Nitartha Digital Library
Tibetan
 
previousསོ་ཐར་སྡོམ་པའི་ཁྱད་ཆོས་བཤད་པ།next

སོ་ཐར་སྡོམ་པའི་ཁྱད་ཆོས་བཤད་པ།


GLG014_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ས་བཅད་གསུམ་པ་ཁྱད་ཆོས་ལ། ལྡན་ཚུལ། ཐོབ་ཚུལ། གཏོང་ཚུལ། བསླབ་བྱ། ཕན་ཡོན་དང་ལྔ་ལས། དང་པོ་ནི། སྤྱིར་མི་མ་ཡིན་པ་དང་སྒྲ་མི་སྙན་པ་དང་ཟ་མ་དང་མ་ནིང་མ་ཡིན་པར་ལྡན། བྱེ་བྲག་དགེ་ཚུལ་སློང་དགེ་བསྙེན་ཕ་མ་བསྙེན་གནས་པ་བརྒྱད་ལ་ལྡན། ཐོབ་ཚུལ་ལ་རྒྱུ་གང་ལས་ཐོབ་ན་སྤྱིར་ཆོ་ག་ལ་བརྟེན་ནས་ཐོབ་པ་དང་། ཆོ་ག་ལ་བལྟོས་མེད་དུ་རང་གིས་ངང་གིས་ཐོབ་པ་གཉིས་ཀ་ཡང་ཡོད། བྱེ་བྲག་ཏུ་ཚིགས་སྔ་མ་དགེ་ཚུལ་དང་ཕྱི་མའི་བསྙེན་རྫོགས་སུ་བསྒྲུབ་པ་སོགས། གཞི་གང་ལས་ཐོབ་ན། ལས་ལམ་གྱི་སྦྱོར་དངོས་རྗེས་གསུམ་ཐམས་ཅད་ལས་ཐོབ། གཞི་སེམས་ཅན་ཡིན་མིན་གཉིས་ཀ་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ཀ་ལས་ཐོབ། ད་ལྟར་བའི་ཕུང་ཁམས་སྐྱེ་མཆེད་ལས་ཐོབ། ཡང་ན་སེམས་ཅན་ཐམས་ཅད་ལས་ཐོབ་པ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ལ་གནོད་འཚེའི་བསམ་པ་ལོག་(༥༨བ)


GLG014_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར། གཏོང་ཚུལ་ལ། སྤྱིར་བཏང་དང་། རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་དཔྱད་པ་གཉིས། དང་པོ་ནི། བསླབ་པ་ཕུལ་བས་གཏོང་སྟེ། སྡོམ་པའི་མི་མཐུན་ཕྱོགས་ཁས་བླངས་པའི་ཕྱིར། ཤི་འཕོས་པས་གཏོང་སྟེ། ཁས་བླངས་པ་དུས་ལས་འདས་པའི་ཕྱིར། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་མཚན་ལན་གསུམ་དུ་གྱུར་པས་གཏོང་སྟེ། སྡོམ་པའི་རྟེན་ཉམས་པའི་ཕྱིར། དགེ་བའི་རྩ་བ་ཆད་པས་གཏོང་ཏེ། སྡོམ་པའི་རྟེན་གཞི་མེད་པའི་ཕྱིར། བསྙེན་གནས་ཀྱི་སྡོམ་པ་མཚན་མོའི་མཐའི་སྐད་ཅིག་མ་འདས་པས་གཏོང་སྟེ། ཁས་བླངས་པ་དུས་ལས་འདས་པའི་ཕྱིར། མདོ་སྡེ་པ་ན་རེ། རྩ་ལྟུང་འཆབ་བཅས་བྱུང་བས་ཀྱང་གཏོང་སྟེ། རྒྱུད་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ཤས་ཆེན་པོས་གང་བར་བྱས་པའི་ཕྱིར། གོས་དམར་བའི་སྡེ་པ་ན་རེ། ལུང་གི་དམ་ཆོས་ནུབ་པས་ཀྱང་གཏོང་སྟེ། དེའི་ཚེ་བསླབ་པའི་འཚམས་རྣམ་པར་བཞག་པ་མེད་པའི་ཕྱིར། ཐོགས་མེད་སྐུ་མཆེད་ནི། དེས་སྡོམ་པ་སྔར་ཡོད་མི་གཏོང་སྟེ། ལུང་གི་དམ་ཆོས་མེད་ཀྱང་རྟོགས་པའི་དམ་ཆོས་མ་ནུབ་པའི་ཕྱིར། འོན་ཀྱང་དེའི་ཚེ་སྡོམ་པ་སྔར་མེད་གསར་དུ་མི་སྐྱེ་སྟེ། སྡོམ་པ་འབོགས་པའི་ཆོ་གའི་རྣམ་གཞག་མེད་པའི་ཕྱིར། ཅེས་གསུངས། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ། རྩ་ལྟུང་འཆབ་བཅས་བྱུང་བའི་དགེ་སློང་དེ་ཚུལ་ཁྲིམས་དང་ལྡན་པ་དང་དེ་ཚུལ་ཁྲིམས་འཆལ་བ་གཉིས་ཀ་ཡིན་ཏེ། སྡོམ་པའི་རྫས་རང་རྒྱུད་ལ་ཚང་བར་ཡོད་པ་དང་། སེམས་རྒྱུད་ལ་རྩ་ལྟུང་འཆབ་བཅས་ཀྱིས་གོས་པར་(༥༩ན)
བྱས་པའི་ཕྱིར། དཔེར་ན་མི་འགའ་ཞིག་ལ་ནོར་ཡང་ཡོད། བུ་ལོན་ཡང་ཡོད་པ་བཞིན་ནོ། །དེ་ལྟར་ཡང་མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོ་ཐར་པའི་འདུལ་བ་གཏོང་། ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་གསུངས་པའི་ཕྱིར། གཞན་ཡང་བསྒྲུབ་བྱ་ལོ་ཉི་ཤུ་མ་ལོན་པ་ལོན་པར་འདུ་ཤེས་པས་བསྙེན་པར་རྫོགས། ཕྱིས་ཉི་ཤུ་མ་ལོན་པར་ངོ་ཤེས་པའི་ཚེ་མངལ་ཤོལ་གྱི་ཟླ་བས་ཁ་བསྐང་བས་ཉི་ཤུ་ཚང་ན་མི་གཏོང་ཡང་མ་ཚང་ན་གཏོང་། །


previousསོ་ཐར་སྡོམ་པའི་ཁྱད་ཆོས་བཤད་པ།next