Nitartha Digital Library
Tibetan
 
previousཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་སོགས་བཤད་པ།next

ཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་སོགས་བཤད་པ།


GLG014_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སོ་སོར་བཤད་པ་ལ། ཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་དང་། རབ་བྱུང་གི་ཕྱོགས་སུ་གཏོགས་པའི་དེ་གཉིས། དང་པོ་ལ། དགེ་བསྙེན་དང་། བསྙེན་(༦༡ན)


GLG014_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་བསླབ་བྱ་གཉིས། དང་པོ་ལ། བྱེ་བྲག་ཏུ་སྨྲ་བའི་དང་། ཐེག་པ་ཆེན་པོའི་ལུགས་གཉིས། དང་པོ་ནི། དགེ་བསྙེན་གྱི་བསླབ་བྱ་བསྡུ་ན། སྐྱབས་གསུམ་འཛིན་པའི་དང་། ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་བསླབ་བྱ་གཉིས་སུ་འདུས། དང་པོ་ནི། སྒྲུབ་པའི་སྒོ་ནས་དཀོན་ཅོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་ལྡན་པས་སྐྱབས་སུ་འགྲོ་བ་དང་། དགག་པའི་སྒོ་ནས་ཕྱི་རོལ་པའི་ལྷ་དབང་ཕྱུག་སོགས་ལ་སྐྱབས་སུ་མི་འགྲོ། གྲོགས་མུ་སྟེགས་ཅན་དང་མི་འགྲོགས། སེམས་ཅན་ལ་གནོད་འཚེ་སྤོང་བར་བྱེད་པའོ། །གཉིས་པ་ནི། རྩ་བ་བཞི་དང་ཆང་དང་ལྔ་སྤོང་བར་བྱེད། དེ་ཡང་ལོག་གཡེམ་སྤོང་བ་ཡན་ལག་ཡིན་གྱི། མི་ཚངས་སྤྱོད་སྤོང་པ་མ་ཡིན་ཏེ། དགེ་བསྙེན་ནི་གཙོ་བོར་ཁྱིམ་པའི་ཕྱོགས་སུ་གཏོགས་པ་ཡིན་ལ། ཁྱིམ་པས་ལོག་གཡེམ་སྤོང་སླ་བ་ཡིན་གྱི་མི་ཚངས་སྤྱོད་སྤོང་དཀའ་བ་དང་། ལོག་གཡེམ་འཇིག་རྟེན་ན་སྨད་པའི་གནས་སུ་གྱུར་པ་ཡིན་པ་དང་། འཕགས་པའི་གང་ཟག་གིས་དགེ་བསྙེན་གྱི་བསླབ་བྱ་དང་འགལ་བའི་བྱ་བ་མི་བྱེད་ཅིང་། འཕགས་པས་ལོག་གཡེམ་མི་བྱེད་པ་ཡིན་གྱི། ཚངས་སྤྱོད་ལ་གནས་པའི་ངེས་པ་མེད་པའི་ཕྱིར། མཛོད་ལས། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འོ་ན་ངག་གི་མི་དགེ་བ་བཞིའི་ནང་ནས། རྫུན་སྤོང་བ་ཡན་ལག་ཏུ་འཇོག་ལྷག་མ་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། བསླབ་པ་གཞན་ལས་འདས་ཀྱང་མ་འདས་སོ་ཞེས་རྫུན་སྨྲ་བ་སྤོང་(༦༡བ)


GLG014_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེད་ཡིན་པའི་ཕྱིར། མཛོད་ལས། བསླབ་པ་ཐམས་ཅད་འདས་གྱུར་ན། །བརྫུན་དུ་ཐལ་བར་འགྱུར་བའི་ཕྱིར། ཞེས་སོ། །བསླབ་པ་ལྷག་མ་རྣམས་རྫོགས་པར་བྱེད་པའི་ཡན་ལག་ཏུ་མྱོས་འགྱུར་སྤོང་དགོས་པ་ཡིན་ཏེ། མྱོས་འགྱུར་བཏུངས་བ་ན་དྲན་པ་ཉམས་ནས་སེམས་བག་མེད་པར་འགྱུར་ཏེ་ཉེས་པ་གཞན་ལ་སྦྱོར་བར་བྱེད་པའི་ཕྱིར། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་སོ། །གཉིས་པ་ཐེག་པ་ཆེན་པོའི་ལུགས་ལ། ཚངས་སྤྱོད་ལ་ཉེར་གནས་དང་། གོ་མིའི་དགེ་བསྙེན་གྱི་བསླབ་བྱ་གཉིས། དང་པོ་ནི། ཁྱིམ་པའི་རྟགས་ཆ་ལུགས་དང་ལྡན་པའི་སྒོ་ནས་མི་ཚངས་སྤྱོད་གཞི་དང་བཅས་པ་སྤོང་བ་ལྟ་བུའོ། །གཉིས་པ་ནི། ཁྱིམ་པའི་རྟགས་ཆ་ལུགས་དང་ལྡན་པའི་སྒོ་ནས་བསྙེན་གནས་ཡན་ལག་བརྒྱད་པའི་བསླབ་བྱ་ལ་ཇི་སྲིད་འཚོའི་བར་དུ་སློབ་པ་ལྟ་བུའོ། །དེ་ལྟར་ཡང་ཆོ་འཕྲུལ་བསྟན་པའི་མདོ་ལས། རབ་བྱུང་ཡོན་ཏན་དུ་མ་ལྡན་པ་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུང་གྱུར་མོད། །དེ་ལྟར་ལགས་ཀྱང་སྙིང་རྗེར་གྱུར་པས་ན། །འགྲོ་ལ་ཕན་ཕྱིར་བདག་གིས་རྒྱལ་སྲིད་བསྒྲུབས། །ཇི་སྲིད་འཚོའི་བར་བདག་ནི་ཚངས་སྤྱོད་ཅིང་། །གསོ་སྦྱོང་ཡན་ལག་བརྒྱད་པའང་བླང་བར་བགྱི། ཞེས་གསུངས། དེ་ཡང་ཚིག་རྐང་དང་པོ་ལྔས་ཚངས་སྤྱོད་ལ་ཉེར་གནས་ཀྱི་དགེ་བསྙེན་དང་། དང་པོ་བཞི་དང་། དྲུག་པས་གོ་མིའི་དགེ་བསྙེན་བསྟན་པ་ཡིན་ནོ། །གཉིས་པ་བསྙེན་གནས་ཀྱི་བསླབ་བྱ་ནི། རྩ་བ་བཞི་ཆང་དང་ཕྱི་དྲོའི་ཁ་ཟས་གར་སོགས་འཕྲེང་སོགས་(༦༢ན)


GLG014_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མལ་ཆེ་མཐོ་དང་བརྒྱད་སྤོང་པ་ལ་དགོས་ཏེ། བཤེས་སྤྲིང་ལས། འཚེ་དང་ཆོམ་རྐུན་འཁྲིག་པ་རྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང་། །གར་དང་འཕྲེང་བའི་ཁྱད་པར་རྣམས་སྤོངས་ཤིང་། །ཞེས་པ་ལྟར་རོ། །དེ་དག་ཀྱང་བསྡུ་ན། ཚུལ་ཁྲིམས་ཀྱི། བག་ཡོད་ཀྱི། བརྟུལ་ཞུགས་ཀྱི་ཡན་ལག་དང་གསུམ་དུ་འདུས། རྩ་བ་བཞི་སྤོང་བ་ནི་དང་པོ་ཡིན་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བྱེད་ཡིན་པའི་ཕྱིར། ཆང་སྤོང་བ་ནི་གཉིས་པ་ཡིན་ཏེ། ཆང་བཏུངས་བ་ན་དྲན་པ་ཉམས་ནས་སེམས་བག་མེད་ལ་སྦྱོར་བའི་ཕྱིར། ཕྱི་དྲོའི་ཁ་ཟས་སོགས་གསུམ་སྤོང་པ་གསུམ་པ་ཡིན་ཏེ། ཕྱི་དྲོའི་ཁ་ཟས་སོགས་བསྟེན་ན་སེམས་རྒྱུད་ལ་དྲེགས་པ་སྐྱེས་ནས་ཚུལ་ཁྲིམས་འཆལ་བ་ལ་སྦྱོར་བའི་ཕྱིར། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །གཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །ཞེས་པ་ལྟར་རོ། །གཉིས་པ་རབ་བྱུང་གི་ཕྱོགས་སུ་གཏོགས་པའི་སོ་ཐར་གྱི་བསླབ་བྱ་ལ། དགེ་ཚུལ། དགེ་སློང་གི་བསླབ་བྱ་དང་གཉིས། དང་པོ་ནི། རྩ་བ་བཞི་ཆང་ཕྱི་དྲོའི་ཁ་ཟས་གར་སོགས་འཕྲེང་སོགས་མལ་ཆེ་མཐོ་གསེར་དངུལ་ལེན་པ་སྤོང་བའི་བསླབ་བྱ་ལ་སློབ་དགོས། གར་སོགས་ནི་ཆགས་སེམས་ཀྱིས་ཀུན་ནས་བསླང་སྟེ། གར་དང་གླུ་དང་རོལ་མོའི་སྒྲ་བྱེད་པའོ། །འཕྲེང་སོགས་ནི་ཆགས་སེམས་ཀྱིས་ཀུན་ནས་བསླང་སྟེ་ལུས་ལ་འཕྲེང་བ་དང་རྒྱན་(༦༢བ)
དང་སྤོས་བྱུག་པ་ལ་སོགས་པའོ། །མལ་ཆེ་བ་ནི་གསེར་དངུལ་གྱི་ཁྲི། མཐོ་བ་ནི་ཁྲུ་གང་ལས་ལྷག་པའི་ཁྲིའོ། །དེ་ལ་བསྙེན་གནས་ཀྱི་སྐབས་སུ་གར་སོགས་འཕྲེང་སོགས་གཅིག་ཏུ་འདྲེན་པའི་རྒྱུ་མཚན་ཡོད་དེ། བསྙེན་གནས་ནི་ཁྱིམ་པའི་ཕྱོགས་སུ་གཏོགས་པ་ཡིན་ལ། ཁྱིམ་པ་ལ་བསླབ་བྱ་གྲངས་མངས་ན་སློབ་པར་མི་ནུས་སྙམ་པའི་བསམ་ངོའི་ལོག་རྟོག་བཟློག་པའི་ཆེད་ཡིན་པའི་ཕྱིར། དགེ་ཚུལ་གྱི་སྐབས་སུ་སོ་སོར་འདྲེན་པའི་རྒྱུ་མཚན་ཡོད་དེ། རབ་ཏུ་བྱུང་བ་ལ་གླུ་གར་ལ་སོགས་པའི་ཕྱར་གཡེང་ནི་ཚུལ་དང་མི་མཐུན་པ་ཡིན་པས་ངེས་པར་དགག་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། བསྙེན་གནས་ཀྱི་སྐབས་སུ་གསེར་དངུལ་སྤོང་བ་ཡན་ལག་ཏུ་མི་འཇོག །འདིར་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཡོད་དེ། གསེར་དངུལ་ལེན་པ་གསོག་འཇོག་གི་རྩ་བ་ཡིན་ལ། ཁྱིམ་པ་ལ་གསོག་འཇོག་ཚུལ་དང་མི་མཐུན་པ་མིན་ཞིང་རབ་ཏུ་བྱུང་བ་ལ་གསོག་འཇོག་ཚུལ་དང་མི་མཐུན་པ་ཡིན་པའི་ཕྱིར། དེ་ལྟར་ཡང་། སུམ་བརྒྱ་པ་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་འཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་སྤོང་བ་སྟེ། །ཞེས་པ་ལྟར་རོ། །


previousཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་སོགས་བཤད་པ།next