Nitartha Digital Library
Tibetan
 
previousཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།next

ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།


GLG014_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་ནི། དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་བ། མཁན་སློབ་ལ་གུས་པར་བྱེད་པ། ཁྱིམ་པའི་རྟགས་སྤོང་བ། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པ་བཞི་ལ་གཙོ་བོར་སློབ་དགོས་ཏེ། བར་མ་(༦༣ན)


GLG014_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་གི་སྐབས་སུ་བཞི་པོ་འདི་ལ་སློབ་པར་ཁས་བླངས་པའི་ཕྱིར། གཉིས་པ་དགེ་སློང་ཕའི་བསླབ་བྱ་ལ། ཕམ་པ་བཞི་ལྷག་མ་བཅུ་གསུམ་མ་ངེས་པ་གཉིས་སྤང་ལྟུང་སུམ་ཅུ་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་སོ་སོར་བཤགས་པ་བྱ་བ་བཞི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་ལ་སློབ་བོ། །ལྔ་པ་ཕན་ཡོན་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། གོང་དུ་བརྗོད་བྱ་དོན་གྱི་འདུལ་བའི་ཕན་ཡོན་བཤད་པ་རྣམས་སོ། །གཉིས་པ་ནི་འདུལ་བ་ལུང་ལས། ཕན་ཡོན་བཅུ་གསུངས་ཤིང་། དེ་དག་གི་སྡོམས་ནི། འགྱོད་མེད་གཉིས་དང་སྙན་བདེ་བསྲུང་། །འཇིགས་མེད་ཕན་གཉིས་འགྲུབ་གཉིས་བཅུ། །ཞེས་པ་ལྟར་ངེས་འབྱུང་གི་ཚུལ་ཁྲིམས་རྣམ་དག་དང་ལྡན་པ་ལ་ཕན་ཡོན་བཅུ་འབྱུང་སྟེ། འགྱོད་པ་མེད་པར་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་ཐོབ་པ། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ། སྙན་པའི་གྲགས་པས་ཕྱོགས་བཅུ་ཀུན་ཁྱབ་པ། བདེ་བར་གཉིད་ལོག་ཅིང་བདེ་བར་སད་པར་འགྱུར་བ། གཉིད་ལོག་པ་ན་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བར་འགྱུར་བ། གནོད་བྱེད་ཀྱི་དགྲ་བོ་དང་གནོད་སྦྱིན་ལ་སོགས་པ་ལ་ཡ་ང་བ་དང་བག་ཚ་བའི་འཇིགས་པ་མེད་པ། དགྲ་བོ་ལ་སོགས་པས་ཀྱང་ཟས་གོས་ཀྱི་ཕན་འདོགས་པར་བྱེད་པ། གནོད་སྦྱིན་ལ་སོགས་པ་མི་མ་ཡིན་པ་རྣམས་ཀྱིས་ཀྱང་མཐུན་རྐྱེན་སྒྲུབ་ཅིང་ཕན་འདོགས་པར་བྱེད་པ། ཆོས་གོས་ལྷུང་བཟེད་ལ་སོགས་པ་འཚོ་བའི་ཡོ་བྱད་ཚེགས་ཆུང་(༦༣བ)


GLG014_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ངུས་འགྲུབ་པ། གནས་སྐབས་དང་མཐར་ཐུག་གི་སྨོན་ལམ་འགྲུབ་པ་དང་བཅུ། ཞེས་གསུངས་པའི་དོན་གལ་ཆེ་བའི་རགས་རིམ་རྣམས་བཀོད་པ་ཡིན་ནོ། །གོང་གི་སྡོམ་པ་གཏོང་རྒྱུ་དང་ཕྱོགས་མཐུན་པ་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་བྱུང་དང་ལན་གསུམ་འགྱུར། །དགེ་རྩ་ཆད་རྣམས་ཐུན་མོང་ངོ་། །ཉི་ཤུ་མ་ལོན་དེར་ཤེས་དང་། །བསྟན་ཕྱིར་ཁས་བླངས་ཉིན་ཞག་འདས། །རིམ་བཞིན་དགེ་སློང་དགེ་སློབ་མ། །བསྙེན་གནས་རྣམས་ཀྱི་ཐུན་མོང་མིན། །རྩ་བའི་ལྟུང་བ་བྱུང་བ་དང་། །དམ་པའི་ཆོས་ནི་ནུབ་པ་ལས། །སྡོམ་པ་གཏོང་ཞེས་འདོད་པའང་ཡོད། ཁ་ཆེ་བྱེ་བྲག་སྨྲ་བ་རྣམས། །སྡོམ་ལྡན་རྩ་ལྟུང་བྱུང་བ་ལ། །བུ་ལོན་ནོར་ཅན་བཞིན་དུ་འདོད། །ཅེས་གསུང་། དེ་ཡང་སོ་ཐར་གྱི་ཚིགས་གསུམ་པོ་འདི་གང་ཟག་གཅིག་གི་རྒྱུད་ལ་ལྡན་ཚུལ་དང་སོ་ཐར་སྡོམ་ལྡན་གྱིས། བྱང་སེམས་དང་སྔགས་ཀྱི་སྡོམ་པ་བླངས་ན་གང་ཟག་གཅིག་གི་རྒྱུད་ལ་ལྡན་ཚུལ་བཞེད་པའི་རྣམ་གྲངས་ཐ་དད་པ་མང་ཡང་། རྗེ་བཙུན་ས་སྐྱ་པ་ཡབ་སྲས་གནས་འགྱུར་ངོ་བོ་གཅིག་ཏུ་བཞེད་ཅིང་། དེ་ལ་ཡང་མཁས་པ་ཆེན་པོ་རྣམས་དགོངས་པ་འགྲེལ་ཚུལ་མི་འདྲ་ཙམ་ཡོད་པའི་ཀུན་མཁྱེན་གོ་རམས་པ་རྗེས་འབྲང་འགས་སྐྱེས་བུ་དཔའ་རྩལ་ཅན་ཞིག་གིས་གོ་མཚོན་ཐོགས་པ་ལྟར། དགེ་སློང་གི་སྡོམ་ལྡན་དེས་བྱང་སེམས་དང་སྔགས་སྡོམ་བླངས་ན་རྫས་གོང་འཕེལ་དུ་འགྲོ་ཚུལ་དང་སྡོམ་པ་གོང་མ་གཉིས་ཀྱིས་ཟིན་པའི་དགེ་སློང་གི་སྡོམ་ལྡན་དེ་ལ་ཕམ་པ་(༦༤ན)


GLG014_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཆབ་བཅས་བྱུང་བ་གསོ་མི་རུང་བ་མ་ཡིན་ཏེ། དེ་ལྟར་དབང་བཞི་གཞན་ལས་ནོས་པའམ་རང་གིས་བདག་འཇུག་བླངས་པའི་ཚེ་དབང་གསུམ་པའི་དུས་ཡེ་བརྒྱ་ལ་བརྟེན་ནས་ཀྱང་དབབ་ལྡོག་གི་བདེ་བ་ཉམས་སུ་མྱོང་བས་ཀྱང་སྡོམ་པ་འཇིག་པ་སོགས་ཀྱི་སྒྲུབ་བྱེད་མང་དུ་མཛད་པས་མཚོན། གོང་མའི་གསུང་རབ་ལ་གཅེས་པར་འཛིན་པ་ཕལ་ཆེར་དགོངས་པ་མཐུན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཞེད་པ་རྗེ་བཙུན་རིན་པོ་ཆེས་གནས་འགྱུར་དུ་བཤད། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་ངོ་བོ་གཅིག་ཏུ་བཤད་པ་བསྡོམས་པས་གནས་འགྱུར་ངོ་བོ་གཅིག་ཏུ་གྲུབ་པ་ཡིན། དེ་ཡང་རྗེ་བཙུན་གྱིས་གནས་འགྱུར་བཞེད་ཀྱང་དེ་གསུམ་གྱི་གཞི་མཐུན་མི་བཞེད་ཚུལ་གཏན་ཚིགས། ལུང་། དཔེ་གསུམ་གྱིས་བསྒྲུབ་པར་མཛད། དེ་ཡང་གནས་འགྱུར་ཚུལ་ནི། སྤོང་སེམས་སྔ་མ་རྣམས་ཕྱི་མ་དང་དགེ་བའི་ཆོས་སྡུད། སེམས་ཅན་དོན་བྱེད་རྣམས་སྔགས་ཀྱི་ཐེག་པར་འཐོབ་པ་དེར་གནས་འགྱུར་བ་ཡིན། ངོ་བོ་གཅིག་ཚུལ་ནི། སྡོམ་པ་སུམ་ལྡན་གྱི་རྒྱུད་ཀྱི་གཞན་གནོད་སྤོང་བའི་སེམས་པ་དེ་སོ་ཐར་གྱི་ངོ་བོ། གཞན་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པ་བྱང་སེམས་ཀྱི་ངོ་བོ། གསང་སྔགས་ཀྱི་དམ་ཚིག་མཐའ་དག་ལ་བསླབ་པ་སྔགས་སྡོམ་གྱི་ངོ་བོ། དེ་གསུམ་པོ་དངོས་པོ་གཅིག་པ་ཡིན་པས་སོ། །ཞེས་བཞེད། འཇམ་དབྱངས་ཆོས་རྗེ་སུམ་ལྡན་གྱི་རྒྱུད་ཀྱི་སོ་ཐར་སྡོམ་པ་ཤི་འཕོས་པའི་ཚེ་ལྡོག་ཆ་ཙམ་གཏོང་ཡང་རྫས་ཀྱི་ངོ་བོ་མི་གཏོང་བར་བཤད། དཀའ་འགྲེལ་གནད་ཀྱི་སྙིང་པོ་(༦༤བ)


GLG014_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱེད་ལས། ཆོ་ག་ཉན་ཐོས་ལུགས་བཞིན་བྱས་པའི་ཐེག་ཆེན་དགེ་སློང་གི་སྡོམ་པ་ཆོས་ཅན། ཁྱོད་ཤི་འཕོས་ཀྱང་མི་གཏོང་བར་ཐལ། ཁྱོད་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པ་གང་ཞིག །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །སེམས་ལས་སྐྱེ་ཕྱིར་གཟུགས་ཅན་མིན། །དེས་ན་ཇི་སྲིད་སེམས་མ་ཉམས། །དེ་ཡི་བར་དུ་སྡོམ་པ་ཡོད། །ཅེས་གོང་དུ་བཤད་ཟིན་པའི་ཕྱིར་སྙམ་ན། དེ་ལྟ་བུའི་དགེ་སློང་ལ་སོགས་པའི་སྡོམ་པ་ཆོས་ཅན། ཁྱོད་ཐེག་ཆེན་སོ་སོ་ཐར་པའི་སྡོམ་པ་ཡིན་ཀྱང་། ཁྱོད་ཀྱི་ལྡོག་པ་དེ་མིང་གི་ཐ་སྙད་ཤི་བའི་ཚེ་ན་གཏོང་སྟེ་ཁྱོད་ཇི་སྲིད་འཚོའི་མཐའ་ཅན་དུ་བླངས་པའི་སྡོམ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཀུན་སློང་བྱང་ཆུབ་སེམས་དཔའི་སྡོམ་པ་ཤི་ཡང་འབྱུང་སྟེ། བྱང་ཆུབ་སྙིང་པོའི་མཐའ་ཅན་ཡིན་པའི་ཕྱིར། ཁྱོད་ཀྱི་འབྲས་བུ་ཡང་ཤི་འཕོས་པས་མི་གཏོང་སྟེ། རང་འབྲས་མངོན་མཐོ་དང་ངེས་ལེགས་བྱང་ཆུབ་བར་དུ་འབྱུང་བའི་ཕྱིར། ཞེས་གསུང་བ་ནི་གནད་ཟབ་པ་ཞིག་འདུག །མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་ཊཱིཀྐར། དེང་སང་བསླབ་པ་ཉམས་པ་གསོ་བ་ལ་མཁན་སློབ་ཀྱི་སྤྱན་སྔར་སྡོམ་པ་འབོགས་ཆོག་ཞུ་བ་ནི་ཐེག་པ་ཆེན་པོའི་རྒྱས་བཀབ་བ་ཡིན་ཏེ། བསླབ་པ་སྔ་མ་དེ་ཞུ་བའི་དུས་སུ་ཐེག་ཆེན་གྱི་བསམ་པ་གསལ་བཏབ་སྟེ། ཆོ་ག་ཉན་ཐོས་ཀྱི་ལུགས་བཞིན་བྱས་པ་ལས་སྡོམ་པ་ཕོག་པ་དེ་བདག་ཉིད་ཆེན་པོ་ས་པཎ་གྱིས། དེས་ན་ད་ལྟའི་ཆོ་ག་ནི། །ཞེས་སོགས་གསུངས་པ་ལྟར་ཐེག་ཆེན་སོ་ཐར་སྡོམ་པའི་ངོ་བོར་སྐྱེ་ལ་ཐེག་ཆེན་གྱི་སྡོམ་པ་དེ་ནི་ཉན་ཐོས་པའི་ལུགས་དང་མི་འདྲ་(༦༥ན)


GLG014_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐེག་པ་ཆེན་པོའི་ལུགས་འདིར་ཤེས་པ་ཡིན་གྱི། གཟུགས་ཅན་མ་ཡིན་པས་སླར་ཡང་སྡོམ་པ་བླངས་པས་སྐྱེ་བ་ནི་བདག་ཉིད་ཆེན་པོ་ས་པཎ་ནས་བཟུང་ས་སྐྱ་པའི་འདུལ་འཛིན་མཐའ་དག་ཕྱག་ལེན་ལ་མཛད་པ་ཡིན་ནོ། །དོན་འདི་དང་མཐུན་པར་ས་བཟང་མ་ཏི་པཎ་ཆེན་གྱི་འདུལ་བའི་ལས་ཆོག་ལས། དེ་ལྟར་སྦྱོར་བ་དང་། དངོས་གཞི་གཉིས་ཀྱིས་ཁྱེད་ཀྱི་རྒྱུད་ལ་བསྙེན་པར་རྫོགས་པའི་སྡོམ་པ་ཁྱད་པར་ཅན་སྤང་བྱའི་རྒྱུན་སྡོམ་པར་བྱེད་པ་ཆུ་ལོན་ལྟ་བུ། རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་སམ་སེམས་པ་དགེ་བ་ཁྱད་པར་ཅན་ས་བོན་དང་བཅས་པ་དེ་ཐོབ་ཅིང་མངོན་དུ་གྱུར་བ་ཡིན་པས་དགའ་བ་སྒོམས་ཤིག །ཅེས་གསུངས་པ་ཡིན་ཏེ། གཟུགས་སམ་ཞེས་པ་འདུལ་བ་རང་རྐང་གི་ལུགས་དང་། སེམས་དཔའ་དགེ་བ་ཁྱད་པར་ཅན་ཐོབ་པ་ཞེས་པ་གསུངས་པ་ནི་ཐེག་ཆེན་ལུགས་ཀྱི་དབང་དུ་བྱས་པ་ཡིན་ནོ། །འདུལ་བ་རང་རྐང་ལ་སྡོམ་པ་གཟུགས་ཅན་དུ་འདོད་པས་སྡོམ་པ་ལན་ཅིག་བླངས་པ་སྟེ་རྩ་ལྟུང་བྱུང་བས་ཀྱང་མི་གཏོང་བ་ཡོད་ཅིང་། དེའི་སྡོམ་རོ་རྙིང་པ་དེས་སླར་སྡོམ་པ་རྣམ་དག་བླངས་ཀྱང་སྐྱེ་བའི་གེགས་བྱེད་པས་ཕྱག་ལེན་གུ་དོག་ལ། གལ་ཏེ་མཁན་སློབ་ཀྱི་ཆོ་ག་ལས་སླར་སྡོམ་པ་ལེན་གོང་དུ་བསླབ་པ་འབུལ་ཆོག་བྱས་ན་སྡོམ་པ་རྙིང་པས་རྒྱུད་མ་བཀག་པས་ལེན་དུ་རུང་བ་ཙམ་ཡིན་ཏེ། །ཐེག་ཆེན་གྱི་བསམ་པས་ཟིན་པ་ལ་སྡོམ་པ་རྙིང་པས་རྒྱུད་བཀག་མ་བཀག་སོགས་ཀྱི་རྣམ་གཞག་བརྩི་མི་དགོས་པས་གུ་ཡངས་ཤིང་གདུལ་བྱ་ལ་ཕན་ཆེ་བ་ནི་ཐེག་པ་(༦༣ན)


GLG014_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་གི་ཁྱད་པར་ཡིན་ནོ། །གནད་འདི་ནི་ཁོ་བོའི་མཁན་པོ་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་འཇམ་དབྱངས་དབང་ཕྱུག་དཔལ་བཟང་གི་གསུང་རྒྱུན་ལས་བྱུང་བ་འདིར་བྲིས་པའོ། །ཞེས་དང་། རིགས་འཛིན་སྡོམ་པའི་སྐབས་སུ་དབང་བཞི་བླངས་པ་དེ་ཡི་རྟེན་གྱི་གང་ཟག་སློབ་མ་དེ་སྡོམ་པ་སུམ་ལྡན་དུ་གྱུར་པ་ཡིན་ཏེ། སྔར་སྡོམ་པ་འོག་མ་གཉིས་སྔོན་དུ་སོང་ན་དབང་བསྐུར་གྱི་ཚེ་སྔགས་སྡོམ་དུ་གནས་འགྱུར་ནས་སྔགས་སྡོམ་གྱི་ངོ་བོར་གྱུར་པའི་སྡོམ་གསུམ་ངོ་བོ་གཅིག་ཏུ་ལྡན་པ་དང་། སྔར་སྔོན་དུ་མ་སོང་ན་དབང་གི་སྟ་གོན་གྱི་སྐབས་སུ་རྒྱུན་བཤགས་ཀྱི་རྗེས་ཟློས་ལན་གསུམ་བྱས་པའི་ཚེ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་ལྡོག་པ་ནས་བསྟན་པའི་སོ་ཐར་གྱི་སྡོམ་པ་དང་། སྨོན་འཇུག་གི་སེམས་བསྐྱེད་ཀྱི་ལྡོག་པ་ནས་བྱང་སེམས་ཀྱི་སྡོམ་པ་དང་། གནས་གསུམ་བྱིན་རླབས་ནས་བཟུང་སྟེ་དབང་བཞི་པའི་བར་རྣམས་སུ་སྔགས་ཀྱི་ལྡོག་པ་ནས་བསྟན་པའི་སྔགས་སྡོམ་ཐོབ་པར་འགྱུར་བའི་ཕྱིར། དེ་སྐད་དུ་རྗེ་བཙུན་རིན་པོ་ཆེའི་རྩ་ལྟུང་འཁྲུལ་སྤོང་ལས། འོ་ན་སྔར་སོ་སོ་ཐར་པའི་སྡོམ་པ་དགེ་སློང་གི་བར་ཐོབ་པ་ཞིག་གིས་ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སླར་ཡང་དབང་ནོས་པར་གྱུར་ན་འདི་ལ་སྡོམ་པ་ཇི་ལྟར་ལྡན་ཞེ་ན། དགེ་སློང་གིས་སེམས་བསྐྱེད་པའི་ཚེ་ན་སོ་སོ་ཐར་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་ལ། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ན་སྡོམ་པ་ཐམས་ཅད་ཀྱང་རིག་པ་འཛིན་པའི་སྡོམ་པ་ཞེས་པ་ཡིན་ནོ། །ཞེས་དང་། སོ་ཐར་(༦༦ན)


GLG014_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་སྡོམ་གཉིས་ནི་གུད་དུ་བླངས་ཀྱང་རུང་མ་བླངས་ཀྱང་རུང་དབང་གི་སྔོན་དུ་སྟ་གོན་ཀྱི་སྐབས་སུ་འབྱུང་བ་ཡིན་ནོ། །ཞེས་དང་། གནད་དེ་དག་ཐུགས་ལ་བཞག་ནས་ཁ་སྐོང་ལས། སྡོམ་གསུམ་ལྡན་པས་འབྲས་བུ་མཆོག །འགྲུབ་ཅིང་སྡོམ་གསུམ་དེ་ཉིད་ཀྱང་། །རང་རང་ཆོ་གས་རིམ་བཞིན་དུ། །བླངས་སམ་དབང་བསྐུར་ཆོ་ག་ལས། །གསུམ་ཆར་ཐོབ་པ་ཉིད་ཀྱང་རུང་། །སུམ་ལྡན་ཚེ་ན་ངོ་བོ་གཅིག །ཅེས་གསུངས་པའི་བཞེད་དོན་སྡོམ་གསུམ་རིམ་ཅན་དུ་བླངས་པའི་སུམ་ལྡན་རྒྱུད་ཀྱི་སོ་ཐར་སྡོམ་པ་ཤི་འཕོས་པས་གཏོང་ཡང་དེའི་ངོ་བོའི་སྡོམ་པ་ཙམ་པོ་བ་ཞིག་བྱང་སྡོམ་དུ་གནས་འགྱུར་བས་ཤི་འཕོས་པས་མི་གཏོང་ཞིང་ཇི་སྲིད་འཚོའི་བར་དུ་བླངས་པའི་ལྡོག་ཆ་དེ་གཏོང་བ་སོགས་རྒྱུ་མཚན། རྗེ་བཙུན་གོང་མའི་བཞེད་ཚུལ་དང་། ཀུན་མཁྱེན་བཙོང་ཁ་པ་ཆེན་པོས་ཚུལ་ཁྲིམས་ལེའུའི་རྣམ་བཤད་དུ། རྩ་ལྟུང་ལས་གཞན་ཕྱིར་བཅོས་སུ་རུང་བ་ནི་ཉན་ཐོས་ལ་ཡང་ཡོད་པའི་ཕྱིར་བྱང་སེམས་ཀྱི་ཁྱད་ཆོས་མིན་ནོ། །གལ་ཏེ་དེ་ནི་མི་རིགས་ཏེ་རྩ་ལྟུང་ཡིན་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་གཏུགས་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་ཏེ། ཚུལ་ཁྲིམས་ཡོངས་སུ་གཏུགས་པའི་དོན་ནི་ཉམས་པ་ཡིན་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། བསླབ་བཏུས་སུ་དྲངས་པའི་འགྱུར་ལས་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །ཞེས་འབྱུང་བ་འདི་བདེ་སྟེ། དེའི་དོན་ནི་བྱང་སེམས་ཀྱི་རྒྱུད་ཀྱི་ཚུལ་ཁྲིམས་དེ་རྩ་ལྟུང་བྱུང་བས་ཕྱིར་བླང་དུ་མེད་ན་དེའི་(༦༦བ)


GLG014_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དེ་ཙམ་དུ་ཟད་པས་མཐའ་ཡོད་ན་ཡང་བླང་དུ་ཡོད་པས་མཐའ་མེད་ཅེས་པ་ཡིན་པའི་ཕྱིར་རོ། །ཞེས་དང་། འོ་ན་སྨོན་སེམས་དང་མ་བྲལ་ན་བཅོས་སུ་ཡོད་པ་དང་བྲལ་ན་བཅོས་སུ་མེད་པའི་ཁྱད་པར་འོང་བ་ཅི་ཞེ་ན། སོ་ཐར་གྱི་སྡོམ་ལྡན་གང་ཡང་རུང་བ་ལ་རྩ་ལྟུང་བྱུང་བ་ཕྱིར་བླང་དུ་ཡོད་ན་ཁྱད་པར་དེ་དོན་མེད་ཀྱང་དེ་ནི་མ་ཡིན་ཏེ། འདི་ལྟར་བྱང་སེམས་སོ་ཐར་གྱི་སྡོམ་ལྡན་དེ་ལ་སོ་ཐར་གྱི་རྩ་ལྟུང་བྱུང་ན་རྩ་ལྟུང་བྱུང་བའི་འོག་དེ་མ་ཐག་ཡན་ཆོད་དུ་སྔར་བསྐྱེད་པའི་སེམས་བསྐྱེད་དང་མ་བྲལ་ན་ཕྱིར་བླང་དུ་ཡོད་ལ། གལ་ཏེ་བྱང་སེམས་ཡིན་ཡང་རྩ་ལྟུང་གི་སྦྱོར་དངོས་མཇུག་དེ་མ་ཐག་ཡན་ཆོད་དུ་སེམས་བསྐྱེད་བཏང་ནས་མི་ལྡན་པར་བྲལ་ཕྱིར་བསྐྲད་དུ་མི་རུང་སྟེ་དེ་རུང་ན་ཐེག་པ་དམན་པའི་རྟེན་ལ་ཡང་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་གསུངས་པ་རྗེ་བཙུན་གོང་མའི་གསུང་རབ་དང་དགོངས་པ་མཐུན་པ་བྱུང་ནའང་བསླབ་བཏུས་སུ། དེ་བས་ན་རང་གི་མཐུ་དང་འཚམ་པར་དགེ་བའི་རྩ་བ་གཅིག་ཙམ་ཡང་ཡང་དག་པར་བླངས་ཏེ་བསྲུང་བར་བྱ། ཞེས་སྨོན་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་དེས་བསླབ་བྱ་མཐའ་དག་ལ་སློབ་མི་ནུས་པས་ཐོག་མར་དགེ་བའི་རྩ་བ་གཅིག་ཙམ་འཛིན་པ་སོགས་རང་བློ་དང་བསྟུན་ནས་རིམ་གྱིས་སློབ་སྦྱངས་ཏེ་མཐར་སྤྱོད་པ་མཐའ་དག་ལ་སློབ་ནུས་པར་གསུངས་ལ། བྱང་ཆུབ་ལམ་རིམ་ཆེ་ཆུང་དུ་སེམས་བསྐྱེད་ཆོ་གས་འཛིན་པ་དང་། དེ་ལ་མ་བལྟོས་པར་སེམས་བསྐྱེད་པ་ཡོད་པའི་རྒྱུ་མཚན་ལམ་དུ་མ་ཞུགས་པའི་གང་ཟག་གིས་འཇུག་སྡོམ་བླངས་ཏེ། དེའི་རྗེས་སུ་སྨོན་(༦༧ན)


GLG014_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚོགས་ལམ་ཆུང་ངུ་ཐོབ། ཚོགས་ལམ་འབྲིང་དུ་སླེབས་པ་དང་སྨོན་སེམས་དེ་འཇུག་སེམས་སུ་གནས་འགྱུར་བའི་ཚུལ་གྱིས་འཇུག་སེམས་སྐྱེས་པ་ཡོད། ཡང་འཇུག་སྡོམ་ལེན་མ་མྱོང་བ་ཞིག་གིས་སྨོན་སེམས་བསྐྱེད་ནས་ཚོགས་ལམ་ལ་བཞུགས། ཚོགས་ལམ་འབྲིང་དུ་སླེབས་པ་དང་འཇུག་པའི་སེམས་བསྐྱེད། འབྲིང་གིས་ཐ་མར་འཇུག་སྡོམ་བླངས་པའང་འོང་བས་མཐའ་གཅིག་ཏུ་གོ་རིམ་ཀྱི་ངེས་པ་མེད་པར་བཤད་ལ། སྨོན་སེམས་ཆོ་གས་བསྐྱེད་པ་ཙམ་གྱིས་སྡོམ་པ་ཐོབ་པར་མི་འགྱུར་ཞིང་། དེ་ལྟར་བསྐྱེད་པ་ཙམ་ལ་ཕན་ཡོན་ཆེ་ཞིང་ཉེས་པ་ཆུང་བས། དཔལ་མཉམ་མེད་དཱི་པཾ་ཀཱ་རས། མང་ཡུལ་སྐྱིད་གྲོང་དང་། བསམ་ཡས་སོགས་བོད་ཀྱི་མི་ཚོགས་ཆེ་བའི་ཁྲོམ་ལ་སེམས་བསྐྱེད་པ་ལམ་ཡིག་སོགས་ཆོས་འབྱུང་ཚོར་གསལ། དིང་སང་སྨོན་འཇུག་གི་སེམས་བསྐྱེད་ཆོ་གས་བཟུང་མ་བཟུང་ལ་མ་བལྟོས་པར་དབང་བསྐུར་གྱི་སྔོན་དུ་གུར་ལས་བྱུང་བའི་རྒྱུན་བཤགས་ལན་གསུམ་བརྗོད་པས་སྨོན་འཇུག་གི་སྡོམ་པ་ཐོབ་པ་ཡིན་ལ། དེས་ན་སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་ཡུལ་ཞིག་ཏུ་འགྲོ་བར་འདོད་པ་དང་འགྲོ་བ་ལ་བརྩོན་པ་གཉིས་དཔེར་བཟུང་སྟེ་སྨོན་སེམས་དང་འཇུག་སེམས་ཀྱི་བྱེ་བྲག་གསུངས་པའི་དབང་དུ་བྱས་ནས་སྨོན་སེམས་ལ་ལེགས་པར་སྦྱང་བའི་མྱོང་བ་སྣ་ཟིན་རྒྱུད་ལ་སྐྱེས་པ་(༦༧བ)


GLG014_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་སྡོམ་གྱི་བསླབ་བྱ་རྣམས་ཉན་ཏེ་ཕྱིན་དྲུག་སོགས་ལ་བསླབ་པའི་ཕན་ཡོན་མ་བསླབས་པའི་ཉེས་དམིགས་རྩ་ལྟུང་དང་ཉེས་བྱས་སོགས་ལེགས་པར་ཤེས་ནས་བླང་དོར། དེ་ལ་སྤྲོ་བ་ཤུགས་དྲག་པོ་བཅོས་མ་མ་ཡིན་པ་སྐྱེས་པ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་སྲོལ་གཅིག་ཏུ་འདྲེས་པའི་རྒྱལ་སྲས་ཀྱི་སྡོམ་པ་ཆོ་གའི་སྒོ་ནས་འབོགས་དགོས་པ་ཤིང་རྟ་ཆེན་པོ་གཉིས་ཀྱི་རྗེས་སུ་འབྲངས་པའི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་མགྲིན་པ་གཅིག་ཏུ་བཏེག་ནས་གསུང་བ་བྱང་ཆུབ་ལམ་རིམ་ཆེན་མོ་ལས་བཀའ་སྩལ་བ་ལྟར། ལམ་དུ་མ་ཞུགས་པ་རྣམས་ཀྱིས་འཇུག་སྡོམ་ལ་རིངས་པ་དགག་བྱ་ཆེ། ལམ་རིམ་བསྡུས་དོན་དུ། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། ཞེས་དང་། རྗེ་བླ་མའི་བཀའ་པོད་ཕལ་ཆེར་གྱི་དགོངས་དོན་འཁྲུལ་མེད་དུ་འགྲེལ་བར་རང་བསྟན་འདིའི་ཤིང་རྟ་ཆེན་པོ་པ་རྒྱལ་ཚབ་ཐམས་ཅད་མཁྱེན་པས། ཐེག་པ་ཆེན་པོ་པ་རྣམས་ནི་སེམས་འདི་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ལ་ཞེས་གསུངས་པ་དང་། ཀུན་མཁྱེན་གོ་བོ་སོགས་རྗེ་བཙུན་གོང་མའི་རྗེས་འབྲངས་ཕལ་ཆེར་རྒྱུན་བཤགས་ལྟ་བུའི་སྒོ་ནས་སྡོམ་པ་བཟུང་སྟེ་ཐེག་པ་ཆེན་པོར་སེམས་བསྐྱེད་པ་དང་ཚོགས་ལམ་དུ་ཞུགས་པ་དུས་མཚུངས་པར་བཞེད་པ་རྣམས་དགོངས་གཞི་གཅིག་པས། ཐེག་ཆེན་པ་ཞེས་པའི་མིང་ཙམ་བླ་ཡང་དངོས་པོའི་གནས་ཚོད་ལ་གནད་(༦༨ན)


GLG014_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འགག་དེ་ལྟར་ཡོད་ཅིང་། དེ་ལྟ་བུའི་བྱང་སེམས་ཀྱི་རྟེན་གཞིར་བྱས་པའི་རིགས་འཛིན་གྱི་སྡོམ་གསུམ་དུ། ཆོ་ག་ཅུང་ཟད་ཉམས་པ་ལ། །ཆོ་ག་ཆགས་པར་མི་འགྱུར་ན། །ཆོ་ག་ཕལ་ཆེར་ཉམས་པ་ལ། །ཆོ་ག་ཆགས་པར་འགྱུར་རེ་ཀན། ཞེས་པ་ལྟར། མཚན་ཉིད་དང་ལྡན་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་བརྟེན་ནས་ཐོབ་དགོས་པས་བཤད་མ་ཐག་པའི་མཚན་ཉིད་དེ་ལྡན་གྱི་རིགས་ལ་ས་བཟང་པཎ་ཆེན་གྱིས་སེམས་པ་དགེ་བ་ཁྱད་པར་ཅན་ས་བོན་དང་བཅས་པ་ཞེས་པའི་དོན་བཞིན་ཐེག་པ་གོང་མ་གཉིས་ཀྱི་རྩིས་ཟིན་པའི་སྡོམ་པ་གནས་འགྱུར་བ་རིག་འཛིན་དང་བྱང་སེམས་ཀྱི་སྡོམ་པ་མཚན་ཉིད་པ་རྒྱུད་ལ་སྐྱེས་པའི་རིགས་ལ་སྡོམ་པ་འོག་མ་གོང་མ་གཉིས་སུ་གནས་འགྱུར་བའི་རིག་འཛིན་གྱི་སྡོམ་པས་འོག་མ་ཟིལ་གྱིས་མནན་ཏེ། དེ་ལྟ་བུའི་དགེ་སློང་ལ་ཕམ་པ་འཆབ་བཅས་བྱུང་ཀྱང་གསོ་བ་སོགས་ཉན་ཐོས་དང་མི་མཐུན་པའི་རྣམ་གཞག་བྱུང་བ་ནི་རྟོགས་པའི་ཡོན་ཏན་གཙོ་ཆེ་བའི་ནུས་པ་སྟེ། དཔེའི་འོད་གསལ་འདྲེན་པའི་དུས་ལ་བབས་པ་དེ་རྟེན་དགེ་སློང་ཡིན་ཀྱང་ལས་རྒྱ་བསྟེན་པས་ཚངས་སྤྱོད་ལ་མི་གནོད་པ་དང་། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་ཀྱི་ཉོན་མོངས་ལུད། །དེ་ནི་བྱང་ཆུབ་སེམས་རྣམས་སྐྱེ་ལ་ཕན། །ཞེས་སོ་ཐར་གྱི་སྡོམ་པ་དང་ལྡན་མི་ལྡན་ལ་མ་བལྟོས་པའི་སྐྱོན་ཡོན་ཏན་དུ་འགྱུར་བའི་གནད་འགག་དེ་བཞིན་བཤད་པས། (༦༨བ)


GLG014_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་གོང་མ་རྡོ་རྗེ་འཆང་དང་ཞལ་གཉིས་པ་རྣམས་ཀྱིས་བཞེད་པ་འདི་དོན་ཐོག་ཏུ་གནས་པར་སེམས་མོད་འོན་ཀྱང་སྡོམ་གསུམ་དུ། དེས་ན་ཉན་ཐོས་ཐེག་པ་ནི། །ནུབ་ཀྱང་གཟུགས་བརྙན་ཙམ་ཞིག་སྣང་། །རྡོ་རྗེ་ཐེག་པའི་བསྟན་པ་ལ། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །ཞེས་པ་ལྟར་དེང་སང་བྱང་སེམས་དང་སྔགས་ཀྱི་སྡོམ་པ་མོས་པ་ལམ་བྱེད་ཙམ་གྱིས་བཟུང་བའི་ལམ་མ་ཞུགས་ཀྱི་སོ་སྐྱེ་ཐེག་ཆེན་པར་ཁས་འཆེ་བ་མང་བའི་དུས་འདིར་ལམ་དུ་ངེས་པར་ཞུགས་པའི་ཐེག་ཆེན་པ་དག་གི་ངང་ཚུལ་ལྷུར་བླངས་ཚེ་སྟག་གིས་མཆོངས་སར་ཝའི་དཔེ་ལྟར་དགག་བྱ་ཆེ་ཞིང་དགོས་པ་ཆུང་བས། ཐེག་པ་གོང་འོག་གི་ལུགས་མ་འདྲེས་པར་བསྟར་བ་ཁེ་ཆེ་ཞིང་ཉེས་དམིགས་ཆུང་བ་འདྲ་སྟེ། ཀུན་མཁྱེན་གོ་བོས་སྡོམ་གསུམ་སྤྱི་དོན་ལས། གཉིས་པ་བསླབ་བྱ་ཕན་ཚུན་ནང་འགལ་ན་ཇི་ལྟར་བསྒྲུབ་པའི་ཚུལ་ནི་སྡོམ་པ་གསུམ་རིམ་ཅན་དུ་བླངས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཞིག་གི་སྐབས་འགའ་ཞིག་ཏུ་སྡོམ་པ་གོང་འོག་ལ་བལྟོས་པའི་བསླབ་བྱ་རྣམས་ཕན་ཚུན་འགལ་བར་གྱུར་ན་གང་གི་དབང་དུ་བྱས་ནས་སྤྱད་སྙམ་ན། ས་པཎ་གྱི་བཀའ་གདམས་དོ་ཀོར་པའི་དྲིས་ལན་ལས། སྡོམ་གསུམ་ལྡན་པའི་གང་ཟག་གིས། །སྤང་བྱ་ཕན་ཚུན་ནང་འགལ་ཚེ། །དགག་བྱ་དང་ནི་དགོས་པ་གཉིས། །གཙོ་བོ་གང་ཆེའི་དབང་དུ་ཐོང་། །ཞེས་གསུངས་ལ། འཕགས་པའི་དྲིས་ལན་འགའ་ཞིག་ལས། སྡོམ་པ་གོང་མ་གོང་མའི་དབང་དུ་བྱས་ནས་སྤྱད་པར་གསུངས་པ་ཡང་ཡོད་དོ། །དོན་ནི་འདི་ཡིན་ཏེ། གོང་འོག་རྩ་བར་མཉམ་(༦༩ན)


GLG014_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་ཏུ་མཉམ་པ་ལྟ་བུ་བསླབ་བྱ་མཉམ་པ་དང་། འོག་མའི་ཡན་ལག་དང་གོང་མའི་རྩ་བ་འགལ་བའི་ཚེ་རྣམ་པ་ཐམས་ཅད་དུ་གོང་མའི་དབང་དུ་བྱས་ནས་བསྲུང་དགོས་ཏེ། དེའི་རྒྱུད་ཀྱི་སྡོམ་པ་འོག་མ་ཐམས་ཅད་གནས་གྱུར་ནས་གོང་མའི་ངོ་བོར་ཡོད་པའི་ཕྱིར་དང་། དེའི་བསྲུང་བྱའི་གཙོ་བོ་ནི་གོང་མ་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་འཕགས་པས་གོང་མའི་དབང་དུ་བྱས་ནས་སྤྱད་པར་གསུངས་སོ། །འོན་ཀྱང་ལས་དང་པོ་བའི་ཚེ་སེམས་ཅན་གྱི་དོན་དུ་འགྱུར་བའི་དགག་དགོས་ཁྱད་པར་ཅན་མེད་པར་གོང་མའི་ཡན་ལག་འགའ་ཞིག་དང་། འོག་མའི་རྩ་བ་ལྟ་བུ་འགལ་བའི་ཚེ་འོག་མའི་དབང་དུ་བྱས་ནས་བསྲུང་དགོས་པ་ཡང་ཡོད་དེ། །སྤྱོད་འཇུག་ལས། ཆུང་ངུའི་ཕྱིར་ནི་ཆེ་མི་གཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་པ་དང་། འདི་ལྟར་སྨིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་བྱ་བར་གསུངས། །ཞེས་བཤད་པ་ལྟར་རོ། །འདི་ལ་དགོངས་ནས་ས་པཎ་གྱིས་དགག་བྱ་དང་དགོས་པ་གང་ཆེ་བའི་དབང་དུ་བཏང་བར་གསུངས་སོ། །ཞེས་དང་། ཡང་དེ་ཉིད་ལས། རྟེན་གྱི་གང་ཟག་སྡོམ་གསུམ་རིམ་ཅན་དུ་བླངས་པའི་དགེ་སློང་རྡོ་རྗེ་འཛིན་པ་དེས་ཇི་སྲིད། བསླབ་དང་དབང་ལས་རྣལ་འབྱོར་གྲོལ། །ཞེས་གསུངས་པ་ལྟ་བུའི་རྟོགས་པ་མ་ཐོབ་ཀྱི་བར་དུ་རང་རྒྱུད་ཀྱི་སྡོམ་པ་གསུམ་གྱི་བསླབ་བྱ་རྣམས་ལ་སེམས་ཅན་གྱི་དོན་དུ་འགྱུར་བ་སོགས་ཀྱི་དགོས་པ་ཁྱད་པར་ཅན་མེད་པའི་ཚེ་སོ་སོའི་གཞུང་ལས་འབྱུང་བ་བཞིན་བསླབ་(༦༩བ)


GLG014_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། གསང་བ་འདུས་པའི་བཤད་རྒྱུད་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་པ་དང་། རྡོ་རྗེ་གུར་ལས། ཉན་ཐོས་སྤྱོད་པ་བསྲུང་བ་པོ། ཞེས་པ་དང་། ལྟུང་བ་འཆད་པའི་སྐབས་སུ་ཡང་། སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་དང་། །ཞེས་སོགས་དགོས་མེད་དུ་བཅས་པ་ལས་འདས་པ་ཡན་ལག་གི་ལྟུང་བར་བཤད་པའི་ཕྱིར་དང་། །སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པ་རྣམས། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་པ་དང་། རྐང་པ་བརྐྱང་སྟེ་མི་འདུག་ཅིང་། །ཞེས་སོགས་ཀྱི་བསླབ་བྱ་མང་དུ་གསུངས་པའི་ཕྱིར་དང་། གཞུང་འདིར་ཡང་། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང་། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །ཞེས་བཤད། རྒྱ་ཆེར་འགྲེལ་ལས། ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཞེས་བྱ་བ་ཡང་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཞེས་དྲི་བར་བྱ་ཞིང་། ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །གང་ཡང་རུང་བ་ཞིག་ཅེས་སྨོས་པ་ནི། གཅིག་གིས་ཀྱང་སྐྱེ་བའི་ཆོས་ཉིད་མེད་པ་ཡིན་ཞེས་བྱ་བར་སྟོན་ཏོ། །ཞེས་དང་། བུ་སྟོན་རྗེའི་ལས་བརྒྱའི་ཊཱིཀྐར་ཡང་། ཕམ་པར་གྱུར་པའི་ལྟུང་བ་བཞི་པོ་དག་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་ཞེས་སྨོས་པས་ལྟུང་བ་གཅིག་གིས་ཀྱང་སྐྱེ་བའི་ཆོས་ཉིད་མེད་པར་འདྲ་བར་བསྟན་པའི་དོན་(༧༠ན)


GLG014_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དུའོ། །དེའང་ཕམ་པ་འཆབ་བཅས་ཀྱི་དབང་དུ་བྱས་ཤིང་འཆབ་སེམས་མེད་ན་སྐྱེར་རུང་སྟེ། ཞུ་བར། བཙུན་པ། བསླབ་པ་སྩལ་ནས་བསླབ་པ་ཕུལ་ཏེ་ཁྱིམ་པའི་དངོས་པོར་མཆིས་པ་ལས་དེ་སླར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་འཆལ་བ་དང་། དེ་དགེ་སློང་གི་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ། །བཞི་ཞེས་སྨོས་པས་དགེ་སློང་མའི་ཐུན་མོང་མ་ཡིན་པའི་ཕས་ཕམ་བྱུང་ན་མཚན་འགྱུར་ནས་སྐྱེས་པར་སོང་ན་སྡོམ་པ་སྐྱེ་བར་རུང་བ་སྟེ་སེལ་བར་བྱེད་དེ། མདོར། ཕམ་པར་གྱུར་པ་ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པ་ཅན་ཡང་ངོ་། །ཞེས་པས་སོ། །འོ་ན་འདི་ལྟར་སྔར་གྱི་གནས་པར་མི་བྱ་བ་ལ་ཁྱད་པར་མེད་པས་ཟློས་སོ་ཞེ་ན། སྐྱོན་མེད་དེ། སྔར་ཕམ་པས་ཉམས་པ་ལ་མི་སྐྱེ་བ་སྤྱིར་བསྟན། འདིར་ཕམ་པ་ཐུན་མོང་བ་བཞི་ལ་དམིགས་ཀྱིས་བསལ་ནས་བསྟན་པའམ་ཡང་ན་དགེ་ཚུལ་ལ་མི་ཚངས་སྤྱོད་སོགས་ཕམ་པ་དང་འདྲ་བའི་ཉེས་བྱས་ཡིན་གྱི་ཕམ་པ་དངོས་མ་ཡིན་ཀྱང་གནས་པར་མི་བྱ་བ་ཡིན་པས་སྡོམ་པ་སྐྱེ་བའི་སྐལ་བ་མེད་པར་བསྟན་པའི་ཕྱིར། འགྲེལ་ཆུང་ཡོན་ཏན་འོད་མ་ལས། ཕས་ཕམ་པ་བཞི་ལ་གང་ཡང་རུང་བའི་ལྟུང་བ་བྱུང་བའོ། །རབ་ཏུ་བྱུང་བར་འོངས་པ་ལ་ཕས་ཕམ་པ་མ་ཡིན་ནོ། །ཞེས་དྲིས་ལ་ཕམ་པ་ནི་སྔོན་དགེ་སློང་བྱས་ལ་དེའི་ཚེ་མི་ཚངས་(༧༠བན)


GLG014_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང་། རྐུ་བ་དང་། གསོད་པ་དང་། བརྫུན་དུ་སྨྲ་བ་བཞི་གང་ཡང་རུང་བ་བྱས་པའོ། །སཱུ་ཏྲར་འདི་ཡན་ཆད་ལྟ་བུ་ཞིག་ཡོད་ན་ཁྲིམས་ཡོངས་མི་འཆགས་ཁྲིམས་རྫོགས་ཟིན་པ་ལ་བྱུང་ན་ཡང་ཁྲིམས་མེད་པར་སོང་ངོ་། །མཚན་མ་ས་ལས་བཟློག་པར་ཁས་བླངས་པའི་སྨད་པ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཞེས་དང་། ལུང་རིགས་གཏེར་མཛོད་དུ། དགེ་ཚུལ་གྱི་སྡོམ་པ་ལན་ཅིག་བླངས་ཀྱང་རྩ་ལྟུང་འཆབ་བཅས་ཀྱི་སྒོ་ནས་ཉམས་པའི་གང་ཟག་ལ་སྡོམ་པ་ཕོག་ཀྱང་མི་ཆགས་ཏེ། རྒྱུད་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཤས་ཆེན་པོས་གང་བར་བྱས་པའི་ཕྱིར། སུམ་བརྒྱ་པར། མི་གསོད་པ་སོགས་རྣམ་བཞི་ཡིས། །དགེ་ཚུལ་ལས་ནི་ཉམས་གྱུར་ན། །དགེ་སློང་བཞིན་དུ་དགེ་ཚུལ་ལའང་། །ཕྱིས་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་གོང་གི་ལུང་དེ་སུམ་བརྒྱ་པར་ཡོད་མེད་སོམ་ཉིར་སྣང་ཞིང་། སྟག་ཚང་ལོ་ཙཱ་བས་འོད་ལྡན་དུ་བྱེ་བྲག་བཤད་མཛོད་ཀྱི་ལུང་དྲངས་པ་ལས་ཞེས་འདུག་ཀྱང་འོད་ལྡན་དུ་ལུང་ཁུངས་སྨོས་པ་མི་འདུག །འདུལ་ཊཱིཀ་རིན་ཅེན་འཕྲེང་བར་ཕམ་པར་གྱུར་པ་བཞི་ལས་གང་ཡང་རུང་བ་འཆབ་བཅས་ཤིག་བྱུང་བ་མ་ཡིན་ནམ། ཞེས་འདྲིའོ། །གང་ཡང་རུང་བ་ཞེས་པས་གང་རུང་གཅིག་གིས་ཀྱང་སྡོམ་པ་མི་སྐྱེ་བར་བསྟན་པ་ཡིན་ནོ། །ཞེས་དང་། མཁས་གྲུབ་རིན་པོ་ཆེ། ཕམ་པ་འཆབ་གཅས་ཀྱིས་ཉམས་པ་ནི་ཤིང་ཏཱ་ལའི་མགོ་བཅད་པ་ལྟར་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་དུ་གསུངས་པས་ལྟུང་བ་ལས་ལྡང་བའི་ཐབས་ཀྱིས་ཕྱིར་བཅོས་པའི་ཆོ་ག་བྱར་མེད་ལ། ཕམ་པ་(༧༡ན)


GLG014_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འཆབ་སེམས་མ་སྐྱེས་པས་ཉམས་པ་ཡིན་ན་བསླབ་པ་སྦྱིན་པའི་སྒོ་ནས་སླར་གསོ་བ་བྱར་ཡོད་ཀྱང་། ཇི་སྲིད་དགྲ་བཅོམ་པར་མ་གྱུར་གྱི་བར་དུ་རང་བཞིན་དུ་གནས་པ་མི་འཐོབ་ཀྱིས་གཞན་ན་གནས་པ་ཡིན་པས་ལས་ཀྱི་ཁ་སྐོང་སོགས་སུ་མི་རུང་བའི་ཆ་ནས་དགེ་ཚུལ་དང་འདྲ་བ་ཡིན་ནོ། །ཞེས་གསུངས། སྟག་ཚང་ལོ་ཙཱ་བས། སྤྱིར་ཕམ་པ་འཆབ་བཅས་ཀྱིས་སྡོམ་པ་གཏོང་མི་གཏོང་ལ་མདོ་སྡེ་པ། བྱེ་སྨྲ། འདུལ་འཛིན་སྔ་རབས་པ་གསུམ་གྱི་འདོད་པ་སོ་སོར་བཀོད་ནས་རང་ལུགས་སུ་ལུགས་དེ་གསུམ་ལས་གང་འདོད་ཅེ་ན། འདུལ་བ་གཞིར་བྱས་ལ་ཡོན་ཤཱཀ་གི་རྗེས་སུ་འབྲང་ཞིང་། ཁ་ཅིག །ཡོན་ཤཱཀ་གཉིས་ཀ་བྱེ་བྲག་ཏུ་སྨྲ་བ་ཡིན་ནོ་ཟེར་མོད་ཀྱི། བྱེ་སྨྲ་ཚུལ་ཁྲིམས་འཆལ་བ་དགེ་སློང་མ་ལ་འདོམས་པ་ལྟུང་བྱེད་དངོས་སུ་ཁས་ལེན་ཅིང་། ཡོན་ཏན་འོད་ཉམས་པ་ལ་ཉེས་བྱས་སུ་ཁས་ལེན་པའི་ཕྱིར་དང་། ཤཱཀྱ་འོད་ཀྱིས་སྔ་རབས་པའི་འདོད་པ་མཇུག་ཏུ་བཀོད་ནས་དགག་པ་མ་བྱས་པའི་ཕྱིར་དང་། ཀཱ་རི་ཀ་ལྔ་བཅུ་པ་ཤཱཀྱ་འོད་ཀྱིས་མཛད་པར་འདོད་པ་མང་ཞིང་། དེ་ལྟར་ན། དེ་ཡང་སྡོམ་པ་ཞིག་པར་འགྱུར། །ཞེས་སོགས་དང་། སུམ་བརྒྱ་པ་ལས། མི་ཤི་རྨི་ལམ་མ་གཏོགས་དེ་བརླག་འགྱུར། །ཞེས་དང་། ཆགས་པས་རེག་པའི་བདེ་རྣམས་མྱོང་དེ་ཉམས། །ཞེས་སོགས་བཤད་ལ། བརླག་པ་དང་ཉམས་པ་སྡོམ་པ་མ་ཞིག་པ་ལ་མི་འབྱུང་བས་སོ། །ཆོས་ཀྱི་བཤེས་གཉེན་ནི་བྱེ་བྲག་སྨྲ་བ་དང་མཐུན་མོད་ཀྱི། ནང་འགལ་ཅུང་ཟད་བྱུང་གི་དོགས་(༧༡བ)


GLG014_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེས་ན་ཕམ་པ་འཆབ་བཅས་བྱུང་ན་སྡོམ་པ་གསོར་མི་རུང་དུ་གཏོང་ལ། འཆབ་མེད་བྱུང་ན་གསོར་རུང་གི་ཚུལ་གྱིས་གཏོང་ཞིང་། དེ་ལ་བསླབ་པ་བྱིན་ཆགས་སྤྱད་པས་དགྲ་བཅོམ་ཐོབ་པས་སོར་ཆུད་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་ཤིང་། ཕམ་པ་འཆབ་མེད་ཀྱི་མཚན་ཉིད་ཀྱང་། ལུང་མ་མོ་ལས། ཕམ་པ་བྱུང་བ་བསླབ་པ་སྦྱིན་པ་གང་ཞེ་ན། གལ་ཏེ་མི་ཚངས་པར་སྤྱོད་པ་བྱས་ནས་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་འཆབ་པའི་སེམས་མ་སྐྱེས་པ་ཡིན་ཏེ། དེ་ལ་དགེ་སློང་དགའ་བྱེད་དང་འདྲ་བར་བསླབ་པ་བྱིན་ཅིག །ཕམ་པ་བྱུང་བ་བསླབ་པ་བྱིན་པས་ཀྱང་བསླབ་པ་ལ་བསླབ་པར་བྱའོ། །ཞེས་གསུངས་པས། དེ་ལྟ་བུའི་ཕམ་པ་འཆབ་མེད་འབྱུང་བ་དཀོན་པས་བསླབ་སྦྱིན་དགེ་སློང་འབྱུང་དཀའ་བ་འདྲ་ཞིང་། སྤྱིར་འཆབ་པ་ཞེས་བྱ་བའི་དོན་ནི་གསང་བའམ་སྦེད་པ་ཁོ་ནར་བཞེད་པ་མང་ཡང་འདུལ་ཊཱིཀ་རྣམས་ཀྱི་དགོངས་དོན་ལ་བརྟགས་ན་ལས་དེ་སྤྱད་པའི་རྗེས་ལ་ཅུང་ཟད་ཀྱང་འགྱོད་པར་མ་གྱུར་ཅིང་སྤྲོ་བ་ཉམས་སུ་མྱོང་བས་གཞན་ལ་མཐོལ་བཤགས་ཀྱི་ཆེད་དུ་གླེང་བར་མི་བྱེད་པར་ཉེས་པར་ཡིད་མི་ཆེས་པ་ཞིག་ཡིན་ནམ་སྙམ་སྟེ། དཔེར་ན་སྲོག་གཅོད་ལྟ་བུའི་ཕམ་པས་གོས་པ་མ་སྦས་ཀྱང་ཕམ་པ་འཆབ་བཅས་སུ་འགྱུར་བ་མང་ཞིང་མི་ཆོས་བླ་མའི་ཕམ་པ་ལྟ་བུར་གསང་ཏེ་སྦས་པ་ཡན་ལག་ཏུ་མི་འགྲོ་བར་ངོ་བོ་ལྟ་བུར་འགྱུར་བ་ཡང་སྲིད་དེ། དགེ་སློང་དགའ་བྱེད་ཀྱི་གླེང་གཞིས་ཀྱང་གོ་ནུས་ལ། རྒྱ་ཆེར་འགྲེལ་ལས། གང་དག་ངས་བཤད་པ་ལ་ཡིད་མི་ཆེས་པ་དེ་དག་ནི་(༧༢ན)


GLG014_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཆབ་པར་སེམས་སོ། །ཞེས་དང་། ཡིད་ཆེས་པ་དེ་དག་ནི་འཆབ་པར་མི་སེམས་སོ། །ཞེས་གསུངས་པས་ཀྱང་རྟོགས་པར་ནུས་པས། ཕམ་པ་འཆབ་བཅས་ལ་སྡོམ་པ་གསོ་མི་རུང་བ་དང་། འཆབ་མེད་ལ་བསླབ་སྦྱིན་སོགས་འདུལ་བའི་ཆོས་སྐད་མང་པོ་འཇིག་པས་དེ་ལྟར་ན་ལས་དང་པོ་པ་རྣམས་ཚིགས་གསུམ་རིམ་གྱིས་ནོས་པའི་ཚིགས་ཀྱིས་བསྒྲུབ་པ་ལས། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཙམ་ལ་བརྟེན་ནས་གོང་མ་ལ་ཞུགས་ན་སྒྲོག་ཐག་བདེ་ཞིང་། རྗེས་འབྲས་ལ་ཁྱད་པར་མ་བྱུང་བས་རྟགས་ལྷུར་བླངས་མ་བླངས་ལ་མ་བལྟོས་པར་དོགས་ཤིང་ཉན་ཐོས་ཀྱི་སོ་ཐར་དེ་བྱང་སྡོམ་དུ་གནས་འགྱུར་བའི་གང་ཟག་དེ་ཤི་འཕོས་ནས་ཀྱང་བྱང་སྡོམ་དང་ལྷན་ཅིག་ཏུ་ཡང་སྲིད་ཕྱི་མར་ཡང་འབྱུང་བའི་དོགས་གནས་འོ་མ་མར་དུ་གྱུར་ཟིན་པ་སླར་འོ་མར་ལྡོག་པ་དང་ལྕགས་གསེར་དུ་བསྒྱུར་བ་སླར་ལྕགས་སུ་མི་རུང་བ་མངོན་སུམ་དུ་གྲུབ་པ་བཞིན་ཆུ་དང་འོ་མ་འདྲེས་པ་དབྱེ་མི་ཤེས་པ་ལྟར་འཆི་ཁའི་བར་དུ་བྱང་སེམས་སུ་འགྱུར་བའི་སྡོམ་པ་དེ་ཚེ་འཕོས་པ་དང་བྱང་སྡོམ་མདའ་འཕངས་པའི་རྗེས་སུ་སོ་ཐར་གཞུ་ལུས་པ་ལྟ་བུ་རིགས་པས་བསྒྲུབ་དཀའ་བས་འབྲངས་ཚེ། ལྷ་དང་བྱིས་པའི་དགེ་སློང་ནི། །འདུལ་བའི་སྡེ་སྣོད་དག་ལས་བཀག །ཅེས་པའི་གསུང་ལའང་རས་སུ་འཕོག་ཅིང་ངོ་བོ་དང་ལྡོག་ཆའི་སྤུ་རིས་ཀྱང་བློ་གྲོས་དམན་སྐྱོན་ཡིན་ནམ་དཔྱད་དཀའ་མོད། རྗེ་བཙུན་གོང་མའི་རྗེས་འབྲང་གི་མཁས་པ་ཆོས་ཀྱི་སྤྱན་ལྡན་མཐའ་དག་དགོངས་པའི་འགྲེལ་ལུགས་ཕྱོགས་མཐུན་(༧༢བ)


GLG014_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལམ་མ་ཞུགས་ཀྱི་དགེ་སློང་བྱང་སེམས་དང་རིགས་འཛིན་དུ་ཁས་འཆེ་བ་ཙམ་ལ་གནས་འགྱུར་མི་འགྱུར་བདག་འདྲའི་བློ་མིག་ཆུང་ངུས་འཐད་མི་འཐད་ཀྱི་ཁ་མཚོན་ག་ལ་ཆོད། སོ་ཐར་བྱང་སེམས་རིགས་འཛིན་གྱི་སྡོམ་པ་གསུམ་ག་རྒྱུད་ལྡན་རྣམས་ཀྱིས་གསོ་སྦྱོང་སྐབས་སྔགས་བྱང་སེམས་ཀྱི་ཕྱིར་བཅོས་མཛད་པ་ལེགས་མོད། དབང་བསྐུར་མ་ཐོབ་པའི་རྟོག་གེ་པ་དག་གིས་དེ་ལྟར་བྱེད་པ་ནི་ཁྱིམ་པས་དགེ་སློང་གི་གསོ་སྦྱོང་བྱ་བ་ལྟར་དོན་མ་ཡིན་ནོ། །གོང་གི་གྲུབ་མཐའ་མཐའ་གཅིག་ཏུ་བཟུང་ཚེ། སྟག་ཚང་ལོ་ཙཱ་བས་མཛད་པའི་སྡོམ་གསུམ་འགྲེལ་པ་ཐུབ་བསྟན་ཀུན་གསལ་ལས། དེ་ཡང་འདིར་སོ་སོ་ཐར་པ་ལུགས་གཉིས་ཀྱི། །ཐེག་ཆེན་སོ་ཐར་ངོས་འཛིན་མཛད་པ་ན། དེས་ན་ད་ལྟའི་ཆོ་ག་ནི། །བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོ་ཐར་པ་རིགས་བརྒྱད་པོ། །བྱང་སེམས་སོ་སོ་ཐར་པར་འགྱུར། ཞེས་སོ་ཐར་གྱི་སྡོམ་པའི་མཚན་ཉིད་པ་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པ་འདི་ཉིད་ཐེག་ཆེན་སོ་ཐར་རམ་བྱང་སེམས་སོ་ཐར་དུ་མཛད་པ་ནི། དཀོན་བརྩེགས་ཀྱི་ཉེ་བ་འཁོར་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ནི་བྱང་ཆུབ་ཀྱི་བར་དུ་རྗེས་སུ་འཇུག་པ་དང་། སྡོམ་པ་འདི་ལ་འདོད་ཆགས་ལས་བྱུང་བའི་ལྟུང་བ་ལ་ལྟུང་བར་ང་མི་སྨྲའོ། །ཞེས་སོགས་རྒྱུ་མཚན་དུ་མས་སྡོམ་པ་གསུམ་གྱི་ནང་ནས་བྱང་སེམས་སྡོམ་པར་གསུངས་པ་དང་མི་མཐུན་ལ། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་སྡོམ་པ་(༧༣ན)


GLG014_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་བྱང་སེམས་སྡོམ་པར་འཇོག་ན་ནི་དགེ་སློང་གི་རྒྱུད་ལ་ཡོད་པའི་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཡང་དགེ་སློང་གི་སྡོམ་པར་ཐལ་བ་དང་། ཚོགས་ལམ་པའི་རྒྱུད་ལ་ཡོད་པའི་ལམ་ཡིན་ན་ཚོགས་ལམ་ཡིན་པས་ཁྱབ་པར་འགྱུར་ཞིང་། དེ་ལྟ་ན་དམན་ལམ་སྔོན་སོང་གི་འཕགས་ལམ་ཚོགས་ལམ་དུ་འགྱུར་བ་སོགས་མང་། ལེན་ཆོག་ཉན་ཐོས་ལུགས་བཞིན་བྱས་རྟིང་། སྡོམ་པའི་ངོ་བོ་དང་གཏོང་ཚུལ་སོགས་ཀྱང་ཉན་ཐོས་ལུགས་ལས་མ་འདས་ལ། དེ་ལྟར་ན་གོང་དུ་བྱང་སེམས་ཀྱི་སྡོམ་པ་སེམས་ལས་སྐྱེ་བས་གཟུགས་ཅན་མིན་པ་དང་། ཚེ་འཕོས་པས་མི་གཏོང་བར་གསུངས་པས། གཞུང་ཡང་སྔ་ཕྱི་འགལ་བ་ལྟ་བུ་ཤིན་ཏུ་བཤད་པར་དཀའོ། །གཞན་ཡང་གཞུང་འདི་རིགས་ལ་བརྟེན་ནས་སྡེ་སྣོད་སོ་སོའི་སྡོམ་པ་སོ་སོ་རྣམས་ཀྱི་གང་ཟག་དང་། ལེན་ཆོག་དང་། བཅས་འགལ་སོགས་ལ་མི་མཁས་པ་དག་གིས་སོ་ཐར་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་ན་བྱང་སེམས་སྡོམ་པར་འགྱུར་ལ། དེ་སྔགས་ཀྱི་བསམ་སྦྱོར་གྱིས་ཟིན་ན་སྔགས་སྡོམ་དུ་འགྱུར་བས་སྡོམ་གསུམ་མི་འགལ་བ་དང་འགལ་ཡང་ངོ་བོ་གཅིག་པར་འདོད་པའི་ལོག་རྟོག་རྣམས་འབྱུང་། ཞེས་དང་། གཞུང་འདི་ཉིད་དུ། དེས་ན་སོ་སོ་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་གསུངས་པ་ཉིད་ཀྱིས་ལེགས་པར་གནོད་དེ། སྡོམ་གསུམ་ནང་ཚན་གྱི་སོ་ཐར་སྡོམ་པ་ནི་སྡེ་སྣོད་གསུམ། རིག་འཛིན་སྡེ་(༧༣བ)


GLG014_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་དང་བཅས་པའི་ནང་ནས་འདུལ་བའི་སྡེ་སྣོད་ཁོ་ནའི་བསྟན་དོན་ཡིན་གྱིས། གཞན་ན་ལེན་ཆོག་དང་གཏོང་རྒྱུ་སོགས་ཅུང་ཟད་ཀྱང་མི་གསལ་བའི་ཕྱིར་རོ། །འོ་ན་ཁྱོད་རང་ཇི་ལྟར་འཆད་ཅེ་ན། འདི་ནི་བྱང་སེམས་སམ་ཐེག་ཆེན་གྱི་མིང་ཅན་སོ་ཐར་དངོས་ཡིན་ལ། དཀོན་བརྩེགས་ཀྱིས་ནི་དེ་ལས་ལྡོག་ཅིང་། དིང་སང་སོ་ཐར་ཐེག་ཆེན་ལུགས་ཤིག་བྱེད་ན་འདི་ལས་མ་འདས་ཏེ། སོ་ཐར་དངོས་ཀྱང་ཡིན་ཐེག་ཆེན་པས་ལེན་པ་ཡང་ཡིན་པ་འདི་ལས་མེད་དོ། །ཞེས་དང་། གཞན་ཡང་དེ་ཉིད་ལས། དེ་ཡང་སྤྱིར་འདུལ་བ་དང་མངོན་པའི་གཞུང་ལུགས་རྣམས་སུ་སྡོམ་པ་དང་། སྡོམ་པ་མིན་པ་དང་། བར་མ་སྟེ་གསུམ་དུ་བཤད་ལ། དེ་གསུམ་ནི་རིམ་པ་བཞིན་སྤང་བྱ་སྤོང་བའི་དང་། སྤང་བྱ་ལ་སྤྱོད་པའི་སེམས་པ་རྒྱུན་བརྟེན་པ་དང་། གཉིས་ཀའི་སེམས་པ་རྒྱུན་མི་བརྟན་པས་ཀུན་ནས་བསླང་བ་ངོ་བོ་ལུས་ངག་ཏུ་ཐོན་པའི་རིག་བྱེད་དང་དེས་བཞག་པའི་རིག་བྱེད་མ་ཡིན་པས་བསྡུས་པའི་གཟུགས་ཅན་ནོ། །དེས་ན་སྡེ་སྣོད་ཆེན་པོ་གཉིས་ནས་སྡོམ་པ་སེམས་པའི་སྟེང་དུ་བཞག་པ་གཏན་མེད་དེ། སྡེ་སྣོད་དེ་གཉིས་སུ་བྱང་སེམས་དང་གསང་སྔགས་ཀྱི་སྡོམ་པའི་རྣམ་གཞག་ཟུར་ཙམ་ཡང་མེད་པའི་ཕྱིར་རོ། །དེ་གསུམ་གྱི་ཐ་མ་གཉིས་ནི་མུ་སྟེགས་དང་ཡང་ཐུན་མོང་བ་ཡིན་ལ། གཅེར་བུ་པ་ལ་སྡོམ་པ་ལྔ་དང་བརྟུལ་ཞུགས་བཅུ་གསུམ་ལ་སོགས་པའི་མིང་ཡོད་ཀྱང་བར་མ་དགེ་བ་ཙམ་ཡིན་གྱི་སྡོམ་པ་ནི་མ་ཡིན་ཏེ། འཁོར་བ་ལས་གཏན་ཐར་པའི་ཐར་པ་མཚན་ཉིད་པ་(༧༤ན)


GLG014_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ། དེ་མེད་པས་དེ་ལ་སྐྱབས་སུ་འགྲོ་བ་མེད་ཅིང་། དེ་མེད་པས་སྡོམ་པའི་རྩ་བ་དང་རྟེན་མེད་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས། དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྡོམ་པ་ནི་ནང་པ་སངས་རྒྱས་པ་ཁོ་ནའི་ཁྱད་ཆོས་དང་མཐའ་གཅིག་ཏུ་དགེ་བ་ཡིན་ལ། སྡོམ་མིན་མི་དགེ་བ་ཁོ་ན་དང་། བར་མ་ལ་ནི་དགེ་སྡིག་གཉིས་ཀ་ཡོད་ཀྱི་ལུང་མ་བསྟན་མེད་དེ། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་རིག་མིན་ལ་ལུང་མ་བསྟན་མི་སྲིད་པའི་ཕྱིར་རོ། །སྡོམ་པ་ནི་འདུལ་མངོན་གྱི་སྡེ་སྣོད་དུ། སོ་ཐར་དང་། བསམ་གཏན་དང་། ཟག་མེད་ཀྱི་སྡོམ་པ་སྟེ་གསུམ་དུ་གསུངས་ཤིང་། ཀུན་སློང་དང་ངོ་བོ་སྔར་བཤད་པ་བཞིན་དང་སྤང་བྱའི་གཙོ་བོ་ལུས་ངག་གིས་མི་དགེ་བ་བདུན་སྤོང་བའི་རྫས་གཟུགས་ཅན་བདུན་དང་། ཕྱི་མ་གཉིས་ལ་རེ་རེ། སྔ་མ་ལུས་དང་ཕྱི་མ་གཉིས་སེམས་ཀྱི་རྗེས་སུ་འབྲང་བས་ཤི་འཕོས་པས་གཏོང་བ་དང་མི་གཏོང་བའི་ཁྱད་པར་སོགས་ཁྱད་ཆོས་ཕྲ་མོ་མང་པོ་གསུངས་ཤིང་། གསུམ་ཀའང་སེམས་དང་ཡུལ་དང་དུས་དང་ཚད་དང་སྤང་བྱའི་ཡན་ལག་སྟེ་ངེས་པ་ལྔ་བྲལ་དགོས་པར་སྤྱིར་བཏང་དུ་འདྲ་བ་དང་། དམིགས་བསལ་སོ་ཐར་གྱི་དགེ་ཚུལ་མན་ཆད་ངག་གི་རྫུན་ལས་གཞན་གསུམ་ལྟུང་བ་འབྱུང་བའི་སྤང་བྱར་མི་བྱེད་པས་ཡན་ལག་ངེས་པ་དང་མ་བྲལ་ཡང་སྡོམ་པ་སྐྱེ་བའོ། །འདི་དག་གཟུགས་ཅན་དུ་བཤད་པ་འདི་བྱེ་བྲག་སྨྲ་བའི་རྟོག་བཏགས་ཡིན་གྱིས་མདོ་སྡེ་པས་དེ་ལེགས་པར་འགོག་པའི་ཕྱིར་ཐེག་(༧༤ན)


GLG014_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ་རྣམས་ནི། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སྤྱོད་འཇུག་དང་། རྩ་བ་སེམས་པ་ལ་བརྟེན་དང་། །ཞེས་མདོ་སྡེ་རྒྱན་གྱི་སྦྱིན་པའི་ངོ་བོ་རྒྱུ་འབྲས་སོགས་ཀྱི་ནང་ནས་རྒྱུའི་སྐབས་སུ་བཤད་པ་སོགས་མང་བས་གཟུགས་ཅན་དུ་མི་བཞེད་དོ། །ཞེས་བོད་གངས་ཅན་པ་རྣམས་མགྲིན་གཅིག་ཏུ་སྒྲོག་གོ །འཐད་པ་ནི་མ་ཡིན་ཏེ། རྒྱན་དང་སྤྱོད་འཇུག་སོགས་ནས་ནི་བྱང་སེམས་ཀྱི་སྡོམ་པ་དང་ཚུལ་ཁྲིམས་ལ་དགོངས་ལ། སོ་ཐར་གྱི་དབང་དུ་བྱས་ན་མདོ་སྡེ་པས་ཀྱང་བྱེ་སྨྲའམ་རིག་མིན་སྒྲུབ་པའི་ལུང་རིགས་ལ་མ་ངེས་པ་བསྟན་ཅིང་། མ་བྱས་པའི་ལས་ལམ་སོགས་ནི་སེམས་རྒྱུད་འགྱུར་བའི་ཁྱད་པར་ལའང་གཞག་ཏུ་རུང་ཞེས་བསྟན་པ་ཡིན་གྱི་སྡོམ་པ་གཟུགས་ཅན་དུ་མི་འདོད་པ་ནི་མ་ཡིན་ཏེ། ཡིན་ན་འོག་ཏུ། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །སངས་རྒྱས་ཀྱི་ནི་བཅས་པ་ཡང་། །ཞེས་སྡོམ་ལྟུང་གཉིས་ཀ་གཟུགས་ཅན་དུ་གསལ་བར་རྩ་བས་བཤད་པ་ལ་འགྲེལ་པར་དགག་པ་དངོས་དང་སྔར་གྱི་དགག་པ་ལ་ཁ་འཕང་ཙམ་ཞིག་བྱེད་རིགས་པ་ལས་མ་བྱས་པའི་ཕྱིར་རོ། །ཐེག་ཆེན་སེམས་ཙམ་གྱི་གཞུང་གི་གཙོ་བོ་ནི་མངོན་པ་ཀུན་བཏུས་དང་ཕུང་པོ་ལྔའི་རབ་བྱེད་ཡིན་ལ། སྔ་མར་སོ་ཐར་སྡོམ་པ་ལས་ཡང་དག་པར་བླངས་པ་ལས་བྱུང་བ་ཞེས་བཏགས་ནས་གཟུགས་ཕུང་གི་ནང་དུ་བསྡུས་ཤིང་། ཕྱི་མས་རིག་བྱེད་མིན་པའི་མཚན་ཉིད་གསལ་བར་བཤད་པའི་ཕྱིར་དང་། མདོ་སྡེ་རྒྱན་དུ་ཡང་། སེམས་པ་ཕར་ཕྱིན་གྱི་ངོ་(༧༥ན)
བོར་མ་བཤད་ཀྱི་རྒྱུར་བཤད་པའི་ཕྱིར་དང་། དབུ་མའི་གཞུང་ཟླ་གྲགས་ཀྱིས་མཛད་པའི་ཕུང་པོ་ལྔ་པར་ཡང་རིག་བྱེད་མིན་པའི་གཟུགས་གསལ་བར་བཤད་པས་དཔལ་མགོན་ཀླུ་སྒྲུབ་ཀྱིས་དགེ་སློང་སྡོམ་པ་དེ་ཡང་གཟུགས་ཅན་ལུས་ཀྱི་རྗེས་སུ་བྱེད་པ་སྐུ་ཚེ་བརྗེས་པའི་ཚེ་གཏོང་བར་བཞེད་པའི་ཕྱིར་རོ། །


previousཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།next