Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
བདེ་བར་གནས་པའི་རྐྱེན་ཟས་བཞི་བཤད་པ།
   
   
   
   
   
   
   
   
   
   
   
   
  expand section


 
previousབདེ་བར་གནས་པའི་རྐྱེན་ཟས་བཞི་བཤད་པ།next

བདེ་བར་གནས་པའི་རྐྱེན་ཟས་བཞི་བཤད་པ།


GLG014_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གནས་པའི་རྐྱེན་ཟས་མཐའ་གཉིས་སུ་མ་ལྷུངས་པར་བསྟེན་ཚུལ་ནི། སྨན་གྱི་གཞི་ལ་ཀུན་མཁྱེན་ཀླུ་སྒྲུབ་རྗེའི་ལེགས་བཤད་ཉི་མའི་འོད་ཟེར་གྱི་སྨན་གཞིའི་ཟུར་བཀོལ་རིན་ཅེན་ཕྲེང་བ་ལས་བཤད་པའི་རང་ལུགས་སྙིང་པོ་ཅུང་ཟད་བསྡུས་ན། སྨན་གྱི་ངོ་བོ་ནི་སྤྱིར་དྲི་རོ་རེག་བྱ་གསུམ་གང་རུང་གིས་བསྡུས་པའི་ཁམ་ཟས། དེ་དང་ཟས་བཞིའི་ཟླས་ཕྱི་བའི་ཁམ་ཟས་དོན་གཅིག་སྟེ། མཛོད་ལས། ཁམ་གྱི་ཟས་ནི་འདོད་པ་ཡི། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །ཞེས་གསུངས། འདིར་བསྟན་སྨན་གྱི་ངོ་བོ་ཁམ་ཟས་གང་ཞིག །བཅས་ལྡན་དགེ་སློང་ལ་རུང་བའི་རིགས་སུ་གནས་པ་དེ། དབྱེ་(༡༢༨ན)


GLG014_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ན་དུས་རུང་སོགས་བཞི། དང་པོ་དུས་རུང་སྨན་གྱི་ངོ་བོ། སྨན་བཞི་གང་རུང་གང་ཞིག །རབ་ཏུ་བྱུང་བས་སྔ་དྲོ་ཁོ་ན་ལོངས་སྤྱོད་དུ་རུང་བའི་རིགས། དབྱེ་ན་བཟའ་བ་དང་བཅའ་བ། དང་པོ་ལ་ཚིག་ལེར། སྣ་ཚོགས་འབྲས་ཆན་ཟན་དང་ཤ ། ཕྱེད་དང་འཁུར་བ་བཟའ་བ་ལྔ། ཞེས་དང་། སུམ་བརྒྱ་པར། ནས་ཆན་སྣུམ་འཁུར་འབྲས་ཆན་ཉ་དང་ཤ ། འདི་དག་སྲོག་གནས་བྱ་ཕྱིར་བཟའ་བར་བྱ། ཞེས་དང་། འགྲེལ་ཆེན་སོགས་སུ། འབྲས་ཆན། ཟན་དྲོན། ཤ་དང་། སྣུམ་འཁུར། ལྡེ་གུ་དང་ལྔ་ལ་བཤད་ཅིང་། དེ་དག་ཏུ་མ་འདུས་པ་ཕྱེ་མར། འོ་འཛར། ཞོ་དང་། དར་བ། ཐུག་པ་ལ་སོགས་པ་རྣམས་ཀྱང་དུས་རུང་ཡིན་ལ། འདིར་ལྡེ་གུ་དང་སྐྱོ་མ་གཅིག་ཅིང་། སྐྱོ་མ་ཐུག་པ་ཟན་དྲོན་གསུམ་གྱི་ཁྱད་རིམ་པར། བཟར་བུ་གྱེན་དུ་བསྒྲེང་མི་ནུས་པ། ནུས་པ། སོར་མོ་ལྔའི་རྗེས་དོད་པ་རྣམས་ཡིན་པ་དང་། བུ་རམ་བསྒར་མ་ནི་ཅིས་ཀྱང་ཞག་བདུན་པ་ཡིན་པས། རབ་བྱུང་དག་གིས་ཀྱང་དགོངས་དུས་སྤྲོ་ཞིང་ལོངས་སྤྱོད་པས་ཆོག་པ་ཡིན་ནོ། །བཅའ་བ་ལྔ་ནི་ཚིག་ལེར་རྩ་བ་སྡོང་བུ་མེ་ཏོག་འབྲས། །ལོ་མ་ཡང་ནི་བཅའ་བ་ལྔ། ཞེས་པ་ལྟར་ཡིན་ལ། དེ་ཡང་རྩ་བ་ནི། ཐུ་ལུ་ལ་ཕུག །གྲོ་མ་སོགས། སྡོང་བུ་ནི། བུ་རམ་ཤིང་སོགས། མེ་ཏོག་ནི། ཨུཏྤལ་པདྨ་སོགས། འབྲས་བུ་ནི། རྒུན་འབྲུ། ཁམ་སྟར་སོགས་ལོ་མ་ནི། ཐུ་ལུ་དང་། ལ་ཕུག་སོགས་ཀྱི་ལོ་མ། སྒྲ་བཤད་ནི། རབ་བྱུང་དག་གིས་སྔ་དྲོ་ལོངས་སྤྱད་དུ་རུང་ཞིང་ཕྱི་དྲོའི་ཆར་མི་རུང་བས་ན་དུས་རུང་། བྱེད་ལས་ནི། བཀྲེས་པའི་ནད་སེལ། གཉིས་པ་ཐུན་ཚོད་དུ་རུང་བའི་སྨན་གྱི་ངོ་བོ་ནི། སྨན་བཞི་གང་(༡༢༨བ)


GLG014_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གང་ཞིག །ཐུན་ཚོད་ཀྱི་མཐའ་ཅན་དུ་བྱིན་གྱིས་བརླབ་ཏུ་རུང་བའི་རིགས་གནས་ཀྱི་བཏུང་བ། དབྱེ་ན་སྨན་བཞི་སོ་སོའི་རྒྱུ་ལས་བྱུང་བ། ཚགས་ཀྱིས་བཙགས་པའི་རྩམ་ཐང་དང་རུས་ཐང་ཤིན་ཏུ་སླ་བ་བཞིན་གྱི་གཟུགས་བརྙན་སྣང་བ་ལྟ་བུ་དུས་རུས་གི་རྒྱུ་ལས་བྱུང་བ། དར་སིང་ཆུར་ཁུ་ལྟ་བུ་ཆུ་དང་འདྲེས་པའི་དྭངས་མ་ཚགས་ཀྱིས་བཙགས་པ་ཐུན་ཚོད་ཀྱི་རྒྱུ་ལས་བྱུང་བ། སྦྲང་བུར་གྱི་དྭངས་མ་ཤིན་ཏུ་སླ་བ་ལྟ་བུ་ཞག་བདུན་པའི་རྒྱུ་ལས་བྱུང་བ། ཨ་བར་སྐྱུར་གསུམ་སོགས་ཀྱི་ཁུ་བ་ཤིན་ཏུ་སླ་བ་ལྟ་བུ་འཚོ་བཅང་གི་རྒྱུ་ལས་བྱུང་བ། སྒྲ་བཤད་ནི། ཐུན་ཚོད་ཀྱི་མཐའ་ཅན་དུ་བྱིན་གྱིས་བརླབས་ནས་ལོངས་སྤྱོད་རུང་བས་སོ། །བྱེད་ལས་ནི་སྐོམ་པའི་ནད་སེལ། གསུམ་པ་ཞག་བདུན་པའི་སྨན་གྱི་ངོ་བོ་ནི་སྨན་བཞི་གང་རུང་གང་ཞིག །ཞག་བདུན་གྱི་མཐའ་ཅན་དུ་བྱིན་གྱིས་བརླབ་རུང་བའི་རིགས། དབྱེ་བའམ་མཚན་གཞི་འབྲུ་མར། ཞུན་མར། བུ་རམ། སྦྲང་རྩི། མར་གསར། ཧྭགས་སོགས། སྒྲ་བཤད་ནི་ཞག་བདུན་དུ་བྱིན་གྱིས་བརླབ་རུང་བས་སོ། །བྱེད་ལས་ནི། གཙོ་བོ་རླུང་ནད་སེལ་བ་སོགས། བཞི་པ་འཚོ་བཅང་གི་སྨན་གྱི་ངོ་བོ་ནི། སྨན་བཞི་གང་རུང་གང་ཞིག །ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབ་རུང་བའི་རིགས་གནས། དབྱེ་ན་འཇིག་རྟེན་ན་སྨན་དུ་གྲགས་པའི་རྩ་བ། སྡོང་བུ། ལོ་མ། མེ་ཏོག །འབྲས་བུ་ལྔ། དང་པོ་ནི། གླ་སྒང་། ཤུ་དག །བོང་དཀར་ལྟ་བུ། གཉིས་པ་ཙན་དན། ཤུག་པ། སླེ་ཏྲེས་ལྟ་བུ། གསུམ་པ། བ་ཤ་ཁ། ནིམ་པའི་ལོ་མ་ལྟ་བུ། བཞི་པ་ནིམ་པ། བ་ཤ་ཁ། ཀླུ་ཤིང་གི་མེ་ཏོག་ལྟ་བུ། ལྔ་པ། ཨ་བར་སྐྱུར་(༡༢༩ན)


GLG014_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནི་ལེ་ཤམ་ལྟ་བུ་ཡིན། སྒྲ་བཤད་ནི། ཇི་སྲིད་མ་ཤིའི་བར་དུ་བྱིན་གྱིས་བརླབ་རུང་བ། བྱེད་ལས་གཙོ་བོར་འདུས་པའི་ནད་སེལ་བར་བྱེད། སྨན་བཞི་པོ་དེ་དག་ཀྱང་དུས་རུང་ལ་བྱིན་བརླབས་མེད་ཅིང་བྱིན་ལེན་བྱས་ནས་སྔ་དྲོའི་དུས་ལོངས་སྤྱོད། ཕྱི་མ་གསུམ་ནི་དུས་དང་། དུས་མིན་ཐམས་ཅད་དུ་ལོངས་སྤྱོད་དུ་རུང་བ་ཡིན་མོད། བྱིན་གྱིས་མ་བརླབས་ན། སྔ་དྲོ་བྱིན་ལེན་བྱས་པ་གུང་དང་། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ཀྱི་མཐའ་ལས་འདས་ན་གསོག་འཇོག་ཏུ་འགྱུར། ཐུན་ཚོད་དུ་རུང་བ་བྱིན་གྱིས་བརླབས་ན་བརླབ་དུས་སྔ་དྲོ་ཡིན་པས་དེ་ནས་ཐུན་ཚོད་ཀྱི་མཐའ་ཚུན་ལོངས་སྤྱད་ཆོག །དེ་ལས་འདས་ན་གསོག་འཇོག་དང་སྤང་ལྟུང་གཉིས་ཀ་འབྱུང་། ཞག་བདུན་པ་བྱིན་གྱིས་བརླབས་ན་བརླབས་པའི་སྔ་དྲོ་ནས་ཞག་བདུན་གྱི་བར་ལོངས་སྤྱད་ཆོག་དེ་ལས་འདས་ན་གསོག་འཇོག་དང་སྤངས་ལྟུང་གཉིས་ཅར་འབྱུང་། འཚོ་བཅང་བྱིན་གྱིས་བརླབས་ནས་ཇི་སྲིད་མ་ཤིའི་བར་ལོངས་སྤྱད་དུ་རུང་བས་འདི་ལ་གསོག་འཇོག་དང་སྤང་ལྟུང་གཉིས་ཀ་མི་བསྐྱེད། ཁ་ཅིག །འཚོ་བཅང་ནད་ལས་གྲོལ་ནས་བཅངས་ན་སྤང་ལྟུང་བསྐྱེད་ཅེས་དང་། ཁ་ཅིག་ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབ་གསུང་བ་ལུང་གིས་ཟིན་ཟོ་མེད་འདྲ། དེས་ན་བཅས་ལྡན་དགེ་སློང་གིས་གནང་བའི་དུས་ཀྱི་དམིགས་བསལ་མེད་པར་མཐའ་དེ་དག་ལས་འདས་པར་འཆང་ན་གསོག་འཇོག་དང་། དེ་ཟོས་ན་གསོག་འཇོག་ཅན་ཟོས་པའི་ལྟུང་བྱེད་འཕོག་པས་དེ་ལས་མ་འདས་པར་ལོངས་སྤྱོད་པའམ། ཡང་ན་གཞན་ལ་སྦྱིན་པའམ། ཡང་ན་བྱིན་ལེན་དང་བྱིན་བརླབས་བཤིག་པར་བྱ་སྟེ་གསོག་འཇོག་བསྲུང་བའི་ཐབས་བླ་ན་མ་མཆིས་པའོ། །ཞེས་དང་། སྨན་གྱི་ཁྱད་ཆོས་ལ་ཟས་(༡༢༩བ)


GLG014_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་པའི་སྨན་གྱི་ལྟུང་བ་བསྲུང་ཚུལ་དང་། ཟས་དེ་བསྟན་ཚུལ་ལོ། །དང་པོ་ལ། ཐུན་མོང་བ་རུང་ཆུའི་རྣམ་གཞག །ཐུན་མོང་མ་ཡིན་པ་བསྲུང་ཚུལ་སོ་སོ་གཉིས། དང་པོ་ལ་དྲུག་གི་གང་ལ་འཐོར་བའི་གཞི་སྨན་ཕྱི་མ་གསུམ་རུང་པ་ཚད་ལྡན་ཏེ། སློབ་དཔོན་སྦྲང་མའི་རྐང་པ་ཅན་གྱི་སོ་ཐར་ཊཱིཀར། མི་རུང་བ་དང་དུས་རུང་དང་། ཁོལ་བའི་གནས་སྐབས་རྣམས་ལ་ནི། །རུང་ཆུ་འཐོར་བར་མི་བཞེད་དོ། །ཞེས་བཤད། གང་འཐོར་ན་ཟན་དང་མ་འདྲེས་པའི་ཆུ་གཙང་མ་སྐོལ་གྲངས་མིན་པའི་རང་བཞིན་གྱིས་གྲང་བ། གང་གིས་འཐོར་ན་བསྙེན་པར་མ་རྫོགས་པ། འོན་ཀྱང་རྫོགས་པས་གོ་ནི་ཆོད། ཚུལ་ཇི་ལྟར་འཐོར་ན་ཀུ་ཤ་ལ་སོགས་པས་ཆུ་འཐོར་བའི་ཐ་སྙད་བྱས་པ་ཙམ། དུས་ནམ་གྱི་ཚེ་འཐོར་ན་སྨན་བྱིན་རླབས་བྱེད་ན་སྔ་དྲོ་དང་། དེ་མིན་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དུ། དགོས་པ་ནི། དངོས་ཀྱིས་སྨན་ཕྱི་མ་གསུམ་ལ་རུང་ཆུ་མ་བཏབ་པར་ལོངས་སྤྱད་ན་བསྙེན་པར་རྫོགས་པ་ལ་བཤགས་བྱ་དང་། མ་རྫོགས་པ་ལ་བསྡམ་བྱའི་ཉེས་བྱས་འབྱུང་བས་དེ་ཁེགས་པ་རྒྱུད་ཀྱི་དགོས་པ་ཕྱི་དྲོ་དང་མཚན་མོ་ལོངས་སྤྱད་དུ་རུང་མི་རུང་གི་བཅས་པའི་མཚམས་ཟིན་པའི་ཆེད་ཡིན། ངེས་ཚིག་ནི་དུས་མིན་དུ་ལོངས་སྤྱོད་རུང་བ་རུང་བར་ངེས་པས་སོ། །བྱིན་གྱིས་བརླབ་པ་ནི། ཡུལ་དགེ་སློང་ཞིག་གི་དྲུང་དུ། རང་ལས་བསླབ་པ་རྒན་ན་ཕྱག་བྱས། སྨན་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་ཞུ། ཡུལ་དེས་ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ་ཞེས་བརྗོད། དེ་ནས་མཁན་པོ་འམ། སློབ་དཔོན་ནམ། བཙུན་པ་དགོངས་སུ་གསོལ་(༡༣༠ན)


GLG014_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མིང་འདི་ཞེས་བྱ་བའི་ཐུན་ཚོད་དུ་རུང་བའམ། ཞག་བདུན་པའམ། འཚོ་བཅང་གི་སྨན་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཐུན་ཚོད་དུ་རུང་བའམ། ཞག་བདུན་པའམ། ཇི་སྲིད་འཚོ་བཅང་དུ་རུང་བར་བྱིན་གྱིས་བརླབ་བོ། །ལན་གསུམ་དང་ཐབས་ལེགས་བྱ། ཞུ་མཁན་དེས་སྨན་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ། ཡུལ་དེས་ཆོས་བཞིན་འདུལ་བ་བཞིན་མཛད་པ་ངོ་མཚར་ཆེ། ཞེས་བརྗོད། སྤྱོད་ལམ་ཡུལ་དེའི་མདུན་དུ་ཙོག་པུར་འདུག་སྟེ། སྨན་དེ་གཉིས་ཆར་གྱི་ལག་པ་གཡོན་པའི་མཐིལ་དུ་བཞག །གཡས་པས་སྟེང་ནས་བཀབ་སྟེ་བྱ་བ་ཡིན། དེ་ལྟར་བྱིན་གྱིས་བརླབས་པའི་དགོས་པ་ནི་གསོག་འཇོག་ཏུ་སོང་བའི་ཉེས་པ་ཁེགས་པ་དང་། དགེ་སློང་ནད་པས་བྱིན་ལེན་བྱ་མི་དགོས་པར་ཚེགས་ཆུང་ངུས་བདེ་བ་ལ་རེག་པར་གནས་པ་དང་བཅས་པའི་མཚམས་ཟིན་པའི་ཆེད་ཡིན་ནོ། །ཞེས་དང་། གཉིས་པ་སྨན་ལ་བརྟེན་ནས་ལྟུང་བ་བསྲུང་ཚུལ་ལ། གསོག་འཇོག་གི་སྤང་ལྟུང་བསྲུང་ཚུལ། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་བསྲུང་ཚུལ། དུས་མིན་དུ་ཟ་བའི་ལྟུང་བྱེད་བསྲུང་ཚུལ། སྤངས་པ་ཟ་བའི་ལྟུང་བྱེད་བསྲུང་ཚུལ། གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་བསྲུང་ཚུལ་ལོ། །དང་པོ་ནི། བཅས་ལྡན་དགེ་སློང་གིས་གཞི་སྨན་རྣམ་བཞི་གང་རུང་རུང་བ་ཚད་དང་ལྡན་པ། ངོ་བོ་ཡོངས་སུ་རྫོགས་པ། རང་ཉིད་དབང་ཞིང་གནས་སྐབས་དབང་བྱར་ཡོད་པ། རང་ངམ་རང་དང་འདྲ་བས་བྱིན་ལེན་བྱས་ལ། བྱིན་ལེན་མ་ཞིག་པ། ལྷའི་བདུད་རྩི་མིན་པའོ། །འདིར་རུང་བ་ཞེས་པ་ནི། རང་གི་ལག་ཉར་སོང་བ་ནི་མི་རུང་བའི་ཟས་ཡིན་ལ། དེ་ལྟ་(༡༣༠བ)


GLG014_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་སོགས་པ་མིན་པ། ཚད་དང་ལྡན་པ་ནི་མགུལ་དུ་མིད་རིན་ཆོག་པ། ངོ་བོ་རྫོགས་པ་ནི་ཚ་ཆུ། འགྱུར་བྱེད་ཀྱི་ཆུ། རྙོག་ཆུ་སོགས་ནི་ཟས་ཀྱི་ཆེད་ཡིན་པས་མ་རྫོགས་པའོ། །རང་དང་འདྲ་བ་ཞེས་པ་ལྔ་སྟེ་ཆོ་གའི་སྒོ་ནས་འདུལ་བའི་ལག་ལེན་ཚུལ་བཞིན་བྱེད་པ་རྣམས་འདྲ། དེ་བྱེད་པ་དང་མི་བྱེད་པ་མི་འདྲ། དེ་བཞིན་དུ་སྡོམ་པའི་སྒོ་ནས་བསྙེན་པར་རྫོགས་པ་ནང་ཕན་ཚུན་འདྲ། རྫོགས་པ་དང་མ་རྫོགས་པ་ལྟ་བུ་མི་འདྲ། ལྟ་བ་དང་མཚན་མཐུན་པ་རྣམས་འདྲ། མཐུན་པ་དང་མི་མཐུན་པ་རྣམས་མི་འདྲ། མཆོག་དང་མཆོག་མིན་གྱི་སྒོ་ནས་ཕམ་པས་མ་གོས་པ་ཕན་ཚུན་འདྲ། གོས་པ་དང་མ་གོས་པ་མི་འདྲ་བ་ལས་འདི་ལྟ་བུའི་འདྲ་བའི་ལྔ་ཚར་ཚང་ན་འདྲ་བའི་ཐ་སྙད་འཐོབ་ལ། མི་འདྲ་བ་ལ་གང་རུང་གཅིག་མི་འདྲ་བས་ཆོག་ཅེས་འདུལ་འཛིན་སྔ་མ་དག་བཞེད་ཀྱང་འདྲ་བ་ལའང་ལྔ་ཚར་ཚང་དགོས་པའི་ངེས་པ་མེད་པས་དེ་ལྟ་བུ། ལྷའི་བདུད་རྩི་གནང་བ་ཡིན་ཞིང་དེ་དང་འདྲ་བའི་དཀོན་ཟས་འགའ་ཞིག་ལའང་མཚུངས་སམ་སྙམ་ན། སྨན་ཕྱི་མ་གསུམ་ལ་ནི་བྱིན་གྱིས་བརླབས་པའམ་མ་བརླབས་ཀྱང་རྗེས་སུ་འབྲེལ་བ་དགོས་ཏེ། དེ་གསུམ་བྱིན་གྱིས་མ་བརླབས་པར་བྱིན་ལེན་བྱས་ནས་རང་དུས་ལས་འདས་ཏེ་གསོག་འཇོག་ཏུ་སོང་བ་ལ་ནི་ཉེས་བྱས་ཙམ་ཞིག་འབྱུང་གི་སྤང་ལྟུང་མི་འབྱུང་བའི་ཕྱིར་དང་། སྨན་བཞི་བྱིན་ལེན་མ་བྱས་པར་འཆང་བ་ལ་ཉེས་པ་མ་བཅས་པ་འདྲ་ནའང་བྱིན་ལེན་མ་བྱས་པར་ཟ་བ་ལ་ལྟུང་བྱེད་འབྱུང་བའི་ཕྱིར་རོ། །གནད་འདི་ཡང་དྲན་དགོས་སོ། །བདག་ཉིད་ནི། དགེ་སློང་ཕ་མ་དང་དགེ་སློང་མ་གསུམ་གང་རུང་ཡིན་པ་སྟེ། དགེ་སློབ་མ་ལ་གསོག་(༡༣༡ན)


GLG014_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་གི་སྤང་ལྟུང་མ་བཅས་ཀྱང་ལྟུང་བ་བཅས་འདུག་པའི་ཕྱིར་རོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཟ་བའི་ཆེད་དུ་རང་དུས་འདས་ནས་ཀྱང་། འཆང་འདོད་ཀྱི་བསམ་པ་རྒྱུན་མ་ཆད་པ། སྦྱོར་བ་དེ་ལྟར་འཇོག་པར་རྩོམ་པ། མཐར་ཐུག་རང་རང་གི་དུས་ལས་འདས་པ་ན། གསོག་འཇོག་གི་སྤང་ལྟུང་དངོས་གཞི་གྲུབ། ཅེས་དང་། དེས་ན་འཚོ་བཅང་གི་སྨན་བྱིན་གྱིས་བརླབས་པ་དེས་སྤང་ལྟུང་མི་བསྐྱེད་དེ། མ་ཤིའི་བར་དུ་རང་དུས་ལས་འདས་པ་མིན་ལ། ཤི་ནས་རྟེན་བོར་བས་སྤང་ལྟུང་མི་བསྐྱེད་པའི་ཕྱིར་རོ། །འོ་ན་སྨན་ཕྱི་མ་གཉིས་བྱིན་གྱིས་མ་བརླབས་པས་སྤང་ལྟུང་གཏན་ནས་མི་བསྐྱེད་དམ་སྙམ་ན་མ་ཡིན་ཏེ། ཚེས་གཅིག་ལ་བུ་རམ་གྱི་སྨན་གཅིག་རྙེད་ནས་བྱིན་གྱིས་བརླབས། དེའི་ཉིན་ནམ་ཚེས་གཉིས་ནས་བདུན་གྱི་བར་ལ་བུ་རམ་གྱི་སྨན་གཞན་བརྙེད་པ་བྱིན་གྱིས་མ་བརླབས་ཀྱང་ཞག་བརྒྱད་པའི་སྐྱ་རེངས་ཤར་བའི་ཚེ་དེ་ཐམས་ཅད་ཀྱི་སྤང་ལྟུང་བསྐྱེད་པའི་ཕྱིར་ཏེ། བྱིན་གྱིས་བརླབས་པས་རང་སྟོབས་དང་། མ་བརླབས་པ་རྣམས་ལ་ཤན་དང་འདྲེས་པའི་སྐྱོན་གྱིས་ཤན་སྟོབས་ཀྱི་སྤང་ལྟུང་བསྐྱེད་པའི་ཕྱིར་རོ། །དེ་ནི་ཤན་འདྲེས་པའི་སྐྱོན་ནོ། །དེས་ན་སྨན་ལ་ཤན་བརྡེག་བྱེད་བྱིན་གྱིས་བརླབས་པ་ཞིག་དགོས་པའི་གནད་རྟོགས་ན་དཀའ་བའི་གནད་ལས་རང་གྲོལ་ཏེ། རང་སྟོབས་ཀྱི་གསོག་འཇོག་གི་སྤང་ལྟུང་བསྐྱེད་པ་ལ། སྨན་བྱིན་གྱིས་བརླབས་པ་ཞིག་དགོས་པའི་གནད་ཀྱིས་ཡིན་པའི་ཕྱིར་རོ། །འོ་ན་ཐུན་ཚོད་ཀྱི་མཐའ་ཇི་ལྟར་སྙམ་ན་བཞེད་པ་མི་འདྲ་བ་མང་ཡང་འབུམ་ཕྲག་གསུམ་པའི་དགོངས་པ་(༡༣༡བ)


GLG014_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་ཐུན་ཚུན་ལ་མཛད་པ་ལུང་གིས་གྲུབ་སྟེ། སྨན་གཞིར། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བཏུང་བ་བརྒྱད་པོ་འདི་དག་ནི། དུས་སུ་བྱིན་གྱིས་བརླབས། དུས་སུ་མཉེས། དུས་སུ་བཙགས། དུས་སུ་བྱིན་གྱིས་བརླབས་ནས་དུས་སུ་ལོངས་སྤྱད་པར་བྱ་ཞིང་། དུས་མ་ཡིན་པར་ཡང་ལོངས་སྤྱད་པར་བྱ་སྟེ། ནམ་གྱི་ཐུན་དང་པོ་ཐལ་ནས་ནི་ལོངས་སྤྱད་པར་མི་བྱའོ། །ཞེས་བཤད་པའི་ཕྱིར་རོ། །འོ་ན་ནད་པ་ལ་མཚན་མོའི་ཐུན་ཕྱི་མ་གཉིས་ལ་སྐོམ་པའི་ནད་བྱུང་ན་ཇི་ལྟར་བྱ་སྙམ་ན། དེའི་ཚེ་སྲོད་ཐུན་འདས་ནས་ཀྱང་བྱིན་རླབས་བྱས་ཏེ་ལོངས་སྤྱད་པས་རུང་ཞེས་རོང་སྟོན་ཆེན་པོས་ཚིག་ལེའི་ཊི་ཀར་བཤད་པ་ལྟར་ལེགས་སོ། །གཉིས་པ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་བསྲུང་ཚུལ་ལ། ལྟུང་བའི་རྣམ་གཞག་དང་། བྱིན་ལེན་གྱི་རྣམ་གཞག་གཉིས། དང་པོ་ནི་རྟོགས་སླ། འོན་ཀྱང་གནང་བའི་དུས་ལམ་བརྒྱགས་ལྟ་བུ། གནས་སྒྲ་མི་སྙན། ཟན་གཅོད་ཀྱི་ཆོ་ག་བྱས་པ། ན་བ། མུ་གེའི་དུས་རྣམས་སུ་བྱིན་ལེན་མི་དགོས་ཏེ་དེ་ལྟར་བྱས་ཆོག་པ་གནང་བའི་ཕྱིར་རོ། །འོ་ན་ཟན་གཅོད་ཀྱི་ཆོ་ག་ཇི་ལྟ་བུ་སྙམ་ན། ཚིག་ལེ་ལས། ལམ་དུ་སོང་ཚེ་ལམ་བརྒྱགས་དག །ཁུར་ཁྱེར་སུ་ཡང་མེད་པ་ན། བརྗེ་བ་ཡི་ནི་འདུ་ཤེས་ཀྱིས། །རང་ཉིད་ཀྱིས་ནི་ཁུར་བར་བྱ། །བརྗེ་བ་གཞན་དག་མེད་པ་ན། །ཉི་མ་དང་པོ་ཟན་བཅད་བྱས། །གཉིས་པ་ལ་ནི་སྤར་གང་ཙམ། །བཟའ་ཡི་དེ་ལས་ལྷག་པ་མིན། །ཉི་མ་གསུམ་པར་སྤར་བ་གཉིས། །དེ་ལས་ཕར་ནི་ཅི་བདེར་བྱ། །ཞེས་གསལ་བར་བཤད་པ་བཞིན་བྱིན་ལེན་སྟོབ་མཁན་གཏན་མ་རྙེད་པའི་ཚེ་ཉི་མ་གཅིག་ཟན་(༡༣༢ན)


GLG014_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པར་བྱའོ། །དེ་ནས་ཉི་མ་དང་པོ་ལ་སྤར་བ་གང་བཟའ་འོ། །ཉི་མ་གཉིས་པ་ལ་ནི་སྤར་བ་དོ་བཟའ་འོ། །གསུམ་ཕན་ཆད་ཇི་ཙམ་གྱིས་ཆོག་པ་བཟའ་ལ་བྱིན་ལེན་བྱེད་མི་དགོས་པ་ཡིན་ནོ། །འདི་ལྟ་བུའི་ཟན་གཅོད་ཀྱི་ཆོ་ག་ནི། དགེ་སློང་མཚམས་དམ་པོར་ཐུགས་དམ་ལ་ཞུགས་པ་འདུལ་བ་ལ་གཅེས་སྤྲས་བྱེད་པ་དག་ལ་ཉེ་བར་མཁོ་ཞིང་། ཆོ་ག་འདི་བྱས་ནས། ཤིན་ཏུ་བཀྲེས་པའི་ཚེ། ཤིང་ཏོག་རུང་བ་མ་ཡིན་པ་དང་། དུས་མིན་ཟ་བ་སོགས་ཀྱང་གནང་བ་ཡིན་ཏེ། རྒྱ་ཆེར་འགྲེལ་ལས། དགེ་སློང་ཟན་བཅད་བྱས་པས། རྒུན་འབྲུ་ལ་སོགས་པའི་ཤིང་ཏོག་རུང་བ་མ་བྱས་པ་དང་། བྱིན་ལེན་མ་བྱས་པ་དང་། ལག་ཉ་བླངས་པ་དག་ཀྱང་དུས་མ་ཡིན་པར་ཡང་བཟའ་བར་བྱ་བ་ཉིད་ཡིན་ནོ། །ཞེས་བཤད་པས་སོ། །གཉིས་པ་བྱིན་ལེན་གྱི་རྣམ་གཞག་ལ་གསུམ་གྱི་བྱིན་ལེན་དངོས་ནི། གཞི་ཆུ་དང་སོ་ཤིང་མ་གཏོགས་པའི་སྨན་རྣམས་བཞི་རུང་བ་ཚད་ལྡན། དེ་ཡང་ཁ་བཤལ་བའི་ཆུ་ལ་བྱིན་ལེན་མི་དགོས་ཀྱི། སྐོམ་པས་བཏུང་བར་བྱ་བ་ཡིན་ན་བྱིན་ལེན་དགོས། མི་རུང་བ་ནི་ངོ་བོའི་སྒོ་ནས་བཙོང་སྒོག །ཤ་རྗེན་པ། རྟ་ཤ །བོང་ཤ །གླང་པོ་ཆེའི་ཤ་སོགས། ཆོ་གའི་སྒོ་ནས་མི་རུང་བ། ལག་ཉ་ཅན། མཚམས་བཙོས་ཞག་ལོན། རྗེན་བཙོས། གསོག་འཇོག་ཏུ་སོང་བའི་ཟས་སོགས། སྟོབས་པ་པོ་སྤྱིར་བསྙེན་པར་མ་རྫོགས་པ། བྱིན་ལེན་སྟོབ་པར་འོས་པ། ཞེ་ཐག་པ་ནས་སྟོབ་འདོད་པ། ཟས་དེ་གྱེན་དུ་འདེགས་ནུས་པ། ནོད་པ་པོའི་གློ་གཡས་གཡོན་རྒྱབ་དང་། དེ་ལས་མཐོ་བར་བསྡད་པ་མ་ཡིན་པ། ལག་པ་གཉིས་གྱེན་དུ་བཀན་པ་དང་བཅས་པ། དམིགས་(༡༣༢བ)


GLG014_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བསླབ་བྱིན་དགེ་སློང་གིས་དགེ་སློང་རྣམ་དག་ལ་བྱིན་ལེན་ཆགས། དགེ་སློང་རྣམ་དག་ཀྱང་ཕ་མ་ཕན་ཚུན་གཅིག་གིས་གཅིག་ལ་བྱིན་ལེན་ཆགས། དགེ་སློང་ཕ་ནང་ཁུལ་དུའང་བསླབ་པ་གཡེལ་བས་མི་གཡེལ་བ་ལ་ཆགས། ལྟ་བ་ཐ་དད་པས་ཆགས། མཆོག་མིན་པས་མཆོག་ལ་ཆགས་པ་སོགས། བྱིན་ལན་ནོད་པ་པོ་ནི། དགེ་སློང་ཕ་མ་དགེ་སློང་མ་དང་གསུམ་གང་རུང་ཡིན་པ། ལངས་པ་མིན་པར་ས་ལ་འདུག་བཞིན་པ། ལག་པ་གཉིས་གྱེན་དུ་བཀན་ནས་ལེན་པ། དེ་གཉིས་ཀྱི་བར་དུ་རགས་པ་མཚམས་གཞན་གྱིས་བར་མ་ཆོད་པར་མཚམས་གཅིག་གི་ནང་དུ་ཆུད་པའོ། །བྱིན་ལེན་སྟོབ་པ་པོ་བསྡད་པས་ཀྱང་ཆགས་མོད། མ་གུས་པ་སྤང་བའི་ཕྱིར་ལངས་དགོས་ཞེས་གདམས་སོ། །བསམ་པ་འདུ་ཤེས་མ་འཁྲུལ་ཞིང་། རང་ངམ་རང་དང་འདྲ་བ་ཟ་བའི་ཕྱིར་དུ་སྟོབ་འདོད་དང་ལེན་འདོད་ཀྱི་བསམ་པ་རྒྱུན་མ་ཆད་པ་སྦྱོར་བ་ལག་པ་གཉིས་གྱེན་དུ་བཀན་པས་སྟོབ་པའོ། །ལེན་པར་བརྩམས་པ། མཐར་ཐུག་ལེན་པ་པོའི་ལག་པའམ་ལག་པ་དང་འབྲེལ་བའི་སྣོད་དུ་འཐོབ་པ། རགས་པ་མཚམས་གཞན་ནི། རྡོ་བ། དབྱུག་པ། རྩིག་པ། བར་མཚམས་ཀྱི་བུ་ག་ནམ་མཁའ། སྲོག་ཆགས། གོས་ལ་སོགས་པ་ཞེང་དང་དཔངས་སོར་བཞི་ཡན་དང་དཀྱུས་ཁྲུ་གང་ཡན་གྱི་བར་ཆོད་པ། ཁ་ཅིག་ཅུང་ཟད་རྒྱུག་པའི་ཆུ་དང་མེ་དོན་བྱེད་ནུས་པའང་འདོད། འོ་ན་ཅོག་ཙེ་སོགས་ཀྱི་སྟེང་དུ་ཞེ་ན། བྱིན་ལེན་ནོད་པའི་གཞི་ཡིན་ན་ཆགས་ཏེ་ཁྲི་དང་ཁྲིའུ་སོགས་ཀྱི་སྟེང་དུ་ཆགས་པར་བཤད་པའི་ཕྱིར། དམིགས་བསལ་ལག་པ་གཉིས་ཀས་མི་བདེ་ན་གཅིག་གིས་དང་། ཐག་ཉེ་བ་ནས་མི་བདེ་ན་རིང་པ་ནས་སྟབས་ཀྱང་(༡༣༣ན)


GLG014_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པ། སྤེའུ་དང་གླང་པོ་ཆེ་ཅང་ཤེས་ལྟ་བུས་མཐོ་ས་ནས་སྟབས་ཀྱང་ཆོག་པ། ཚིག་ལེ་ལས། བྱིན་ལེན་བྱའོ་མི་བདེ་ན། །རྒྱང་རིང་ནས་ཀྱང་རུང་བ་ཉིད། །ཅེས་དང་། འདི་ལ་ཅང་ཤེས་གླང་པོ་རྟ། །སྤྲེའུ་ཡིས་ཀྱང་རུང་བ་ཉིད། །ཅེས་བཤད་པའི་ཕྱིར་རོ། །ཡང་དགེ་འདུན་ལ་ཟན་སྟོབ་པའི་ལག་བདེ་བ་དགེ་སློང་གིས་བྱས་ཆོག་པའི་དམིགས་བསལ་ཡང་ཡོད་དེ། དགེ་སློང་དེ་ལ་ཟས་རྣམས་བསྙེན་པར་མ་རྫོགས་པ་ཞིག་གིས་བྱིན་ལེན་བྱས་ནས། དགེ་སློང་དེས་དགེ་འདུན་ལ་ཟས་རྣམས་འབྲིམ་པར་བཤད་པའི་ཕྱིར་ཏེ་། རྩ་བར། དགེ་སློང་བྱིན་ལེན་བྱས་པས་བྲིམ་པ་ཉིད་ནི་རུང་བ་ཉིད་ཡིན་ནོ། །ཞེས་བཤད་པས་སོ། །ལྷག་མ་དེ་དག་སྤངས་ཟིན་པ་རང་གི་གནས་མལ་དུ་དགེ་སློང་རང་གི་བཟའ་བར་བྱེད་ན་ནི་ལྷག་བོར་གྱི་ཆོ་ག་དགོས་པར་སྣང་སྟེ། དེ་མ་བྱས་ན་སྤངས་པ་ཟ་བའི་ལྟུང་བྱེད་དམ། ཉེས་བྱས་གང་རུང་གིས་རེག་པར་འགྱུར་བས་སོ། །གཉིས་པ་བྱིན་ལེན་འཇིག་པའི་རྒྱུ་ནི། ལུང་བར་སྡོམས་ལས། འཕྲོགས་དང་འདྲིལ་དང་རེག་པ་དང་། །བསྔོས་དང་དགེ་སློང་མིན་གྱུར་དང་། །དངོས་པོ་འགྱུར་དང་སྐྱེ་བ་འགྱུར། །དོར་བས་ཀྱང་ནི་བྱིན་ལེན་འཇིག །ཅེས་བརྒྱད་དང་ལུང་གཞན་ལས། སྤང་ལྟུང་ཕྱིར་བཅོས་ཀྱི་ཚེ་ཟས་དེ་སྤངས་པ་དང་། མེ་ཆུ་ལ་སོགས་པས་ཟས་དེ་བརླག་པས་ཀྱང་འཇིག་པར་བཤད་དེ་བསྡོམས་པས་འཇིག་རྒྱུ་བཅུ་ཡོད་དོ། །གསུམ་པ་བྱིན་ལེན་གྱི་དབྱེ་བ་ནི། ལུང་ལས། བྱིན་ལེན་ནི་ལྔ་སྟེ། ལུས་ཀྱིས་ལུས་ལ་བྱ་བ། ལུས་དང་འབྲེལ་བས་ལུས་ལ་བྱ་བ། ལུས་ཀྱི་ལུས་དང་འབྲེལ་(༡༣༣ན)


GLG014_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ། ལུས་དང་འབྲེལ་བས་ལུས་དང་འབྲེལ་བར་བྱ་བ། བཞག་པའི་བྱིན་ལེན་ནོ་ཞེས་ལྔ་བཤད་པའི་དང་པོ་ནི་སྟོབ་པ་པོའི་ལག་པས་ནོད་པ་པོའི་ལག་པར་བྱས་པ་ལྟ་བུ། གཉིས་པ་སྟོབ་པ་པོའི་ལྟུང་བཟེད་ལ་སོགས་པའི་སྣོད་ཀྱི་ནང་ནས་ནོད་པ་པོའི་ལག་པར། གསུམ་པ་ནི་སྟོབ་པ་པོའི་ལག་པས་ནོད་པ་པོའི་ལག་པས་བཟུང་བའི་ལྷུང་བཟེད་དང་ཅོག་ཙེ་ལྟ་བུར། བཞི་པ་ནི་སྟོབ་པ་པོའི་ལག་པས་བཟུང་བའི་སྣོད་ཀྱི་ནང་ནས་ནོད་པ་པོའི་ལག་པས་བཟུང་བའི་སྣོད་ཀྱི་ནང་དུ། ལྔ་པ་ནི་རིགས་ངན་བཤན་པ་ལྟ་བུས་བཟའ་བཅའ་སོགས་དྲངས་ན་དཀྱིལ་འཁོར་རམ་རྒྱུག་རིས་སོགས་བཞག་པའི་གཞི་སྟན་དེར་ཞོག་ཅིག་ཅེས་སྨྲས་ཏེ། དེ་ནས་རང་གི་བླངས་ཏེ་ཟོས་པ་ལྟ་བུ་ལ་བྱེད་དོ། །ཡང་ཟན་གཅོད་ཀྱི་ཆོ་ག་མ་བྱས་ཀྱང་སྦྱིན་བདག་གི་བསམ་པ་དག་པས་བཏང་བའི་བཟའ་བཅའ་རྣམས། བྱིན་ལེན་མ་བྱས་པར་དུས་མིན་དུ་སྒྲ་མི་སྙན་པའི་དུས་དྲན་བྱས་པའི་སྒོ་ནས་བཟར་རུང་བ་ཡིན་ཏེ། ཚིག་ལེ་ལས། དགེ་སློང་རྣམས་ལ་སྦྱིན་བདག་གི །གལ་ཏེ་བཟའ་བཅའ་བོར་ན་ནི། །སྒྲ་མི་སྙན་པའི་དབང་བྱས་ཏེ། །དུས་ཡོལ་ནས་ཀྱང་བཟའ་བར་བྱ། །ཞེས་དང་། མདོ་རྩར། དེ་སྦྱིན་བདག་གིས་བསམ་པ་དག་པས་བཏང་བ་ཡིན་ན་རང་གིས་བླངས་ཏེ་བཟའ་བར་བྱའོ། །ཞེས་དང་། འགྲེལ་ཆེན་ལས། བྱིན་ལེན་མ་སྟབས་པར་ཟ་བ་ཐམས་ཅད་ལ་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབ་པར་བྱའོ། །ཞེས་ཐམས་ཅད་དུ་ཤེས་པར་བྱའོ། །ཞེས་དང་། དགེ་སློང་ཟན་མེད་པ་ཤིན་ཏུ་བཀྲེན་པ་ཉིད་ན་བྱིན་ལེན་མ་སྟབས་པ་དང་། རུང་བ་མ་བྱས་པ་དང་། དུས་མ་ཡིན་པར་ཟ་བ་ལ་སོགས་པ་རུང་བར་བྱ་བ་དག་ལ་རྩོམ་པའི་(༡༣༤ན)


GLG014_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་རོལ་དུ་རྩོམ་འདོད་པའི་ཚེ་ན། དགེ་སློང་དེས་བྱང་སྒྲ་མི་སྙན་ན་གྲགས་པའི་ཡིད་ལ་བྱེད་པ་བྱ་སྟེ། ཞེས་དང་། བྱིན་ལེན་བྱས་པའི་ཟས་གཞན་མེད་དམ། བྱིན་ལེན་སྟོབ་པའི་མི་ལ་སོགས་པ་མེད་ན། ཞེས་དང་། གང་ཡང་རུང་བ་ཞིག་ཡོད་ན་ནི་ཉེས་པ་ཁོ་ནར་འགྱུར་རོ། །ཞེས་སོགས་བཤད་པས་སོ། །གསུམ་པ་དུས་མིན་ཟ་བའི་ལྟུང་བྱེད་བསྲུང་ཚུལ་ལ། ལྟུང་བའི་གཞི་ནི་དུས་རུང་གི་སྨན་རུང་བ་ཚད་ལྡན། མིད་པ་གཉིས་པའི་སྒྲེག་པ་བཞི་པ་ཚུན་ཆད་མ་ཡིན་པ་དུས་རང་གླིང་གི་ཉི་མ་ཕྱེད་ཡོལ་ནས། སྐྱ་རེངས་མ་ཤར་གྱི་བར་མུ་གེ་དང་མུ་གེ་དང་འདྲ་བའི་དུས་མ་ཡིན་པ། བདག་ཉིད་དེས་ཕན་པའི་ནད་ཅན་མ་ཡིན་པ། བསམ་པ་འདུ་ཤེས་གཙོ་བོར་གྱུར་ཅིང་ཀུན་སློང་ཟ་འདོད་ཀྱི་བསམ་པ་རྒྱུན་མ་ཆད་པ། སྦྱར་བ་ཟ་བར་རྩོམ་ཞིང་མཐར་ཐུག་མགུལ་དུ་མིད་པ་ན་གྲུབ་ཅིང་། དེ་ཡང་ཁམ་མིད་ཐེངས་རེས་ལ་ལྕགས་ཀྱི་གོང་བུ་རེ་ཟ་བའི་ཉེས་པ་དང་བཅས་པ་སྟེ། སུམ་བརྒྱ་པར། རང་གླིང་སྐྱ་རེངས་དང་པོ་སོགས་བཟུང་ནས། །ཉི་མ་ཕྱེད་བར་འདི་ནི་དུས་ཡིན་ཏེ། །དེ་ཡོལ་གང་ཞིག་དུས་རུང་ཟ་བྱེད་དེ། །ཉེས་བྱས་ལྕགས་ཀྱི་གོང་བུའི་ཟས་རྣམས་ཟ། །ཞེས་བཤད། འདི་ལ་འདུ་ཤེས་གཙོ་ཆེ་བའི་གནད་ཀྱིས་འདུ་ཤེས་མུ་དྲུག་འབྱུང་བ་ཡིན་ཏེ། དུས་མ་ཡིན་པ་མ་ཡིན་པར་འདུ་ཤེས་པ་དང་། དེ་ལ་ཡིད་གཉིས་ཟ་བས་ཟོས་ན་དངོས་གཞིའི་མུ་གཉིས། དུས་ཡིན་པ་ལ་མ་ཡིན་པར་འདུ་ཤེས་པ་དང་། དེ་ལ་ཡིད་གཉིས་ཟ་བས་ཟོས་ན་ཉེས་བྱས་ཀྱི་མུ་གཉིས། དུས་ལ་དུས་སུ་འདུ་ཤེས་པ་དང་། དུས་མ་ཡིན་པར་དུས་སུ་(༡༣༤བ)


GLG014_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་པས་ཟོས་ན་ཉེས་མེད་ཀྱི་མུ་གཉིས་འབྱུང་བ་ཡིན། རང་གླིང་ཞེས་པ་སྐྱེས་པ་དང་། གནས་པའི་གླིང་དུ་བཞེད་པ་མི་མཐུན་པ་མང་ཡང་ཞུ་བ་ལས་སྐྱེས་པའི་གླིང་གཙོ་ཆེ་བར་བཤད་པ་སྤྱིར་བཏང་དང་། གཏམ་གཞི་ལས་གནས་པའི་གླིང་གཙོ་ཆེ་བར་བཤད་པ་དམིགས་བསལ་ཡིན་པས་ཕྱི་མ་དབང་བཙན་པར་བཞེད། ཉེས་མེད་ནི་སྨན་ཕྱི་མ་གསུམ་ཕྱི་དྲོ་ཟོས་པ་ལྟ་བུ་དང་། བསླབ་བྱ་ནི་ཕལ་ཆེར་གོང་དུ་སོང་ཟིན་ལ། འདུལ་ལུང་ལས། དགེ་སློང་རྣམས་མཆོད་རྟེན་གྱི་ལས་བྱེད་ཚེ་གུང་ཚིགས་ཡོལ་བ་ན་ལས་དེ་ལྟ་བུའི་ཕྱི་དྲོ་གནང་བའང་ཡོད་དོ། །བཞི་པ་སྤངས་པས་ཟ་བའི་ལྟུང་བྱེད་བསྲུང་ཚུལ་ལ། ལྟུང་བའི་རྣམ་གཞག་ནི། བཅས་ལྡན་དགེ་སློང་ནད་པ་མིན་པས། མུ་གེ་དང་མུ་གེ་དང་འདྲ་བའི་དུས་མིན་པ་སྤངས་པའི་ཉིན་མཚན་གཅིག་པོ་དེ་ཉིད་ཡིན་པ། ཟས་སྐྱོ་མ་དང་ཐུག་པའམ་དེ་དང་འདྲ་བ་གཞན་དང་དཀོན་ཟས། ལྷག་བོར་གྱི་ཆོ་ག་བྱས་པ་མིན་པའི་དུས་རུང་གི་སྨན་རུང་བ་ཚད་ལྡན། སྟན་ཐོག་གཅིག་ཏུ་ཆོག་པར་ཟོས་ནས། ངག་གི་སྒོ་ནས་ཚིག་ལྷག་མ་མེད་པ་ལྔ། གསོལ་ཅིག །སོང་ཞིག །འཚལ་ལགས་སོ། །ཆོག་གོ །མི་ཟུའོ། །ཞེས་སྨྲས་ཤིང་སྟན་ལས་ལངས་ནས་དེ་ཉིད་སླར་བསམ་པ་འདུ་ཤེས་མ་འཁྲུལ་ཞིང་། ཀུན་སློང་ཟ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ཟ་བར་རྩོམ་པ་མཐར་ཐུག་མགུལ་དུ་མིད་ཚེ་སྤངས་ཟའི་ལྟུང་བྱེད་འབྱུང་བས་དེ་བསྲུང་ཞིང་། རེ་ཞིག་གསོལ་ཅིག་ཅེས་སོགས་སྦྱར་ན། ཚིག་ལྷག་མ་མེད་པར་མ་སོང་བས་ངག་གི་སྒོ་ནས་སྤངས་པར་མ་སོང་ཞིང་། ལུས་ངག་གཉིས་ཅར་གྱིས་སྤངས་པ་མ་ཚང་ན། (༡༣༥ན)


GLG014_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ཡོངས་རྫོགས་སུ་མ་སོང་བས་ལྷག་བོར་མ་བྱས་པར་ཟོས་ཀྱང་སྤང་ཟའི་ལྟུང་བྱེད་མི་འབྱུང་བར་སེམས་སོ། །དེ་ཡང་བཟའ་བ་ལྔ་གང་རུང་ཞིག་སྤངས་ན་བཟའ་བཅའ་ཐམས་ཅད་སྤངས་པར་འགྱུར་ཏེ་གཙོ་བོ་ཡིན་པའི་ཕྱིར་རོ། །བཅའ་བ་ལྔ་གང་རུང་ཞིག་སྤངས་ན་བཅའ་བ་ཐམས་ཅད་སྤངས་བར་སོང་གི་བཟའ་བ་གང་ཡང་སྤངས་པར་མ་སོང་སྟེ། གཙོ་བོ་མ་ཡིན་པའི་ཕྱིར། ལྷག་པོར་གྱི་ཆོ་ག་ནི་གཞི་དངོས་པོ་གོང་དང་འདྲ། བསམ་པ་ལྷག་པར་བྱེད་འདོད་པས། སྦྱོར་བ་དང་པོར་བྱིན་ལེན་བྱས། ཡུལ་དེ་རྒན་ན་ཕྱག་བྱ་ཙོག་པུར་འདུག་སྟེ་གཉིས་ཀའི་ལག་པ་གཡོན་གྱི་མཐིལ་དུ་བཞག །གཡས་པས་སྟེང་ནས་བབ་སྟེ་ཆོ་གའི་སྔོན་རྗེས་སྨན་བྱིན་བརླབ་པ་བཞིན་ལ་ལྷག་བོར་གྱི་ཆོ་ག་ཞེས་བསྒྱུར། དངོས་གཞི་བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པ་ལས་བཟའ་བ་དང་བཅའ་བ་རྙེད་ཅིང་འཚལ་བར་འཚལ་ན་ལྷག་བོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ། ཐབས་ལེགས་སོགས་བརྗོད། ཡུལ་དེས་ཁམ་གཉིས་གསུམ་ཟོས་ནས་ཁྱོད་ཀྱིར་འགྱུར་གྱི་བཞུད་ཅིག་ཅེས་བརྗོད། ལུས་ངག་གཉིས་ཅར་གྱིས་མ་སྤངས་པའམ་ཡིད་ཀྱིས་མི་ཟ་བར་དམ་བཅས་པ་ཙམ་ལ་ལྷག་བོར་བྱས་ཀྱང་ཆོག་ལ་མ་བྱས་ཀྱང་འགལ་བ་མེད་དམ་བསམ་ཞིང་། ལྷག་བོར་བྱ་བའི་ཡུལ་དེ་དགེ་སློང་ཟས་ཟ་བའི་མུ་དང་བཅས་ཤིང་། སྟན་དེ་ལས་མ་ལངས་པ་སྤངས་པ་ཡོངས་རྫོགས་སུ་མ་སོང་བ་ཞིག་ངེས་པར་དགོས་ཏེ། མདོ་(༡༣༥བ)


GLG014_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བར། གནས་མ་བཏང་བས་བྱ་བ་ཉིད་དོ། །ཞེས་དང་། ཚིག་ལེ་ལས། འདུག་ས་མ་ནོར་དགེ་སློང་གིས། །གང་ཟོས་དེ་ནི་ལྷག་བོར་ཡིན། །ཞེས་གསུངས་པས་སོ། །བརྩམས་ལྡང་ནི། དགེ་སློང་ནད་པ་མིན་པས་ཆོག་པར་ཟོས་མ་ཟིན་པ། དགག་བྱ་ཟིལ་གནོན་དུ་འགྲོ་བའི་དགག་དགོས་གཞན་མེད་པ། སྨན་རྣམ་བཞི་གང་རུང་ཟ་བའི་འཕྲོ་བ་ལྡང་འདོད་ཀྱི་བསམ་པ་རྒྱུན་མ་ཆད་ཅིང་འདུ་ཤེས་མ་འཁྲུལ་བས། སྦྱོར་བ་ལྡང་བར་རྩོམ་པ། མཐར་ཐུག་ལངས་པ་ན་འབྱུང་བས་དེ་བསྲུང་དགོས་ལ། ཁ་ཅིག་བྱིན་ལེན་བྱས་ནས་ཟོས་མ་ཟིན་བར་ལ་ལངས་ན་བརྩམས་ལྡང་འབྱུང་ཞེས་སོགས་མི་འཐད་དེ། སྦྱིན་བདག་གི་སྒོར་བྱིན་ལེན་བྱས་ནས་རང་ཁྱིམ་དུ་ཟ་བ་དང་། ཟས་གྲལ་དུ་བྱིན་ལེན་བྱས་ནས་གནས་གཞན་དུ་ཟ་བ་སོགས་ལ་ཉེས་པ་མེད་པའི་ཕྱིར་རོ། །ལྔ་པ་གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་བསྲུང་ཚུལ་ལ། བཅས་ལྡན་དགེ་སློང་གིས་གནང་བ་མ་ཡིན་པར་སྨན་རྣམ་བཞི་གང་རུང་རུང་བ་ཚད་ལྡན་རང་ངམ་རང་འདྲ་བས་གསོག་འཇོག་བྱས་ལ་མ་ཞིག་པ་ངོ་བོའི་སྒོ་ནས་རུང་ཞིང་ཆོ་གའི་སྒོ་ནས་མི་རུང་བ། དུས་སུ་མུ་གེ་དང་མུ་གེ་དང་འདྲ་བའི་དུས་མ་ཡིན་པ། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གསོག་འཇོག་བྱས་པ་ཟ་བར་འདོད་པ་རྒྱུན་མ་ཆད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའི་ཚེ་དངོས་གཞི་གྲུབ་ལ། གསོག་འཇོག་ཏུ་ནམ་སོང་ན། མདོ་རྩ་བར། སྔ་དྲོའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོའི་ཟས་སུ་དང་། དེ་ཐུན་ཚོད་ལས་འདས་པ་ལྟ་བུ་ནི་གསོག་འཇོག་བྱས་པ་ཡིན་ནོ། །ཞེས་དང་། ཚིག་ལེར། སྔ་ཕྱི་གཉིས་སུ་སྤྱོད་པ་ཡི། །(༡༣༦ན)


GLG014_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རྣམ་པ་གཉིས་སུ་གསུངས། །ཞེས་པ་ལྟར། དུས་རུང་ནི། སྔ་དྲོ་ཟ་ཆེད་ཀྱི་བྱིན་ལེན་བྱས་པ་དེ་མ་ཞིག་པར་གུང་ཚིགས་ལས་འདས་པར་བཅང་ན་གསོག་འཇོག་ཏུ་འགྱུར་ལ། སྨན་ཕྱི་མ་གསུམ་བྱིན་གྱིས་མ་བརླབས་ན། སྔ་དྲོ་བྱིན་ལེན་བྱས་པ་མ་ཞིག་བར་གུང་ཚིགས་ཡོལ་བའི་ཚེ་དང་། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ཀྱི་མཐར་གསོག་འཇོག་ཏུ་འགྱུར། བྱིན་གྱིས་བརླབས་ཚེ་ཐུན་ཚོད་དུ་རུང་བ་སྤྱིར་བཏང་ཐུན་ཚོད་ཀྱི་མཐའ་དང་། དམིགས་བསལ་ཞག་བདུན་པའི་རྒྱུ་ལས་བྱུང་བའི་ཐུན་ཚོད་དུ་རུང་བའི་སྨན་ཐུན་ཚོད་ལས་འདས་ཙམ་གྱི་གསོག་འཇོག་ཏུ་མི་འགྱུར། ཞག་བདུན་པ་ནི་ཞག་བརྒྱད་པའི་སྐྱ་རེངས་ཤར་ཚེ་གསོག་འཇོག་ཏུ་འགྱུར། འཚོ་བཅང་ནི་བྱིན་གྱིས་བརླབས་པར་གསོག་འཇོག་མི་འབྱུང་སྟེ། རྒྱ་ཆེར་འགྲེལ་ལས། འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་པ་རྣམས་ལ་ནི་ཆོ་ག་འདི་མེད་དོ། །དེ་དག་ལ་དུས་ཡོངས་སུ་ཆད་པ་མེད་པ་དང་། དུས་ཐམས་ཅད་དུ་བཟའ་བར་བྱ་བ་ཡིན་ནོ། །འཚོ་བའི་བར་དུ་བཅང་བ་བྱིན་གྱིས་མ་བརླབས་པ་རྣམས་ནི། དུས་ཀྱི་ཕྱིར་བསྡུས་པ་ཡིན་ནོ། །ཞེས་གསལ་བར་བཤད་པའི་ཕྱིར་རོ། །དེའི་ཆར་གཏོགས་བཞིའི་ལག་ཉ་ནི། བཅས་ལྡན་དགེ་སློང་ནད་པ་མིན་པས། གནས་སྒྲ་མི་སྙན་མ་གཏོགས་པར་རང་གི་ལུས་སམ་ལུས་དང་འབྲེལ་བའི་དབྱུག་པ་སོགས་ཀྱི་དུས་མུ་གེ་དང་མུ་གེ་དང་འདྲ་བའི་དུས། དོན་ཁྱད་པར་ཅན་སྒྲུབ་པ། རང་དབང་མེད་པ་སོགས་གནང་བའི་དུས་མིན་པར། དངོས་པོ་སྨན་རྣམ་བཞི་ངོ་བོ་རྫོགས་པ་རུང་བ་ཚད་ལྡན། ཟས་དངོས་སམ་ནས་ཀྱི་འབྲུ། དེའི་བང་བ། (༡༣༢༦)


GLG014_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྩམ་རྐྱལ་སོགས་དེ་དང་ཉེ་བའི་སྟ་གོན་དུ་གནས་པ། རང་ངམ་རང་དང་འདྲ་བ་དབང་ཞིང་གནས་སྐབས་དབང་བྱར་ཡོད་པ། བྱིན་ལེན་སྟོབ་པར་འོས་པ་དང་མ་འབྲེལ་བ་རང་ངམ་རང་དང་འདྲ་བས་བྱིན་ལེན་ཆགས་ལ་མ་ཞིག་པ་མ་ཡིན་པ། ཆུད་ཟ་བའི་རྐྱེན་མེད་པ། གཞི་བརྟན་པོ་དང་མ་འབྲེལ་བར་དགོས་པ་ཟ་ཆེད་མ་ཡིན་པར། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རེག་འདོད་རྒྱུན་མ་ཆད་པ། སྦྱོར་བ་དེ་ལྟར་རྩོམ་པ་མཐར་ཐུག་རང་གི་ལུས་དངོས་སམ་ལུས་དང་འབྲེལ་བས་རིག་ན་ལག་ཉར་སོང་བས་དེ་དགེ་སློང་ལ་མི་རུང་བའི་ཟས་ཡིན་པས་ཟོས་ན་ཉེས་བྱས་འབྱུང་བ་ཡིན་ནོ། །འདི་ལ་འདུལ་འཛིན་ཕལ་ཆེར་རེག་པ་ཙམ་གྱིས་ལག་ཉར་སོང་བར་བཞེད་ཀྱང་། མཁས་གྲུབ་དཔལ་ལྡན་སངས་རྒྱས་དང་། མཁས་མཆོག་ཤཱཀྱ་མཆོག་ལྡན། ལག་ཉ་ལ་ཟ་ཆེད་མིན་པར་རེག་པ་ཞིག་དགོས་ཏེ། དེ་མིན་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་མེད་པར་ཐལ་བའི་ཕྱིར་གསུང་བ་བདེན་ཏེ། ལག་ཉར་སོང་བ་དེ་ནི་མི་རུང་བའི་ཟས་ཡིན་པས། དེ་ཟོས་པ་ལ་བྱིན་ལེན་མ་བྱས་པའི་ལྟུང་བྱེད་དངོས་གཞི་མི་སྐྱེད་ལ། ཟ་བྱེད་དུ་ཟས་ལ་རེག་པ་དེ་ནི་བྱིན་ལེན་མ་བྱས་པར་ཟ་བའི་སྦྱོར་བ་ཡིན་ཏེ། ལག་ཉ་མ་ཡིན་པའི་ཕྱིར་རོ། །གཉིས་པ་མཚམས་བཙོས་ནི། གནས་རང་ངམ་རང་དང་འདྲ་བ་དབང་བའི་མཚམས་ནང་ཉེ་འཁོར་དང་བཅས་པ་རུང་ཁང་མ་བཅད་པ། ཟས་སྨན་རྣམ་བཞི་རུང་བ་ཚད་ལྡན། རང་ངམ་རང་དང་འདྲ་བ་དབང་བ་ཆུད་འཛའ་བའི་རྐྱེན་མེད་པ་རྗེན་པ་དང་མ་བྲལ་བ། ཟས་དངོས་སམ། དེའི་ཉེ་(༡༣༧ན)


GLG014_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟ་གོན་དུ་གནས་པ། བདག་ཉིད་གནས་པའི་དུས་ཅན་མིན་པ། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་། ཀུན་སློང་མེའམ་རླངས་པ་སོགས་ལ་རེག་འདོད་རྒྱུན་མ་ཆད་པ། སྦྱོར་བ་རང་ངམ་བསྐོས་པས་རེག་པར་རྩོམ་པ་མཐར་ཐུག་རེག་པ་ན་གྲུབ། རྗེན་པ་དང་མ་བྲལ་བའི་མཚན་ཉིད་ནི། ཤ་སྐམ་པོ་དང་འབྲས་སོགས་མི་སྙི་པ་སུམ་ཆ་བངས་པ་དང་། ཤ་རློན་པ་ལྟ་བུ་སྙི་བ་རྣམས་ཁ་དོག་འགྱུར་བ། ཐུག་པ་འོ་མ་སོགས་ཁུ་བ་རྣམས་ལན་གསུམ་འཁོལ་ན་རྗེན་པ་དང་བྲལ། དེའི་སྔ་རོལ་ནི་རྗེན་པ་དང་མ་བྲལ་བའོ། །གསུམ་པ་ཞག་ལོན་ལ་གནས་སྨན་གཞན་གོང་བཞིན་ལ། རྗེན་པ་དང་བྲལ་མ་བྲལ་ཁྱད་མེད། ཀུན་སློང་མཚམས་ནང་དེར་ཞག་ལོན་པར་འདོད་པ་རྒྱུན་མ་ཆད་པ། སྦྱོར་བ་རང་ངམ་བསྐོས་པས་མཐར་ཐུག་མཚམས་ནང་དེར་སྐྱ་རེངས་ཤར་བའོ། །བཞི་པ་རྗེན་བཙོས་ལ་གཞི་བསམ་སྦྱོར་བ་མཐར་ཐུག་དངོས་གཞི་སོགས་མཚམས་བཙོས་དང་འདྲ་། འོན་ཀྱང་གནས་གང་དུ་སླེབ་ཀྱང་གྲུབ། རྗེན་བཙོས་འདི་དང་དགེ་སློང་གིས་བཙོས་པ་གཉིས་གཅིག་ཡིན་ལ། དེ་ལྟར་ལག་ཉ་མཚམས་བཙོས་ཞག་ལོན། རྗེན་བཙོས་རྣམས་དགེ་སློང་གིས་བཟའ་བར་མི་བྱ་སྟེ། དེ་དག་ངོ་བོའི་སྒོ་རུང་མི་རུང་ལ་མ་བལྟོས་པར་ཆོ་གའི་སྒོ་ནས་མི་རུང་བར་སོང་བས་ཉེས་བྱས་བསྐྱེད་དོ། དྲུག་པ་དེ་ལས་གཞན་པ་གཞན་ཡང་བསྲུང་ཚུལ་ལ། བཅས་ལྡན་དགེ་སློང་གིས་གནང་བའི་དུས་དང་མུ་གེའི་དུས་མ་གཏོགས་པར་ཉིན་གཅིག་ལ་རང་དང་ནོར་ཁ་མི་གཅིག་ཅིང་། སྦྱིན་པ་པོ་ཁྱིམ་པ་ཐ་སྙད་ལྔ་ལྡན་ནོར་ཁ་མི་གཅིག་པ་ཐ་དད་གཉིས་(༡༣༧བ)


GLG014_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལན་གཉིས་སུ་བཟའ་བ་ལྔ་གང་རུང་མགྲོན་གྱི་ཚད་དུ་ལོངས་པ། ཀུན་སློང་ཟས་སྔ་མ་དེ་ཟོས་ནས་ཕྱི་མ་དེའི་ཟས་ཟ་འདོད་རྒྱུན་མ་ཆད་ཅིང་། འདུ་ཤེས་མ་འཁྲུལ་བ། སྦྱོར་བ་ཟས་ཕྱི་མ་དེ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པ་ན་ཡང་ཡང་ཟ་བའི་ལྟུང་བྱེད་འབྱུང་བས་དེ་བསྲུང་དགོས་ལ། སེལ་བ་ནི། ནད་པ་དང་། ལམ་དུ་འགྲོ་བ་དང་། ལས་བྱེད་པ་དང་། སྦྱིན་བདག་ཕྱི་མ་དེ་ལ་ཆོས་གོས་ཀྱི་རྙེད་པ་འབུལ་རྒྱུ་ཡོད་ན་ལྟུང་བྱེད་མི་འབྱུང་སྟེ། ཚིག་ལེར། ནད་དང་ཆོས་གོས་ལས་དང་ལམ། །དུས་མ་གཏོགས་པར་སྡོམ་བརྩོན་ནི། །ཟས་ནི་གཞན་དུ་འདོད་པ་ཡིས། །ཡང་ཡང་ཟ་ན་ལྟུང་བྱེད་ཡིན། །ཞེས་དང་། ནད་པ་སོགས་ཀྱི་ཚད་ཀྱང་དེ་ཉིད་ལས། ལན་ཅིག་ཟོས་པས་མི་འཚོ་བ། །དེ་ནི་ནད་པ་ཞེས་བྱའོ། །དཔག་ཚད་ཕྱེད་དུ་སོར་ནས་ནི། །སྡོམ་བརྩོན་སླར་ཡང་ལོག་པ་ན། །དེ་ནི་ལམ་དུ་ཤེས་བྱ་སྟེ། །ཡང་ཡང་ཟ་ལ་ཉེས་པ་མེད། །གཙུག་ལག་ཁང་ངམ་མཆོད་རྟེན་ལ། །ཐ་ན་རེ་ལྡེ་ཙམ་ཡང་རུང་། །བྱུག་གམ་ཀུན་ནས་སྙོམས་བྱེད་ན། །ལས་བྱེད་དུས་སུ་བརྗོད་པ་ཡིན། །ཡུལ་བཞིར་ཁྲུ་གང་ཙམ་གྱིས་ཀྱང་། །ཆོས་གོས་ཀྱི་ནི་དུས་སུ་འདོད། །ཀུན་ཏུ་གོས་ནི་མི་རྙེད་ཕྱིར། །ཀུན་མཁྱེན་ཐུགས་རྗེ་ཅན་གྱིས་གནང་། །ཉེ་དུ་འབྲེལ་པ་ཁོ་ན་ལ། །ལན་བརྒྱར་བཟའ་བ་ཟོས་ཀྱང་ནི། །ལྟུང་བའི་དྲི་མ་ཡོད་མ་ཡིན། །ཞེས་གསུང་པ་རིན་ཅེན་འཕྲེང་བ་སོགས་འདུལ་འཛིན་སྔ་མའི་ཡིག་ཆ་རྣམས་སུ་རྒྱས་བཤད་དང་ཚིག་བརླིང་བ་སོགས་ཀྱིས་རྟོགས་དཀའ་བ་འདིར་གོ་གསལ་སྙིང་པོར་འདྲིལ་བ་(༡༣༨ན)
ནས་ཁོལ་དུ་ཕྱུང་བ་དཔྱོད་ལྡན་སྙིང་གི་ཐིག་ལེར་འཛིན་པའི་གནས་སོ། །


previousབདེ་བར་གནས་པའི་རྐྱེན་ཟས་བཞི་བཤད་པ།next