་རྨི་ལམ་དང་འདྲ་བར་རྟོགས་པ་ལ་གནས་ནས་གོམས་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་ཅན། སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ངེས་པར་རྟོགས་པའི་རྣམ་པ་ཅན་གྱི་སྐད་ཅིག་མ་གཅིག་ཁོ་ནས་ཆོས་ཐམས་ཅད་ནི་དོན་དམ་པར་མཚན་ཉིད་མེད་པའོ་ཞེས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་པའི་ངོ་བོའི་ཆོས་རྣམས་དོན་དམ་པར་མཚན་ཉིད་མེད་པ་ཉིད་ཤེས་པའི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུམ་པ་ཡིན་ཏེ། སྔོན་ས་དགུ་པ་མན་ཆད་དུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པས་ཚོགས་གཉིས་ཉམས་སུ་མྱོང་བར་བྱས་ནས་རྟོགས་པའི་གནས་


GLG013_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སྔོན་དུ་བཏང་ནས་ད་ལྟར་ཡང་ཉེ་བར་ལེན་པའི་ཕུང་པོ་ལ་སོགས་པ་སྣང་བ་ལྟར་མ་གྲུབ་པའི་རྨི་ལམ་གྱི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ལ་དེ་ལྟར་རྟོགས་པའི་སྒོ་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པས་གནས་ཏེ་བསྐལ་པ་གྲངས་མེད་གསུམ་དུ་གོམས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། བཞི་པ་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བཤད་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་སྐད་ཅིག་སྦྱོར་གསུམ་པ་བསྟན་ནས་བཞི་པ་གཉིས་སུ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱིས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། གཟུང་འཛིན་རྫས་ཐ་དད་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། གཟུང་འཛིན་གྱི་ཆོས་རྣམས་རྫས་ཐ་དད་པ་གཉིས་སུ་མེད་པ་ཡི་དེ་ཁོ་ན་ཉིད་སྐད་ཅིག་མ་གཅིག་གིས་མཐོང་བའི་སྦྱོར་བ་བཞི་པ་ཡིན་ཏེ། དེ་རྣམས་རྨི་ལམ་གྱི་རི་ཁང་ཁྱིམ་སོགས་དང་ནི་དེ་མཐོང་བའི་ཤེས་པ་ཉིད་རྫས་ཐ་དད་པ་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར་རྟོགས་ནས་གོམས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་ཅན། གཟུང་འཛིན་གྱིས་ཆོས་ཐམས་ཅད་ཀྱང་རྫས་ཐ་དད་པ་གཉིས་ཀྱིས་སྟོང་པ་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ་ཞེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཟུང་འཛིན་གཉིས་སུ་མེད་པའི་སྐད་ཅིག་མ་གཅིག་ཁོ་ནས་རྟོགས་པའི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་བཞི་པ་ཡིན་ཏེ། རྒྱུན་མཐའི་བྱང་ཆུབ་སེམས་དཔའ་གང་གི་ཚེ་རྨི་ལམ་གྱི་རི་ཁང་ཁྱིམ་


GLG013_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་གཟུང་བ་དོན་གཞན་དང་། དེ་མཐོང་བའི་རྨི་ལམ་གྱི་ཤེས་པ་ལ་འཛིན་པ་དོན་གཞན་པར་མི་མཐོང་བ་ལྟར་སད་པའི་ཚེའང་གཟུང་བ་དང་འཛིན་པའི་ཆོས་གཉིས་དོན་གཞན་གྱི་ཚུལ་དུ་མེད་པར་རྟོགས་ནས་གོམས་པ་དེའི་ཚེ་སྟེ་དེ་ལྟ་བུའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར་ཏེ། དེ་གཟུང་འཛིན་རྫས་ཐ་དད་པ་གཉིས་སུ་སྣང་བའི་བག་ཆགས་འཁྲུལ་པ་དྲུངས་ཕྱུང་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་པ་དེ་བསྐལ་པ་གྲངས་མེད་གསུམ་གྱིས་དུས་ཡུན་རིང་མོ་ཞིག་ནས་བར་ཆད་མེད་པར་གཟུང་འཛིན་རྫས་ཐ་དད་པ་གཉིས་སུ་སྣང་བ་སྤོང་བ་ལ་གོམས་པ་ངང་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པ་དེས་ནའི་ཕྱིར། གསུམ་པ་སྐབས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བདུན་པའི་འགྲེལ་པའོ་སྟེ་བདུན་པའི་ཚིག་དོན་གཉིས་ཀྱི་ནང་ནས་དོན་གཙོ་བོར་གཏན་ལ་ཕབ་པ་ཡིན་ཏེ། སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞིའི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། རབ་འབྱམས་ཤེས་བྱའི་ཀུན་གསལ་བཞིན་རས་ལ། །བརྒལ་བརྟག་ཆུ་ཤེལ་དབང་པོའི་མིག་གི་དཀྱུས། །མ་འདྲེས་ཕྲ་ཞིབ་ཟུར་མིག་གཡོ་བ་ཅན། །དཔྱོད་ལྡན་གཞོན་ནུའི་ཡིད་ཀྱི་ཤིང་རྟ་འགུགས། །གང་ཞིག་སྦྱངས་པའི་མཐུ་དམན་ཞིང་། །གང་ཡང་མང་དུ་ཐོས་མིན་ཡང་། །གང་ཕྱིར་བདུན་པའི་སྐབས་ཀྱི་དོན། །གང་གང་དེ་དེ་བཞིན་དུ་བཤད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཞེས་བྱ་བ་ལས། སྐབས་བདུན་པའི་ཚིག་
དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།མངྒལཾ།། །།


previousསྐབས་བདུན་པའི་ཚིག་དོན་མཐའ་དཔྱོད།next