Nitartha Digital Library
Tibetan
 
previousམ་བྱིན་ལེན་གྱི་རིན་ཐང་གི་ཚད་བཤད་པ།next

མ་བྱིན་ལེན་གྱི་རིན་ཐང་གི་ཚད་བཤད་པ།


GLG014_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་མ་བྱིན་ལེན་གྱི་རིན་ཐང་གི་ཚད་ལ། མཚོ་ཊཱིཀ་ལས། ཀཪྵ་པ་ཎ་མཚན་ཉིད་པ་དང་བཏགས་པ་བ་གཉིས་ལས། དང་པོ་ནི། དངུལ་ལས་བྱས་པ་དོང་ཙེའི་རྣམ་པ་འདྲ་བའི་རི་མོའི་ཁྱད་པར་དང་དབྱིབས་སུ་བྱས་པ་སྟེ། ཞུ་འགྲེལ་ལས། ཀཪྵ་པ་ཎ་ཟོང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་བཏོད་པ་བཙོང་དུ་རུང་བ་ཡིན་ནོ། །ཞེས་བཤད་ཅིང་། ལུང་ཞུ་བ་ཆེ་ཤོས་ལས། ཀཪྵ་པ་ཎ་ནི་ཇི་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་པོ་ཞེས་གསུངས་སོ། །དེ་ཡང་སྔོན་རྒྱལ་པོ་རྨ་བྱ་བ་ཞེས་བྱ་བའི་ཁྲིམས་ལུགས་ལས་བྱུང་བ་སྟེ། ལུང་ཞུ་བ་ཆུང་ཤོས་ལས། ཀཪྵ་པ་ཎ་ཇི་ལྟ་བུ་ལགས། རྒྱལ་པོ་རྨ་བྱ་བས་བྱས་པའོ་ཞེས་གསུངས་ཤིང་། དེའི་འགྲེལ་པ་ལས། རྒྱལ་པོའི་མིང་རྨ་བྱ་བས་ཏེ། རྒྱལ་པོ་དེས་དང་པོར་ཀཪྵ་པ་ཎ་སྤྱོད་དུ་བཅུག་པ་སྟེ། དཔལ་ལེགས་བལྟམས་ཀྱིས་བྱས་པའི་དོང་ཙེ་ལྟ་བུའོ་ཞེས་བཤད་དོ། །ཀཪྵ་པ་ཎ་དེའང་དངུལ་ཞོ་ཕྱེད་ཙམ་ལ་བཟོ་བྱས་པ་སྟེ། དེ་ཉིད་ཀྱི་ཕྱིར་ན་འགྲེལ་ཆུང་ལས། སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་ཞོ་གཅིག་གི་བརྒྱད་ཆ་གཅིག་གིས་ཕམ་ཞེས་བཤད་དོ། །གཉིས་པ་ཀཪྵ་པ་ཎ་བཏགས་པ་བ་ནི་དེ་དང་རིན་མཉམ་པའི་འགྲོན་བུ་ལ་སོགས་པའི་དངོས་པོ་རྣམས་ཡིན་ནོ། །དེ་ཡང་འགྲོན་བུ་ཀཪྵ་པ་ཎ་གཅིག །རས་ཀཪྵ་པ་ཎ་གཅིག་(༥༠ན)


GLG014_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རམ་ཀཪྵ་པ་ཎ་ཞེས་བརྗོད་དེ། དཔེར་ན་སྣམ་བུ་སོ་བ་གཅིག །བུ་རམ་བྲེ་གང་ཞེས་པ་ལྟ་བུའོ། །ཞེས་སོགས་སྔ་ཕྱིའི་འདུལ་འཛིན་རྣམས་ཀྱིས་བཤད་ཚུལ་མང་ཞིང་། ངེས་པར་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་རིན་ཅེན་ཆོས་སྐྱོང་བཟང་པོའི་ཞལ་སྔ་ནས། མདོ་རྩར། མ་བྱིན་ལེན་གྱི་རིན་ཐང་གི་སྐབས་སུ་ཀ་ཀ་ནི་བཞི་ལ་མ་ཤ་ཀ་གཅིག་གོ །ལྔ་ཉིད་རིན་ཐང་གི་ཁྱད་པར་རོ། །གང་དུ་དེའི་ཚིགས་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་སོ། །ཞེས་གསུངས་པའི་ཀ་ཀ་ནི་ཞེས་པ་ནི་གུཉྩ་ཞེས་བྱ་བ་དམར་རུ་མགོ་ནག་གི་མིང་ཡིན། བཞི་ལ་མ་ཤ་ཀ་ཞེས་བྱ་བ་གསེར་སེ་བ་དོ་ཡིན། ལྔ་ཉིད་རིན་ཐང་གི་ཁྱད་པར་ཞེས་བྱ་བ་གསེར་སེ་བ་བཅུ་ཀཪྵ་པ་ཎའི་བཞི་ཆ་ཡིན། འཆི་མེད་མཛོད་ལས། གུཉྩ་ལྔ་སོགས་མ་ཤ་ཀ །དེ་དག་བཅུ་དྲུག་ཞོ་གཉིས་ཏེ། །ཞེས་འབྱུང་བའང་འདི་དང་དོན་གཅིག །དེས་ན་ཀཪྵ་པ་ཎ་ཞེས་བྱ་བ་འགྲོན་བུ་སྟོང་དྲུག་བརྒྱའི་རིན་ཐང་གི་ཚད་དེ་གསེར་ཞོ་དོ་ཡིན། དེའི་བཞི་ཆ་གསེར་ཞོ་ཕྱེད་ནི་འགྲོན་བུ་བཞི་བརྒྱའི་རིན་ཐང་གི་ཚད་ཡིན། ཀ་ཀ་ནིའམ། བུཎྜི་ཀའམ། གུཉྩ་ཞེས་བྱ་བ་དེ་ནི་དམར་རུ་མགོ་ནག་ཡིན། དེ་ནི་འགྲོན་བུ་ཉི་ཤུའི་རིན་ཐང་གི་ཚད་ཡིན། མ་ཤ་ཀ་ནི་འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་ཚད་ཡིན། དེས་ན་འགྲོན་བུ་བཞི་བརྒྱའི་རིན་ཐང་གི་ཚད་གསེར་སེ་བ་བཅུ་བརྐུས་ན་རིན་ཐང་ཚང་བས་ཕམ་པར་འགྱུར་རོ། །སྔོན་གྱི་འདུལ་འཛིན་མང་པོས་ཀ་ཀ་ནི་དམར་རུ་མགོ་ནག་ཡིན་པ་མ་མཁྱེན་པར་ངོས་མ་ཟིན་པའི་གཏམ་མང་པོ་ཡི་གེར་བཀོད་བྱུང་(༥༠བ)


GLG014_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྣང་ངོ་། །རིགས་ལྡན་ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་རྒྱལ་གྱིས་དབུས་གཙང་གི་དགེ་བའི་བཤེས་གཉེན་ཕལ་ཆེ་བ་སྟག་ལོ་ཧོར་ཟླ་གཉིས་པའི་ནང་དུ་ཆུ་ཤུལ་ལྷུན་པོ་རྩེར་བསྡུས་ཏེ་འབེལ་བའི་གཏམ་མང་པོ་དང་། ཁྱད་པར་འདུལ་བ་དང་མངོན་པའི་སྐབས་སུ་དཔྱད་པ་མང་པོ་དགོས་བྱུང་བ་ལ། གསེར་དང་གསོལ་ཇའི་གནང་སྦྱིན་ཕོ་ཉ་བ་དང་བཅས་པ་ཕེབས་པ་ལ་བརྟེན་ཞ་ལུ་ལོ་ཙཱ་བ་ཤྲི་དྷརྨ་པཱ་ལ་བྷ་དྲས་ཕྱོགས་གཅིག་ཏུ་སྦྱར་བའོ་ཞེས་བྱུང་། དེང་སང་དགེ་བསྙེན་ལ་དུས་བསྒོ་དཀྱུས་སུ་མ་བྱུང་ཀྱང་བུ་སྟོན་རིན་པོ་ཆེའི་འདུལ་ཊཱིཀ་ཏུ། དགེ་བསྙེན་དུ་སྒྲུབ་པའི་ཆོ་གའི་སྐབས་འདིར་དེ་མ་ཐག་རབ་བྱུང་བྱེད་པའི་དབང་དུ་བྱས་ནས་གྲིབ་ཚོད་སོགས་མ་བརྗོད་པ་ཡིན་གྱི་དགེ་བསྙེན་ཉིད་དུ་སྡོད་ན་རིག་པར་བྱེད་དགོས་ཏེ། དགེ་བསྙེན་ལའང་བསླབ་པའི་གྲལ་བྱེད་པའི་ཕྱིར་རོ། །དགེ་ཚུལ་ལའང་དེ་མ་ཐག་བསྙེན་རྫོགས་བྱེད་ན་མི་དགོས་མོད་ཀྱི། དགེ་ཚུལ་དུ་སྡོད་པ་ལ་བརྗོད་དགོས་ཏེ། ལས་བརྒྱ་རྩ་གཅིག་ཏུ་སློབ་དཔོན་མ་ཡིན་པའི་དགེ་སློང་གཞན་ཡང་རུང་བ་ཞིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་། སྐྱེས་བུ་དང་། རྩ་བ་དང་། ཉིན་མཚན་གྱི་ཆ་དང་དུས་ཚོད་ཀྱང་རིག་པར་བྱའོ། །ཞེས་བཤད་པས་སོ་གསུང་། ལས་ཆོག་ཉིད་དུ་གསལ་ཁ་མ་བྱུང་ཀྱང་བུ་སྟོན་གྱིས་མཛད་པའི་ལས་བརྒྱའི་ཊཱིཀྐ་ཆོ་གའི་གསལ་བྱེད་དུ། འདིར་དེ་མ་ཐག་རབ་བྱུང་བྱེད་པའི་དབང་དུ་བྱས་ནས་གྲིབ་ཚོད་རིག་པར་བྱ་བ་མ་གསུངས་ཀྱི་དགེ་བསྙེན་དུ་སྡོད་ན་བྱ་དགོས་སོ་གསུང་སྟེ་འདུལ་བའི་(༥༡ན)


GLG014_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་བསྟན་བཅོས་རྣམས་ལ་མི་སྣང་ནའང་དོན་ལ་ཐོབ་པ་འདྲའོ། །ཞེས་གསུངས་པ་ལུང་དང་མདོ་རྩ་འགྲེལ་བཅས་སུ་དངོས་བསྟན་ལ་མེད་པར་དགོངས་སམ། གཞུང་ལུགས་འབུམ་ཕྲག་བརྒྱ་པ་དངོས་གྲུབ་དཔལ་འབར་གྱི་ལས་ཆོག་ཏུ། དགེ་བསྙེན་ཙམ་དུ་བསྒྲུབ་ན་འདིར་བསླབ་པ་དང་དུས་བསྒོ་བརྗོད། ཚིགས་ཕྱི་མ་སྦྲགས་ནས་སྒྲུབ་ན་འདིར་བརྗོད་མི་དགོས་ཏེ། ཚིགས་ཕྱི་མ་ཕྱི་མའི་ཁོངས་སུ་སྔ་མ་སྔ་མའི་བསླབ་བྱ་དང་། དུས་བསྒོ་འདུ་བའི་ཕྱིར་རོ། །ཞེས་འབྱུང་བས་དེང་སང་ཞ་ལུ་དང་ངོར་སོགས་ན་ཚིགས་གསུམ་རིམ་གྱིས་འབོགས་པའི་ཚེ་དགེ་བསྙེན་གྱི་བསླབ་བརྗོད་དང་། དགེ་ཚུལ་ལ་དུས་བསྒོ་བསླབ་བརྗོད་གཉིས་ཀ་མཛད་པའང་ཚིག་ཚོགས་ཆེ་བ་ལས་དགོས་པ་ལྷག་པོ་མ་མཐོང་ངོ་། །ཚིགས་གསུམ་རིམ་གྱིས་ནོས་པ་འདི་ལ་སྡོམ་པའི་ངོ་བོ། དབྱེ་བ། ཁྱད་ཆོས་ཀྱི་རྣམ་གཞག་རགས་པ་ཙམ་མ་ཆགས་པར་སྡོམ་པ་འབོགས་པའང་རི་མོར་བྲིས་པའི་མར་མེ་ལྟ་བུར་སྣང་བས། མཚོ་སྣ་པའི་འདུལ་ཊཱིཀ་ལས་རང་ལུགས་སུ་ཉན་ཐོས་བྱེ་བྲག་སྨྲ་བ་ནི་སྡོམ་པའི་ངོ་བོ་གཟུགས་ཡིན་པར་འདོད་དེ། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། ཅེས་དང་། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། ཞེས་སོ། །དེའང་སྡོམ་པ་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་སྟེ། སྡོམ་ལྡན་གྱི་ལུས་ཀྱི་རྡུལ་(༥༡བ)


GLG014_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་རབས་རྣམས་ཀྱི་བར་ན་ནགས་ལ་མེ་ལྕེ་ཞུགས་པ་ལྟར་སྡོམ་པ་དེ་ཡོད་པར་འདོད་དེ། མཛོད་འགྲེལ་ལས། ལུས་ཀྱི་རྡུལ་རྣམས་ལ་གསེབ་ཡོད་པའི་ཕྱིར། ཞེས་བཤད་ཅིང་། བུ་སྟོན་རིན་པོ་ཆེའི་འདུལ་ཊཱིཀ་ལས། སོ་སོ་ཐར་པའི་སྡོམ་པའི་མཚན་ཉིད་ཆོས་འདི་པ་དག་གི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །ཞེས་དང་། མཛོད་འགྲེལ་དུ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པ་རིག་བྱེད་ལ་རག་ལུས་པའི་ཕྱིར་ལས་ཀྱི་ལམ་གཟུགས་ཅན་བདུན་གདོན་མི་ཟ་བར་རྣམ་པ་རིག་བྱེད་དང་། རྣམ་པ་རིག་བྱེད་མ་ཡིན་པ་དང་རྣམ་པ་གཉིས་ཀ་ཡིན་ནོ། །ཞེས་བཤད་པས། རྣམ་པ་རིག་བྱེད་ཡིན་མིན་གཉིས་ཀ་སྡོམ་པ་ཡིན་ཞིང་། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པ་རིག་བྱེད་དང་རྣམ་པ་རིག་བྱེད་མ་ཡིན་པ་དང་པོ་དག་གི་སྡིག་པ་ལས་དང་པོར་ཐར་བའི་ཕྱིར་སོ་སོར་ཐར་པའང་ཡིན་ལ། ལུས་དང་ངག་སྡོམ་པའི་སྡོམ་པའང་ཡིན་ནོ། །ལས་ཀྱི་ལམ་དངོས་ཡིན་ནོ། །སྐད་ཅིག་གཉིས་པ་ཕན་ཆད་ནི་སོ་སོ་ཐར་པ་ལས་སྐྱེས་པའི་སྡོམ་པ་ཡིན་པས་ན་སོ་སོ་ཐར་པའི་སྡོམ་པ་ཡིན་གྱི་སོ་སོ་ཐར་པ་ནི་མ་ཡིན་ཏེ། སྐད་ཅིག་དང་པོ་ཁོ་ནས་སྡིག་པ་ལས་ཐར་བར་བྱས་ཟིན་པའི་ཕྱིར་རོ། །དེས་ན་ལས་ཀྱི་འཇུག་ཡིན་གྱི་ལས་དངོས་མ་ཡིན་ནོ། །ཞེས་དང་། འདུལ་ཊཱིཀ་རིན་ཅེན་འཕྲེང་བར། འོ་ན་སློབ་དཔོན་ཡོན་ཏན་འོད་ཀྱི་ལུགས་ལ་སྡོམ་པའི་ངོ་བོ་གང་ཞེ་ན། ཁ་ཅིག་ན་རེ། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གསུངས་པ་ལྟར་རྣམ་པ་རིག་(༥༢ན)


GLG014_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཡིན་ལ། མདོ་སྡེ་པ་ནི་སྤོང་བའི་སེམས་པ་ས་བོན་དང་བཅས་པར་འདོད་དོ་ཟེར། །སློབ་དཔོན་ཡོན་ཏན་འོད་ས་གསུམ་པ་ལ་གནས་པའི་བྱང་སེམས་སུ་འདོད་པ་ལྟར་ན་བྱེ་བྲག་སྨྲ་བའི་ཐུན་མོང་མ་ཡིན་པའི་ལུགས་རང་ལུགས་སུ་མི་བཞེད་པས། སྤོང་བའི་སེམས་པ་ས་བོན་དང་བཅས་པར་བཞེད་དོ་སྙམ་སྟེ་གོང་འོག་ཀུན་ཏུ་དཔྱད་པར་བྱའོ། །ཞེས་དང་། པཎ་ཆེན་གསེར་མདོག་ཅན་པས་གསེར་ཐུར་དུ་དགག་བཞག་སྤང་གསུམ་རྒྱ་ཆེར་མཛད་པའི་བཞེད་དོན་དུ་བྱེ་སྨྲའི་ལུགས་ལ་སོ་སོར་ཐར་པའི་སྡོམ་པ་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་ཡིན་ཏེ། ཇི་སྐད་དུ། རྣམ་རིག་མིན་ནམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་སོགས་དང་། སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །ཞེས་སོགས་ཀྱི་ལུང་འདྲེན་དང་། མདོར་ན་ལས་ལམ་དངོས་གཞིའི་བསྐྱེད་བྱེད་རིག་བྱེད་ནི་སྦྱོར་བ་ཡིན་པས་དངོས་གཞིར་མི་རུང་། དངོས་གཞི་དང་དུས་གཅིག་པའི་རིག་བྱེད་ནི་ལས་ལམ་གྱི་འཇུག་ཏུ་གྱུར་པའི་རིག་བྱེད་དུ་འཇོག་དགོས་པ་ཡིན་ཏེ། ཤི་ཟིན་པའི་རོ་ལ་བསྣུན་ཟིན་པ་ལས་ལམ་དངོས་གཞིར་མི་རུང་བ་བཞིན་ནོ། །ཞེས་དང་། བྱེ་སྨྲའི་ལུགས་ལ་སོ་ཐར་གྱི་སྡོམ་པ་རང་གི་ངོ་བོ་རིག་བྱེད་མ་ཡིན་པའི་གཟུགས་དང་། ཉེ་བར་ལེན་པའི་རྒྱུ་འབྱུང་བ་བཞི་དང་། ལྷན་ཅིག་བྱེད་པའི་རྐྱེན་ལུས་ཀྱི་རིག་བྱེད་ལས་སྐྱེས་པའི་སྤོང་བ་བདུན་པོ་གང་རུང་དུ་འདོད་དོ། །པཎ་ཆེན་བསོད་(༥༢བ)


GLG014_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་གྲགས་པའི་འདུལ་བའི་སྤྱི་དོན་དུ། མདོ་སྡེ་པས་སོ་ཐར་སྡོམ་པ་སྤོང་སེམས་མངོན་གྱུར་ལ་འདོད། སེམས་ཙམ་པས་དེའང་དེ་དག་གི་ས་བོན་གང་རུང་ལ་འདོད་པ་ཡོད་ཀྱང་བྱེ་བྲག་སྨྲ་བ་རང་ལུགས་ལ་དེ་མི་འདོད་དེ་གཟུགས་ཅན་དུ་ཁས་ལེན་པའི་ཕྱིར་ཞེས་དང་། རང་ལུགས་སོ་ཐར་སྡོམ་པ་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་སུ་བྱས་པར། སྔར་བཤད་པའི་ལུང་རིགས་རྣམས་དང་། སྡོམ་གསུམ་རྣམ་གཞག་མང་པོ་ཞིག་གྲུབ་པའི་ཕྱིར་རོ། །ཞེས་དང་། ཆོས་རྗེ་བདེ་ལེགས་ཉི་མས། ངོ་བོ་ངོས་འཛིན་པ་ལ། བྱེ་སྨྲའི་ལུགས་ལ་སོ་ཐར་གྱི་སྡོམ་པ་དེ་སྣང་བ་གཟུགས་ཀྱི་གཞི་ཡིན། དེས་ན་སོ་ཐར་གྱི་སྡོམ་པ་ཡིན་ན་གཟུགས་ཅན་ཡིན་པའི་ཁྱབ་པ་ཁས་ལེན་པའི་ཕྱིར། མདོ་སྡེ་པ་ཡན་ཆད་ལ་སྤོང་བའི་སེམས་པ་དེའི་ས་བོན་གང་རུང་གི་སྟེང་ནས་སོ་ཐར་གྱི་སྡོམ་པ་འཇོག་པ་ཡིན་ཏེ། འདུལ་བ་རྒྱ་མཚོའི་སྙིང་པོར། ངེས་འབྱུང་བསམ་པས་ཞེས་སོགས་གསུངས། པཎ་ཆེན་བློ་གྲོས་ལེགས་བཟང་གིས་མཛད་པའི་སྤྱི་དོན་རིན་ཅེན་འཕྲེང་བ་གསལ་བར་བྱེད་པའི་སྒྲོན་མ་ལས། སོ་ཐར་གྱི་སྡོམ་པ་དེ་གཟུགས་ཅན་ཡིན་ཞིང་། སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོ་དེ་ལ་ཁོ་རང་དུ་གྱུར་པའི་རྣམ་པ་རིག་བྱེད་ཀྱི་གཟུགས་དང་། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཡོད་དེ། མཛོད་ལས། དང་པོའི་རྣམ་རིག་རྣམ་རིག་མིན་ཞེས་གསུངས་པའི་ཕྱིར་དང་། སོ་ཐར་གྱི་སྡོམ་པ་དེ་དགེ་བར་ལུང་དུ་བསྟན་ཅིང་། ཐོགས་མེད་ཀྱི་གཟུགས་ཡིན་པའི་ཕྱིར། མཛོད་འགྲེལ་དུ་མདོ་དྲངས་པར། ལུང་བསྟན་(༥༣ན)


GLG014_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པའི་གཟུགས། ཞེས་གསུངས་པའི་ཕྱིར། ཞེས་གསུངས། མཁས་པ་ཕལ་ཆེར་བཞེད་ཚུལ་ཕྱོགས་འདྲ་ཙམ་མཐུན་ཞིང་། སྟག་ཚང་ལོ་ཙཱ་བས་འདུལ་ཊཱིཀ་ཏུ། འདུལ་འཛིན་ཕལ་མོ་ཆེས་མ་ཐོན་པའི་ལེགས་བཤད་ངོ་མཚར་བ་འདི་ལྟ་སྟེ། སྡོམ་པའི་ངོ་བོ་ལ་སྔོན་གྱི་མཁས་པ་ཀུན་ཞལ་མཐུན་པར་གཟུགས་ཅན་དུ་འདོད་པ་ནི་བྱེ་བྲག་སྨྲ་བ་ཁོ་ན་ཡིན་ལ། མདོ་སེམས་ཡན་ཆོད་སེམས་པ་ས་བོན་དང་བཅས་པར་འདོད་དོ། །ཞེས་གསུང་ངོ་། །དེ་ནི་མི་རིགས་ཏེ། དེ་ལྟར་ན་རྣམ་རིག་པས་སྡོམ་པས་སྡོམ་པ་འདུ་བྱེད་དང་རྣམ་ཤེས་ཕུང་པོས་བསྡུས་པར་འདོད་དགོས་པར་འགྱུར་ན། ཡང་དག་པར་བླངས་པ་ལས་བྱུང་བའི་གཟུགས་ཤེས་གཟུགས་ཕུང་དུ་བསྡུས་པར་མངོན་པ་ཀུན་ལས་བཏུས་སུ་གསལ་བར་གསུངས་པས་སོ། །སེམས་ཙམ་པ་རིག་བྱེད་མ་ཡིན་པའི་གཟུགས་མི་འདོད་པའང་མ་ཡིན་ཏེ། དབྱིག་གཉེན་གྱིས། ཕུང་པོ་ལྔ་ཡི་རབ་བྱེད་དུ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་གང་ཞེ་ན། རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བ་བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་སོ་ཞེས་བཤད་པས་སོ། །དེར་མ་ཟད། དབུ་མ་ཕུང་པོ་ལྔ་པ་ལས་ཀྱང་དེ་བཞིན་དུ་བཤད་པས་དབུ་མ་པའང་སྡོམ་པ་གཟུགས་ཅན་དུ་འདོད་དོ། །འོན་ཀྱང་ཐེག་པ་གོང་མའི་གཞུང་མང་པོར་སྤོང་བའི་སེམས་པ་ལ་བཤད་པས་མདོ་སེམས་ཡན་ཆད་སྡོམ་པའི་གཙོ་བོ་སེམས་པ་ལ་འཇོག་གོ །དེ་ཡང་སྒོ་གསུམ་གྱི་ནང་ནས་ཡིད་ཀྱི་ལས་གཙོ་ཆེ་བའི་དབང་གིས་ཡིན་(༥༣བ)


GLG014_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། ལུས་ངག་གི་སྡོམ་པ་མི་འདོད་ན་ལུས་ངག་གི་དགེ་སྡིག་གི་ལས་ལམ་བདུན་པོ་མེད་པར་འགྱུར་ཞིང་། དེ་ལྟ་ན་ལས་ཀྱི་རྣམ་གཞག་བཤད་པ་རྣམས་དང་། དགེ་སྡིག་གཟུགས་ཅན་དུ་བཤད་པ་དུ་མ་དང་འགལ་ལོ། ཁྱད་པར་སོ་ཐར་གྱི་སྡོམ་པ་སེམས་པ་ལ་གཙོ་བོར་འཇོག་ན། ཡིད་ཀྱི་མི་དགེ་བ་གསུམ་པོ་འདིའི་སྤང་བྱར་ཐལ་བ་དང་། ཚེ་འདིར་བྱང་ཆུབ་ཀྱི་བར་དུ་བླངས་ན་སྐྱེ་བར་ཐལ་བ་ཟློག་ཏུ་མེད་དོ། །དེས་ན་མཛོད་དུ། འཆལ་ཚུལ་དང་དེའི་གཉེན་པོ་ཚུལ་ཁྲིམས་གཉིས་ཀ་གཟུགས་སུ་བཤད་པ་ལ་མདོ་སྡེ་པས་དགག་པ་མ་བྱས་ཤིང་། བྱེ་སྨྲས་བཏགས་པའི་རིག་བྱེད་མ་ཡིན་པ་འགོག་པའི་སྐབས་སུ་ཡང་བྱེད་པ་པོའི་ལུས་བསམ་ལས་དོན་གཞན་པའི་རིག་བྱེད་མིན་པ་གཙོ་བོར་བཀག་པས་ན་རིག་བྱེད་མ་ཡིན་པའི་གཟུགས་ཙམ་ཞིག་མདོ་སེམས་ཀྱང་ཁས་ལེན་པར་ངེས་སོ། །དེས་ན་འདིར་རྒྱ་ཆེ་འགྲེལ་མཁན་པོ་ནི་བྱེ་བྲག་སྨྲ་བ་དངོས་ཡིན་ལ། ཡོན་ཤཱཀ་གཉིས་དངོས་སུ་མི་གསལ་ཡང་། སོ་ཐར་ལུས་ངག་ལ་འཇོག་པས་ལྟུང་བ་ལ་ལུས་ངག་གིས་ཁྱབ་པས་ཡིད་ཀྱི་ཉེས་པ་ལྟུང་བར་མི་འདོད་པའི་ཕྱིར། ཡིད་ཀྱི་ཚུལ་ཁྲིམས་སྡོམ་པར་མི་བཞེད་པས་ན་སྡོམ་པ་གཟུགས་ཅན་དུ་འདོད་དོ། །དེ་ཡང་སྡོམ་པ་སྐད་ཅིག་དང་པོ་ལས་ལམ་དངོས་གཞི་དང་གཉིས་པ་མན་ཆད་ལས་ལམ་གྱི་མཇུག་ཡིན་ཞིང་། སྔ་མ་ལ་རིག་བྱེད་ཡིན་མ་ཡིན་གཉིས་ཀ་ཡོད་ལ། འཁོར་བ་ལས་དང་པོར་ཐར་བས་སོ་ཐར་གྱི་སྒྲ་བཤད་ཀྱང་ཚང་། ཕྱི་མ་ལ་རིག་བྱེད་མ་ཡིན་པ་ནི་སེམས་མེད་ཀྱི་ཚེ་ཡང་ཡོད་(༥༤ན)


GLG014_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། རིག་བྱེད་ལུས་ངག་ཏུ་ཐོན་པའི་ཚེ་ན་ཡོད་དོ། །དེས་ན་སྡོམ་པའི་ངོ་བོ་ནི། རིག་བྱེད་དང་བཅས་པའམ་མངོན་གྱུར་མེད་པ་ཡང་རུང་སྟེ། གཙོ་བོར་རིག་བྱེད་མ་ཡིན་པའི་གཟུགས་སོ། །དེ་ནི་གནས་སྐབས་ཀྱི་ཁྱད་པར་ན་གཡེངས་སེམས་བཅས་སམ། གཡེངས་ཤིང་སེམས་མེད་པའི་རྣམ་པ་ཀུན་ཏུ་འབྱུང་བ། ངོ་བོའི་ཁྱད་པར་འདི་ལུང་མ་བསྟན་བསྐྱེད་ནུས་ཀྱི་རིག་བྱེད་མི་སྲིད་པས་ན། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་པ་ལྟར་དགེ་མི་དགེ་གང་རུང་དུ་ངེས་ཤིང་རྒྱུན་རྗེས་སུ་འབྲེལ་བ་རྒྱུའི་ཁྱད་པར་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་སྟེ། དེ་ཡང་བསམ་གཏན་ཟག་མེད་གཉིས་ནི་འབྱུང་བ་བཞི་ཚན་རེ་རེ་དང་། སོ་སོ་ཐར་པ་ནི་བཞི་ཚན་བདུན་ལས་དགེ་སློང་གི་དང་། བཞི་ལས་སྡོམ་པ་གཞན་རྣམས་སྐྱེ་བའོ། །ཞེས་དབྲི་བསྣན་མེད་པར་བཀོད་པ་ཡིན་ལ། ལུང་རིགས་གཏེར་མཛོད་ཀྱི་དགོངས་བཞེད་ཅུང་ཟད་བསྡུས་ཏེ་བཀོད་པར། ཐོབ་བྱ་སོ་ཐར་གྱི་རང་བཞིན་ལ། ངོ་བོ། དབྱེ་བ། ཁྱད་ཆོས་གསུམ་གྱི་དང་པོ་ངོ་བོ་ལ་གྲུབ་མཐའ་འདོད་ཚུལ། མཚོན་པར་བྱེད་པའི་མཚན་ཉིད། མིང་གི་རྣམ་གྲངས། མཚོན་བྱ་སྒྲ་དོན་བཞིར་ཡོད་པའི། དང་པོ་གྲུབ་མཐའི་འདོད་ཚུལ་ལ་བྱེ་སྨྲའི་ལུགས། མདོ་སྡེ་པའི་ལུགས། སེམས་ཙམ་པ་ཡན་ཆད་ཀྱི་ལུགས་གསུམ་ལས། དང་པོ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་གཟུགས་ཅན་དུ་འདོད་ཅིང་། དེ་ལའང་རིག་བྱེད་ཀྱི་གཟུགས་དང་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཀ་ཡོད་པར་(༥༤ན)


GLG014_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དེ། མཛོད་འགྲེལ་ལས། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལུས་པའི་ཕྱིར། ལས་ཀྱི་ལམ་གཟུགས་ཅན་བདུན་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་ཀ་ཡོད་དེ། ཞེས་གསུངས་པའི་ཕྱིར། དེ་ཡང་སོ་ཐར་གྱི་སྡོམ་པ་ཐོབ་ནས་མ་བཏང་བ་དེ་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ངོ་བོར་གྱུར་པའི་སྡོམ་པ་རྒྱུན་ཆགས་སུ་ལྡན་ཏེ། མཛོད་ལས། སོ་སོ་ཐར་གནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱི། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང་། ཞེས་གསུངས་པའི་ཕྱིར། ད་ལྟར་གྱི་ཆོ་ག་ལ་བརྟེན་ནས་ཐོབ་པའི་སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོ་ལ་ལུས་ངག་གི་རིག་བྱེད་གཉིས་ཀ་ཡོད་དེ། མཁན་སློབ་ཀྱིས་ཆོ་ག་བརྡ་སྤྲད་པ་ལས་ཇི་སྲིད་འཚོའི་བར་དུ་སྡོམ་པ་བསྲུང་བར་ཁས་ལེན་པའི་ངག་དང་ལུས་ཀྱི་རིག་བྱེད་གཉིས་ཀ་ཡོད་པའི་ཕྱིར། མཛོད་ལས། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོ་ཐར་དང་བྱ་བའི་ལམ། ཞེས་དང་། དེའི་རང་འགྲེལ་དུ་སྡོམ་པ་ཡང་དག་པར་བླངས་པ་རྣམ་པ་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར། དེས་ན་སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོའི་ངོ་བོར་གྱུར་པའི་ངག་གི་རིག་བྱེད་ཡོད་ཀྱང་གཉིས་པ་ཕན་བྱེད་ཀྱི་ངོ་བོར་གྱུར་པའི་ངག་གི་རིག་བྱེད་ཡོད་པའི་ངེས་པ་མེད་དེ། སྒྲ་ལ་རྒྱུན་མེད་པའི་ཕྱིར། ལུས་ཀྱི་རིག་བྱེད་ལ་མི་མཚུངས་ཏེ། ལུས་ཀྱི་རིག་བྱེད་ཀྱི་ངོ་བོར་གྱུར་པའི་སོ་ཐར་གྱི་སྡོམ་པ་སྔ་མ་ལས་ཕྱི་མ་(༥༥ན)
འབྱུང་བའི་རྒྱུན་ཡོད་པའི་ཕྱིར།


previousམ་བྱིན་ལེན་གྱི་རིན་ཐང་གི་ཚད་བཤད་པ།next