Nitartha Digital Library
Tibetan
 
previousགསོ་སྦྱོང་གི་གཞི་བཤད་པ།next

གསོ་སྦྱོང་གི་གཞི་བཤད་པ།


GLG014_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་མདོ་རྩ་ལས། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ། །ཞེས་གསུངས། སྐབས་འདིར་དམིགས་ཀྱི་བསལ་བ་བསྙེན་རྫོགས་ཀྱི་གནས་ལ་བློ་མཐུན་ཡིན་ཀྱང་། གསོ་སྦྱོང་། དབྱར་གནས། དགེ་འདུན་གྱི་ལས་ཕལ་མོ་ཆེར་བློ་མཐུན་པ་དགོས་ཏེ། གནས་ལ་བློ་མཐུན་བྱས་པས་དགེ་འདུན་རྣམས་ཐུགས་མཐུན་པར་འགྱུར་བ་དང་། བྱེ་བྲག་ཏུ་ལས་ཀྱི་བྱ་བ་ཀླག་ཅོར་དུ་མི་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་ཅིང་། དེ་ལའང་གནས་ཀྱི་མཚན་ཉིད་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། གནས་ཐམས་ཅད་གྲུབ་པའམ་བྱས་པའམ་ཟིན་པ་ལའོ། །ཕྱི་རོལ་ཉེ་འཁོར་འདོམ་གང་དང་ལྡན་པ་ལའོ། །དགེ་འདུན་འདོད་ནའོ། །ལས་གཞན་གྱི་གནས་ཀྱང་དེ་ཉིད་ཡིན་ནོ། །ཞེས་གསུངས་པས་བསྐལ་པ་ཆགས་པའི་ཚེ་གྲུབ་པའམ། དེའི་འོག་ཏུ་གཏིབ་ཆད་པ་ལས་གྲུབ་པ་རིའི་བྱ་སྐྱིབས་ལ་སོགས་པ་ནི་གྲུབ་པ་ཞེས་བྱ། སྐྱེས་བུས་མངོན་པར་བསྒྲུབ་པ་སྟེ་བྱས་པ་དང་། བསྒྲུབས་ཚར་བ་སྟེ་ཟིན་པ་ཞེས་བྱ། དེ་ཡང་ཉེ་འཁོར་འདོམ་གང་དང་བཅས་པ་དེར་མི་འདོད་བཞིན་དུ་མ་ཡིན་པ་བློ་མཐུན་པ་དགོས་ལ། དེ་ནི་གསོ་སྦྱོང་ཁོ་ནར་མ་ཟད་ལས་གཞན་གྱི་གནས་ཀྱང་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་ཡིན། གཉིས་པ་ལ་མཚམས་བུ་ཆེ་བཅད་ཚུལ། མཚམས་བུ་ཆུང་བཅད་ཚུལ། རང་བཞིན་གྱིས་གྲུབ་པའི་མཚམས། དེ་དག་གི་དགོས་པ་བསྟན་པ་དང་བཞི། དང་པོ་ནི། མཚམས་ཀྱི་ཚད། གཅོད་པའི་ཚུལ། དེའི་(༡༣༨བ)


GLG014_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་གསུམ་གྱི། དང་པོ་ནི། མཚམས་བཅད་པར་བྱའོ། །དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དོ། །ཞེས་གསུངས་པ། རྒྱ་ཆེར་འགྲེལ་དུ། ཕྱོགས་བཞིར་དཔག་ཚད་ཕྱེད་གསུམ་གྱི་མཐའ་ཚུན་ཆད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་། དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ལས་ལྷག་པར་མཚམས་བཅད་པ་མི་ཆགས་སོ། །ཞེས་གསུངས་པ་གནས་དེའི་དབུས་ནས་གཞལ་བ་ཡིན་པས་ཤར་ནས་ནུབ་ཀྱི་མཐའི་བར་དཔག་ཚད་ལྔ་ཙམ་མོ། །གཉིས་པ་གཅོད་པའི་ཚུལ་ལ། ཕྱོགས་ཕྱོགས་སུ་ཕ་བོང་དང་། རྩིག་པ་དང་། ཀ་བ་དང་། ཤིང་ལྗོན་པ་དང་། ར་བ་དང་། བྱ་སྐྱིབས་དང་། ལམ་པོ་ཆེ་དང་། ཁྲོན་པ་ལ་སོགས་པ་དེ་ཤེས་པའི་དགེ་སློང་རྣམས་ཀྱིས་བརྟགས་ནས་དགེ་འདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་དེ་ལས་བྱའོ། །ཞེས་པས། དགེ་སློང་དེ་ན་གནས་པའམ་གཉུག་མར་གནས་པས་དགེ་འདུན་གྱི་སྤྱན་སྔར་མཚན་མ་དེ་དག་བརྗོད་དེ་ལས་བྱ་བ་ཡིན་ལ། དེ་ཡང་ལུང་དང་ཀརྨ་ཤ་ཏམ་ལས། དང་པོར་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་ཆེན་པོ་ཕྱོགས་བཞིར་མཚན་མ་བརྟན་པོ། ཕ་བོང་དང་རྩིག་པའམ་ཀ་བའམ་ཤིང་ལྗོན་པའམ་བྱ་སྐྱིབས་སམ་ལམ་པོ་ཆེའམ་ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུགས་པར་བྱའོ་། །དེའི་འོག་ཏུ་གནས་མལ་བཤམས་པ་བྱས་ནས་གཎྜི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གནས་པ་དང་གཉུག་(༡༣༩ན)


GLG014_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བཙུགས་པ་དག་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །ཞེས་གསུངས།གསུམ་པ་ཆོ་ག་ནི། དེ་ཉིད་ལས། འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང་། གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི། ཕ་བོང་གི་མཚན་མའམ། རྩིག་པའི་མཚན་མ་བརྟན་པོ་ལགས། ལྷོ་ཕྱོགས་སུ་ནི། ཀ་བའི་མཚན་མའམ། ཤིང་ལྗོན་པའི་མཚན་མ་བརྟན་པོ་ལགས། ནུབ་ཕྱོགས་སུ་ནི། ར་བའི་མཚན་མའམ། བྱ་སྐྱིབས་ཀྱི་མཚན་མ་བརྟན་པོ་ལགས། བྱང་ཕྱོགས་སུ་ནི། ལམ་པོ་ཆེའི་མཚན་མའམ། ཁྲོན་པའི་མཚན་མ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པ་འདི་ལྟ་སྟེ་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་དགེ་འདུན་གྱི་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་གི་བར་དུ་(༡༣༩བ)


GLG014_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཆེན་པོ་གཅོད། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་ནས། མཚན་མ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པ་འདི་ལྟ་སྟེ་ནས། མཚམས་ཆེན་པོ་གཅོད་ན་ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་སོགས་ནས་མཚམས་ཆེན་པོ་བཅད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱི་བཟོད་ཅིང་གནང་ན་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པ་འདི་ལྟ་སྟེ་ནས། མཚམས་བཅད་ལགས་ཏེ་འདི་ལྟར་ཧ་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་གསུངས་ལ། འདིར་མཚན་མ་ནི་དཔེར་བརྗོད་པ་ཙམ་དུ་གསུངས་ཀྱི་ཕྱོགས་བཞིར་མཚན་མ་དེ་དག་ལས་གང་རུང་རེ་ཡོད་པས་ཆོག་ལ་ཆོ་གའི་སྐབས་སུའང་མཚན་མ་གང་ཡོད་ཀྱི་མིང་ནས་སྨོས་ཏེ་བརྗོད་པ་མ་གཏོགས། ཤར་ཕྱོགས་སུ་ནི་ཕ་བོང་གི་མཚན་མའམ་རྩིག་པའི་མཚན་མ་ཞེས་སོགས་གཉིས་བརྗོད་མི་དགོས་པར་མངོན། །གཉིས་པ་མཚམས་བུ་ཆུང་བཅད་པ་ལ་ཚད། གཅོད་ཚུལ། ཆོ་ག །དོགས་གཅོད་བཞི་ལས། དང་པོ་ནི། ཐམས་ཅད་ཀྱི་ཆེད་དུ་དཀྱིལ་འཁོར་པ་བློ་མཐུན་བྱའོ། །ཞེས་དང་། རྒྱ་ཆེར་འགྲེལ་ལས། སྔར་མཚམས་ཆེན་པོ་བཅད་ཟིན་ནས་དེའི་འོག་ཏུ་ལས་ཐམས་ཅད་ཀྱི་ཆེད་དུ་ཞེས་བྱ་བ་གསོ་སྦྱོང་འབའ་ཞིག་གི་ཆེད་དུ་མ་ཟད་ཀྱི་འདུལ་བ་དང་ལྡན་པའི་ལས་ཐམས་ཅད་ཀྱི་ཆེད་དུ་མཚམས་ཆུང་ངུ་བཅད་ཅིང་དཀྱིལ་འཁོར་པར་(༡༤༠ན)


GLG014_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བློ་མཐུན་པར་བྱའོ། །ཞེས་གསུངས་པ་ལས་གསལ་བར་མ་བཤད་ཀྱང་། མཚོ་སྣ་པ་དཀྱིལ་འཁོར་པའི་ཚད་གདིང་བ་བཞི་བཅུ་དང་བསྒྲུབ་བྱ་གཤོང་བ་སྟེ། ལུང་ལས། དཀྱིལ་འཁོར་གང་དུ་གྲངས་བཞི་བཅུ་བསྒོ་བ་གཤོང་བའོ། །ཞེས་གསུངས། བུ་ཊཱིཀ་ཏུ་ཆེ་ཚད་དཔག་ཚད་གཉིས་སམ་རྒྱང་གྲགས་ནས་ཆུང་ཚད་གདིང་བ་བཞི་བཅུ་གཤོང་བར་བཤད། ཊཱིཀ་ཆེན་རིན་ཅེན་ཕྲེང་བ་དང་། པཎ་ཆེན་བློ་གྲོས་ལེགས་བཟང་པ། ཆོས་རྗེ་བདེ་ལེགས་ཉི་མ་རྣམས་ཆེ་ཚད་རྒྱང་གྲངས་ནས་ཆུང་ཚད་འདིང་བ་བཞི་བཅུ་གཤོང་བ་ཙམ་དུ་བཞེད་པ་མཐུན། གཉིས་པ་གཅོད་ཚུལ་ནི་ལུང་དང་ཀརྨ་ཤ་ཏམ་ལས། དེའི་འོག་ཏུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱ་བ་ནི་འདི་ལྟར་བྱ་སྟེ། ཇི་དང་པོར་དགེ་སློང་གནས་པ་དང་། གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་སེང་ལྡེང་གི་ཕུར་པ་གདབ་པའམ། སྲད་བུ་བྲེས་པའམ། རྡོ་བཞག་པའམ། སྲོལ་གཏོད་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུག་པར་བྱའོ། །དེའི་འོག་ཏུ་ཞེས་སོགས་གསུངས། གསུམ་པ་ཆོ་ག་དངོས་ནི། གསོལ་བ་དང་གཉིས་ཀྱི་ལས་གོང་དང་འདྲ་བ་ལ། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པ་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུ་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ན། ཞེས་སོགས་ལྟ་བུར་ཕྱོགས་སོ་སོར་མཚན་མ་གང་བཞག་པ་བཞིན་དུ་བརྗོད་པ་ཁྱད་པར་དུ་བྱས་པ་བྱ། བཞི་པ་དོགས་གཅོད་ནི། འོན་ཀྱང་འདི་ལ་དཀྱིལ་འཁོར་པ་(༡༤༠བ)


GLG014_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཚམས་བུ་ཆུང་གཅིག་པར་བཞེད་པ་དང་། མི་གཅིག་པར་བཞེད་པའི་ལུགས་གཉིས་བྱུང་ལ། མཚོ་སྣ་པ་ཆེན་པོ་ནི། སྤྱིར་དཀྱིལ་འཁོར་པ་དང་མཚམས་བུ་ཆུང་མི་གཅིག་སྟེ། དཀྱིལ་འཁོར་པ་ཡིན་ན་མཚམས་བུ་ཆུང་ཡིན་པས་ཁྱབ་ཀྱང་། མཚམས་བུ་ཆུང་ཡིན་ན་དཀྱིལ་འཁོར་པ་ཡིན་པས་མ་ཁྱབ་སྟེ། གདིང་བ་བཞི་བཅུ་བསྒྲུབ་བྱ་དང་བཅས་པ་ཤོང་བའི་ཚད་དེ་ལས་ཆེ་ལ། མཚམས་ཆེན་ལས་ཆུང་བའི་མཚམས་བཅད་པ་དེ་དེ་འདྲ་ཡིན་པའི་ཕྱིར་གསུངས། གཞན་ཡང་། མཚོ་མཆན་དུ། འདིའི་འགྲེལ་ཆུང་ལས་མཚམས་བུ་ཆུང་མིག་རས་ཀྱིས་བཅད་ལ་གསོལ་བ་དང་བརྗོད་པ་མི་དགོས་ཏེ་དེའི་ནང་དུ་གསོ་སྦྱོང་བྱར་རུང་ངོ་ཞེས་བཤད་པ་འདི་ནི། འདུལ་བ་སྟོད་ལུགས་པ་རྣམས་མི་འགུ་ཡང་འདུལ་འཛིན་བརྒྱུད་པའི་མན་ངག་སྟེ། དེང་སང་གི་དགེ་སློང་རྣམས་འཁྲུལ་བཅས་ཤས་ཆེ་བས་དེ་དག་གི་མ་འདུས་པའི་མི་མཐུན་པ་བསྐྱེད་ཀྱང་། དགེ་སློང་མ་འདུས་པར་ལས་བྱེད་པ་འདི་མི་རིགས་སྙམ་དུ་ཐེ་ཚོམ་སེལ་བའི་དགོས་པ་ཡོད་དོ། །ཞེས་ཀྱང་གསུངས། སྐབས་འདིར་མཚམས་བུ་ཆུང་དེ་ཡང་མཚམས་ཆེན་མ་བཀྲོལ་བར་མི་ཆགས་ཏེ། སྔ་མ་བག་ཡངས་སུ་མ་བྱས་པར་བཅད་པ་གཞན་མི་ཆགས་སོ། །ཞེས་གསུངས་སོ། །འོ་ན་ལྷན་ཅིག་ཏུ་འཆགས་སམ་ཞེ་ན། འཆགས་ཏེ་ཚིག་གཅིག་གིས་མཚམས་གཉིས་བཅད་པ་དང་འགྲོལ་དུ་རུང་ངོ་། །ཞེས་པའི་རྒྱ་ཆེར་འགྲེལ་ལས། དཀྱིལ་འཁོར་པ་གཅིག་ཏུ་ལས་བྱེད་པ་གཅིག་གི་གསོལ་བ་དང་ལས་བརྗོད་པའི་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅར་དུ་དགྲོལ་དུ་རུང་བའོ། །འདིར་གཞུང་གིས་(༡༤༡ན)


GLG014_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གཉིས་ཀར་དགེ་འདུན་བཀོད་ནས་ལས་བྱེད་པའི་དགེ་སློང་གིས་མཚམས་གཉིས་ཀར་ཤིང་ངམ་དབྱུག་པའམ་རེ་ལྡེས་མནན་ནས་གསོལ་བ་བྱས་ཏེ་ལས་བྱའོ། །ཞེས་སོགས་གསུངས་སོ། །གསུམ་པ་རང་བཞིན་གྱིས་གྲུབ་པའི་མཚམས་ནི། མཚམས་བཅད་པའི་གནས་སུ་ནི། ལས་ལ་རྩིག་པ་མཚམས་ཡིན་ནོ། །ཝ་ཁ་ནས་ཆུ་འཛག་པ་གང་དུ་འབབ་པ་ཡང་ངོ་། །གྲོང་ལ་ནི་ཉེ་འཁོར་གྱི་མཐའ་ཚུན་ཆད་དོ། །དགོན་པ་ལ་ནི་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དོ། །ཞེས་དང་། རྒྱ་ཆེར་འགྲེལ་ལས། མཚམས་མ་བཅད་པའི་གནས་གང་ཡིན་པ་དེར་ནི་ལས་བྱ་བའི་ཡུལ་ལ་གཙུག་ལག་ཁང་གི་རྩིག་པ་ཉིད་མཚམས་ཡིན་པའོ། །ཞེས་དང་། འདིར་ལས་ལ་ཞེས་སྨོས་པ་ནི་ལས་ཀྱི་གཞིར་སྤྱིར་བསྟན་པ་གསོལ་བ་དང་། གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་བརྒྱ་རྩ་གཅིག་པོ་དག་ཉེ་བར་བཟུང་བར་མ་ཟད་ཀྱི་འདུལ་བ་དང་ལྡན་པའི་ལས་ཐམས་ཅད་བསྡུས་པར་རིག་པར་བྱའོ། །དེ་ལྟར་གྱུར་ན་དབྱར་གནས་པ་འདྲལ་བ་ལའང་རྣམ་པ་འདི་ཉིད་ཡིན་ཏེ་འདི་ལྟར་དབྱར་གནས་པར་ཁས་བླངས་པའི་མཚམས་གང་ཡིན་པ་དེ་ཉིད་ཀྱང་འདི་ཡིན་ལ་མཚམས་འདིར་རྙེད་པ་བགོ་བ་དང་། ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པའང་འདུས་པ་ཡིན་ནོ། །དེ་ལྟར་ཡང་ཚེ་དང་ལྡན་པ་ཉེ་དགའ་གཙུག་ལག་ཁང་ནས་ཐག་རིང་པོ་ན་འདུག་པས་ཁོ་བོ་མཚམས་སུ་གཏོགས་པས་རྙེད་པ་དབང་ངོ་། །ཞེས་སྨྲས་པ་ཡིན་ནོ། །ཞེས་དང་། ཁང་སྟེང་གི་ཆུ་ཁུང་དུ་ཝ་ཁ་བཙུགས་པའི་ནང་ནས་ཆུ་(༡༤༡ན)


GLG014_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཛག་པའི་སྣས་གང་དུ་སླེབས་པ་ཚུན་ཆད་ཀྱང་མཚམས་ཀྱི་ཁོང་དུ་གཏོགས་པ་ཡིན་ནོ། །ཡང་དེ་ཞེས་བྱ་བའི་སྒྲས་ནི་གཅིག་གམ་གཉིས་སུ་བརྟག་པ་ཡིན་གྱི་འདིའང་མཚམས་གཅིག་ཡིན་ནོ། །ཞེས་བྱ་བར་བསྟན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། མདོ་སྔ་མས་ནི་མཚམས་མ་བཅད་པའི་གནས་རྩིག་པས་བསྐོར་བ་ལ་ནི་གཙུག་ལག་གི་རྩིག་པ་ཉིད་ལས་ལ་མཚམས་ཡིན་པར་བསྟན་ཏོ། །མདོ་འདིས་ནི་མཚམས་མ་བཅད་པའི་གནས་རྩིག་པས་མ་བསྐོར་བ་ལ་ནི་ཝ་ཁ་ནས་ཆུ་འཛག་པའི་སྣས་གང་དུ་བབ་པ་ཚུན་ཆད་ལས་ལ་མཚམས་ཡིན་པར་བསྟན་ཏོ། །ཞེས་དང་། གྲོང་ལ་ནི་སྔར་འབྲལ་བའི་སྐབས་སུ་གྲོང་གི་ཉེ་འཁོར་བསྟན་པ་དེའི་མཐའ་ཚུན་ཆད་མཚམས་ཡིན་པའོ། །ཞེས་གསུངས་པས། དེ་ཡང་འབྲལ་སྤང་གི་སྐབས་སུ་རྩིག་པས་བསྐོར་བའི་གྲོང་ལ་ནི་ཇི་ཙམ་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མ་ཅན་གྱི་འམ་བྱ་གག་སྤར་ནས་འདུག་པའི་ལམ་གྱིས་ཁྱབ་པའོ། །རིབ་མས་བསྐོར་བ་ལ་ནི་ར་ལུག་གི་རྡུལ་གྱི་འམ་མི་རང་བཞིན་གྱི་ངོ་ཚ་དང་ལྡན་པའི་བཤང་བའི་ལམ་གྱིས་སོ། །འོབས་ཀྱིས་བསྐོར་བ་ལ་ནི་སྐས་གདང་བུ་བཅུ་གཉིས་པའི་འམ་ཕྱག་དར་བོར་བའི་བོང་བ་རགས་པའི་ལམ་གྱིས་སོ། །ཞེས་སོ། །དེ་ལའང་མཚོ་ཊཱིཀ་ཏུ་རྩིག་པས་བསྐོར་བ་ལ་སོགས་པ་གསུམ་གྱི་ཉེ་འཁོར་གསུམ་གྱི་འདོམ་དགུ་དང་དྲུག་དང་གསུམ་གོ་རིམ་བཞིན་ནོ། །དེ་ལྟར་ཉེ་འཁོར་བའི་ཆེ་འབྲིང་གསུམ་འོང་བ་ནི་ལོངས་སྤྱོད་ཆེ་འབྲིང་ཆུང་གསུམ་ཡོད་པའི་དབང་དུ་བྱས་ཏེ། གོ་རིམ་བཞིན་དུ་ཤིང་རྟ་དང་ར་ལུག་དང་ཕྱག་དར་གྱིས་མཚོན་(༡༤༢ན)


GLG014_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས་ཤེས་སོ། །ཞེས་དང་། དེའི་མཆན་བུར། བ་ལང་དྲུག་གིས་དྲང་དགོས་པའི་ཤིང་རྟའི་ལམ་གྱི་ཞེང་ཚད་ནི་འདོམ་དགུ་སྟེ། དེ་ཡང་བ་ལང་དྲུག་ལ་གཉའ་ཤིང་གཏད་དེ་གྲལ་བྱས་པ་ན་བ་ལང་དྲུག་གི་བར་ལ་འདོམ་གང་དང་། བ་ལང་རེའི་ངོས་ན་འདོམ་ཕྱེད་ཕྱེད་དེ་འདོམ་གང་དང་བཅས་པས་འདོམ་དགུའོ་ཞེས་གསུངས། ཤིང་རྟ་སྨྱིག་མ་ཅན་གྱི་ལམ་གྱིས་ཇི་ཙམ་དུ་ཁྱབ་པའོ། །ཞེས་སྦྱོར་ཞེས་དང་། གྲོང་གཅིག་པ་རྩིག་པ་རིབ་མ་འོབས་དང་གསུམ་གས་བསྐོར་བ་ལ་ནི་ཉེ་འཁོར་རིང་ཤོས་ཀྱི་ཁོང་དུ་ཐུང་ཤོས་གཉིས་བསྡུས་ཏེ་སྤོ་བ་སྤྱོད་པའི་གནད་ཀྱིས་སྦྱར་རོ། །ཊཱི་ཀ་ལས། རྩིག་པས་བསྐོར་བའི་གྲོང་གི་ཉེ་འཁོར་དང་པོ་ཤོས་ནི་རིས་སུ་བཅད་པའི་ཉེ་འཁོར་ཡིན་ནོ། །རིབ་མས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམས་གཉིས་དང་འོབས་ཀྱིས་བསྐོར་བའི་གྲོང་གི་འོག་མ་ཤོས་ནི་བསྒྲུབ་པའི་ཉེ་འཁོར་ཡིན་ཏེ། ཞེས་པ་ནི་བསམ་པས་རིས་སུ་བཅད་པ་དང་། བྱ་བ་བསྒྲུབ་པ་ལ་བལྟོས་པ་སྟེ་འདི་ཐམས་ཅད་ཉེ་འཁོར་དུ་བརྩིའོ། །ཞེས་རྒྱ་ཆེར་གསུངས་སོ། །རྩིག་པའི་མཚམས་མེད་པའི་གཡེ་ཐང་ཁ་ལྟ་བུའམ་གྲོང་མེད་པའི་དགོས་པ་སོགས་ཀྱི་མཚམས་ནི། རང་འགྲེལ་ལས། དགོན་པ་ལ་ནི་དབུས་ཀྱི་ཕྱོགས་ཕྱོགས་སུ་རྒྱང་གྲགས་གཅིག་གི་མཐའ་ཚུན་ཆད་མཚམས་ཡིན་ཏེ། དེས་ན་ཕྱོགས་གཉིས་བསྡོམས་ན་སྤྱིར་རྒྱང་གྲགས་གཉིས་ཀྱི་མཚམས་ཡིན་ནོ། །ཞེས་པ་ལྟར་རོ། །བཞི་པ་དགོས་པ་ནི། སྤྱིར་ལས་ལ་དགེ་སློང་ཐམས་ཅད་འདུ་དགོས་ཤིང་བྱེ་བྲག་ཏུ་གསོ་སྦྱོང་དང་དགག་དབྱེའི་ལས་ལ་ཐམས་ཅད་འདུས་པས་ཀུན་དག་པར་འགྱུར་བ་དང་། ཆོས་(༡༤༢བ)


GLG014_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དང་འབྲལ་བ་ཚེགས་ཆུང་ངུས་སྤོང་བ་དང་། དབྱར་འདྲལ་བའི་ཉེས་པ་སྤང་སླ་བ་དང་། གནས་གཞན་དུ་དབྱར་གནས་པར་ཁས་བླངས་པས་ཀྱང་སྲ་བརྐྱང་གི་ཕན་ཡོན་ཐོབ་པ་རྣམས་མཚམས་ཆུང་བཅད་པས་དགེ་འདུན་འདུ་བ་ཁྱབ་ཆེས་པ་སྤོང་ཞིང་། དགེ་སློང་རྣམས་ཀྱི་དགེ་བ་གཞན་ཉམས་པར་འགྱུར་བ་སྤང་བའི་དགོས་པ་ཡོད་ལ། གཙོ་བོའི་དགོས་པ་མི་འདུ་བ་དགག་དགོས་པ་ནི། མི་མཐུན་པ་དག་མི་བྱའོ། །ཞེས་གསུངས་པས་སྤྱིར་ལས་ལ་མཐུན་པ་བསྒྲུབ་པ་དང་། མི་མཐུན་པ་ཕྱིར་བཟློག་གཉིས་ཀྱི་དང་པོ་ཡིན་ལ། དེའི་ཆེད་དུ་མཚམས་དེར་གཏོགས་པ་ཐམས་ཅད་ཀྱིས་དངོས་སུ་འདུ་དགོས་ཀྱང་རྐྱེན་ན་བ་དང་དབང་མེད་པ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱི་འཇིགས་པ་ལས་གཞན་པས་འབུལ་བ་ལ་ནི་ཉེས་བྱས་སོ། །ཞེས་གསུངས་པས་དེ་ལྟ་བུ་ཞིག་གིས་འདུ་མ་ནུས་ན་འདུན་པ་དང་ཡོངས་དག་འབུལ་དགོས་ཏེ། འདུན་པ་ཕུལ་བས་དགེ་འདུན་གྱི་ལས་འཆགས་པ་དང་། ཡོངས་དག་ཕུལ་བས་འབུལ་བ་པོ་ཉིད་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར། དེ་ཡང་མདོ་རྩ་ལས། འདུན་པ་ཕུལ་བས་ལས་དེ་དང་མཐུན་པ་གྲུབ་བོ། །ཞེས་གསུངས། འོན་ཀྱང་མཚམས་གཅོད་པའི་ལས་དངོས་ལ་འདུན་པ་འབུལ་དུ་མི་རུང་སྟེ། རྒྱ་ཆེར་འགྲེལ་ལས། མཚམས་བཅད་པ་ནི་མི་འགྲུབ་བོ། །ཞེས་བྱ་བ་ནི་མཚམས་བཅད་པའི་ལས་ལ་ནི་གང་ཟག་གང་འདུན་པ་འབུལ་བར་བྱེད་པའི་གང་ཟག་དེ་དང་མཐུན་པ་མི་འགྲུབ་བོ། །འདིར་གཞུང་ནི་ཉེ་བར་འཁོར་ལས་ཐམས་ཅད་ནི་འདུག་ས་དང་བཅས་པ་ཡིན་ཏེ། (༡༤༣ན)


GLG014_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཅད་པ་ནི་མ་གཏོགས་སོ། །ཞེས་གསུངས། རྒྱུ་མཚན་ནི། མཚོ་སྣ་པས། བཅས་པའི་དབང་གིས་ཏེ། དེ་ལྟར་འཆའ་བ་ནི་མཚམས་བཅད་པ་འདིས་ཐག་འདི་ཙམ་ནས་འདུ་དགོས་ཀྱིས་མཚམས་འཛིན་པ་ཡིན་ལ། ལས་དེ་ལ་དངོས་སུ་ལུས་ན་ས་མཚམས་འདི་ཙམ་ནས་འདུ་དགོས་མི་དགོས་ཀྱི་ཚད་དེ་དངོས་སུ་ཤེས་པར་འགྱུར་གྱི་འདུན་པ་ཕུལ་ཏེ་དངོས་སུ་མ་འདུས་ན་ཚད་དེ་དངོས་སུ་ཤེས་པར་མི་འགྱུར་བའི་ཕྱིར་རོ། །ཞེས་གསུངས། བུ་སྟོན་རིན་པོ་ཆེའི་ཊཱིཀྐར་ཡང་། མཚམས་བཅད་པ་འདུན་པ་ཕུལ་བས་མཐུན་པ་མི་འགྲུབ་སྟེ། མཚམས་དེར་གཏོགས་ཀྱི་དགེ་འདུན་གྱིས་མཚན་མ་བརྟན་པོ་ཤེས་དགོས་པས། དེ་ལ་འདུན་པ་ཕུལ་བས་མི་འགྲུབ་པའི་ཕྱིར་གསུང་། འདུལ་འཛིན་སྔ་མ་འགའ་ཞིག་མཚམས་པོ་ཆེ་ལ་འདུན་པ་འབུལ་མི་རུང་ལ། དཀྱིལ་འཁོར་པ་ལ་འདུན་པ་ཕུལ་བས་ཆོག་གསུང་། འདུན་པ་འབུལ་བ་པོའི་མཚན་ཉིད་ནི། མཚམས་ཀྱི་ནང་ན་གནས་པ། ལས་ཀྱི་ཁ་སྐོང་བར་འོས་པ། ལུས་སམ་འདུན་པ་མ་བླངས་པ། གང་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ། སྨྱོས་པའི་གནང་བ་མ་ཐོབ་པ། ངེས་པར་ཤེས་པའི་འཁྲིགས་པ་ཡིན་པ། དངོས་སུ་གྲངས་ཀྱི་ཁ་སྐོང་བྱེད་མ་ཡིན་པ། དངོས་སུ་མི་འདུ་བའི་རྐྱེན་དང་ལྡན་པའི་ཆོས་བརྒྱད་ལྡན་དེ་ལྟ་བུ་ཡིན་ཏེ། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཁ་སྐོང་བར་འོས་པ་ལུས་སམ་དེ་ལ་འདུན་པས་མ་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང་། ཞེས་གསུངས། སྨྱོས་པའི་གནང་བ་ཐོབ་པས་འདུན་པ་འབུལ་བའི་དགོས་པ་ནི། མདོ་(༡༤༣བ)


GLG014_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལས། སྨྱོས་པའི་གནང་བ་ཐོབ་པས་ནི་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །ཞེས་གསུངས། འཕྲིགས་པ་ནི། རྒྱ་ཆེར་འགྲེལ་ལས། འཕྲིགས་པས་མི་མཐུན་པ་ཉིད་དུ་འགྱུར་རོ། །ཞེས་བྱ་བ་ནི། མཚམས་ཀྱི་ནང་ན་དགེ་སློང་དངོས་སུ་འཁོད་པར་ཤེས་པ་རྣམས་ཀྱིས་འདུན་པ་ལ་སོགས་པ་མ་བླངས་པས་དགེ་འདུན་གྱི་ལས་མི་མཐུན་པ་ཉིད་ཀྱི་ཉེས་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ལྟར་མཚམས་ཀྱི་ནང་དགེ་སློང་གློ་བུར་བ་འགའ་ཞིག་འོང་བ་མཐོང་ངམ་ཐོས་སམ། འཁར་གསིལ་གྱི་སྒྲ་གྲག་གམ། གཏུར་བུ་ལ་སོགས་པ་མཐོང་བའི་མཚན་མ་འམ། སྒོ་ནས་དགེ་སློང་ཞིག་དེར་ཡོད་པར་ཕྲིགས་ནས་དེའི་འདུན་པ་ལ་སོགས་པ་མ་བླངས་ན་ཡང་དགེ་འདུན་གྱི་ལས་མི་མཐུན་པ་ཉིད་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཐ་དད་པ་ཉིད་དུ་འདོད་པས་མངོན་པར་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ནི་ངེས་པའམ་ཕྲིགས་པ་མ་ལྷགས་པ་རྣམས་དང་། ཐ་དད་པ་ཉིད་དུ་འདོད་པས་མ་འོངས་ཀྱང་བླའོ་སྙམ་དུ་མངོན་པར་བརྟགས་ཏེ་ལོགས་ཤིག་ཏུ་ལས་བྱེད་པ་ནི་དགེ་འདུན་གྱི་དབྱེན་གྱི་རང་བཞིན་ཅན་ཡིན་པར་ཡིད་ལ་སྣང་སྟེ། དེ་བས་ན་གང་དག་མ་ལྷགས་པ་དེ་དག་མེད་ཀྱང་རུང་གི །ཐག་རིང་པོ་ན་འཁོད་ཅིག་སྙམ་ནས་དེ་དག་གི་འདུན་པ་ལ་སོགས་པ་མི་ལེན་པར་ལས་བྱེད་པས་དེ་དག་ལ་དགེ་འདུན་གྱི་དབྱེན་ལ་བརྟུལ་བའི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་ལས་ཞེས་སྨོས་པ་ནི་འདུལ་བར་གཏོགས་པ་མཐུན་པ་དང་འབྲེལ་བའི་ལས་སུ་བྱ་བ་ཐ་ན་རབ་ཏུ་བྱུང་བ་ལ་བལྟོས་པ་ཞུ་བའི་མཐར་ཐུག་པ་ཡན་ཆད་ཀུན་བསྡུའོ། །རྟོག་(༡༤༤ན)


GLG014_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ནི་ཐེ་ཚོམ་ཟ་བའོ་ངེས་པར་བྱེད་པ་ལ་ནི་ཉེས་པར་བྱེད་པ་འབྱུང་བ་མ་ཡིན་ནོ། །ཞེས་གསུང་པ་ནི། རྟག་པ་ཉིད་འདི་ཅི་རུང་ངམ་འོན་ཏེ་མི་རུང་ངམ་སྙམ་དུ་རྣམ་པ་དེ་ལྟར་ཐེ་ཚོམ་དུ་གྱུར་ནས་ཐེ་ཚོམ་ཟ་ཞིང་ཡིད་གཉིས་བྱེད་པ་དང་ངེས་པ་མེད་པར་འདི་གདོན་མི་ཟ་བར་རུང་ངོ་ཞེས་ངེས་པར་བྱེད་པ་གང་ཡིན་པ་དེ་གཉིས་ལ་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མ་ཡིན་ཏེ། གཉིས་ཀ་ལའང་མཚན་ཉིད་ཇི་ལྟར་ཐོབ་པ་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་ཅི་གང་དག་མ་ལྷགས་པ་དེ་དག་མེད་པར་བདག་ཅག་གི་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་བ་དང་། སོ་སོ་ཐར་པའི་མདོ་འདོན་པ་འདོན་དུ་རུང་ངམ་འོན་ཏེ་མི་རུང་། དེ་དག་མེད་པར་བདག་ཅག་གིས་དགག་དབྱེ་བྱར་རུང་ངམ། འོན་ཏེ་མི་རུང་སྙམ་དུ་རྟོག་པ་ཉིད་ན་ཐེ་ཚོམ་ཟ་བ་གང་ཡིན་པ་དང་། དེ་དག་མེད་པར་བདག་ཅག་གིས་གདོན་པ་དང་དགག་དབྱེའི་བར་དག་བྱར་རུང་ངོ་ཞེས་ངེས་པར་བྱེད་པ་གང་ཡིན་པ་དེ་དག་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མ་ཡིན་ཏེ། འདི་ལྟར་ཐེ་ཚོམ་ཟ་བཞིན་དུ་བྱེད་པ་དང་ངེས་པ་མེད་པར་ངེས་པར་བྱེད་པ་ལ་ནི་དགེ་འདུན་མི་མཐུན་པའི་ཉེས་པ་ཁོ་ནར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདིར་ལས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་པས་སྤྱི་མདོར་བྱས་སོ། །བསམ་པ་ཐག་པ་ནས་ཡོངས་སུ་བཙལ་ཞིང་གོ་བ་ལོག་མང་དུ་བྱས་ན་དག་པའི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། བསམ་པ་ཐག་པ་ནས་རྒྱུ་མེད་པར་དགེ་སློང་མ་ལྷགས་པ་རྣམས་ཡོངས་སུ་བཙལ་ཞིང་། གོ་བ་ལོག་མ་བྱས་ན་དེ་དག་མཚམས་ཀྱི་ནང་ན་འཁོད་དུ་ཟིན་ཀྱང་དེ་དགེ་སློང་དེ་(༡༤༤བ)


GLG014_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་དག་ཅིང་ལྟུང་བ་མེད་པ་དང་མཐུན་པ་ཉིད་དུ་འགྱུར་བའི་བྱེད་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །བཙལ་བ་དང་བོད་པ་དང་མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བ་དག་གིས་ནི་དེ་ཡིན་ནོ། །ཞེས་བྱ་བ་ནི་རྣམ་པ་དེ་གསུམ་གྱིས་རིམ་གྱིས་ནི་ཡོངས་སུ་བཙལ་བ་ཉིད་ཡིན་ཏེ། དེ་དག་གིས་མ་རྙེད་ན་མ་ལྷགས་པ་དག་མཚམས་ཀྱི་ནང་ན་འཁོད་ཅིང་དེ་དག་གི་འདུན་པ་ལ་སོགས་པ་མ་བླངས་སུ་ཟིན་ཀྱང་མི་མཐུན་པར་མི་འགྱུར་རོ། །དེ་ལ་བཙལ་བ་ཞེས་བྱ་བ་ནི་དེ་དང་དེ་དག་ཏུ་མྱུལ་བའོ། །བོད་པ་ཞེས་བྱ་བ་ནི་སྐད་ཀྱིས་བོད་པའོ། །མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བ་ཞེས་བྱ་བ་ནི་ས་ཕྱོགས་མཐོན་པོར་འགྲེངས་ཏེ་མིག་རྒྱང་གིས་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །དེ་གསུམ་ཡང་གོ་རིམ་བཞིན་དུ་བྱས་ཏེ་ཏེ་པོར་ཇེ་བཙལ་བར་བྱའོ། །བཙལ་བས་མ་རྙེད་ན་བོད་པར་བྱའོ། །དེས་ཀྱང་མ་རྙེད་ན་ཕྱོགས་ཆེས་མཐོན་པོར་འགྲེངས་ཏེ་ཕྱོགས་བཞིར་བལྟ་བར་བྱའོ། །འདིར་གཞུང་ཞུ་བ་ལས་བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གྲོང་མཐའ་པ་མ་ལགས་པ་དགོན་པ་ན་གནས་པ་དེ་དག་ཐམས་ཅད་གསོ་སྦྱོང་གནས་གཅིག་ཏུ་འདུ་བར་བྱའོ། །ཞེས་བཀའ་སྩལ་ན། གལ་ཏེ་དེ་དག་མི་གདའ་ན་བཙལ་བར་མི་བགྱི་ཞིང་། གལ་ཏེ་དེ་དག་མ་རྙེད་ན་བོད་པར་བགྱིའོ། །གལ་ཏེ་དེ་དག་གི་མ་ཐོས་ན་གསོ་སྦྱོང་བགྱིས་ཞེས་བགྱིའམ། ཉེ་བར་འཁོར་བྱས་ཞེས་བྱའོ། །ཞེས་གསུངས་པ་དང་། འོག་མ་ཤོས་ཀྱི་གཞུང་ནི་ཕྱོགས་བཞིར་བལྟ་སྟེ། གསོ་སྦྱོང་བྱའོ་ཞེས་གསུངས་པ་ཡིན་ནོ། །ཞེས་རྒྱ་ཆེར་བཤད་པ་དང་མཐུན་པར། རང་འགྲེལ། ཊཱིཀ་ཆུང་ཡོན་ཏན་འོད་མ། འགྲེལ་བཤད་ཤེས་རབ་བྱེད་པ་རྣམས་ལས་ཀྱང་(༡༤༥ན)


GLG014_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཅིང་། གོ་བ་ལོག་ནི་འགྲེལ་ཆུང་ལས་ལེ་ལོ་བྱས་ཏེ་འོལ་སྤྱི་ཙམ་དུ་བཙལ་བའི་མིང་དུ་བཤད་ལ། འདིའི་རྩ་བའི་གླེང་གཞི་ནི་དགེ་སློང་ཀ་བི་ན་ལ་བཅས་སོ། །འདིར་གསོ་སྦྱོང་གི་སྐབས་སུ་བློ་མཐུན་འཚམས་ཆེན་དཀྱིལ་འཁོར་པ་རྣམས་བཅད་པ་དེར་ལས་གཞན་མཐའ་དག་བགྱིར་རུང་སྟེ། ཀརྨ་ཤ་ཏམ་དུ། དགེ་འདུན་གྱིས་གང་དུ་གསོ་སྦྱོང་གི་གནས་སུ་བློ་མཐུན་བྱས་པ་དེར་དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་བྱའོ། །ཞེས་དང་། དེ་བཞིན་དུ་དགེ་འདུན་གྱིས་གང་དུ་མཚམས་པོ་ཆེ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་སོགས་དང་། དགེ་འདུན་གྱིས་གང་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་བྱས་པ་དེར་དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་སོགས་སྦྱར་ཏེ་གསུངས་པ་དང་། རྒྱ་ཆེར་འགྲེལ་ལས་ཀྱང་གསོ་སྦྱོང་གི་གནས་ཞེས་སྨོས་པས་དགག་དབྱེ་ལ་སོགས་པའི་ལས་གཞན་ནི་དེར་མི་བྱའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །ཞེས་བྱ་བ་སྨྲས་ཏེ། དགག་དབྱེ་ལ་སོགས་པའིའོ། །གསོ་སྦྱོང་གི་གཞི་ལས་དེ་བཅས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་དག་གི་གྲུབ་འབྲས། ལས་མཚམས་བཅད་པ་མ་ཡིན་པར་རྩིག་མཚམས་ཡིན་ན་གཙུག་ལག་ཁང་གི་ཕྱི་སྐྱའི་རྩིག་པ་ནུབ་ཉེ་འཁོར་འདོམ་གང་དང་བཅས་པ་མཚམས་ནང་དུ་བྱེད། ནང་དེའི་ཁང་པ་ཕན་ཚུན་ཐ་དད་པ་དང་། འོག་ཁང་སྟེང་ཁང་རིམ་པ་ཡོད་པ་སོགས་ལ་མཚམས་ནང་དུ་གཏོགས་(༡༤༥བ)


GLG014_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཏོགས་པའི་དངོས་བསྟན་རྒྱ་འགྲེལ་རྣམས་སུ་མ་བྱུང་བས། བོད་ཊཱིཀ་ཚོར་ཡང་མི་གསལ་ཀྱང་། འདུན་པ་ལེན་པ་པོས་ཇི་ལྟར་བྱ་བ་བཤད་སྐབས། མདོ་རྩ་ལས། དེ་བླངས་ནས་རྒྱུག་པར་མི་བྱའོ། །མགྱོགས་པར་མི་བྱའོ། །མཆོང་བར་མི་བྱའོ། །ཕྱི་རོལ་ལ་མཆོད་པར་མི་བྱའོ། །བང་རིམ་ལ་མི་བྱའོ། །ནམ་མཁའ་ལ་འདུག་པར་མི་བྱའོ། །ཕྱི་རོལ་དུ་མི་བྱའོ། །སྐས་ཀྱི་རིམ་པ་གཞན་བཞག་ནས་གཞན་དུ་གོམ་པ་འདོར་བར་མི་བྱའོ། །ཐེམ་སྐས་ཀྱི་ཐེམ་པར་མི་བྱའོ། །ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱའོ། །གཉིད་ལོག་པ་དང་སྙོམས་པར་འཇུག་པར་མི་བྱའོ། །ཞེས་གསུངས་པས་ནང་དེའི་སྟེང་འོག་ཕན་ཚུན་ཐ་དད་ན་གནས་པ་སོ་སོས་འདུན་པ་འབུལ་དགོས་པ་གསལ་བས་མཚམས་ནང་དུ་ངེས་པ་རྟོགས་ནུས་ཤིང་། ཡང་དཀྱིལ་འཁོར་པའི་ལས་མཚམས་ཐ་དད་དུ་བྱས་ན་ཚོམས་ལྟ་བུ་ཞིག་གི་ནང་དུའང་ལས་ཐ་དད་པ་དུ་མ་འཆགས་པ་ཡང་། རྒྱ་ཆེར་འགྲེལ་ལས། ཚོགས་ཐ་དད་པ། འདུན་པ་ལ་སོགས་པས་མཐུན་པར་བྱས་ཏེ། ལས་བྱེད་པ་ལ་མི་རུང་བ་མེད་དོ་ཞེས་བྱ་བ་ནི། ཚོགས། ཐ་དད་པ་དགེ་འདུན་མཚམས་གཅིག་གི་ནང་དང་མཚམས་སོ་སོར་གནས་པས་འདུན་པ་དང་ཡོངས་སུ་དག་པ་དགག་དབྱེ་ལ་སོགས་པ་ཕན་ཚུན་དབུལ་བས་མཐུན་པར་བྱས་ཏེ་ལས་ཐ་དད་པ་མང་པོ་སོ་སོ་ན་བྱེད་པ་ལ་མི་རིགས་པ་མེད་པར་ཤེས་པར་བྱའོ། །འདིར་གཞུང་ནི། ཞུ་བ་ལས་བཙུན་པ་དགེ་སློང་ཕྱོགས་གཅིག་ན་མཆིས་པས་གནས་བཞི་པོ་དག་ཏུ་སོ་སོར་ཐར་པའི་མདོ་བཏོན་ལ་གསོ་སྦྱོང་ཡང་བགྱིས་པར་འགྱུར་ཞིང་(༡༤༦ན)


GLG014_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་སོ་སོར་ཐར་པའི་མདོ་འདོན་པའི་དགེ་སློང་གིས་གནས་བཞི་པོ་དག་ཅིག་ཅར་དུ་ཤིང་ངམ་དབྱུག་པའམ་རེ་ལྡེས་མནན་ཏེ་སོ་སོར་ཐར་པའི་མདོ་འདོན་པ་ནའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་ཅིག་ཅར་བརྗོད་པ་ལ་འང་མེད་དོ་ཞེས་བྱ་བ་ནི་མི་རུང་བ་ཞེས་སྦྱར་ཏེ། བརྗོད་པར་བྱ་བ་རྩོམ་པ་དང་འདྲ་བ་འདི་ལྟ་སྟེ། འདུན་པ་དང་ཡོངས་སུ་དག་པ་བརྗོད་པ་དང་། དགག་དབྱེ་རིག་པར་བྱ་བ་དང་འཁར་བ་དང་དྲ་བའི་གནང་བ་གསོལ་བ་ལ་སོགས་པ་ལྟ་བུའི་དོན་རྣམས་ཅིག་ཅར་དུས་གཅིག་ཏུ་བརྗོད་པ་ལའང་མི་རུང་བ་མེད་པར་ཤེས་པར་བྱ་སྟེ། ཐབས་གཅིག་གིས་བསྒྲུབས་པར་བྱ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །དེས་ཕན་ཚུན་དུ་མི་གནོད་པ་ཙམ་དུ་མ་ཟད་བསྒྲུབ་བྱ་མ་ཡིན་པའི་ཁྱིམ་པ་སོགས་ཐོས་སུ་མི་རུང་བས་ཐོས་ཀྱང་ལས་ལ་མི་གནོད་དེ། རྒྱ་ཆེར་འགྲེལ་ལས། ཐོས་པར་བྱ་བ་མ་ཡིན་པས་ཐོས་པས་ནི་མི་འཆགས་པར་མི་འགྱུར་ཞེས་བྱ་བ་ནི་ཐོས་པ་བྱ་བ་ཡིན་པ་བསྙེན་པར་རྫོགས་པ་ལ་སོགས་པས་ཐོས་པས་ནི་ལས་ནི་འཆགས་པར་མི་འགྱུར་ཏེ། འཆགས་པར་འགྱུར་བ་ཁོ་ནའོ། །ལས་བྱེད་པ་ལ་སོགས་པ་ལ་ལྟུང་བ་ཙམ་དུ་ནི་འགྱུར་རོ། །དེ་ལྟར་ཡང་ཀུན་དགའ་བོ་ཁྱོད་ཀྱི་རྒྱལ་པོ་གསོ་སྦྱོང་གི་ཕྱིར་སོ་སོར་ཐར་པ་འདོན་པ་ཉན་དུ་མ་བཅུག་པ་ཉེས་སོ་ཞེས་གསུངས་པ་ཡིན་ནོ།།འདུལ་བ་ཚིག་ལེར། མཚམས་ནི་ཐ་མ་མནན་ནས་སམ། །ལ་ལར་ཡང་ནི་དཀྱིལ་(༡༤༦བ)


GLG014_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་པ། །དེ་བཞིན་ལས་ནི་ཐམས་ཅད་ལ། །མཚམས་ནི་བཅད་པར་རུང་བ་ཡིན། །ཞེས་དང་། ལས་ཀྱི་ཕྱིར་ནི་དཀྱིལ་འཁོར་པ། །བྱའོ་མཐའ་མཚམས་དགྲོལ་ནས་ཀྱང་། །མཚམས་གཅིག་ཏུ་ནི་མ་འདྲེས་པས། །ཚོགས་ཀྱི་ལས་ནི་བྱ་བར་བརྗོད། །ཅེས་དང་། མཚམས་བཅིང་རབ་ཏུ་རྣམ་མང་ལས། །མདོར་བསྡུས་ཚུལ་ནི་རྣམ་པ་བཞི། །འདིར་ཡང་མདོར་བསྡུས་དབང་བྱས་ནས། །ཕྱོགས་ཙམ་བསྟན་པས་བརྗོད་པར་བྱ། །དཔག་ཚད་ཕྱེད་དང་གསུམ་པའི་མཚམས། །ཆེན་པོ་དེ་ནི་ཕྱོགས་བཞི་རུ། །ལྗོན་ཤིང་ཆུ་བོ་བྲག་རི་དང་། །ལམ་ཆེན་སོགས་ཀྱིས་མཚོན་དེ་བཅད། །ཅེས་དང་། སྔར་གྱི་ཆེན་པོ་མི་མཁོ་ན། །ཆུང་ངུ་ཡང་ནི་བྱ་བ་སྟེ། །གསོལ་དང་བཞི་ཡི་ལས་ཀྱིས་ནི། །ཆེན་པོ་ཉེ་བར་བཀྲོལ་ནས་ནི། །ཆུང་ངུ་བཅིངས་ནས་སྔ་མ་བཞིན། །མཚན་མ་བརྟན་པོ་རྣམས་ཀྱིས་སོ། །དཀྱིལ་འཁོར་པ་ཞེས་གྲགས་པ་དེ། །ཚོགས་ཀྱི་ལས་ནི་བསྒྲུབ་པར་བྱ། །ཞེས་མཐུན་པར་གསུངས་པས། མདོར་ན་ལས་མཚམས་རྩིག་མཚམས་གང་རུང་གི་ནང་དུ་འདུས་པའི་དགེ་སློང་ཐམས་ཅད་ལས་གང་བགྱིད་ཀྱང་འདུ་བའམ། མ་ནུས་ཀྱང་འདུན་པ་མ་ཕུལ་ན་ལས་མི་འཆགས། འདུན་པ་ཕུལ་ཕྱིན་མཚམས་ནང་རང་གི་ཐག་ཉེ་འགྱང་ཅི་འདྲར་གནས་ཀྱང་ལས་ལ་མི་གནོད་ཅིང་། ཡོངས་དག་ཕུལ་བས་མ་འདུས་པ་རྣམས་ལ་ཉེས་པ་མི་འབྱུང་བ་ཡིན་ནོ། །ཞེས་བཤད་ལ། སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ཏུ། གནས་ཀྱི་སྤྲོས་པ་ལ། ལས་དང་ཆུ་དང་། ནམ་མཁའ་དང་། (༡༤༧ན)


GLG014_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པའི་མཚམས་གཞན་གྱི་སྤྲོས་པའོ། །དང་པོ་ནི། སྔ་མ་བག་ཡངས་སོགས་ཀྱི་ཕྱིར་ན་མ་བརྟགས་སོགས། དེའི་རྒྱུ་མཚན་ཡང་མཚམས་བཅད་པ་མི་ཆགས་པ་ལ་སྔར་བཅད་པ་ཉིད་དུ་ཤེས་པ་ཡན་ལག་ཏུ་མི་དགོས་པའི་ཕྱིར་ཏེ། བཅད་ཟིན་མ་ཞིག་པ་ཡིན་ན་མི་ཆགས་པས་སོ། །དེ་ནི་གཅོད་པའི་གཞི་དག་པ་དགོས་པར་བསྟན་ལ། བཅད་ཟིན་ལེགས་པར་བསྲུང་ཡང་དགོས་ཏེ། མཚམས་དང་ལྡན་པའི་དགེ་སློང་ཕ་མ་དེ་སྐྱ་རེངས་ཤར་ཤར་དེར་མེད་པ་ཉིད་ཀྱི་ས་མཚམས་བག་ཡངས་སུ་འགྱུར་རོ། །འདིར་མཚམས་འཇིག་པའི་རྒྱུའི་སྡོམ་ནི། མཚམས་ལ་རེ་བ་མེད་པ་དང་། །མཚན་མ་བརྟན་པོ་ཞེས་པ་དང་། །དེ་བཞིན་མཚམས་གཞན་བྱུང་བ་དང་། །ལས་ཀྱིས་གཤིག་དང་མཚམས་ནང་དེའི། །དགེ་སློང་མེད་པར་གྱུར་པས་སོ། །མེད་པ་འདི་ཡང་རྣམ་ལྔ་སྟེ། །དགེ་འདུན་ཀུན་གྱིས་དོར་བ་དང་། །ཀུན་ཀྱང་མཚན་གྱུར་ཞིང་མིན་གྱུར། །སྨྱོ་བར་གྱུར་དང་ཤི་བས་སོ། །ཞིང་མིན་པ་ནི་མཚན་གཉིས་ཅིག་ཅར་བྱུང་བ་ལ་བྱ་བར་སྔ་མ་རྣམས་བཞེད་དོ། །དེས་ན་ཀྱང་ནི་ལས་ཀྱིས་བཤིག་པ་སོགས་སྔ་མ་རྣམས་ལ་བྱའོ། །འོག་ནས་འཆད་པའི་རུང་བའི་ཁང་པ་ཡང་བག་ཡངས་སུ་འགྱུར་བའི་རྒྱུ་ནི་མཚམས་དང་འདྲ་བས་རུང་ཁང་གསུམ་པ་ལས་གཞན་རྣམས་བསྲུང་མཁན་མེད་ཀྱང་མི་འཇིག་པར་འདོད་པ་ནི་སྤྱིར་བཏང་འདི་ལ་དམིགས་བསལ་གྱི་ཚིག་མ་བྱུང་བས་མི་རིགས་སོ། །སྔར་བཅད་ཟིན་པའི་མཚམས་སུ་མཚམས་གཞན་གྱིས་ཕྱོགས་འདྲེས་པར་བསྐོར་དུ་མི་རུང་སྟེ་དེ་འདྲའི་ལས་བྱས་ཀྱང་མི་འཆགས་པས་སོ། །དམིགས་བསལ་(༡༤༧བ)


GLG014_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་པ་ལ་སོགས་པ་གསུམ་གྱི་ཚད་དུ་ཕྱི་ནས་མཚམས་ཀྱིས་བསྐོར་དུ་མི་རུང་ཡང་དེ་གསུམ་ལ་ཕྱི་རོལ་དུ་མཚམས་གཅིག་གིས་བསྐོར་དུ་རུང་ངོ་། །མཚམས་རེ་རེ་ལ་མཚན་མ་རེ་རེ་མི་དགོས་ཏེ། ཤིང་སོགས་སོ། །མཚམས་འདི་ལ་མིའ་ཐ་སྙད་སོགས་ཏེ། མི་མ་ཡིན་ལྟ་བུ་ནི་བརྟན་པར་གནས་ཀྱང་མཚན་མར་མི་རུང་བའི་ཕྱིར་ཏེ། ཐ་སྙད་ལས་འདས་པས་སོ། །རྫུ་འཕྲུལ་སོགས་ནི་ཐ་སྙད་དུ་རུང་བ་དེ་ལྟར་སོགས། གཉིས་པ་ནི་མཚམས་ཀྱི་ནང་དུ་ཆུ་ལྐོག་མ་ནུབ་ཙམ་གྱིས་ཆོད་པ་ནི་མཚམས་སོགས། ཁ་ཅིག་ཆུ་རྒྱུག་ཕེར་ཙམ་གྱིས་ཆོག་པར་འདོད་པ་ནི་སྦྱིན་ལེན་གྱི་ཆུ་མཚམས་གཞན་དང་འཁྲུལ་བར་ཟད་དེ། གོང་དུ་ལྐོག་མ་ནུབ་ཙམ་དུ་འབོག་ན་མཚམས་གཞན་དང་འདྲ་བར་བཤད་པའི་ཕྱིར་དང་། རྒྱུག་ཕེར་ཙམ་གྱིས་ཆོག་ན་སྒྲུབ་མི་ནུས་པས་སོ། །ཞག་བདུན་ཕན་ཆད་དུ་སྦྱོར་བ་བཏང་ན་ནི་ཕྱིར་བྱས་ཀྱང་མཚམས་རྗེས་སུ་མི་འཇུག་པའོ། །གསུམ་པ་ནི་ནམ་མཁའི་ཁམས་ནི་སོགས། བཞི་པ་ནི། དབུས་ནས་སོགས་རི་མཐོན་པོ་ལ་སོགས་པའི་སྒོ་ནས་འོག་དང་སོགས། མཚམས་བཅད་པ་ཞིག་ན་མི་འབྲལ་བའི་གནང་བ་ཞིག་ལ་དེ་ཞིག་པས་ནི་སོགས། གསུམ་པ་ནི་མཆོད་རྟེན་སོགས། འདུན་པ་གང་ཟག་ཁོ་ན་ལ་འབུལ་བར་མ་ངེས་ཏེ། དགེ་འདུན་སོགས། དགེ་འདུན་དེ་ལས་གང་ཟག་གང་ཡང་རུང་སོགས། །བཞི་པ་ནི། དགེ་སྐོས་ཀྱིས་སོགས་འདུས་མ་འདུས་ཤེས་པའི་ཕྱིར་རོ། །སྤྱིར་བཏང་ལེགས་པར་སོགས། འདོན་པ་པོའི་དམིགས་བསལ་ནི། མི་ནུས་སོགས། གནས་ཀྱི་དམིགས་བསལ་ནི་འཇིགས་སོགས། སྤྱོད་(༡༤༨ན)


GLG014_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལས་ནི་འདུག་པ་ཉིད་ཀྱིས་སོ། །ཞེས་པའི་དམིགས་བསལ་ནི། འགྲོན་པོ་སོགས། ཡུལ་གྱི་དམིགས་བསལ་ནི་དད་པ་སོགས། འདོན་པར་བྱ་བ་སོགས་བཞི་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་ཕྲན་ཚེགས་སོགས་དང་། ཐོས་བསྒྲགས་ཙམ་ཡང་མི་སྒྲུབ་པ་དང་། ཉ་ཤི་མ་ཡིན་པ་དང་། བསྙེན་པར་མ་རྫོགས་པ་སོགས་སོ། །གོང་དུ་འགའ་ཡང་མ་སོང་བ་ཉིད་ཡིན་ན་ཞེས་པའི་སོང་བའི་ཚད་ནི་ཐོས་པའི་སོགས་སོ། །ཞེས་གསུངས། སྔོན་གྱི་འདུལ་འཛིན་ཁུངས་མ་འགའ་ཞིག་ནི་གཙུག་ལག་ཁང་ལྟ་བུའི་གནས་གང་ཡང་རུང་བར་བསྙེན་རྫོགས་ཀྱི་ལས་བྱེད་པའི་ཚེ་ཁང་པ་དེར་ཁ་སྐོང་དུ་ཚོགས་པ་རྣམས་མ་གཏོགས་པའི་དགེ་སློང་མི་འཇོག་ཅིང་། རྩིག་པའི་ཕྱི་རོལ་གྱི་འདོམ་གང་ཚུན་ལའང་བསྲུང་མཁན་འཇོག་པ་ལྟ་སྣང་ལ་ཕྱག་ལེན་གཙང་བ་འདྲ་ཞིག་འདུག་ཀྱང་། དཔེར་ན་ཤྲཱི་ནཱ་ལནྡ་ལྟ་བུའི་གཙུག་ལག་ཁང་དུ་ལས་བྱེད་པའི་ཚེ་ལྕགས་རིའི་ནང་གི་དགེ་སློང་མཐའ་དག་འཚོག་པའང་འདུན་པ་འབུལ་དགོས་ཤིང་། དེ་འདྲ་བོད་དུ་འདུལ་བ་ཡུལ་ཆོས་ཀྱི་སྟབས་ནས་མི་འགྲིག་ལ། དཀྱིལ་འཁོར་པའི་ལས་ལ་གཙུག་ལག་ཁང་གི་རྩིག་པས་ཆོད་པར་གསུངས་པ་བཞིན་ཁང་པ་རེ་མིག་མང་དུ་ཡོད་པའི་རེ་ཁཱ་གཅིག་ཚུན་ལ་གནས་ཀྱི་བློ་མཐུན་བྱས་པས་ཀྱང་འགྲུབ་བོ། །སྤྱིར་ཁ་སྐོང་བའི་དགེ་འདུན་གྱི་གྲངས་ལ། དགྲ་བཅོམ་པ་ས་ག་ལྷས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་རྨད་གྱུར་པ་སྟེ། ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །དགེ་འདུན་ཚང་དང་མཚམས་ཕྱིར་མིན། །(༡༤༨བ)


GLG014_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཁན་ཚུལ་ཁྲིམས་ལྡན་པ་དང་། །ལས་དག་པ་དང་བར་ཆད་མེད། །བསྙེན་པར་རྫོགས་པའི་རྒྱུ་ཡིན་ནོ། །ཞེས་དང་། དབུས་དང་མཐའ་འཁོབ་པ་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། །བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་བས་ལྷག་པས་ཀྱང་ནི་རུང་། །ཞེས་གསུངས། རྒྱ་ཆེར་འགྲེལ་ལས། མཐའ་འཁོབ་དག་ཏུ་ནི་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །དགེ་སློང་ཡུལ་མཐའ་འཁོབ་ཏུ་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་མེད་ན་འདུལ་བ་འཛིན་པ་ཞེས་བྱ་བ་ལས་བྱེད་པ་ཉིད་དུ་གཏོགས་པར་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །ཡོད་ན་ནི་བཞིའི་ཆོ་ག་ཁོ་ན་ལ་བརྟེན་པར་བྱའོ། །དེས་ན་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་མགུ་བ་དང་དབྱུང་བའི་ལས་ལ་ནི་མཚམས་གཉིས་ཀ་ན་དགེ་སློང་དང་དགེ་སློང་མ་གཉིས་ཀའི་དགེ་འདུན་ཐམས་ཅད་ཚོགས་པ་དགེ་འདུན་ཉིད་ཡིན་ནོ། །དགེ་སློང་མ་ཡུལ་དབུས་སུ་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་དང་དགེ་སློང་མ་བཅུ་གཉིས་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །དགེ་སློང་མ་ཡུལ་མཐའ་འཁོབ་ཏུ་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་ནི་མེད་ན་དགེ་སློང་འདུལ་བ་འཛིན་པ་ཉིད་གཏོགས་པར་ལྔ་ལ་སོགས་པ་དང་། དགེ་སློང་མ་འདུལ་བ་འཛིན་པ་ཉིད་གཏོགས་པར་དྲུག་ལ་སོགས་པའི་གཉིས་ཀའི་དགེ་འདུན་ཡིན་ནོ། །ཡོད་ན་ནི་གཞིའི་ཆོ་ག་ཁོ་ན་ལ་བརྟེན་པར་བྱའོ། །དགེ་སློབ་མའི་སྡོམ་པ་སྦྱིན་པ་ལ་ནི་དབུས་དང་མཐའ་འཁོབ་ཏུ་དགེ་སློང་མའི་གྲངས་བསྙེན་པར་རྫོགས་པར་བྱ་བའི་ལས་དང་(༡༤༩ན)


GLG014_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་ཤེས་པར་བྱའོ། །ལྷག་མ་ནི་བཞི་ལ་སོགས་པའོ་ཞེས་བྱ་བ་ནི། དབྱུང་དང་བསྙེན་པར་རྫོགས་པར་བྱ་བའི་ལས་མ་གཏོགས་པ་དེ་དག་གི་ལྷག་མའི་ལས་ནི་དགེ་སློང་བཞི་ལ་སོགས་དགེ་འདུན་ཉིད་ཡིན། དགག་དབྱེ་ལ་ནི་དགག་དབྱེ་བྱེད་པར་གཏོགས་པར་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ཞེས་དང་། བུ་སྟོན་ཐམས་ཅད་མཁྱེན་པས་ལས་བརྒྱའི་ཊཱིཀྐར། ཕྱོགས་བཞིའི་མཚམས་ཀྱི་མཚན་མ་སྔར་སྨོས་པ་དེ་ཕན་ཆད་ནི་ཡུལ་མཐའ་འཁོབ་སྟེ། དེར་བསྙེན་རྫོགས་བྱ་བའི་ལས་ལ། དགེ་སློང་བཅུ་ལ་སོགས་པ་གཞན་མེད་ན་འདུལ་བ་འཛིན་པ་སྟེ་ལས་བྱེད་པ་ཉིད་གཏོགས་པ་དང་བཅས་པའི་ལྔ་ལ་སོགས་པའི་ཚོགས་ལ་ཡང་རུང་སྟེ་མེད་ན་ཞེས་སྨོས་པས། ཡོད་ན་ནི་གཞིའི་ཆོ་ག་ཁོ་ན་ལ་བརྟེན་པར་བྱའོ། ཁ་ཅིག་བཞིས་ཀྱང་བསྙེན་པར་རྫོགས་པར་འགྱུར་ཏེ། ཁ་སྐོང་བར་འོས་པ་བཞིར་ཚང་ན། དགེ་འདུན་དུ་ལོངས་པས་ལས་ཐམས་ཅད་ལ་དབང་བའི་ཕྱིར་དང་། ཞུ་བ་ལས། མཐའ་འཁོབ་ཏུ་ལྔས་བསྙེན་པར་རྫོགས་པར་བྱའོ། །ཞེས་གསུང་ན། ལྔའམ་ལྔ་ལས་ལྷག་པར་མཆིས་བཞིན་དུ་བཞིས་བསྙེན་པར་རྫོགས་ན་རྫོགས་ཞེས་བགྱིའམ་མ་རྫོགས་པ་ཞེས་བགྱི། རྫོགས་པ་ཞེས་བྱ་ལ་འདས་པ་དང་བཅས་པར་རོ། །ཞེས་དང་། ས་ག་ལྷས་གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་སྨད་འགྱུར་བ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་བཤད་པའི་ཕྱིར་རོ། །ཞེ་ན། དེ་ནི་མི་འཐད་དེ། ཞུ་བའི་དེ་ནི་ཡི་གེ་ཉམས་པ་ཡིན་ཏེ།(༡༤༩བ)


GLG014_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་འགྲེལ་མཁན་པོས་ལུང་དྲངས་པར། ལྔ་ལས་ལྷག་པར་མཆིས་བཞིན་དུ་ལྔས་བསྙེན་པར་རྫོགས་པར་བགྱིས་ན་རྫོགས་ཞེས་བགྱིའམ། མ་རྫོགས་ཞེས་བགྱི། བཀའ་སྩལ་པ། རྫོགས་ཞེས་བྱ་ལ་འདས་པ་དང་བཅས་པར་རོ། །ཞེས་དྲངས་པའི་ཕྱིར་དང་། ཡུལ་དབུས་སུ་ཉི་ཤུ་འམ་ཉི་ཤུ་ལས་ལྷག་པར་མཆིས་བཞིན་དུ་བཅུས་བསྙེན་པར་རྫོགས་ཞེས་བགྱིའམ། མ་རྫོགས་ཞེས་བགྱི། བཀའ་སྩལ་པ། རྫོགས་ཞེས་བྱ་ལ་འདས་པ་དང་བཅས་པར་རོ། །ཞེས་གསུངས་པའི་ཟླ་སྟོབས་ཀྱིས་འགྲུབ་པའི་ཕྱིར་རོ། །ས་ག་ལྷས། བཞིའི་སྟེང་དུ་ལས་མཁན་བསྣན་པ་ལ་དགོངས་སོ། །བཞིར་ཚང་བས་དགེ་འདུན་དུ་ལོངས་པས་ལས་ཐམས་ཅད་འགྲུབ་ན། ལས་སོ་སོ་ལ་དགེ་འདུན་གྲངས་ཐ་དད་གསུངས་པ་དོན་མེད་པར་འགྱུར་རོ། །བཞི་ལས་མེད་ན་གསང་སྟོན་བསྐོ་བ་ལ་སོགས་པའི་ལས་མི་འགྲུབ་པའི་ཕྱིར་རོ། །ཞེས་དང་། སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ལས། མཐའ་འཁོབ་དག་ཏུ་ཡེ་བསག་ཏུ་མེད་ན་འདུལ་བ་འཛིན་པ་ལས་མཁན་དང་བཅས་པའི་དགེ་སློང་ལྔ་ལ་སོགས་པ་དགོས་ཏེ། བཞི་ཁ་སྐོང་གཅིག་གསང་སྟོན་དུ་བསྐོ་དགོས་པས་སོ། །ལས་མཁན་དང་བཅས་པའི་བཞི་ལས་མ་རྙེད་ནའང་འཆགས་ཏེ། གསང་སྟོན་གྱི་བྱ་བ་འཁོར་བཅས་མེད་པར་ཡང་འཆགས་པར་རབ་བྱུང་གཞི་ནས་བཤད་ཅིང་། དེ་ཡང་སྒྲུབ་ཏུ་ཡོད་ན་འཆགས་ལ་ཉེས་བྱས་དང་། མེད་ན་ཉེས་མེད་དུ་འཆགས་ཏེ། གྲོ་བཞིན་སྐྱེས་ལ་ཉེས་མེད་དུ་གནང་ཞིང་། ཞེས་དང་། ཕྲེང་རྒྱུད་ལས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །(༡༥༠ན)


GLG014_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་སོགས་བཤད་པས་སོ། །འོན་ཀྱང་བསག་ཏུ་ཡོད་ན་ནི་སྤྱིར་བཏང་གཞི་བཞག་ནི་ཆོ་ག་ལ་བསྟེན་པར་བྱའོ། །ཞེས་གོང་འོག་ཏུ་ལན་དུ་མར་གསུངས་པས་མཐའ་འཁོབ་ཏུ་ཡང་བཅུ་ཚོགས་བསགས་པ་ལ་འབད་པར་བྱའོ། །ཞེས་གསུངས། ལུང་རིགས་གཏེར་མཛོད་དུ། སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་ནས་དགེ་སློང་བཞི་ལ་བརྟེན་ནས་ཀྱང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེར་རུང་སྟེ། བསྒྲུབ་བྱ་བར་ཆད་དང་མི་ལྡན་པའི་སྐལ་ལྡན་ལ་མཁན་པོ་གཏན་མེད་པ་དང་གསང་སྟོན་གྱི་ལྐོག་ཏུ་བར་ཆད་མ་དྲིས་པར་གསོལ་བཞིའི་ཆོ་ག་བརྡ་སྤྲད་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། འདི་ལ་དགོངས་ནས་ལུང་ཞུ་བ་དང་། ཚིག་ལེའི་ལུང་སྔ་མ་གཉིས་འདྲེན་པར་མཛད། མཁས་གྲུབ་རྗེས། དེས་ན་ཕྱིས་ཀྱི་བོད་ཁ་ཅིག །མེ་ཏོག་ཕྲེང་རྒྱུད་ལ་བརྟེན་ནས་དགེ་སློང་བཞི་ཁོ་ནས་བསྙེན་པར་རྫོགས་པར་བྱེད་པ་ནི་བསྟན་པ་ལ་གནོད་པའི་ཆོ་ག་ཡིན་ཏེ། དགེ་སློང་བཞི་ལས་མེད་ན་གཅིག་གསང་སྟོན་དུ་བསྐོ་དགོས་ཤིང་། གསུམ་གྱིས་གསང་སྟོན་བསྐོ་བའི་ལས་བྱས་ཀྱང་དགེ་འདུན་དུ་མ་ལོངས་པས་ལས་མི་འཆགས་པའི་ཕྱིར་རོ། །འཕྲེང་རྒྱུད་ལས་བཞི་ཞེས་འབྱུང་བ་ནི་ལས་བྱེད་པ་མ་གཏོགས་པའི་ཁ་སྐོང་བཞིའི་དབང་དུ་བྱས་པ་ཡིན་པར་གདོན་མི་ཟའོ། །ཞེས་དང་། རིན་ཅེན་མཛེས་པའི་ཕྲ་ཚོམ་ལས། བསྒྲུབ་བྱེད་དགེ་འདུན་གྱི་གྲངས་ཀྱི་ཚད་ལ་ཡུལ་དབུས་སུ་བསྒྲུབ་བྱ་སྐྱེས་པ་བསྙེན་པར་རྫོགས་པ་ལ་ཉུང་མཐའ་ལའང་དགེ་སློང་བཅུ་ཚོགས་དགོས། མཐའ་འཁོབ་ཏུ་ཉུང་མཐའ་(༡༥༠བ)


GLG014_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ལྔ་ཚོགས་དགོས་པ་ནི་མདོ་རྩའི་ལས་གཞི་ལས་བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་དག་ཏུ་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ཞེས་གསུངས་པས་བསྟན། དེ་ལ་པཎ་ཆེན་རིན་པོ་ཆེས། གསང་སྟོན་བསྐོ་བའི་ལས་བྱེད་པའི་སྐབས་སུ་ནི་དགེ་སློང་ལྔས་མི་ཆོག་པར་དྲུག་ངེས་པར་དགོས་ཏེ། བསྐོ་བའི་ལས་དེ་བྱེད་པའི་ཚེ་ལས་སློབ་ཀྱི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཞེས་བརྗོད་དགོས་པས་དེ་སྐད་བརྗོད་ཡུལ་གྱི་དགེ་འདུན་ནི་བསྐོ་མཁན་གྱི་ལས་སློབ་དང་བསྐོ་ཡུལ་གཉིས་མི་ཐེ་བའི་དགེ་སློང་གཞན་བཞི་ཡན་ཆད་ལ་འཇོག་པའི་ཕྱིར་གསུངས་པ་ནི་ཐུགས་མད་པར་སྣང་། དེ་ལྟར་ན་དངོས་གཞིའི་ཆོ་ག་བརྗོད་པའི་ཚེ་ལྔ་ཚོགས་ཙམ་གྱི་ཆོག་པ་མདོ་རྩའི་དགོངས་པར་བྱེད་དགོས་པ་འདྲ། འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའི་དང་། སྒྲ་འདི་འབྱེད་ཚིག་ཡིན་ན་འདུལ་བ་འཛིན་པ་ལས་སློབ་དང་། དེའི་སྟེང་དུ་གཞན་ལྔ་ལ་སོགས་པ་དགོས་པ་བསྟན་པར་སྣང་། ལས་སློབ་དང་བཅས་པས་ལྔ་ལ་སོགས་པའི་དོན་དུ་འཆད་ན་འབྲེལ་ཞིང་སྡུད་པའི་ཚིག་ཕྲད་དུ་སོང་། རྒྱ་ཆེར་འགྲེལ་ལས་ཕྱི་མ་འདི་བཤད། འདུལ་བ་འཛིན་པ་དམར་སྟོན་གྱི་སློབ་མ་དམར་སྟོན་རྒྱ་མཚོ་རིན་ཅེན་བྱུང་། དེས་མདོ་རྩ་ལ་འབྲུ་ཞིབ་མོ་མ་ཡིན་པའི་དཀའ་འགྲེལ་ལྟ་བུ་ཞིག་མཛད་པ་དམར་ཊཱིཀ་ཏུ་གྲགས། དེ་ལ་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་འདུལ་ཆོས་གསན། འདིས་འདུལ་བའི་སྤྱི་དོན་མདོར་བསྡུས་པ་ཞིག་མཛད། འདི་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་། སྐྱེད་ཚལ་བའི་ལུང་རིགས་གཏེར་མཛོད་ལས། སྐྱེ་ལ་ཉེས་བྱས་(༡༥༡ན)


GLG014_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞི་ཚོགས་ཀྱི་བསྙེན་རྫོགས་ཀྱང་བཞེད། དེའི་ཤེས་བྱེད་དུ་ལུང་ཞུ་བར་ལྔ་འམ་ལྔ་ལས་ལྷག་པ་མཆིས་བཞིན་དུ་བཞིས་བསྙེན་པར་རྫོགས་ན་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། ཉེ་བར་འཁོར་རྫོགས་ཞེས་བྱ་སྟེ། རྫོགས་པར་བྱེད་པ་དག་ལ་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་དང་། འདུལ་བ་ཚིག་ལེ་ལས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །ཞེས་སོགས་གསུངས་པ་འདྲེན་པ་མཛད། དོན་ལ་ནི་དགེ་སློང་བཞི་ཙམ་ཚོགས་པས་བསྙེན་རྫོགས་འབོགས་པ་དེ་འདྲ་མི་ཡོང་བ་འདྲ་སྟེ། དེ་འདྲ་ལས་ནི་སྡོམ་པ་མི་སྐྱེ། རྒྱུ་མཚན་ལས་སློབ་ཀྱི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཞེས་བརྗོད་པའི་ཚེ་གསན་ཡུལ་ལ་ལས་སློབ་རང་མི་ཐེ་བའི་དགེ་སློང་བཞི་དགོས་རྒྱུ་ལ་གསུམ་ལས་མ་བྱུང་བས། གསན་ཡུལ་དགེ་འདུན་དུ་མ་ལོངས་པ་བསྙོན་མེད་དུ་གསལ། ལུང་དྲངས་པ་དེ་ནི་ཡི་གེ་མ་དག་པར་བུ་སྟོན་ཐམས་ཅད་མཁྱེན་པ་བཞེད་པས་དེས་ཞུས་དག་གྲུབ། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཞེས་པའི་དོན་ནི། དགེ་སློང་གཞན་བཞིའི་སྟེང་དུ་ལས་སློབ་བསྣན་པ་ལ་དགོངས་པར་ཀུན་མཁྱེན་རོང་སྟོན་ཆེན་པོ་བཞེད། འདི་རིགས་པས་ཀྱང་འགྲུབ་སྟེ། ལས་གྲལ་གཅིག་ཏུ་དགེ་སློང་གསོལ་བཞིའི་ལས་བརྗོད་མཁན་གཅིག་ལས་བཞི་མི་འབྱུང་བའི་ཕྱིར། ལས་ཀྱི་ཁ་སྐོང་དུ་འོས་པའི་ཁྱད་ཆོས་བཅུ་གསུམ་འཆད་པ་ན། ལུང་རིགས་གཏེར་མཛོད་ལས། འགྲེང་ཡུལ་འདུན་སོགས་ཕུལ་བ་མིན། །ཞེས་སོགས་ཀྱི་སྡོམ་ཚིགས་དྲངས་ནས་ཁྱད་ཆོས་གཉིས་ཡུལ་མ་ཡིན་པ་(༡༥༡བ)


GLG014_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ན་གང་ལ་ལས་བྱ་བའི་ཡུལ་གྱི་བསྒྲུབ་བྱ་མ་ཡིན་པ་ཞེས་བཤད་པ་ནི་ཇི་ལྟར་འཐད་བརྟག་པར་བྱ་སྟེ། ལས་བྱ་ཡུལ་གྱི་བསྒྲུབ་བྱ་དེ་སྒྲུབ་བྱེད་དགེ་སློང་གི་ནང་ཚན་དུ་འོས་མི་འོས་ཀྱི་དོགས་པ་ཙམ་ཡང་གཏན་ནས་འབྱུང་མི་རིགས་པའི་ཕྱིར། དེ་ལྟར་ནི་ལས་བྱ་བའི་ཕྱོགས་དེར་གནས་པའི་དགེ་སློང་ཡིན་པ་ལ་ཉེས་པ་འགའ་ཞིག་ལ་བརྟེན་དགེ་འདུན་གྱི་བསྐྲད་པ་ལ་སོགས་པའི་ནན་ཏུར་གྱི་ལས་གང་ལ་བྱ་བའི་ཡུལ་དེ་དགེ་འདུན་གྱི་ལས་བྱེད་པ་ལ་ཚོགས་པའི་ནང་དུ་འཇུག་པར་མི་འོས་པའི་དོན་དུ་འཆད་པ་ཡིན་ཏེ། མདོ་རྩ་ཉིད་ཀྱི་གཞི་སྨད་ཀྱི་ལས་གཞི་ལས། གང་ལ་བྱ་བ་ཡང་མ་ཡིན་ནོ། །ཞེས་དང་། དེའི་རྒྱ་ཆེར་འགྲེལ་ལས། བསྐྲད་པ་ལ་སོགས་པའི་ལས་གང་ལ་བྱ་ཡུལ་གྱི་དགེ་སློང་རྣམས་ལས་ཀྱི་ཁ་སྐོང་དུ་མི་འོས་པ་ལ་གསུངས་འདུག་པའི་ཕྱིར། ཞེས་ཤེས་བྱེད་མང་དུ་དྲངས་འདུག་ནའང་མེ་ཏོག་ཕྲེང་རྒྱུད་ཀྱི་ལུང་ལ་ལས་བྱེད་མ་གཏོགས་པའི་བཞི་ཞེས་འཆད་པ་དག་འཁྱོག་པོར་འདྲེན་པར་མངོན་ཞིང་། མཁན་པོ་མེད་པར་སྡོམ་པ་སྐྱེ་བའང་སྔ་རབས་པ་རྣམས་ཀྱིས་ཚིག་གི་ཡམས་ཀྱི་ཤན་ཤོར་བ་འདྲ། མདོ་རྩར། སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་བར་ཆད་མ་དྲིས་པར་ཡང་ངོ་། །ཞེས་པ་མཁན་པོ་མེད་པ་ལ་ཡང་ངོ་ཞེས་པའི་ལུང་དང་མི་འདྲ་སྟེ། གོང་མ་ལ་ལུང་རིགས་གཉིས་ཀས་སྒྲུབ་ཏུ་ཡོད་པ་ལུང་བཤད་མ་ཐག་པ་ལྟར་དང་བར་ཆད་ཀྱི་ཆོས་རྣམས་དང་མི་ལྡན་པའི་བསྒྲུབ་བྱ་མང་དུ་འོང་བ་མངོན་སུམ་གྱི་ཚད་མས་གྲུབ་ལ། དེ་འདྲའི་བསྒྲུབ་བྱ་ལ་བར་ཆད་འདྲི་མི་དགོས་པས་གསང་སྟོན་བསྐོ་བ་དང་ལས་སློབ་ཀྱི་དྲི་བའི་སྔོན་གྱི་གསོལ་བའི་ལས་གཉིས་ཀ་བརྗོད་མི་དགོས་ཤིང་། འོག་ཏུ་(༡༥༢ན)


GLG014_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བཞིའི་ལས་ཀྱི་སྐབས་ལས་སློབ་ཐེ་བའི་དགེ་འདུན་བཞི་ཡོད་པས་ཁྱབ་པའི་རྒྱུ་མཚན་སྡོམ་པ་དགེ་འདུན་ལ་བསྟེན་ནས་སྐྱེ་ཞིང་། དགེ་འདུན་ནི་བཞིར་ལོངས་པས་གྲངས་ཚང་། གསང་སྟོན་བསྐོ་བའི་ཚེ་བསྐོ་མཁན་དང་། བསྐོ་ཡུལ་གྱི་དགེ་འདུན་གཉིས་ཀ་མི་ཐེ་བར་བྱས་པའི་གསུམ་ལས་མ་བྱུང་བར་སྨྲ་བ་ནི་གཏན་ནས་མི་རིགས་ཏེ་གང་ལ་བྱ་བ་མ་ཡིན་པ་ཞེས་པ་གསང་སྟོན་བསྐོ་ཡུལ་ལམ་བསྒྲུབ་བྱ་སོགས་ལ་བྱ་བ་མ་གཏོགས་ལས་མཁན་ལ་དོགས་པ་ནི་གནག་རྫི་རྒན་པོ་ལ་ཡང་མི་འཆར་བས་པཎ་ཆེན་གསེར་མདོག་ཅན་པའི་གསུང་ལྟར་ན། ད་ལྟའི་འདུལ་འཛིན་ཕལ་ཆེར་གྱི་ཕྱག་ལེན་མ་དག་པར་སོང་བས་ཁྱེད་ཀྱི་བསྟན་པ་སྤྱི་ལ་སྐུར་པ་འདི་འདྲ་བཏབ་ཕྱིན། རྒྱལ་བ་བཙོང་ཁ་པར་དམོད་པ་མཛད་པ་གཙང་ཆུ་དང་ཡུར་ཆུའི་དཔེར་སོང་། ངོར་ཨེ་ཝཾ་ཆོས་ལྡན་དུ་གྲོགས་ལྡན་པ་ཐེ་བའི་དྲུག་མཛད་པ་ཁ་སྐོང་མང་བའི་ཕན་ཡོན་ལས་མཁས་པའི་རྣམ་དཔྱོད་དུ་མི་སེམས་ཏེ་གྲོགས་ལྡན་པ་གཙུག་ཕུད་འབྲེག་མཁན་གྱིས་བྱས་ཀྱང་ཁྱབ་བོ། །དོན་འདི་སྐོར་ལ། ནོར་བུའི་ཐེམ་སྐས་ལས། ཡང་མཁས་པ་ཁ་ཅིག །བསྙེན་པར་རྫོགས་ཚུལ་བཅུའི་ནང་ཚན། ཡུལ་དབུས་སུ་བཅུ་ཚོགས་དང་། མཐའ་འཁོབ་ཏུ་ལྔ་ཚོགས་ཀྱི་ཆོ་ག་གཉིས་སྔོན་ཆོག་མཚན་ཉིད་པར་འཆད་པ་མི་འཐད་དེ། མཐའ་འཁོབ་ཏུ་ལྔ་ཚོགས་ཀྱི་ཆོ་ག་ཆོས་ཅན། ཁྱོད་དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་དུ་བྱས། ཞེས་སོགས་ཀྱི་སྐབས་ནས་དངོས་བསྟན་གྱི་སྔོན་ཆོག་ཡིན་པར་ཐལ། ཁྱོད་སྔོན་ཆོག་ཡིན་པའི་ཕྱིར་རོ། །འདོད་མི་ནུས་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །དེས་ན་མཐའ་འཁོབ་ཏུ་ལྔ་ཚོགས་(༡༥༢བ)


GLG014_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོ་ག་ནི། གསོལ་བཞིའི་སྔོན་ཆོག་མ་ཡིན་ཏེ། ད་ཆོག་བཅས་པའི་རྗེས་འཕྱི་མོ་ནས། ཡུལ་མཐའ་འཁོབ་རྡོ་ཅན་ཞེས་བྱ་བར། དགེ་སློང་བཅུ་ཚོགས་རྙེད་དཀའ་ནས་བཅས་པ་ཡིན་པའི་ཕྱིར་ཏེ། འདུལ་ལུང་ལས། རྡོ་ཅན་ཞེས་བྱ་བའི་ཡུལ་གྱི་ཐ་མ་ན་དགེ་སློང་གི་ཚོགས་ཉུང་ཉུང་སྟེ། གྲངས་བཅུར་སྐལ་བ་དཀའ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ངས་རྗེས་སུ་གནང་སྟེ། མཐའ་འཁོབ་རྣམས་སུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་གྱིས་བསྙེན་པར་རྫོགས་པ་དང་། རྟག་ཏུ་ཁྲུས་བྱ་བ་དང་། འཆིལ་ལྷམ་རིམ་གཅིག་པ་བཅང་པར་བྱ་སྟེ། ཞེས་སོགས་བཤད་པས་བཅུ་ཚོགས་ལྔ་ཚོགས་གཉིས་ནི། ད་ཆོག་གི་ནང་ཚན་འཕྱི་མོ་ནས་བཅས་པ་ཡིན་པས། སྔོན་ཆོག་ཏུ་དོགས་པའི་འཁྲུལ་གཞི་ཙམ་ཡང་མེད་དོ། །དེས་ན་རང་ལུགས་ནི། སྔོན་ཆོག་མ་ཡིན་ན་གསོལ་བཞིའི་ཅིག་ཅར་རབ་བྱུང་བསྙེན་རྫོགས་སུ་བསྒྲུབ་པའི་ཆོ་ག་འདི་མ་ཡིན་དགོས་ཏེ། དགེ་འདུན་ཐམས་ཅད་འདུས་པ་ན། ཞེས་སོགས་ཀྱི་གཞུང་འདི། སྔོན་ཆོག་མཚན་ཉིད་སྟོན་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། ལྟ་བུ་ནི་སྔོན་གྱི་ཆོ་གའི་ཞེས་བྱ་བ་ལ་ལྟ་བུ་ནི། ཞེས་བྱ་བའི་སྒྲ་ནི་རྣམ་པའི་ཚིག་ཡིན་ཏེ། སྔོན་གྱི་ཆོ་གའི་རྣམ་པ་ནི་དེ་ལྟ་བུར་རིག་པར་བྱའི། རྣམ་པ་གཞན་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་བཤད་པའི་ཕྱིར་རོ། །གཞུང་དེའི་དོན་ཅི་སྙམ་ན་སྔོན་ཆོག་གི་རྣམ་པ་སྟེ། རང་བཞིན་ནམ་ཁྱད་ཆོས་ནི། ཅིག་ཅར་བར་མ་རབ་བྱུང་བསྙེན་རྫོགས་སྒྲུབ་པ་སོགས་ཁྱད་ཆོས་སུམ་ལྡན་དེ་ལྟ་བུ་ནི་ཚང་ན་སྔོན་ཆོག་མཚན་ཉིད་པ་ཡིན་གྱིས། མ་ཚང་ན་མིན་ཞེས་པའི་དོན་ཏེ། གཞན་མ་ཡིན་གཞན་ལྡན་རྣམ་དཔྱོད་ཀྱི་ཚིག་(༡༥༣ན)


GLG014_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནུས་པ་བསྟན་འདུག་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས། དགེ་འདུན་མངོན་གྱུར་གྲངས་ཚང་སྐབས་སུ་མཐའ་འཁོབ་ཏུ་བསྒྲུབ་བྱ་བསྙེན་རྫོགས་ལ་དགེ་སློང་ལྔ་ངེས་པར་དགོས་པ་དང་། བཞིས་ཀྱང་ཆོག་ཅེས་པའི་ལུགས་ཕྱི་མ་འདི་དམིགས་བསལ་ལ་གཅེས་པ་ཡིན་ནོ། །དེ་ཡང་ཇི་ལྟར་སྙམ་ན། མཐའ་འཁོབ་ཏུ་བསྒྲུབ་བྱ་བསྙེན་པར་རྫོགས་པ་ལ་དགེ་སློང་བཞི་ཙམ་འདུས་པ་ལས་བསྒྲུབ་བྱ་ལ་གསོལ་བཞིའི་ལས་ཆགས་པ་གཅིག་ཡོད་པར་ཐལ། ཞུ་བ་ལས། བཙུན་པ་མཐའ་འཁོབ་ཏུ་ལྔས་བསྙེན་པར་རྫོགས་པར་བྱའོ། །ཞེས་གསུངས་ན། ལྔའམ་ལྔ་ལས་ལྷག་པར་མཆིས་བཞིན་དུ་བཞིས་བསྙེན་པར་རྫོགས་ན་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། ཨུ་པ་ལི་རྫོགས་པ་ཞེས་བྱ་སྟེ་རྫོགས་པར་བྱེད་པ་དག་ལ་འདས་པ་དང་བཅས་པར་རོ། །ཞེས་བཤད་པའི་ཕྱིར། དེ་ལ་ཁོ་ན་རེ། ཞུ་བའི་ལུང་དེ་ལུང་མ་དག་པ་ཡིན་ཏེ། འོ་ན་ཡུལ་དབུས་སུ་དགེ་སློང་བཅུའམ་བཅུ་ལས་ལྷག་པར་མཆིས་བཞིན་དུ་དགུས་བསྙེན་པར་རྫོགས་ན་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། ཨུ་པ་ལི་རྫོགས་པ་ཞེས་བྱ་སྟེ། ཞེས་སོགས་ཀྱི་འདུལ་ཚིག་གཅིག་འབྱུང་རིགས་པར་ཐལ། ལུང་སྔ་མ་དེ་འདུལ་ལུང་རྣམ་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ་ཞུ་བ་ལས། ཡུལ་དབུས་སུ་དགེ་སློང་ཉི་ཤུའམ་ཉི་ཤུ་ལས་ལྷག་པར་མཆིས་བཞིན་དུ་བཅུས་བསྙེན་པར་རྫོགས་ན་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། ཨུ་པ་ལི་རྫོགས་ཞེས་བྱ་སྟེ། རྫོགས་པར་བྱེད་པ་དག་ལ་འདས་པ་དང་བཅས་པར་རོ་ཞེས་འབྱུང་གིས། ལུང་ཚིག་སྔ་མ་དེ་ལྟ་བུ་ཅི་ཡང་མི་འབྱུང་བའི་ཕྱིར་རོ། །དེས་ན་རྒྱ་ཆེར་འགྲེལ་དུ་ལུང་དྲངས་པ་ཡང་། (༡༥༣བ)


GLG014_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འཁོབ་ཏུ་ལྔ་ལས་ལྷག་པར་མཆིས་བཞིན་དུ་ལྔས་བསྙེན་པར་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། རྫོགས་པ་ཞེས་བྱ་སྟེ། རྫོགས་པར་བྱེད་པ་དག་ལ་འདས་པ་དང་བཅས་པར་རོ་ཞེས་པ་འདི་དག་པ་ཡིན་གྱིས། སྔ་མ་ནི་མ་དག་སྟེ། ལས་སོ་སོའི་ཁ་སྐོང་གི་གྲངས་ལ་དུ་དགོས་ངེས་པ་ཅན་བཤད་པའི་གྲངས་དེ་མ་ཚང་ན་ལས་དེ་མི་ཆགས་ཞེས་སྟོན་པ་ནི་དགེ་འདུན་དུ་མ་གྱུར་པས་མི་བྱའོ། །ཞེས་པས་བསྟན་ན་ལས་གང་ལ་དགེ་སློང་དུ་དགོས་སྙམ་པ་ལ། བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་ཏུ་གཞན་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ཞེས་བསྒྲུབ་བྱ་བསྙེན་པར་རྫོགས་པ་ལ་ཡུལ་དབུས་སུ་དགེ་སློང་བཅུ་དང་། མཐའ་འཁོབ་ཏུ་ལྔ་ཉུང་མཐར་བྱས་ནས་བཤད་ཀྱིས། དེ་ལས་ཉུང་བ་ལ་བསྙེན་རྫོགས་ཀྱི་ལས་འཆགས་པ་མ་བཤད་འདུག་པའི་ཕྱིར་ཟེར་ན། འདི་རྣམ་དཔྱོད་དང་ལྡན་པའི་དོགས་པའི་གནད་ཅིས་ཀྱང་ཡིན་མོད། འདི་ལ་སྤྱིར་བཏང་བ་དང་། དམིགས་ཀྱི་བསལ་བའི་གནད་གཅེས་པའི་སྙིང་གཏམ་ཡིན་ཏེ། མཐའ་འཁོབ་ཏུ་དགེ་སློང་རྙེད་དཀའ་བ་ནས་ལྔ་ཚོགས་ཉུང་མཐར་བྱས་པ་ནི་སྤྱིར་བཏང་ཡིན་ལ། དམིགས་བསལ་ལ་དགེ་སློང་བཞི་ལ་བརྟེན་ནས་ཀྱང་བསྙེན་རྫོགས་ཀྱི་ལས་ཆགས་པ་ཡིན་ཏེ། ཞུ་བའི་ལུང་གོང་དུ་དྲངས་པ་དེ་དག་པའི་ཤེས་བྱེད། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་ཁ་སྐོང་དགེ་སློང་བཞི་པོ་དེའི་ནང་ན་ལས་(༡༥༤ན)


GLG014_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་མཁན་ལས་སློབ་ཀྱི་འོས་ཡོད་ན་བཞི་པོ་དེ་ཙམ་གྱི་བསྙེན་རྫོགས་ཀྱི་ལས་བྱར་རུང་ཞེས་བཤད་འདུག་པའི་ཕྱིར་རོ། །འདི་ལ་ཁ་ཅིག །གཞུང་འདིའི་དགོངས་པ་ཁ་སྐོང་བཞིའི་སྟེང་དུ་ལས་བརྗོད་མཁན་བསྣན་པའི་ལྔས་བསྙེན་རྫོགས་བྱར་རུང་ཞེས་པའི་དོན་ཡིན་གྱི། དགེ་སློང་བཞིས་ཆོག་པ་བསྟན་པའི་བདུད་རྩི་མ་ཡིན་ནོ། །ཞེས་འཆད་པ་ཡང་རྣམ་དཔྱོད་ཅན་མ་ཡིན་ཏེ། མཐའ་འཁོབ་ཏུ་ལྔས་བསྙེན་རྫོགས་རུང་བ་ནི། ཚིག་ལེ་དེར་དེའི་གོང་ཉིད་དུ། མཐའ་འཁོབ་ཏུ་ལྔ་ལ་སོགས་པ་བཞེད་པ་ཡིན། ཞེས་བཤད་ཟིན་པས་སླར་ཡང་བཞིའི་སྟེང་དུ་ལས་མཁན་དང་ལྔས་བསྙེན་རྫོགས་རུང་ཞེས་བཤད་པ་ལ་རྣམ་བཅད་མེད་པའི་ཕྱིར་དང་། རྣམ་བཅད་ལྷག་པོ་ཡོད་དུ་ཆུག་ནའང་། གལ་ཏེ་བཞི་དང་ལས་བརྗོད་མཁས། །ཞེས་ཟླས་དབྱེའི་ཚིག་བྱུང་ན། དེ་ལྟར་འགྱུར་བ་བདེན་ནའང་། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཞེས་དགར་ཚིག་སྨོས་པའི་གནད་ཀྱིས་དེ་ལྟ་བུའི་འབྲུ་གནོན་མཛད་པ་མཁས་པའི་བཞད་གད་ཡིན་པའི་ཕྱིར་རོ། །དེས་ན་གནད་ཀྱི་སྙིང་པོ་གསང་སྟོན་བཀོད་པ་སོགས། བསྒྲུབ་བྱ་དགེ་སློང་ལ་སྒྲུབ་བྱེད་བསྐོ་བའི་ལས་ཡོད་པར་དགེ་སློང་ལྔ་ངེས་པར་དགོས་ཏེ། བསྐོ་བའི་ཡུལ་དགེ་སློང་གཅིག་དང་། བཀོད་མཁན་དགེ་སློང་བཞི་ངེས་པར་དགོས་པའི་ཕྱིར། གསང་སྟོན་བསྐོ་བ་སོགས་བསྐོ་བའི་ལས་མི་དགོས་ན་དགེ་སློང་བཞིས་ཆོག་སྟེ། དགེ་སློང་བཞིའི་ཚོགས་པས་འདུལ་བར་གཏོགས་པའི་ལས་ཕལ་ཆེར་འགྲུབ་པ་བསྟན་པ་བསྟན་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །དེ་ལ་ཡུལ་དབུས་སུ་དགེ་སློང་དགུ་མན་ཆད་ཚོགས་པས་ཀྱང་(༡༥༤བ)


GLG014_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་རྫོགས་ཀྱི་ལས་བསྒྲུབ་ཏུ་རུང་བར་ཐལ། ཞེས་འཕེན་པ་ནི་རིགས་པ་བཟང་པོར་སྣང་བས་ཡུལ་དབུས་སུ་དགེ་སློང་རྙེད་སླ་བའི་དབང་གིས་དགེ་སློང་བཅུ་ལས་ཉུང་བའི་དམིགས་བསལ་གྱི་ལུང་ཁོ་བོས་མ་མཐོང་མོད་ཀྱིས། དུས་ཀྱི་དབང་གི་རྙེད་དཀའ་འབྱུང་ན་བཞིས་ཀྱང་བསྙེན་རྫོགས་འཆགས་པ་ཞིག་ཡུལ་དབུས་སུ་ཡང་སྲིད་དགོས་སོ། །ཞེས་ཁོ་བོས་འཆད་དོ། །བཅུ་ཚོགས་དང་ལྔ་ཚོགས་ཀྱི་ཁྱད་པར་དགེ་སློང་དཀོན་མོད་ཀྱིས། དགག་དགོས་ལས་རྣམ་པར་ཕྱེ་བ་ཙམ་ཡིན་གྱིས། གཞན་སྒྲུབ་བྱེད་ཟུར་པ་མེད་པའི་ཕྱིར་དང་། དཀའ་ཞིང་ཉེ་བར་འཚེ་བའི་ཚེ་བསླབ་པའི་གཞི་བག་ཡངས་སུ་བྱའོ། །ཞེས་བཤད་པའི་ཚིག་གི་ནུས་པ་ལས། རྒྱལ་བ་ཉིད་ཀྱི་དགོངས་པའི་བདུད་རྩིར་ཡང་གདོན་མི་ཟ་བའི་ཕྱིར་རོ། །འོན་ཀྱང་མཁས་པ་ཁ་ཅིག །ཡུལ་མཐའ་འཁོབ་ཏུ་གསང་སྟོན་སློབ་དཔོན་འོས་སུ་གྱུར་པ་མེད་ན། དེ་མེད་པར་བསྙེན་པར་རྫོགས་པ་ལ་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་ཡང་འཆགས། དེའི་འོས་ཡོད་བཞིན་དེ་མེད་པར་རྫོགས་པ་ལ་སྐྱེ་ལ་ཉེས་བྱས་ཡིན་ཞེས་འཆད་པ་ནི་བློ་གསལ་དག་གིས་དཔྱད་པར་བྱའོ། །འདི་ལ་དགོས་པ་དཔྱད་ན་དཔྱད་ལྡན་དག་ན་རེ། དགེ་སློང་བཞི་ཁོ་ན་ལས་བསྙེན་པར་རྫོགས་མ་ཐག་པའི་བསྙེན་རྫོགས་ཀྱི་སྡོམ་པ་ཆོས་ཅན། ཁྱོད་སྒྲུབ་བྱེད་ཀྱི་དགེ་སློང་བཞི་པོ་དེ། མདོ་རྩ་བར། འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་། ལས་བརྗོད་པ་དང་། ལས་བྱེད་པ་ཉིད་དོ། །ཞེས་པའི་ཚིག་ཟུར་གྱི་དགེ་འདུན་ཚང་བ་དང་། ཞེས་པའི་སྐབས་ནས་དངོས་བསྟན་གྱི་དགེ་སློང་ཡིན་པར་ཐལ། ཁྱོད་ད་ལྟར་ཆོ་ག་ལས་བསྙེན་པར་རྫོགས་པའི་སྡོམ་པ་ཡིན་པའི་(༡༥༥ན)


GLG014_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་སྒྲུབ་བྱེད་ཀྱི་དགེ་སློང་བཞི་པོ་དེ་དབྱུང་བ་ལ་ནི་ཉི་ཤུ་ལ་སོགས་པ་དགེ་འདུན་ཉིད་དོ། །བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་དག་ཏུ་ནི་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་དགེ་སློང་ཡིན་པར་ཐལ། འདོད་པ་གང་ཞིག །ཁྱོད་སྒྲུབ་བྱེད་ཀྱི་དགེ་སློང་བཞི་པོ་དེ་ལྷག་མ་ལ་ནི་བཞི་ལ་སོགས་པའོ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་དགེ་སློང་མིན་པའི་ཕྱིར། འདོད་ན་ཆོས་ཅན། ཁྱོད་སྒྲུབ་བྱེད་ཀྱི་དགེ་སློང་བཞི་པོ་དེ་དབྱུང་བ་ལ་ནི་ཉི་ཤུ་ལ་སོགས་པ་དགེ་འདུན་ཉིད་ཤེས་པའི་སྐབས་ནས་དངོས་བསྟན་གྱི་དགེ་སློང་ཡིན་པར་ཐལ། འདོད་པ་གང་ཞིག །ཁྱོད་སྒྲུབ་བྱེད་ཀྱི་དགེ་སློང་བཞི་པོ་དེ་བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །ཞེས་པའི་དངོས་བསྟན་གྱི་དགེ་སློང་ཡང་མ་ཡིན། མཐའ་འཁོབ་དག་ཏུ་ནི་གཞན་མེད་པ་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ཞེས་པའི་དངོས་བསྟན་གྱི་དགེ་སློང་མ་ཡིན་པའི་ཕྱིར་རོ། །འདོད་ན་ཁྱོད་སྒྲུབ་བྱེད་ཀྱི་ལས་དེ་དབྱུང་བའི་ལས་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། ཁྱོད་སྒྲུབ་བྱེད་ཀྱི་ལས་དེ་བསྙེན་རྫོགས་ཀྱི་ལས་ཡིན་པའི་ཕྱིར་རོ། །གཉིས་པ་མ་གྲུབ་ན། ཁྱོད་སྒྲུབ་བྱེད་ཀྱི་དགེ་སློང་བཞི་པོ་དེ། རྒྱ་ཆེར་འགྲེལ་ལས། དབྱུང་བ་དང་བསྙེན་(༡༥༥བ)


GLG014_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་བྱ་བའི་ལས་མ་གཏོགས་པ་དེ་དག་གིས་ལྷག་མའི་ལས་ལ་ནི། དགེ་སློང་བཞི་ལ་སོགས་པའི་དགེ་འདུན་ཉིད་དོ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་དགེ་སློང་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་སྒྲུབ་བྱེད་ཀྱི་ལས་དེ་གཞུང་དེའི་ཚིག་ཟུར་གྱི་ལྷག་མའི་ལས་ལ་ནི་ཞེས་པའི་དངོས་བསྟན་གྱི་ལས་ཡིན་པར་ཐལ། འདོད་ན། ཁྱོད་སྒྲུབ་བྱེད་ཀྱི་ལས་དེ་བསྙེན་པར་རྫོགས་པའི་ལས་མིན་པར་ཐལ་ལོ། །ཟེར་ན་རྩ་བ་ལ་མ་ཁྱབ་སྟེ། གཞུང་སྔ་མ་དེ་དག་གི་སྤྱིར་བཏང་ལམ་མེ་བའི་རྣམ་གཞག་ཡིན་ལ། དགེ་སློང་བཞི་ཁོ་ནས་བསྙེན་པར་རྫོགས་པ་བསྒྲུབ་པ་འདི་དམིགས་བསལ་ཕྲ་མོའི་རྣམ་གཞག་ཡིན་པས། གཞུང་སྔ་མ་དེ་དག་གང་གི་ཡང་སྐབས་ནས་དངོས་བསྟན་མ་ཡིན་པའི་ཕྱིར་རོ། །ཞེས་གསུང་བ་ནི་ཀུན་མཁྱེན་ཀླུ་སྒྲུབ་རྗེའི་ལེགས་བཤད་ཆེན་མོར་མངོན་ནོ། །འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ཕམ་བརྒྱད་ལྷག་མ་ཉི་ཤུ་དང་། །སྤང་བའི་ལྟུང་བྱེད་སུམ་ཅུ་གསུམ། །ལྟུང་བྱེད་འབའ་ཞིག་བརྒྱ་བརྒྱད་ཅུ། །སོ་སོར་བཤགས་པ་བཅུ་གཅིག་དང་། །ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། །སུམ་བརྒྱ་དྲུག་ཅུ་རྩ་བཞི་རྣམས། །སྤོང་བར་བྱེད་པ་དགེ་སློང་མ། །ཕམ་པ་བཞི་དང་ལྷག་མ་ནི། །བཅུ་གསུམ་སྤང་ལྟུང་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་དང་། །སོར་བཤགས་བཞི་དང་ཉེས་བྱས་ནི། །བརྒྱ་རྩ་བཅུ་གཉིས་བསྡོམས་པ་ཡིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམས། །སྤོང་བར་བྱེད་པ་དགེ་སློང་ངོ་། །ཞེས་པའི་དགེ་སློང་མའི་སྐོར་བོད་དུ་མ་དར་བས་ཆོ་ག་སོགས་ཀྱི་རྣམ་གཞག་ལས་ཆོག་ཚོར་མ་གསུངས་པ་དགོངས་གཞི་(༡༥༦ན)


GLG014_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་སྟེ། རིན་ཆེན་མཛེས་པའི་ཕྲ་ཚོམ་དུ། ཀུན་མཁྱེན་རིན་པོ་ཆེའི་བཞེད་པས། གངས་རིའི་ལྗོངས་འདིར་བུད་མེད་བསྙེན་རྫོགས་བྱར་མི་རུང་གསུངས། དེའི་རྒྱུ་མཚན་མདོ་རྩར། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །གསང་སྟེ་སྟོན་པའི་འོག་ཏུ་དགེ་འདུན་གྱི་དེ་སྦྱིན་པར་བྱའོ། ཞེས་དང་། དེའི་རྒྱ་ཆེར་འགྲེལ་ལས། སྐབས་ཡིན་པའི་ཕྱིར། དགེ་སློང་མའི་དགེ་འདུན་གྱི་ཞེས་སྨོས་སོ། །ཞེས་གསུངས་པས་ན་བུད་མེད་བསྙེན་པར་རྫོགས་པ་ལ་གསང་སྟོན་གྱི་བར་ཆད་དྲིས་པའི་འོག་ཏུ་དགེ་སློང་མའི་དགེ་འདུན་གྱི་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་ངེས་པར་སྟེར་དགོས། འདི་ལ་མ་སྦྱིན་ཀྱང་ཆོག་པའི་དམིགས་བསལ་གཞན་གསུངས་པ་མེད། དགེ་སློང་མའི་དགེ་འདུན་དུ་ལོངས་པ་ནི་བོད་དུ་སྔ་ཕྱི་བར་གསུམ་དུ་མ་བྱུང་། དགེ་སློང་ཕའི་དགེ་འདུན་ཁོ་ནས་བུད་མེད་ལ་བསྙེན་རྫོགས་ཕོག་པ་འདི། དགེ་ལྡན་པའི་ཆོས་རྗེ་འདུལ་བ་པ་ཞེས་པ་ཞིག་གིས་བྱས་པར་གྲགས། དེ་དག་ལ་རིག་པའི་འུར་རྡོ་འཕངས་པས་དེ་དག་གིས་མ་བྱས་སོ་ཟེར་ཞིང་། ནམ་མཁའ་བསོད་ནམས་ཀྱི་མཁན་པོ་དང་། ཤངས་ཀྱི་ཕུའི་བླ་མ་ཞིག་གིས་ལས་སློབ་བྱས་ནས། ཆུ་དབར་རང་བྱོན་གྱི་དབོན་མོ་བསྙེན་རྫོགས་བྱས་པ་ལ་ཕོག་སོང་བར་སྣང་ངོ་། །ཞེས་གསུང་བར་མཛད། པཎ་ཆེན་རིན་པོ་ཆེས་དབུས་ཕྱོགས་སུ་བུད་མེད་བསྙེན་རྫོགས་གནང་འདུག་པ་རྒྱ་མ་དགེ་སློང་མར་གྲགས་པ་བཙུན་པའི་ཚད་ཐུབ་པ་བྱུང་ཟེར། ཀུན་མཁྱེན་གྱི་གསུང་ལྟར་ན་པཎ་ཆེན་ལ་ཡང་རིག་(༡༥༦ན)


GLG014_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འུར་རྡོ་འཕོག་པ་འདྲ། གང་ལྟར་མཁས་པའི་ལུགས་སྲོལ་དེ་དག་ལ་འཐད་མི་འཐད་ཀྱི་རྣམ་དབྱེ་ཅི་འདྲ་གསུང་གིན་ཡོད། ཀུན་མཁྱེན་གྱི་གསུང་དེ་ལ་དཔལ་གྱི་འཁྲི་ཤིང་ལས། ཕ་མའི་ཆོ་ག་ཕན་ཚུན་བསྣོར་བ་ལས། །ཕ་མའི་བསྙེན་རྫོགས་ཕན་ཚུན་ཆགས་པའི་ཕྱིར། །གནོད་བྱེད་རིག་པའི་རུ་མཚོན་བཏུལ་ལོ་ཞེས། །རྒོལ་ན་མགྲིན་པ་འདེགས་ནུས་སུ་ཡོད་སྨྲོས། །ཞེས་རྗེ་འབངས་རྣམས་ལ་མཁས་རྨོངས་ཀྱི་ཉམས་སད་པའི་གནད་དུ་བསྐུལ་བའི་གསུང་ཡང་འབྱོན་པར་མཛད་འདུག་ཕ་མའི་ཆོ་ག་ཕན་ཚུན་བསྣོར་བ་སྟེ་ཕ་ཆོག་ལ་བརྟེན་ནས་བུད་མེད་བསྙེན་པར་རྫོགས་པ་དང་། མ་ཆོག་ལ་བརྟེན་ནས་སྐྱེས་པ་བསྙེན་པར་རྫོགས་པ་མདོ་རྩའི་ལས་གཞི་ཉིད་དང་། དེའི་རྒྱ་ཆེར་འགྲེལ་ལས་གསུངས་པ་ཀུན་མཁྱེན་ཉིད་ཀྱིས་མ་དགོངས་པར་དཔྱད་པ་དེ་དག་གསུངས་པ་ག་ནས་ཡིན། རྗེས་འབྲངས་དག་གིས་ཀྱང་དེ་འདྲ་གོ་བ་གཞིར་བཞག །ཁ་སྐོང་ལས་དོགས་གཅོད་དེ་དག་གནང་བའི་དབུ་ཉིད་ནས། དངོས་གཞི་གསོལ་བཞིའི་ལས་ཀྱི་ཚེ། །ཚོགས་གཉིས་ཕན་ཚུན་བསྣོར་བ་དང་། །ལས་ཚིག་ཕན་ཚུན་བསྣོར་བས་ཀྱང་། །ཆགས་པར་ལས་གཞི་ཉིད་ལས་གསུངས། །འོན་ཀྱང་ད་ལྟར་ཆོ་ག་ཡིས། །བུད་མེད་བསྙེན་པར་རྫོགས་པ་ལ། །ཞེས་སོགས་གསུངས་ཡོད། ཚངས་སྤྱོད་ལ་ཉེར་གནས་སྔོན་དུ་འགྲོ་དགོས་པར་གསུངས་པ་དེ་ལ་གནོད་བྱེད་རིག་པའི་རུ་མཚོན་བརྟུལ་ཚུལ་ཕ་མའི་ཆོ་ག་ཕན་ཚུན་བསྣོར་བ་ལས་སྡོམ་པ་སྐྱེ་བའི་ཕྱིར། མིང་ཙམ་གྱི་སྒྲུབ་བྱེད་ནུས་པ་ཅན་ཞིག་དཔལ་གྱི་འཁྲི་ཤིང་ལས་གསུངས་པའི་རིགས་པ་(༡༥༧ན)


GLG014_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། ཀུན་མཁྱེན་རང་གི་གསུངས་པ་དེ་ག་རྟགས་སུ་བཀོད་ནས་གནོད་བྱེད་རིག་པའི་རུ་མཚོན་བརྟུལ་ལོ། །ཞེས་གསུངས་པ་ཤིན་ཏུ་མད་ཅིང་། པཎ་ཆེན་གསེར་མདོག་ཅན་པས་དགེ་སློང་མ་བསྒྲུབས་པར་ཁོང་འདུལ་བའི་བདག་པོ་ཡིན་པས་གསུང་རྒྱུ་ལོས་ཡོད་ཅེས་མཁན་ངག་དབང་ཆོས་གྲགས་ཀྱིས་མཆན་བུ་མཛད་འདུག་པ་ས་སྐྱ་པའི་ཐུགས་ཞེན་ཡིན་ཤས་ཆེ་ཡང་གསེར་མདོག་ཅན་པའི་ཕྱག་ལེན་དེ་འདྲ་ཆོས་ལ་དབང་ཟ་བར་ཟད་ཀྱི། ལབ་རྒྱུ་ཕ་བསད་ཀྱི་བུ་བཞིན་ལྗགས་རློན་པར་ཡོད་པ་རྒྱུ་མཚན་དུ་བྱེད་པ་ལ་མཐའ་མ་བཀག་གོ །དགེ་འདུན་ལ་གསོལ་བ་གདབ་པའི་སྐབས་བུ་སྟོན་རིན་པོ་ཆེའི་ལས་ཆོག་ཏུ་བསྙེན་པར་རྫོགས་པར་མཛད་དུ་གསོལ་སོགས་ཀྱི་སྐབས་སྐད་ཤན་སྦྱར་མཛད་པ་ཞིབ་ཏུ་བཀྲོལ་ཚེ། དོན་གྱི་ཆ་ལ་ཕན་པར་འགྱུར་བས་ཉེ་བསྒྱུར་པྲ་སྔོན་མའི་པྲ་ཛ་འགྲོ་བ་ལའོ་ཞེས་པའི་བྱིངས་ལ། ནིཥྛའོ་ཞེས་པའི་མིང་དུ་བསྒྲུབས་པའི་རྐྱེན་ཀྟ། ཀ་བྱིངས་ལ་ཡོན་ཏན་འགོག་པའི་དོན། བྱིངས་མཐའི་ཨ་བརྗོད་དོན། བྱིངས་ཐམས་ཅད་པ་མ་ཡིན་པ་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མ་ཡིན་པའི་དང་པོར་ཨིཊ་ཨཱ་ག་མའོ་ཞེས་པས་བར་རྐྱེན་ཨིཊ་བྱིན། ཊ་གནས་དོན། སོ་སོར་དྲངས། མི་ཟད་པ་ལས་སི་ཕྱིས་པས། པྲ་བྲ་ཛི་ཏ་ཞེས་གྲུབ། ཡང་ཉེ་བསྒྱུར་སཾ་སྔོན་མའི། པ་ཏྀལ་ལཾ་ལ་ཡང་སྟེ། འགྲོ་བ་ལའོ་ཞེས་པའི་བྱིངས་ལ། དཎྜ་དང་སཱུ་ཏྲ་སོགས་ཀྱི་མདོས་བྱིངས་མིང་དུ་བྱེད་པའི་རྐྱེན་ཨཙ་སྦྱར་ཙ་རྗེས་འབྲེལ། བྱིངས་ཀྱི་ལཾ་ཡིག་པུ་ཥ་སོགས་དྱུ་ཏ་སོགས་ལཾ་ཡིག་རྗེས་སུ་འབྲེལ་བ་ཨརྟི་(༡༥༧བ)


GLG014_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སརྟི། ཤསྟི། རྣམས་ལས་པ་རསྨཻ་ལའོ་ཞེས་པའི་ཁྱད་དོན། སོ་སོར་དྲངས། སི་ཕྱིས་ཨུ་པ་ཐོག་མར་བཞག་པས། ཨུ་པ་སམྦ་ཏ་ཞེས་གྲུབ། ཡང་ཉེ་བསྒྱུར་ཨུཏ་སྔོན་མའི་ལུང་པི་གཅོད་པ་ལའོ་ཞེས་པའི་བྱིངས་ལ། ནུས་པ་དང་སྨོན་པ་དག་ལ་འདོ་ཞེས་པ། བྱིངས་ཚིག་ཏུ་བསྒྲུབ་པའི་རྣམ་དབྱེ་པཉྩ་མིའི་སྐྱེས་བུ་དང་པོའི་མང་ཚིག་ཏུ་སྦྱར། བྱེད་པ་པོ་ལ་ཨན་ཏེ་བི་ཀ་ར་ཎའོ་ཞེས་པས་ཨན་བྱིན། ན་རྗེས་འབྲེལ། བྱིངས་མཐའི་ཨི་ཡིག །ཨི་དིཏ་ཀྱི་ནུམ་འོ། ཞེས་པའི་ཁྱད་དོན་ཡིན་པས་ཨི་ཕྱིས། ནུམ་བྱིན། མ་གནས་དོན། ཨུ་བརྗོད་དོན། སྡེ་པ་ལས་སྡེ་པ་དེའི་ལྔ་པ་རྣམས་སུ་འོས་ན་མ། ཉེ་བསྒྱུར་ཨུཏ་ཀྱི་ཏྲ། ཏའི་ལ་འོས་ལར་བསྒྱུར། སོ་སོར་དྲངས་པས། ཨུལླུམྤ་ཏུ་ཞེས་གྲུབ་བོ། །དེ་ཡང་ལས་ཆོག་མང་པོར་སྐབས་འདིར་གསོལ་བ་ཐེབས་ན་ལས་དངོས་གཞིའི་སྐབས་གཉིད་ཀྱིས་ར་རོ་བའམ། འགོག་པ་ལ་སྙོམས་པར་ཞུགས་ཀྱང་སྡོམ་པ་སྐྱེ་གསུང་བ། ལུང་ཞུ་བ་ལས། བཙུན་པ་གཉིད་ལོག་པ་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པཱ་ལི་དེ་སྟེ་ལུས་དང་ཚིག་གིས་དམིགས་ལ་གསོལ་བ་དང་། ལས་བྱེད་པའི་ཚེ་གཉིད་ཀྱིས་ལོག་ཀྱང་བསྙེན་པར་རྫོགས་པ་ཞེས་བྱའོ། །ཇི་ལྟར་གཉིད་ཀྱིས་ལོག་པ་དེ་བཞིན་དུ་ར་རོ་བ་དང་སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །ཞེས་པའི་ལུང་ལ་ཐུགས་རྩེ་གཏད་པར་མངོན་ཞིང་། དེ་ལྟར་ན་མཁས་གྲུབ་རིན་པོ་ཆེས། ཚུལ་འཆལ་གྲལ་ན་གནས་པའི་དགེ་འདུན་དང་། །སྔགས་ཚིག་(༡༥༨ན)


GLG014_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་འཁྲུལ་ཀླག་དང་བརྡ་མ་འཕྲོད། །ངེས་པ་ལྔ་བྲལ་མེད་པའི་བསྒྲུབ་བྱ་ལ། །བསྙེན་རྫོགས་བྱེད་པ་དགེ་སློང་གཟུགས་བརྙན་ཡིན། །ཞེས་གསུངས་པས་མཚོན་མཁས་པ་ཕལ་ཆེར་གྱི་བཞེད་པར་ཐོབ་བློ་སྐྱེ་བའི་བརྡ་འཕྲོད་པ་ཞིག་དགོས་པས། དེ་དང་རྒྱབ་འགལ་དུ་སོང་བ་ལྟར་ན་ལུང་གི་དོན་ལ་སྤྱིར་བཏང་དམིགས་བསལ་གྱི་དགོངས་བསལ་གྱི་དགོངས་པ་འགྲེལ་རྒྱུ་ཡོད་ན་མ་གཏོགས་བཀའ་ཆད་མ་ལ་རས་གཅོད་མི་རུང་ཞིང་། དེ་དོན་ལྟར་ཁས་བླངས་ན་ཕྱི་རབས་ཀྱི་ཡིག་ཆ་གསུང་རྒྱུན་ཕྱག་ལེན་རྣམས་ལ་ཆུ་བུན་གྱི་ཚོས་ལས་འོས་མེད་པས་ཁ་ཚོན་གཅོད་དཀའ་ཞིང་། ཐོག་མར་སྡོམ་པ་ལེན་འདོད་ཡོད་པའི་མུར་གསོལ་བཞིའི་སྐབས་གཉིད་དུ་སོང་བ་རྗེས་སུ་སྡོམ་པ་ཐོབ་བློ་སྐྱེས་པས་གོ་ཆོད་པ་ལྟ་བུའི་འབྲུ་བསྣོན་ལས་འགྲེལ་རྒྱུ་གཞན་མེད་ཚེ་སྡོམ་པ་ཐོབ་དུས་ཡིད་གཞན་དུ་ཡེངས་ནས་ངོ་མ་འཕྲོད་ཀྱང་ཐོག་མར་འདུན་པ་དང་རྗེས་སུ་ཐོབ་བློ་ཡོད་པས་སྐྱོན་མེད་དུ་ཐལ་ཞིང་གང་ལྟར་མཁས་པ་རྣམས་ཀྱིས་རང་ཚིག་སྔ་ཕྱི་མི་འགལ་བའི་ལྗགས་རིང་པོར་བརྐྱངས་ནས་རྩོད་པ་སྤོངས་ཤིག་ཅེས་མགྲིན་པ་བཏེག་ནས་སྙན་དུ་གསོལ་ལོ། །གསོལ་བཞིའི་ལས་འདི་ཚིག་ཕྱེད་ཀྱང་མ་འཁྲུལ་བར་དགོས་པར་བཤད་པས་དགོས་པ་ཆད་པ་དང་། དོན་མེད་ཀྱི་ལྷག་པོར་བསྣན་པ་སོགས་ལ་ཞིབ་མོར་དཔྱོད་དགོས་པ་གལ་ཆེ་བའི་རྒྱུ་མཚན་ཞ་ལུ་རི་ཕུག་གི་གཙུག་ལག་ཁང་ནས་བསྟན་པ་རིན་པོ་ཆེ་ལ་བརྟུལ་ཞུགས་དྲི་མ་མེད་པའི་ཁུར་འཛིན་ཅིང་། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དང་ལྡན་པ་གནས་བརྟན་ཡང་དག་པ་ཡོངས་(༡༥༩ན)


GLG014_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགེ་བའི་བཤེས་གཉེན་རྒྱ་མ་པ་ཡོན་ཏན་འོད་ཀྱི་ཕྱག་ཏུ་ཕུལ་བ། ཁྱོད་ཀྱི་འདུལ་བའི་ལས་ཆོག་གི་སྐབས་ནས་དྲི་བ་འགའ་ཟུང་མཛད་འདུག་པའི་དྲི་བ་དང་པོ། བསྙེན་རྫོགས་ཀྱི་ལས་གཞིའི་བརྗོད་པའི་སྐབས་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག་ཅེས་པ་འདི་ལ། འགོ་ན་དགེ་འདུན་གྱིས་ཟེར་བའང་མི་འདུག །མཇུག་ན་དགེ་འདུན་ལས་བྱ་བའང་མི་འདུག་པས། འདིར་གོང་འོག་གང་རུང་ཞིག་ཏུ་དགེ་འདུན་ཞིག་དགོས་སྙམ་ཞིང་། གལ་ཏེ་མེད་ན་གསོལ་བ་དང་མཇུག་བསྡུ་དང་། བརྗོད་པ་རང་གིའང་ཚིག་འདིའི་སྔ་མ་རྣམས་ལ་དགེ་འདུན་སྨོས་པ་རྣམས་ཀྱི་འགག་སྡོམས་ཤོར་ནས་འགྲོ་བར་ཡོད་ཅིང་། གལ་ཆེ་ས་ཏོག་པ་དེར་དགེ་འདུན་དོན་མེད་ལ་བཏང་ནས་མཁན་པོ་རྐྱང་པས་བསྙེན་པར་རྫོགས་པར་མཛད་ཅེས་པའི་དོན་དུ་འགྲོ་བར་འདུག་མི་འདུག་མཁྱེན་པ་ཅན་རྣམས་ཀྱི་ཐུགས་གཟུ་བོར་གནས་པའི་རྣམ་དཔྱོད་རྒྱ་ཆེན་པོས་གཟིགས་པར་ཞུ། བདག་གི་གོ་ཚོད་དམ་ཐེ་ཚོམ་སྐྱེས་ཚུལ་ལ། འདིར་དགེ་འདུན་མང་ཤོས་དང་ཉུང་ཤོས་གཉིས་ཟེར་བའི་རྩོད་པ་འདི་སྔོན་དུས་སྔ་མོ་ཞིག་ནས་བྱུང་ཡོད་པར་འདུག་ཅིང་། མཁས་པ་མང་པོ་གླེང་གླེངས་པའི་དུས་ནའང་མཁན་ཆེན་ཐར་ལོའི་གསུང་གིས། གལ་ཏེ་དགེ་འདུན་མང་ཤོས་འདི་དག་པ་ཡིན་སྲིད་ན་ཉུང་ཤོས་ལ་ཆད་པའི་སྐྱོན་ཆེན་པོ་འོང་ཞིང་ལས་མི་ཆགས་ལ། གལ་ཏེ་མང་ཤོས་ལྷག་ཏུ་བཅུག་ནའང་བརྗོད་པ་ལྷག་པ་དག་གིས་ནི་(༡༥༩ན)


GLG014_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པ་ཉིད་མ་ཡིན་ནོ། །ཞེས་གསུངས་པས་ལས་མི་འཆགས་པའི་དགག་བྱ་མེད་པས་མང་ཤོས་བྱས་ན་ཧེ་ལྡོམ་ཆུང་ཞིང་། ལག་ལེན་བཟང་གསུང་བ་ལགས་པར་གདའ་བ་ཤིན་ཏུ་མད་པའི་གསུང་ཡིན་སྙམ་པ་བྱུང་ཞིང་། དོན་ལའང་ལུང་རིགས་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་ན་ཆོས་བདག་བཟང་ངན་ལྟ་བུར་སོང་ནས་དུས་ཕྱིས་ཀྱི་འདུལ་འཛིན་ཕལ་ཆེར་གྱིས་དགེ་འདུན་ཉུང་ཤོས་དག་པར་ཁ་ཚོན་བཅད་འདུག་ནའང་། མང་ཤོས་རང་དང་པོའི་ཡིན་ལུགས་དེ་ཡིན་བྱས་ནའང་ལུང་རིགས་ཀྱིས་བསྒྲུབ་ནུས་ཤིང་འཐད་པར་ཡོད། དགེ་འདུན་གྱིས་ཞེས་དང་། དགེ་འདུན་ལས་ཞེས་པ་འདི་རྣམས་ལ་འབྲུ་མནན་ཅིང་གོང་འོག་གི་གུང་ལེགས་པར་བསྒྲིགས་ན་འགལ་འདུས་སྐྱོན་ཅན་གཅིག་ཀྱང་མེད་ཅིང་། ཉུང་ཤོས་ལ་བརྟགས་ན་མ་འབྲེལ་བའི་སྐྱོན་ཆེན་པོ་ཡོད་བསམ། འོན་ཀྱང་ཉུང་ཤོས་པ་རྣམས་ཀྱི་ཐུགས་ཀྱི་གཏད་སོ་དང་སྒོ་བསྟུན་པའི་དབང་དུ་བྱས་ནའང་། མང་ཤོས་པའི་གསོལ་བའི་མཇུག་ཏུ་དགེ་འདུན་ལས་ཞེས་པ་དང་། མཇུག་སྡུད་དུ་དགེ་འདུན་ལས་ཟེར་བ་ཞིག་དང་། བརྗོད་པ་ལ་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ན་ཞེས་པའི་གསུམ་པོའི་དགེ་འདུན་ལས་ཞེས་པ་འདི་རྣམས་ལྷག་ཏུ་བཅུག་ནས་ཕུད་པ་ལ་སྐྱོན་མེད་མོད། བརྗོད་པའི་སྐབས་ཀྱི་འོག་མའི་དགེ་འདུན་ལས་ཞེས་པ་འདི་མེད་ཁ་མེད་ཡིན་སྙམ་པ་དང་། ཉུང་ཤོས་ལ་གཅིག་པོ་ཆད་པ་དེ་ཡང་འགའ་ཞིག་གིས་དགེ་འདུན་མང་ཤོས་ལ་ཞུས་དག་བྱས་དུས་མཇུག་སྡུད་ལ་གཅིག །གསོལ་(༡༥༩བ)


GLG014_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་གཅིག །བརྗོད་པ་ལ་གཅིག་སྟེ་གསུམ་ལྷག་པའི་སྐྱོན་དེ་ཚོར་ནས་བསུབས་པའི་ཞོར་ལ་འདིའི་སྐྱོན་ཡོན་ཞིབ་པ་དེ་མ་ཚོར་བར་བསུབས་པ་ཞིག་ད་བར་དུ་མཁས་པ་རྣམས་ཀྱིས་ཐུག་རྟོག་མ་ཞུགས་པ་ལ་བརྟེན་ནས་མ་བརྟགས་པའི་བཏང་སྙོམས་ལ་ལུས་པ་ཡིན། གལ་ཏེ་རྟོག་དཔྱོད་ཞུགས་ན་ཆེ་ཆུང་རི་དང་མཉམ་པ་འདི་མ་མཐོང་དགོས་པའི་ཚོད་དུ་འདུག་བསམ་པ་བྱུང་ཟེར་བ་ལ། ལས་དངོས་གཞིའི་བརྗོད་པའི་སྐབས་ན་ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །ཅེས་པ་འདི་ལ་གལ་ཆེ་ས་ཏོག་པ་དེར་དགེ་འདུན་དོན་མེད་ལ་བཏང་ནས་མཁན་པོ་རྐྱང་པས་བསྙེན་པར་རྫོགས་པར་མཛད་ཅེས་པའི་དོན་དུ་མི་འགྲོ་སྟེ། གོང་དུ་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས་གསོལ་ཏེ་མཆི་སྟེ་གསོལ་ན་ཞེས་པ་གལ་ཆེ་ས་ཡིན་ཅིང་ལས་ཀྱི་ངོ་བོ་བརྗོད་པ་མཆི་སྟེ། བྱ་བ་བརྗོད་པ་གསོལ་ན། ཞེས་པ་འདི་དག་གལ་ཆེ་ས་ཡིན་ཏེ། གསོལ་ན་ཞེས་པའི་ཚིག་འགག་པ་དང་། བསྒྲུབ་བྱའི་རྒྱུད་ལ་སྡོམ་པ་སྐྱེ་བ་དུས་མཉམ་པའི་ཕྱིར། བྱེད་པ་བརྗོད་པ་དེའི་སླད་དུ་ཞེས་པའི་དུས་སུ་བསྒྲུབ་བྱའི་རྒྱུད་ལ་སྡོམ་པ་སྐྱེས་ཚར་བས་ཚེ་དང་ལྡན་པ་གང་དག་ཅེས་པ་མར་ཆད་གལ་ཆེ་ས་ཏོག་པ་ཡང་མ་ཡིན། གལ་ཆེ་སར་དགེ་འདུན་ལན་གསུམ་ཡོད་པས་དགེ་འདུན་དོན་མེད་ལ་བཏང་བར་ཡང་མི་འགྱུར། དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་ན་ཞེས་པ་ཡོད་པས་(༡༦༠ན)


GLG014_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་རྐྱང་པས་བསྙེན་པར་རྫོགས་པའི་དོན་དུ་ཡང་མི་འགྱུར། ཡང་དགེ་འདུན་ཉུང་ཤོས་པ་ལ་ལུང་རིགས་ཀྱི་སྒྲུབ་བྱེད་དགོས་ཤིང་། གལ་ཏེ་ལུང་རིགས་ཀྱི་སྒྲུབ་བྱེད་མེད་བཞིན་དུ་སྔ་རབས་པས་བྱས་པ་བཙན་དུ་འཇུག་ན་མཁས་པའི་གསུང་དུ་ཨེ་འགྲོ་ཟེར་བ་ལ། དགེ་འདུན་ཉུང་ཤོས་ཡིན་པའི་ལུང་ཡོད་དེ། ལུང་དང་། ཀརྨྨ་ཤ་ཏམ་ལས། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་གསུམ་དུ་བཟླས། དགེ་འདུན་གྱི་བཟོད་ཅིང་གནང་ནས། དགེ་འདུན་གྱི་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་བསྙེན་པར་རྫོགས་པ་ཉེ་བར་སྒྲུབ་པའི་ཆོ་ག་དང་ལས་སོ། །ཞེས་འདིའི་རྒྱ་དཔེ་དང་བོད་དཔེ་གཉིས་ཀ་ལས་དགེ་འདུན་ཉུང་ཤོས་བཤད། དེ་བཞིན་དུ་རྒྱ་ཆེར་འགྲེལ་ལས། གསུམ་པ་ནི་བྱེད་པ་བརྗོད་པ་སྟེ། དཔེར་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ། །ཞེས་གསུངས་(༡༦༠བ)


GLG014_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའོ། །དེ་ལ་དོན་གྱི་སྐབས་གཉིས་བྱས་པ་ཉིད་ན་ལས་ཕལ་ཆེར་བྱས་པ་ཉིད་དུ་ཤེས་པར་བྱའོ། །ཞེས་དགེ་འདུན་ཉུང་ཤོས་བཤད་དོ། །དགེ་འདུན་བཞི་ལྷག་པར་འདོན་པ་མ་དག་པའི་རྒྱུ་མཚན། འདུལ་བ་ལུང་དང་། ལས་བརྒྱ་རྩ་གཅིག་གི་གཞུང་དང་། མདོ་དང་། རྒྱ་ཆེར་འགྲེལ་དང་། འདི་ཉིད་ཀྱི་རྣམ་བཤད་དང་། ཤེས་རབ་བྱེད་པས་བྱས་པའི་འགྲེལ་པ་ལ་སོགས་རྣམས་སུ་མ་བྱུང་བའི་ཕྱིར་དང་། ལས་བརྒྱ་རྩ་གཅིག་གི་རྒྱ་དཔེ་བོད་དཔེ་གང་ན་ཡང་མེད་པའི་ཕྱིར། དེ་ལྟ་མིན་པར་དགེ་འདུན་མང་ཤོས་པ་དག་ན། དེའི་ལུང་རྩོད་མེད་དགོས་ཤིང་། ལུང་གི་རྒྱུ་མཚན་མེད་བཞིན་དུ། མཁན་ཆེན་ཐར་ལོ་ལ་སོགས་སྔ་རབས་པའི་གསུང་བཙན་དུ་འཇུག་ཟེར་བ་དེ་བས་ཀྱང་མཁས་པའི་གསུང་དུ་ཨེ་འགྲོ། མཁན་ཆེན་ཐར་ལོས་ཀྱང་ལུང་རིགས་ཀྱི་སྒྲུབ་བྱེད་གཟིགས་ནས་དགེ་འདུན་མང་ཤོས་བཞེད་པ་མ་ཡིན། ཆུ་མིག་ཏུ་འཚོག་འདུ་ཞིག་བྱུང་དུས་དགེ་འདུན་མང་ཉུང་གང་དག་གི་གླེང་མོ་བྱུང་བ་ལ་གཞན་ཞིག་ནས་འོངས་པའི་འདུལ་འཛིན་དུ་རློམ་པའི་ཤོབ་པོ་ཞིག་གིས། ཞུ་བ་མང་ཤོས་ནས་དགེ་འདུན་མང་ཤོས་བཤད་ཟེར་བ་ལ། ཁོ་འདུལ་འཛིན་ཡིན་པར་འདུག་པས་བདེན་ཡོང་གསུངས་ནས་ཚད་མར་བཟུང་འདུག་སྟེ། རང་གིས་ངེས་པར་བྱས་པའམ་མཁས་པ་གཞན་གྱིས་བརྟག་དཔྱད་བྱས་པ་ལ་ཡིད་མི་ཆེས་པར། བླུན་པོ་ཟེར་ཚད་ལ་བདེན་པར་བཟུང་ན་རྣམ་པར་འཁྱམས། དེའི་རྒྱུ་མཚན་ཡང་དབུ་ཞབས་སུ། དགེ་འདུན་མང་ཉུང་གི་བཤད་པ་གཅིག་ཀྱང་མེད། དགེ་འདུན་མང་ཤོས་པ་ཡང་སྔོན་མ་བ་(༡༦༡ན)


GLG014_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱར་རྩེ་མོས་དྲན་པ་ཡིན་ཞེས་གྲགས་ཀྱི། དེ་མ་གཏོགས་དབུས་གཙང་གི་འདུལ་བའི་གྲ་ས་བཟང་པོ་རྣམས་སུ་དགེ་འདུན་མང་ཤོས་མ་གྲགས་པས། བསྟན་པ་དཀྲུག་པའི་ལོག་ལྟའི་རྗེས་སུ་མ་འབྲང་ཞིག །ཡང་ཁྱེད་ཀྱི་ཡི་གེ་ནས་ལེགས་པོར་སོང་ན་མཁས་པ་རྣམས་ཀྱིས་དཔྱད་པའི་ལུང་རིགས་ཀྱིས་མ་གྲུབ་ན་དཔེ་ཆས་དཔང་པོ་ཐུབ་པ་དཀའ་ཞིང་། དགེ་འདུན་ཉུང་ཤོས་འདི་ཡང་སྔར་གྱི་དཔེ་ཆ་མ་དག་པ་ཞིག་ལ་ཚད་མར་བཟུང་བས་ཉེས་བསམ་སྙམ་པ་བྱུང་ལ་དེ་ལྟའང་ཕལ་ཆེར་རྒྱ་དཔེ་འགའ་ཞིག་ན་གང་འདུག་དེ་ལ་ཚད་མར་བྱེད་པ་མང་པོ་འདུག་ནའང་། ལུང་རིགས་དང་མཐུན་པ་ཞིག་དཔེ་ཆ་དེ་ན་སྣང་ན་ཚད་མ་ཡིན་གྱི་ཞེན་པས་འཇུག་པ་དང་དབང་ཕྱུག་གི་སྤྱོད་པ་མིན་པར་ལུང་རིགས་དང་མི་མཐུན་པ་ཞིག་འདུག་ན་དཔེ་ཆ་ལ་ཕར་ཞུ་དག་བྱ་རྒྱུ་ཡིན་བསམ། རྒྱ་གར་བ་རྣམས་ལ་དག་སྣང་ཆེ་བར་འགྲོ་མོད་ནའང་རྒྱ་དཔེ་འདྲི་མཁན་ཐམས་ཅད་འཕགས་པ་མིན་མཆི་བས་སོ་སྐྱེ་འདྲ་ཡིན་ན་ནོར་པ་ཡང་མཆི། ད་ལྟར་གྱི་རིགས་པ་བསྒྲེས་པས་ཤེས་བསམ་པ་བྱུང་ཟེར་བ་འདུག་པ་ལ། སྤྱིར་ལུང་རིགས་ཀྱིས་མ་གྲུབ་ན་དཔེ་ཆས་དཔང་པོ་ཐུབ་དཀའ་བ་བདེན་ནའང་། འདུལ་བ་ལ་སངས་རྒྱས་ཀྱི་བཅས་པའི་དབང་གིས་བཞག་དགོས་ཀྱི་ཐ་སྙད་ཀྱི་རིགས་པས་དཔྱད་དུ་མི་བཏུབ། གལ་ཏེ་རིགས་པས་གྲུབ་དགོས་ན། སོ་སྐྱེའི་དགེ་འདུན་གྱིས་ཁ་སྐོང་བཏུབ་ལ། རྫོགས་པའི་སངས་རྒྱས་ཀྱིས་ཁ་སྐོང་མི་བཏུབ་པ་ཅི་ཡིན། ལུས་ལས་སྐྱེས་པའི་མགོའི་སྐྲ་བྲེག་ཏུ་བཏུབ་ལ། འདོམས་ཀྱི་སྦུ་བྲེག་ཏུ་མི་བཏུབ་པ་ཅི་ཡིན། (༡༦༡བ)


GLG014_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྩྭ་སྐྱེ་འཕྲོ་བཅད་ན་ལྟུང་བ་འབྱུང་བ་ལ། སྐྲ་སྐྱེ་འཕྲོ་བཅད་ན་ལྟུང་བ་མི་འོང་བ་ཅི་ཡིན། རེག་པ་ལ་དགེ་སློང་མ་ལ་ཕམ་པར་འགྱུར་ལ། དགེ་སློང་ལ་ལྷག་མར་འགྱུར་བ་ཅི་ཡིན། དེ་སོགས་ཀྱི་ཐ་སྙད་པའི་རིགས་པས་མི་འགྲུབ་པ་ཤིན་ཏུ་མང་། དགེ་འདུན་ཉུང་ཤོས་ཀྱི་དཔེ་ཆ་མ་དག་པ་ཡིན་ཟེར་བ་ཡང་། དཔེ་མ་དག་པ་རེ་རེ་ཙམ་སྲིད་མོད། ལུང་དང་ལས་བརྒྱ་རྩ་གཅིག །མདོ། འགྲེལ་པ་རྣམས་མ་དག་ཟེར་བ་ནི་གཞན་རྣམས་ཅི་ཟེར་ལྟ་བའི་མཐའ་གཅོད་ཡིན་མཆི། ཁྱེད་སྡེ་སྣོད་ཀྱི་དོན་དགོངས་པས་དེ་འདྲ་ཞེ་བས་མི་འདོད། གལ་ཏེ་ཞེ་བས་སྨྲ་བ་ཡིན་ན་བསྟན་པ་སྐྱོན་མེད་ལ་སྐྱོན་གྱི་དྲི་མ་ཚོལ་བ་བདུད་ཀྱིས་ཁ་ཕྱེ་བ་ཡིན་པར་སེམས་སོ། །རྒྱ་དཔེ་འདྲི་མཁན་འཕགས་པ་མིན་པས་རྒྱ་དཔེ་ལ་ནོར་བ་འོང་སྲིད་ཟེར་བ་ཡང་དེ་དང་མཚུངས་ཤིང་། ཁྱེད་དགེ་འདུན་མང་ཤོས་འདོད་པ་ལའང་རྒྱ་དཔེ་བོད་དཔེས་དཔང་པོ་མི་ཐུབ་ན། གཞན་རིགས་པ་ཅི་ཡང་མེད་དེ། ལུང་ཞལ་གསལ་ནི་མེད། རིགས་པས་ནི་མི་རུང་། རུང་མཐུན་རྩི་རྒྱུ་ནི་མེད་པའི་ཕྱིར། དེ་ལྟ་མིན་པར་མཁན་པོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་མཛད་དོ། །ཞེས་པ་འདི་ལ་ཅིས་ཀྱང་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་དོ། །ཞེས་པ་དགོས་ན་མཁན་པོར་གསོལ་བ་གདབ་པའི་སྐབས་སུ། བཙུན་པ་མཁན་པོས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་དོ། །ཞེས་པ་དང་། སློབ་དཔོན་མཁན་པོས་དགེ་འདུན་ལས་བསྙེན་པར་རྫོགས་པར་མཛད་དོ། །ཞེས་པ་དང་། མཁན་པོ་མཁན་པོས་དགེ་འདུན་ལས་བསྙེན་པར་རྫོགས་པར་(༡༦༢ན)


GLG014_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དོ། །ཞེས་པ་དགོས་པར་འགྱུར། འདོད་ན་ལུང་དང་། ཀརྨྨ་ཤ་ཏམ་ལས། མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པུར་འདུག་ཏུ་བཅུག་ནས། གལ་ཏེ་མཁན་པོ་ཡིན་ན་མཁན་པོ་ཞེས་བརྗོད་པར་བྱ། སློབ་དཔོན་ཡིན་ན་སློབ་དཔོན་ཞེས་བརྗོད་པར་བྱ། བཙུན་པ་ཡིན་ན་བཙུན་པ་ཞེས་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་བསྟན་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་བཙུན་པ་ལ་མཁན་པོར་གསོལ་གྱིས། བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པ་མཁན་པོས་བསྙེན་པར་རྫོགས་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ཚིག་གསུམ་པ་ལ་མཁན་པོ་ཞེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་པོར་གསོལ་བའོ། །ཞེས་སློབ་དཔོན་མཁན་པོས་བསྙེན་པར་རྫོགས་པར་མཛད་དོ། །མཁན་པོ་མཁན་པོས་བསྙེན་པར་རྫོགས་པར་མཛད་དོ། །ཞེས་འབྱུང་བས་གསལ། དེ་བཞིན་དུ་གསང་སྟོན་བསྐོ་བའི་སྐབས་སུ་དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ་ཞེས་དང་། ནང་དུ་བར་ཆད་དྲི་བའི་སྐབས་སུ། བདག་གི་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་གྱི་མིང་འདི་ཞེས་བགྱི་བ་ལ་བར་ཆད་གྱི་ཆོས་རྣམས་(༡༦༢བ)


GLG014_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བར་བྱའོ། །ཞེས་སོགས་དགོས་པར་མཚུངས་པ་ལས་མ་བྱུང་བས་གསལ། ཡང་ན་མཁན་པོར་གསོལ་འདེབས་སོགས་ཀྱི་ཚིག་འདིའང་རྒྱ་དཔེ་བོད་དཔེ་གཉིས་ཀ་ཡི་གེ་མ་དག་ཟེར་དགོས་ཏེ་ཧ་ཅང་ཐལ། དེས་ན་བཀའ་སྡུད་པའི་དགྲ་བཅོམ་པ་རྣམས་ཀྱིས་དགྲ་བཅོམ་མི་བརྗེད་པའི་གཟུངས་ཐོབ་པའི་དགེ་འདུན་གྱི་དབུས་སུ། ངེད་ཀྱི་འདུལ་བ་དེ་ཡིན་ཁྱེད་ཀྱི་འདུལ་བ་དེ་ཡིན་ནམ་ཞེས་ཞུས་དག་མཛད་ནས་གླེགས་བམ་དུ་བྲིས། དགྲ་བཅོམ་པ་རྣམས་ཀྱིས་མཉམ་པར་བཞག་ནས་གཟིགས་པས་ཆད་ལྷག་ནོར་བའི་སྐྱོན་མེད་པར་མཁྱེན་ནས། ངེད་ཀྱི་འདུལ་བ་དེ་ཡིན་ན་ཁྱེད་ཀྱི་འདུལ་བ་དེ་ཡིན་ནམ་ཞེས་དྲིས། འཕགས་པ་ཡོན་ཏན་འོད་ཀྱིས་དེ་བཞིན་དུ་བསྡུས། འགྲེལ་བྱེད་མཁན་པོ་ཚད་མར་གྱུར་པ་རྣམས་ཀྱིས་དེ་བཞིན་དུ་བཀྲལ། སྔོན་གྱི་ལོ་པཎ་བཀའ་སྡུད་པ་པོ་རྣམས་ཀྱིས་བསྒྱུར་བ་ལ་ཚད་མར་བྱ་དགོས་ཀྱི། རང་གི་མགོ་ཕུར་གྱི་བསམ་མནོས་འདུལ་བའི་ལས་ཀྱི་ཆོ་ག་བསྒྲིགས་ན་བསླབ་པ་འཆའ་བ་ལ་དབང་བར་ཐལ་བའི་སྐྱོན་ཡོད་དོ། །ཡང་ཁྱེད་ཀྱི་དྲི་བའི་ཚིག་ལ། ཚེ་དང་ལྡན་པ་གང་དག་ཅེས་པ་འདི་རང་ལ་ཡང་སྤྱིར་ནི་རང་བས་རྒན་པ་ལ་གནས་བརྟན། མཉམ་པ་ལ་བཙུན་པ། གཞོན་ན་ཚེ་དང་ལྡན་པ་ཟེར་བའི་ཆོས་སྐད་ཅིག་འདུག་པས་འདི་དམིགས་གསལ་ཡིན་ནམ། ཡང་ན་ཚེ་དང་ལྡན་པ་འདི་རྒན་གཞོན་གྱི་སྤྱི་མིང་ཡིན་ཟེར་བ་ལ། ཚེ་དང་ལྡན་པ་ཞེས་པའི་ཉེ་བའི་ཚིག་འདི། རྒན་གཞོན་ཐམས་ཅད་ཀྱི་སྤྱི་མིང་ཡིན་ཏེ། མདོ་རྩའི་འགྲེལ་པ་ཤེས་རབ་བྱེད་པས་མཛད་པ་ལས། རྒན་(༡༦༣ན)


GLG014_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ལའང་གནས་བརྟན་ནམ་ཚེ་དང་ལྡན་པ་ཞེས་ཉེ་བའི་ཚིག་མེད་པར་མ་འབོད་ཅིག་པ་དང་། བཅོམ་ལྡན་འདས་ལ་ནི་ཉེ་བའི་ཚིག་འདི་རུ་གནས་བརྟན་ནམ་ཚེ་དང་ལྡན་པ་ཞེས་བྱ་བར་མི་རུང་བར་སྟོན་པའོ། །ཞེས་གསུངས་ཤིང་། རྒྱ་ཆེར་འགྲེལ་དུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ་ཞེས་སོགས་ཀྱི་སྐབས་སུ། སོགས་པ་ཞེས་སྨོས་པའི་སྒྲས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བཙུན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་གསན་དུ་གསོལ། ཚེ་དང་ལྡན་པ་དག་སེམས་བསྡུས་ཤིག །ཅེས་བྱ་བའི་སྔགས་དག་བསྡུ་བར་རིག་པར་བྱའོ། །ཞེས་རྣམ་གྲངས་སུ་གསུངས་ཤིང་། ཡང་རྒྱ་ཆེར་འགྲེལ་དུ་དེ་བཞིན་གཤེགས་པ་མ་གཏོགས་པ་རྒན་པ་ལ་ཡང་ཚེ་དང་ལྡན་པ་ཞེས་པའི་ཉེ་བའི་ཚིག་གིས་བརྗོད་པར་གསུངས་ཏེ། དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་དང་མིང་དང་རུས་བརྗོད་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་བརྗོད་པ་དང་། མིང་ནས་བརྗོད་པ་དང་། རུས་ནས་བརྗོད་པས་འབོད་པར་མི་བྱའོ། །ཉེ་བའི་ཚིག་དང་བྲལ་བར་དེའི་མཚན་ནམ་དུའང་སྨོས་པར་མི་བྱའོ། །ཞེས་བྱ་བ་ནི་ཉེ་བའི་ཚིག་དང་བཅས་པར་མཚན་ནམ་གདུང་སྨོས་པར་བྱའོ། །འདིར་གཞུང་ནི་འདི་ལྟར་ཉེ་བའི་ཚིག་དང་བཅས་པར་སྟོན་པའི་མཚན་སྨོས་པར་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བརྗོད་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒན་(༡༦༣བ)


GLG014_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་བྱའོ། །ཞེས་བྱ་བ་ནི་ཉེ་བའི་ཚིག་དང་བྲལ་བར་མིང་དང་རུས་སྨོས་པར་རོ། །འདི་ལ་གནས་བརྟན་དང་ཚེ་དང་ལྡན་པ་ནི་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་པ་ཡིན་ནོ་ཞེས་བྱ་བ་ནི་རྒན་པ་འདི་ལའོ། །སྔ་མ་ལ་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སྟེ། སྟོན་པ་ལ་གནས་བརྟན་ནམ། ཚེ་དང་ལྡན་པ་ཞེས་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་པ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་ཤིང་། དེ་ལྟ་མིན་པར་རྒན་པ་ལ་ཚེ་དང་ལྡན་པ་ཞེས་བརྗོད་དུ་མི་རུང་ན། མདོ་ནས། ཀཽ་ཤི་ཀས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་སོགས་དང་། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ། ཚེ་དང་ལྡན་པ་རྟ་ཐུལ། ཚེ་དང་ལྡན་པ་འོད་སྲུངས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་སོགས་གསུངས་པ་མི་རུང་བར་འགྱུར་རོ། །ཡང་ཁྱེད་ཀྱི་དྲི་བ་ན་མཁན་པོ་དེ་ལས་སློབ་དེའི་ཡང་མཁན་པོ་ཡིན་ན་མཁན་པོ་ཞེས་སྨོས་དགོས་པ་རྣམས་སུ་མཁན་པོ་ཚིག་གཉིས་རང་གི་དབང་དུ་བྱས་པ་དང་། བསྒྲུབ་བྱའི་དབང་དུ་བྱས་པ་ཞིག་དགོས་སམ་མི་དགོས། ཁོ་བོས་གོ་ཚོད་ལྟར་ན་གཅིག་གིས་ཆོག་ཅིང་། གཅིག་པོ་དེ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་པའི་གོང་དུ་ངེས་པར་སྨོས་དགོས། དེའི་གོང་དུ་མཁན་པོ་ཞེས་སྨོས་ན། མཁན་པོའི་དངོས་མིང་དང་མཚན་ནས་སྨོས་ཏེ་ཟེར་བ་དེ་གཉིས་ཀྱི་བར་དུ་མཁན་པོ་ཟེར་བ་དེས་ཆོད་པའི་སྐྱོན་ཡོད་ཅིང་། དེ་གཉིས་ཀྱི་བར་དུ་ཚིག་གཞན་གྱིས་བར་མ་ཆད་པ་དགོས་པར་རྒྱ་ཆེར་འགྲེལ་ཉིད་ན་ལྷང་ངེ་ཚེར་རེར་ཡོད་ཟེར་བ་འདུག་པ་ལ། མཁན་པོ་དེ་ལས་(༡༦༤ན)


GLG014_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དེའི་མཁན་པོ་ཞེས་སྨོས་དགོས་པ་རྣམས་སུ་མཁན་པོའི་ཚིག་རང་དང་བསྒྲུབ་བྱའི་དབང་དུ་བྱས་པ་གཉིས་སྨོས་དགོས་ཏེ། དཔེར་ན་སློབ་དཔོན་ཡིན་ན་མཁན་པོ་སློབ་དཔོན་ཞེས་སྨོས་དགོས་པ་བཞིན་མཁན་པོ་ཞེས་པའི་ཚིག་ཀྱང་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་པའི་ཚིག་གི་འོག་ཏུ་བརྗོད་དགོས་ཏེ། མཁན་པོ་བསོད་ནམས་གྲགས་ཞེས་པ་མཁན་པོའི་དངོས་མིང་ཡིན་གྱི། བསོད་ནམས་གྲགས་ཞེས་པ་རྐྱང་པ་དངོས་མིང་མ་ཡིན། དེས་ན་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་པ་དང་། དངོས་མིང་གི་བར་དུ་མཁན་པོས་ཆོད་པའི་སྐྱོན་མེད་དེ། རྒྱ་ཆེར་འགྲེལ་ལས། དེའི་ཕྱིར་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བ་དང་བཅས་པར་མ་སྨོས་པར་མཁན་པོའི་མིང་མི་བཟུང་ངོ་། །ཞེས་བྱ་བ་སྨྲས་ཏེ། མཁན་པོའི་མིང་བཟུང་བ་ན་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བའི་ཚིག་དེ་དང་བཅས་པར་མ་སྨྲས་པར་མཁན་པོ་ཞེས་བྱ་བའི་སྒྲ་ཉེ་བར་བརྗོད་པ་ཉི་ཚེས་མཁན་པོའི་མིང་མི་བཟུང་ངོ་། །འདི་སྐད་བསྟན་ཏེ། དོན་གྱི་སླད་དུ་ཞེས་བྱ་བའི་དགོས་པའི་དབང་དུ་མཁན་པོའི་མཚན་ནས་ཞེས་བྱ་བ་མཁན་པོའི་མིང་ནས་སྨོས་ཏེ་ཞེས་བྱ་བ་བརྗོད་དེ། ཚིག་དེ་དང་བཅས་པ་ཞེས་པའི་ཚིག་དེའི་མཇུག་ཐོགས་སུ་མཁན་པོའི་སྒྲ་ཉེ་བར་བརྗོད་པས་མཁན་པོའི་མིང་ཉེ་བར་བརྗོད་པ་དེ་བཟུང་བར་བྱའོ། །དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བའི་ཚིག་མ་སྨྲས་པར་མཁན་པོ་ཞེས་བྱ་བའི་སྒྲ་ཙམ་ཉེ་བར་བརྗོད་པས་མཁན་པོའི་མིང་མི་བཟུང་ངོ་། །བཅས་པར་ཞེས་བྱ་བ་སྨོས་པ་ནི་བར་དུ་ཆད་པ་སྤང་བའི་དོན་ཏེ། (༡༦༤བ)
ཚིག་སྔ་མ་དང་འབྲེལ་བར་མཁན་པོའི་མིང་བཟུང་བར་བྱའི། བར་དུ་ཆད་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པས་རང་གི་མཁན་པོ་ཡིན་ན་མཁན་པོ་བསོད་ནམས་ཞེས་བརྗོད་དུ་མི་རུང་། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་བསོད་ནམས་གྲགས་ཞེས་བརྗོད་དགོས། དེས་ན་འདི་སྐད་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་བསོད་ནམས་གྲགས་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །ཅེས་རྒྱས་པར་གསུངས་པ་འདི་རྣམས་ས་དགེའི་མཁས་པ་རྣམས་ལ་ཡང་གྲགས་ཆེ་བར་མི་འདུག་པས་བློ་གསལ་རྣམས་ལ་བསྐྱེད་ཐོན་པའི་ཕྱིར་དུ་གསུང་ཇི་ལྟ་བ་བཞིན་བཀོད་པ་ཡིན་ནོ། །


previousགསོ་སྦྱོང་གི་གཞི་བཤད་པ།next