Nitartha Digital Library
Tibetan
 
previousསོ་ཐར་སྡོམ་པའི་ངོ་བོ་དང་དབྱེ་བ་བཤད་པ།next

སོ་ཐར་སྡོམ་པའི་ངོ་བོ་དང་དབྱེ་བ་བཤད་པ།


GLG014_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བྱེ་བྲག་ཏུ་བཤད་པར་རྣམ་པ་རིག་བྱེད་ཀྱི་གཟུགས། རྣམ་རིག་མ་ཡིན་པའི་གཟུགས། དང་པོ་ལ་ལུས་ངག་གཉིས། ཕྱི་མ་ལ་སྡོམ་པ། སྡོམ་མིན་བར་མ་གསུམ། དང་པོར་ཡང་སོ་ཐར། བསམ་གཏན། ཟག་མེད་རྣམས་སུ་ཡོད། གཉིས་པ་མདོ་སྡེ་པ་ནི། ལུས་ངག་མི་བདེ་བ་ལས་སྡོམ་པར་བྱེད་པའི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་འདོད། གསུམ་པ་སེམས་ཙམ་པ་ནི་གཞན་ལ་གནོད་པ་གཞི་བཅས་སྤོང་བའི་སེམས་པ་ཁྱད་པར་ཅན་དང་དེའི་བག་ཆགས་གཏོང་རྒྱུས་མ་བཅོམ་པ་དང་བཅས་པ་ཅི་རིགས་པ་ལ་འདོད། དེ་ཡང་སེམས་པ་ཁོ་ན་མ་ཡིན་ཏེ། འགོག་པ་ལ་མཉམ་པར་བཞག་པའི་དགེ་སློང་ལ་སྡོམ་པ་ཡོད་ཀྱང་སེམས་པའི་ངོ་བོར་གྱུར་པའི་སྡོམ་པ་མེད་པའི་ཕྱིར། བག་ཆགས་རྐྱང་པ་ལ་མ་ཡིན་ཏེ་གཏོང་རྒྱུ་བྱུང་བའི་གནས་སྐབས་སུའང་སྡོམ་པའི་བག་ཆགས་ཡོད་པའི་ཕྱིར། དེ་ལྟར་ཡང་ལས་གྲུབ་པར། གལ་ཏེ་སེམས་པ་ཁོ་ན་ལུས་ཀྱི་ལས་སུ་འགྱུར་ན། སེམས་གཡེངས་པ་དང་། སེམས་མེད་པ་དག་ལ་སེམས་པ་དེ་མེད་ན་སྡོམ་པ་དང་སྡོམ་པ་མིན་པ་གཉིས་ཇི་ལྟར་ཡོད་ཅེ་ན། སྡོམ་པའི་ཁྱད་པར་གྱི་བག་ཆགས་མ་བཅོམ་པའི་ཕྱིར་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཀ་ཡོད་དེ་ཞེས་སོ། །དབུ་མ་པ་ལྟར་ན་སྤོང་སེམས་མཚུངས་ལྡན་དང་བཅས་པ་ལ་འདོད་དེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་པའི་ཕྱིར། གསུངས། གཉིས་པ་མཚོན་བྱ་མཚན་(༥༥ན)


GLG014_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ། བྱེ་སྨྲ་ལྟར་ན་འདོད་པའི་སས་བསྡུས་པའི་ངེས་འབྱུང་གི་བསམ་པས་ཟིན་པའི་སྡོམ་པའི་ཚུལ་ཁྲིམས། འདིར་བསམ་གཏན་ཟག་མེད་སོ་ཐར་གྱི་སྡོམ་པ་གསུམ་འགལ་བར་འདོད་དེ། འདོད་པའི་སས་བསྡུས་སོ་ཐར། གཟུགས་ཀྱི་སས་བསྡུས་བསམ་གཏན། ཁམས་གསུམ་གང་རུང་གི་སས་མ་བསྡུས་པ་ཟག་མེད་དུ་འདོད། ཐེག་པ་ཆེན་པོ་ལྟར་ན། སོ་ཐར་གྱི་སྡོམ་པ་འགྲུབ་པར་བྱེད་པའི་རྒྱུ་ཕུན་ཚོགས་ལ་བརྟེན་ནས་ཐོབ་པའི་སྡོམ་པའི་ཚུལ་ཁྲིམས། དེ་ཡང་སོ་ཐར་བསམ་གཏན་ཟག་མེད་གསུམ་འགལ་བ་མ་ཡིན་ཏེ། ཐེགཆེན་འཕགས་པའི་རྒྱུད་ཀྱི་བསམ་གཏན་གྱི་དངོས་གཞིར་གྱུར་པའི་སྡོམ་པ་དེ་གཞན་ལ་གནོད་པ་གཞི་བཅས་སྤོང་བའི་ཆ་ནས་སོ་ཐར། བསམ་གཏན་པའི་དངོས་གཞིས་བཙལ་བའི་ཆ་ནས་བསམ་གཏན། འཕགས་ལམ་གྱི་ངོ་བོ་ཡིན་པའི་ཆ་ནས་ཟག་མེད་ཀྱི་སྡོམ་པ་ཡིན་པའི་ཕྱིར་གསུངས། གསུམ་པ་མིང་གི་རྣམ་གྲངས། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །བཞི་པ་སྒྲ་དོན་ལ་སྤྱིའི་སྒྲ་དོན་དང་། བྱེ་བྲག་གི་སྒྲ་དོན་གཉིས་ཀྱི་དང་པོ་ནི། སྡིག་པ་མི་དགེ་བའི་ཆོས་ལས་རབ་ཏུ་ཐར་བ་དང་། སོ་སོ་ཐར་པ་དང་། དང་པོར་ཐར་བས་ན་སོ་སོ་ཐར་པ་ཞེས་བྱའོ། །སོ་སོ་ཐར་པའི་སྐད་དོད་དུ། པྲ་ཏི་མོཀྵ་ཞེས་པ་འབྱུང་ལ། པྲ་ཏི་ནི་སོ་སོ་བ་དང་། དང་པོ་ལ་འཇུག །མོཀྵ་ནི་ཐར་པ་ལ་འཇུག་པའི་ཕྱིར། དེས་ན་སོ་སོ་ཐར་པའི་སྡོམ་པ་སྐད་ཅིག་དང་པོ་ནི་སོ་སོ་ཐར་པ་དང་སྡོམ་པ་གཉིས་ཀ་ཡིན་ལ། སྐད་ཅིག་མ་གཉིས་པ་ཕན་ཆད་(༥༦ན)


GLG014_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ཐར་པའི་སྡོམ་པ་ཡིན་གྱི་སོ་སོ་ཐར་པ་མ་ཡིན་ཏེ། སྡིག་པ་མི་དགེ་བའི་ཆོས་ལས་དང་པོར་ཐར་པ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་པའི་རང་འགྲེལ་དུ། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པ་རིག་བྱེད་དང་རྣམ་པ་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོ་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར། སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་སོ་སོ་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོ་ཐར་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཉོན་མོངས་པའི་ཚ་གདུང་ལས་བསིལ་བར་བྱེད་པས་ན་ཚུལ་ཁྲིམས་ཞེས་བྱ། སྐྱེས་བུ་དམ་པས་བསྔགས་པར་འོས་པས་ན་ལེགས་སྤྱད་ཅེས་བྱ། ལུས་ངག་གི་བྱ་བའི་རང་བཞིན་ཡིན་པས་ན་ལས་ཞེས་བྱ། རྒྱུད་མི་དགེ་བ་ལས་སྡོམ་པར་བྱེད་པས་ན་སྡོམ་པ་ཞེས་བྱའོ། །རྩ་བའི་ས་བཅད་གཉིས་པ་དབྱེ་བ་ལ། དབྱེ་བ་སྤྱིར་བསྟན་པ། རྫས་རིགས་བསྡུ་བ། སོ་སོའི་རང་བཞིན་བཤད་པ་གསུམ་གྱི་དང་པོ་ལ། དགེ་སློང་དགེ་ཚུལ་དགེ་བསྙེན་རྣམས་ཕ་མ་དགེ་སློབ་བསྙེན་གནས་བཅས་བརྒྱད། གཉིས་པ་ལ་ལ་བསྡུ་བ་དངོས། ལྡན་ཚུལ་གཉིས་ཀྱི་དང་པོ་བསྡུ་བ་དངོས་ནི། དེ་ལྟར་བརྒྱད་པོ་བསྡུ་ན། དགེ་སློང་ཕ་མ་རྫས་རིགས་གཅིག །དགེ་ཚུལ་ཕ་མ་དགེ་སློབ་མ་དང་བཅས་པ་རྫས་རིགས་གཅིག །དགེ་བསྙེན་ཕ་མ་རྫས་རིགས་གཅིག །བསྙེན་གནས་ལ་གཅིག་སྟེ་རྫས་རིགས་བཞིར་འདུས། གཉིས་པ་ལྡན་ཚུལ་ལ། ཐེག་ཆེན་པ་ལྟར་ཤེས་པར་འདོད་པའི་ལྡན་ཚུལ་དང་། ཐེག་(༥༦བ)


GLG014_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་ལྟར་གཟུགས་ཅན་དུ་འདོད་པའི་ལྡན་ཚུལ་གཉིས་ཀྱི་དང་པོ་ནི། ཐེག་པ་ཆེན་པོ་ལྟར་ན་དགེ་བསྙེན་དགེ་ཚུལ་དགེ་སློང་རིམ་ཅན་དུ་ནོད་པའི་དགེ་སློང་གི་རྒྱུད་ལ་སྡོམ་གསུམ་ངོ་བོ་ཐ་དད་ཅིག་ཅར་དུ་ལྡན་པ་ཡང་མ་ཡིན་ཏེ། སྡོམ་པ་གསུམ་པ་དེ་དག་ཤེས་པ་གང་ཞིག །གཙོ་སེམས་གཅིག་གི་འཁོར་དུ་སྡོམ་པའི་ངོ་བོར་གྱུར་པའི་སྤོང་སེམས་རྫས་གཞན་པ་གསུམ་ཅིག་ཅར་དུ་འབྱུང་བ་མི་སྲིད་པའི་ཕྱིར། དེའི་རྒྱུད་ལ་སྡོམ་གསུམ་ངོ་བོ་གཅིག་ཏུ་ཡོད་པ་ཡང་མ་ཡིན་ཏེ། བསྙེན་པར་རྫོགས་མ་རྫོགས་ཀྱི་སྡོམ་པའི་གཞི་མཐུན་ཡོད་པར་ཐལ་བའི་སྐྱོན་གནས་པའི་ཕྱིར། དེས་ན་ཚིགས་གསུམ་རིམ་བཞིན་ནོད་པའི་ཚེ་འོག་མ་འོག་མ་རྫས་གོང་འཕེལ་གྱི་ཚུལ་གྱིས་གོང་མ་གོང་མར་གནས་འགྱུར་བ་ཡིན་ཏེ། ལམ་ལྔ་རིམ་གྱིས་བགྲོད་པའི་ཚེ་ལམ་འོག་མ་འོག་མ་རྫས་གོང་འཕེལ་གྱི་ཚུལ་གྱིས་གོང་མར་གནས་འགྱུར་བ་བཞིན་ནོ། །སྡོམ་པ་ཤེས་པར་འདོད་པ་དང་། ཚིགས་གསུམ་རིམ་གྱིས་ནོད་པའི་གང་ཟག་གི་རྒྱུད་ལ་སྡོམ་གསུམ་ངོ་བོ་ཐ་དད་ཅིག་ཅར་དུ་ཡོད་པར་འདོད་པ་ནི་རིག་པའི་འཇུག་པ་མ་ཤར་བ་ཡིན་ཏེ། གཙོ་སེམས་གཅིག་གི་འཁོར་དུ་སྤོང་སེམས་རྫས་གཞན་དུ་མ་ཅིག་ཅར་དུ་ཡོད་པར་ཐལ་བའི་སྐྱོན་གནས་པའི་ཕྱིར། གཉིས་པ་ནི། ཚིགས་གསུམ་རིམ་གྱིས་ནོད་པའི་ཚེ་སྡོམ་པ་འོག་མ་གོང་མར་གནས་འགྱུར་བ་མ་ཡིན་ཏེ། ཐོབ་པར་བྱ་བའི་ཆོ་ག་ཐ་དད་ལས་ཐོབ་དགོས་པའི་གཟུགས་ཅན་ངོ་བོ་ཐ་དད་ཡིན་པའི་ཕྱིར། གོང་མ་ཐོབ་པའི་ཚེ་འོག་མ་གཏོང་བ་མ་ཡིན་ཏེ། གོང་མ་འོག་མའི་གཏོང་རྒྱུ་མ་ཡིན་པའི་ཕྱིར། (༥༧ན)


GLG014_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཚིགས་གསུམ་རིམ་གྱིས་ནོད་པའི་དགེ་སློང་གི་རྒྱུད་ལ་སྡོམ་པ་གསུམ་ངོ་བོ་ཐ་དད་པའི་ཚུལ་གྱིས་ཅིག་ཅར་དུ་ལྡན་པ་ལ་རིགས་པ་དང་འགལ་བ་མེད་དེ། སྡོམ་པ་གསུམ་པོ་དེ་ཐོབ་བྱེད་ཀྱི་རྒྱུས་ཐོབ། གཏོང་བྱེད་ཀྱི་རྒྱུས་མ་བཏང་བའི་གཟུགས་ཅན་ངོ་བོ་ཐ་དད་ཡིན་པའི་ཕྱིར། དེ་ཡང་དགེ་སློང་གི་སྡོམ་པ་དེ་ལུས་ངག་གི་སྤང་བྱ་བདུན་སྤོང་པའི་སྤོང་བ་གཟུགས་ཅན་བདུན་ལྡན་ཏེ་དགེ་སློང་གིས་ལུས་ངག་གི་སྤང་བྱ་མཐའ་དག་སྤོང་བར་ཁས་བླངས་ཤིང་། སྡོམ་པ་ཇི་ལྟར་ཁས་བླངས་པ་བཞིན་དུ་ཐོབ་དགོས་པའི་ཕྱིར། མཛོད་ལས། སྡོམ་པ་ཇི་ལྟར་ཁས་བླངས་བཞིན། །འཐོབ་ཀྱི་རྒྱུད་ལས་མ་ཡིན་ནོ། །ཞེས་དང་། འོད་ལྡན་ལས། སོ་སོ་ཐར་པའི་སྡོམ་པ་ནི། སྤོང་བ་བདུན་གྱི་བདག་ཉིད་ཅན་ཡིན་ཏེ། ལུས་ཀྱི་རྣམ་པ་གསུམ་དང་ངག་གི་བཞི། །ཞེས་བྱ་བར་ངེས་པའི་ཕྱིར་རོ། །དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་སྤོང་བ་བཞི་ལྡན་ཡིན་ཏེ། ཕྲ་མ་ཚིག་རྩུབ་ངག་འཁྱལ་སྤོང་བར་ཁས་མ་བླངས་པའི་ཕྱིར། དེ་ལྟར་ཡང་། སོ་སོ་ཐར་ཅེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །ཅེས་པའི་དོན་ལེགས་པར་བཤད་པ་ཡིན་ནོ། །གསུམ་པ་སོ་སོའི་རང་བཞིན་ལ། རང་དགེ་བསྙེན་གྱི་སྡོམ་པ་འགྲུབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་ཅིང་། དགེ་བསྙེན་གྱི་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སྤང་བྱ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པའི་ངེས་འབྱུང་གི་ཚུལ་ཁྲིམས། རང་བསྙེན་(༥༧བ)


GLG014_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་སྡོམ་པ་འགྲུབ་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་ཅིང་། བསྙེན་གནས་ཀྱི་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སྤང་བྱ་བརྒྱད་ཉིན་ཞག་ཕྲུགས་གཅིག་གི་བར་དུ་སྤོང་བར་ཁས་བླངས་པའི་ངེས་འབྱུང་གི་ཚུལ་ཁྲིམས། རང་དགེ་ཚུལ་གྱི་སྡོམ་པར་འགྲུབ་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་ཅིང་། དགེ་ཚུལ་གྱི་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པའི་སྤང་བྱ་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པའི་ངེས་འབྱུང་གི་ཚུལ་ཁྲིམས། རང་དགེ་སློབ་མའི་སྡོམ་པར་འགྲུབ་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་ཅིང་། རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་གིས་བསྡུས་པའི་སྤང་བྱ་རྣམས་ལོ་གཉིས་ཀྱི་བར་དུ་སྤོང་བར་ཁས་བླངས་པའི་ངེས་འབྱུང་གི་ཚུལ་ཁྲིམས། རང་དགེ་སློང་གི་སྡོམ་པར་འགྲུབ་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་ཅིང་། ལུས་ཀྱི་སྤང་བྱ་མཐའ་དག་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པའི་རིགས་སུ་གནས་པའི་ངེས་འབྱུང་གི་ཚུལ་ཁྲིམས། དབྱེ་ན་ཕ་མ་གཉིས་མིང་གི་རྣམ་གྲངས་དགེ་སློང་གི་སྡོམ་པ་དང་བསྙེན་རྫོགས་ཀྱི་སྡོམ་པ། སྒྲ་བཤད་ནི། སྤངས་རྟོགས་མཐར་ཐུག་པའི་མྱང་འདས་ལ་མྱུར་དུ་སྦྱོར་བར་བྱེད་པས་ན་བསྙེན་རྫོགས་ཞེས་བྱ་སྟེ། རྫོགས་པ་ནི་སྤངས་རྟོགས་མཐར་ཐུག་པའི་མྱང་འདས་ཡིན་ལ། བསྙེན་པ་ནི་དེ་དག་མྱུར་དུ་སྒྲུབ་པ་ལ་འཇུག་པའི་ཕྱིར། རྒྱ་ཆེར་འགྲེལ་ལས། རྫོགས་པ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ལ་བྱ་སྟེ། མྱ་ངན་ལས་འདས་པ་ཡང་(༥༨ན)
དེ་ལྟ་བུའི་རང་བཞིན་ནོ། །བསྙེན་པ་ཞེས་བྱ་བའི་སྒྲ་ནི་ཉེ་བའི་ཚིག་ཡིན་ཏེ། དེའི་ཕྱིར་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པ་ནི་བསྙེན་པར་རྫོགས་པ་ཡིན་ནོ། །ཞེས་དང་། གཞི་ཊཱིཀ་ཏུ། རྫོགས་པ་ཞེས་བྱ་བ་ནི་དོན་ཐམས་ཅད་ཡང་དག་པར་འགྲུབ་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་སྐད་དུ་ཡང་། དྲི་མ་ཐམས་ཅད་བཅོམ་བྱས་ཤིང་། །མྱ་ངན་འདས་པ་རྫོགས་པ་ཐོབ། །སྡུག་བསྔལ་ཐ་མར་བྱེད་པ་དང་། །ཐམས་ཅད་རྫོགས་པར་གྱུར་པ་ཡིན། །ཞེས་གསུངས་པ་ལྟར་རོ། །


previousསོ་ཐར་སྡོམ་པའི་ངོ་བོ་དང་དབྱེ་བ་བཤད་པ།next