Nitartha Digital Library
Tibetan
 
previousའདུལ་བའི་དུས་ཚིགས་བཤད་པ།next

འདུལ་བའི་དུས་ཚིགས་བཤད་པ།


GLG014_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་བླངས་པའི་རྗེས་སུ་རྙེད་བཀུར་དང་རྙེད་བཀུར་མ་ཡིན་པའི་གནས་ཤེས་དགོས་པས། དུས་ཚིགས་ཀྱི་རྣམ་གཞག་སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ཏུ་མདོར་བསྟན་ནི། གསོ་སྦྱོང་བྱའོ་དུས་ནམ་གྱི་ཚེ་ན་ཟླ་བ་ཕྱེད་ཕྱེད་ན་བྱ་སྟེ། དེ་ལས་འགྱངས་ན་ལྟུང་བ་བརྗེད་ཅིང་བག་མེད་དུ་འགྱུར་ལ། མ་གྱུར་ན་ཀློག་པ་དང་བསམ་གཏན་གྱི་བར་ཆད་དུ་འགྱུར་བས་སོ། །དེ་ཡང་ཚེས་བཅོ་ལྔ་ལ་བྱ་སྟེ། མཚན་མ་བསལ་བ་དང་། སྤྲོ་བ་མཐུན་པ་དང་། དུས་བྱིན་གྱིས་བརླབས་པ་རྣམས་བཅོ་ལྔ་ལ་ཚང་གི །གཞན་ལ་མ་ཚང་བས་སོ། །འོ་ན་བཅུ་བཞི་པ་མི་བྱེད་དམ་སྙམ་ན་བཅོ་ལྔ་པ་སྨོས་པས་བཅུ་བཞི་པ་ཡང་བསྡུས་ཏེ། འཇིག་རྟེན་གྱི་ཐ་སྙད་དང་སྒོ་བསྟུན་ནས་ཉི་མ་(༡༦༥ན)


GLG014_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་པ་ཡིན་པས། གསོ་སྦྱོང་བཅུ་བཞི་པ་ཞེས་གསུང་བར་ཟད་ཀྱི། གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་རོ། །ཞེས་འགྲེལ་ཆེན་དུ་གསུངས་སོ། །དེས་ན་ཉ་ཤི་དང་བསྟུན་པའི་གསོ་སྦྱོང་ཡིན་ན་ཚེས་བཅོ་ལྔ་ལ་བྱེད་པས་ཁྱབ་པ་ཡིན་པས་འདི་མདོ་ཚིག་སོར་བཞག་པས་ཆོག་པ་ཡིན་ནོ། །འདི་ལ་རིགས་པ་ཅི་ཡོད་ཅེ་ན། ཞག་ལ། ཁྱིམ་ཞག་དང་། ཉིན་ཞག་དང་། ཚེས་ཞག་ཅེས་པ་གསུམ་ཡིན་ལ། དེ་ཡང་ལོ་གཅིག་ལ་སུམ་བརྒྱ་དྲུག་ཅུར་ཕྱེ་བའི་ཆ་གཅིག་དང་། ནམ་ལངས་ནས་ནམ་ལངས་ཀྱི་བར་དང་། ཟླ་བའི་འཕེལ་འགྲིབ་ཀྱི་ཆ་རེ་རེ་ལ་རིམ་པ་ལྟར་བཞག་གོ །དེ་ལྟར་ན་ཉིན་ཞག་ནི་འཇིག་རྟེན་ཀུན་གྱིས་རྟོགས་པར་ནུས་ལ། ཁྱིམ་ཞག་ནི་དེ་ལས་ཅུང་ཟད་ཡུན་རིང་ཞིང་ཚེས་ཞག་ནི་ཅུང་ཡུན་ཐུང་བ་ཡིན་ནོ། །དེ་ལྟར་ན་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ། ཉིན་ཞག་སུམ་བརྒྱ་རེ་ལྔ་ལྷག་པ་དང་། ཚེས་ཞག་སུམ་བརྒྱ་དོན་གཅིག་ལྷག་ཙམ་ཡོད་པས་ཞག་མི་ཐུབ་འདོན་དགོས་པ་ཡང་ཉིན་ཞག་དང་ཚེས་ཞག་ཆ་མ་མཉམ་པའི་དབང་གིས་ཡིན་ཏེ། ཚེས་ཞག་དྲུག་ཅུ་ཐམ་པ་ལ་ཉིན་ཞག་ང་དགུ་ལས་མེད་པས་སོ། །འོན་ཀྱང་ཉིན་ཞག་ང་དགུ་པ་དེ་ཉིད་ཚེས་ཞག་དྲུག་ཅུ་པ་ཡིན་པས་ཚེས་མ་ཆད། ཉིན་ཞག་ཆད་པར་ཤེས་པར་བྱའོ། །མི་མཁས་པ་གང་དག་ཉིན་ཞག་ཀྱང་མ་ཆད་པ་ཡིན་ཟེར་ནས་ཉེར་དགུ་ལ་གསོ་སྦྱོང་བྱས་པའི་སང་ཉིན་གནམ་གང་དུ་བརྩི་བ་དེ་དག་ནི་འཁྲུལ་པར་ཟད་དོ། །འོ་ན་འགྲེལ་ཆེན་ལས། ཉི་མ་འདི་ལ་ཉི་མ་མ་(༡༦༥བ)


GLG014_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་ཡིན་པས་ཞེས་བཤད་པ་གང་ཞེ་ན། དེ་ནི་འགྱུར་གྱི་སྐྱོན་དུ་ཟད་དེ། དེ་ལྟ་མ་ཡིན་ན་ཡིག་ཕྲེང་གཅིག་གི་གོང་ན་ཉི་མ་གཅིག་ཆད་པས་སྤྱིར་ཞག་བཅུ་བཞི་ཡོད་པའི་ཕྱིར། ཞེས་བཤད་པ་དང་འགལ་ལོ། །ཚེས་བཅོ་ལྔ་ལ་མཚན་མ་གསལ་ཏེ། ཟླ་བ་ཉ་བའི་མཐར་ཐུག་དང་ཟད་པའི་མཐར་ཐུག་ཡིན་པའི་ཕྱིར་རོ། །སྤྲོ་བ་མཐུན་ཏེ། དགེ་བ་རྒྱས་པ་དང་སྡིག་པ་ཟད་པ་མཚོན་པས་སོ། །དུས་བྱིན་གྱིས་བརླབས་ཏེ། མདོ་ལས། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་རྣམས་ལ་རིམ་པ་བཞིན་རྒྱལ་ཆེན་བཞིའི་གཡོག་དང་བུ་དང་རང་ཉིད་འོང་བར་གསུངས་པས་དུས་བཟང་གསུམ་ལས། ཐ་མ་བཟང་བར་གྲུབ་པའོ། །རྣམ་པ་གང་གིས་གསོ་སྦྱོང་བྱ་ཞེ་ན། སངས་རྒྱས་རང་རང་གི་བསྟན་པ་དེའི་སོ་སོ་ཐར་པའི་མདོ་འདོན་པའི་ངག་གི་ལས་ཁྱད་པར་ཅན་གྱིས་བྱའི། དགེ་བའི་བཤེས་གཉེན་བསྟེན་པ་དང་མདོ་སྡེ་ལྟ་བ་སོགས་ཀྱི་སེམས་དྲང་པོར་སྒྲུབ་པ་དང་། ལྟུང་བ་སྤོང་བ་ལྟ་བུའི་འགལ་བ་བཟློག་པ་ཙམ་གྱིས་མི་འགྲུབ་བོ། །འོན་ཀྱང་དམིགས་བསལ་ལ་སོ་ཐར་མ་བཏོན་ན་གསོ་སྦྱོང་མི་འགྲུབ་པས་མ་ཁྱབ་སྟེ། དགག་དབྱེ་སོགས་རྒྱུ་མཚན་སྤྱི་དོན་བཞིན་ནོ། །དུས་ནི། དགེ་འདུན་གྱི་གནས་བརྟན་གྱིས་སོགས་ཏེ་འདི་དག་ཀྱང་བསྒྲུབ་པའི་བསླབ་བྱའོ། །ཞར་བྱུང་ནི། ཉིན་ཞག་གཅིག་གི་སོགས་ཏེ་གླེང་གཞི་དགེ་སློང་དག་གི་བསོད་སྙོམས་ལ་རྒྱུས་པ་ན། ཁྱིམ་པ་དག་གིས་ཟླ་བ་དང་ཚེས་གྲངས་དྲིས་ཏེ་ཞག་ཆད་པ་མི་འདོར་རམ། ཞེས་པ་ལ་བརྟེན་ནས་སོ། །རིགས་པ་ནི། སྔར་བཤད་པ་ལྟར་ཚེས་(༡༦༦ན)


GLG014_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དང་ཉིན་ཞག་མི་མཉམ་པའི་དབང་གིས་ཡིན་གྱི། སྔོན་གྱི་འདུལ་འཛིན་གང་དག་འཕུལ་བྱེད་ཀྱི་རླུང་ཟླ་བ་མགྱོགས་ལ་ཉི་མ་བུལ་བས་ཡིན་ནོ་གསུང་བ་ནི། གནམ་གང་ལ་ཉི་ཟླ་སྡོངས་ནས་ཕྱིན་པས་ཚེས་གཉིས་གསུམ་ན་ཟླ་བ་ཤུལ་ན་ལུས་པ་བླུན་པོའི་མངོན་སུམ་གྱིས་ཀྱང་གྲུབ་པས་གསལ་ལ། ས་ཟླ་དང་གནམ་ཟླ་མ་སྙོམས་པས་ཡིན་ནོ། །ཞེས་ཟེར་བ་དང་། སྐད་ཅིག་མའི་ནུར་རམ་ཤུགས་ཀྱིས་ཡིན་ནོ་ཞེས་རྨ་ཚོ་གསུང་བ་གཉིས་ནི་དོན་མཁས་པས་ཀྱང་མི་གོ་བའི་རྫུབ་ཀྱི་རི་མོར་ཟད་ལ། ཉི་ཟླ་ལྷོ་བགྲོད་བྱང་བགྲོད་ལ་མགྱོགས་བུལ་བྱུང་བས་ཡིན་ནོ། །ཞེས་བྱ་གསུང་བའང་རྒྱུ་མཚན་ལ་ཅུང་ཟད་ཉེ་མོད་ཀྱི། གཟའ་སྐར་གྱི་བགྲོད་པ་དང་། རྐང་པའི་མྱུར་བུལ་མ་དགོངས་པས་གསལ་བར་མ་ནུས་པར་ཟད་དོ། །དེས་ན་ཟླ་བ་འཕུལ་བའི་རླུང་ནི་གཟའ་སྐར་ཐམས་ཅད་ཀྱི་ནང་ན་བུལ་བས་ཞག་རེ་ལ་སྐར་ཁོངས་རེ་རེ་ཕྱིར་ལུས་ནས་ཉིན་ཞག་ཉེར་བརྒྱད་པའི་ཟླ་བ་དེ་ཉེར་དགུའི་སྔ་དྲོ་མཐོང་བར་མངོན་སུམ་གྱིས་གྲུབ་པས། དེ་ཉེར་བརྒྱད་ཀྱི་ཟླ་བར་བྱས་རྟིང་གནམ་གང་ལ་ཉི་མ་དང་སྡོངས་པའི་ཟླ་བ་དེ་ཉེར་དགུའི་ཟླ་བ་ཡིན་པར་བྱེད་དགོས་ན་དེ་ལྟར་བྱེད་མཁན་སུ་ཡང་མེད་པས་བར་དེ་ནས་ཟླ་བའི་འཕེལ་འགྲིབ་ཀྱི་ཆ་གཅིག་ཅུང་མེད་ཙམ་ཉིན་ཞག་ཉེར་དགུའི་བར་ལ་ཅ་བཀྲམ་དུ་སོང་ཡོད་པའི་རྒྱུ་མཚན་གྱིས། ཞག་མི་ཐུབ་ཡེ་མ་བཏོན་པར་སྨྱུག་ཐུར་མ་ནོར་བར་སྤོས་ན་ལོ་གཅིག་འཁོར་བའི་ཚེ། ཟླ་བ་ཉ་བའི་ཉི་མ་ལ་ཚེས་བརྒྱད་དགུའི་མིང་འདོགས་དགོས་པར་(༡༦༦བ)


GLG014_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་གྱིས་འགྲུབ་བོ། །འོ་ན་ཉིན་ཞག་གཅིག་པོ་དེ་ནམ་གྱི་ཚེ་འདོར་ཞེ་ན། དུས་ཚིགས་སོགས་ཏེ་འདི་ལ་སྤྱིར་དུས་ཚིགས་ཀྱི་སྤྲོས་པ་བཤད་པ་དང་། དེ་སྐབས་ཀྱི་ལག་ལེན་དང་སྦྱར་བའོ། །དང་པོ་ལ་གསུམ་ཡན་ལག་ཅན་ལོ་ཡི་རྣམ་གཞག །ཡན་ལག་ཟླ་བའི་དབྱེ་བ། དེ་ལ་དུས་ཚིགས་སུ་བཅད་པའོ། །དང་པོ་ནི། ཆོས་མངོན་པ་ནས་འབྱུང་བ་ལྟར་ན་གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། སྐད་ཅིག་ཅེས་པའི་ཚུལ་གྱིས་གཟུགས་ཀྱི་ཆུང་མཐའ་རྡུལ་ཕྲ་རབ། མིང་གི་ཆུང་མཐའ་ཡི་གེ །དུས་ཀྱི་ཆུང་མཐའ་སྐད་ཅིག་མ་ཡིན་ལ། དེའི་ཡུན་ཚད་ལུང་གི་མངོན་པ་ནས་སྐྱེས་བུ་དར་མས་སེ་གོལ་གཅིག་གཏོག་པའི་བར་ལ་སྐད་ཅིག་མ་བརྒྱ་དྲུག་ཅུ་འགག་པར་གསུངས་ལ། རིགས་པའི་མངོན་པ་ནས་རྡུལ་ཕྲ་རབ་གཅིག་བླ་འོག་འདྲེས་པའི་བར་ལ་སྐད་ཅིག་མ་གཅིག་ཏུ་བཤད་དོ། །དེ་འདྲའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེ་ཡིས་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུས་བསྒྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་བཤད་ལ། ལུང་གཞན་ནས་འབྱུང་བ་ལྟར་སྐྱེས་བུ་དར་མ་ནད་མེད་པའི་དབུགས་འབྱུང་རྔུབ་ཁུག་པ་རེ་རེ་ལ་གཅིག་ཏུ་བརྩིས་པའི་དབུགས་དྲུག་ལ་ཆུ་སྲང་། དེ་དྲུག་ཅུ་ལ་ཆུ་ཚོད། དེ་དྲུག་ཅུ་ལ་ཉིན་ཞག །དེ་སུམ་བརྒྱ་དྲུག་ཅུ་ཟེར་ཡང་ཞིབ་བརྩིས་སུམ་བརྒྱ་རེ་ལྔ་ལྷག་ཙམ་ལོ་གཅིག་ཏུ་བྱེད་ལ། དེ་ཡང་རྒྱ་གར་ན་འདུལ་མངོན་གཞིར་བྱས་ནས་ལོ་ལ་རང་མིང་མེད་དེ། རྒྱལ་པོ་འདི་ཞེས་བྱ་བས་རྒྱལ་སྲིད་བསྐྱངས་(༡༦༧ན)


GLG014_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོ་གྲངས་འདི་ཙམ་ལོན་པའི་ལོ་ཞེས་སོགས་ལས་མི་འབྱུང་བའི་ཕྱིར་རོ། །བདེ་མཆོག་སྟོད་འགྲེལ་སོགས་དང་བསྟུན་ནས་རབ་བྱུང་རྣམ་བྱུང་དཀར་པོ་དང་། ཞེས་སོགས་ལོ་དྲུག་ཅུའི་མིང་འབྱུང་ངོ་། །རྒྱ་ནག་པ་བྱི་བ་སོགས་ལ་བཅུ་གཉིས་ལ་ལོ་སྐོར་དུ་བྱེད་ཅིང་། དེ་འབྱུང་བ་མེ་ས་ལྕགས་ཆུ་ཤིང་རྣམས་ལ་ཕོ་མོ་གཉིས་གཉིས་དང་སྦྱར་བས་དྲུག་ཅུ་ལོན་པ་ན་རྫོགས་པར་འདོད་དོ། །གཉིས་པ་ལ་དངོས་དང་། ལོ་འགོ་འཛིན་ཚུལ་གཉིས་དང་པོ་ནི། ལོ་གཅིག་ལ་ཟླ་བ་བཅུ་གཉིས་སུ་འབྱེད་པར་ཀུན་མཐུན་ཞིང་། དེ་ཡང་དབྱར་དགུན་སྟོན་དཔྱིད་བཞི་ལ་ར་བ་འབྲིང་པོ་མཐའ་ཆུང་གསུམ་གསུམ་དུ་འབྱེད་པར་ཀུན་མཐུན། དེ་ཡང་དུས་འཁོར་བ་དང་། རྒྱ་ནག །ཧོར། བོད་རྣམས་ཡར་ངོ་སྔོན་འགྲོ་བྱེད་ལ། རྒྱ་གར་གྱི་འདུལ་མངོན་པ་རྣམས་མར་ངོ་སྔོན་འགྲོ་ཡིན་ཏེ། ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །ཞེས་སོགས་དང་། མེ་ཏོག་ཕྲེང་རྒྱུད་ལས། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་བཞིན་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ཅེས་ནི་ཕྱི་མར་གྲགས། །ཞེས་ཚེས་གཅིག་ལ་དབྱར་ཁས་ལེན་པར་བཤད་ལ། ཡར་ངོའི་ཚེས་གཅིག་ལ་ཁས་ལེན་པ་མི་སྲིད་པའི་ཕྱིར་དང་། དགེ་ཚུལ་གྱི་ལོ་དྲི་བ་ནས་ཀྱང་དེ་བཞིན་དུ་གསུངས་པའི་ཕྱིར་རོ། །འོ་ན་མདོ་རྩ་དང་མཛོད་རྩ་འགྲེལ་ལས། ཡར་ངོ་སྔོན་འགྲོར་བཤད་པ་ཇི་ལྟར་ཡིན་ཅེ་ན། རྒྱ་དཔེ་ལ་མར་ངོ་སྔོན་འགྲོ་རང་དུ་ཡོད་ཀྱང་བོད་ན་ཡང་སྔོན་འགྲོ་བའི་ཀུན་ལ་གྲགས་པས་དེ་དང་མཐུན་པར་དོན་འགྱུར་མཛད་པ་ཡིན་ནོ། །ཟླ་(༡༦༧བ)


GLG014_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མིང་ནི། གང་གིས་ཉ་བའི་སྐར་མ་དེའི་སྒོ་ནས་འདོགས་ལ། དེ་ཡང་བོད་ན། དཔྱིད་གསུམ་རྒྱལ་རྟ་ཁྲ་ལ་ཉ། །དབྱར་གསུམ་ས་རྩེ་མ་རུ་བྲེ། །སྟོན་གསུམ་སྦོ་སྒྲོགས་ཁྲུམས་ལ་ཉ། །དགུན་གསུམ་དབྱུག་སྨིན་མགོ་ལ་ཉ། །མཐའ་ཆུང་གསུམ་པོ་རང་ས་འཛིན། །ཞེས་ཟེར་ལ། དུས་འཁོར་བ། དཔྱིད་འབྲིང་ནག་པ་ལུག་གི་ཁྱིམ། །དཔྱིད་མཐའ་ས་ག་གླང་གི་ཁྱིམ། །དབྱར་མཐའ་ས་ག་གླང་གི་ཁྱིམ། །དབྱར་ར་སྟོན་ཟླ་འཁྲིག་པའི་ཁྱིམ། །དབྱར་འབྲིང་ཆུ་སྟོད་ཀ་རྐའི་ཁྱིམ། །དབྱར་མཐའ་གྲོ་བཞིན་སེང་གེའི་ཁྱིམ། །སྟོན་ར་ཁྲུམས་སྟོད་བུ་མོའི་ཁྱིམ། །སྟོན་འབྲིང་ཐ་སྐར་སྲང་གི་ཁྱིམ། །སྟོན་མཐའ་སྨིན་དྲུག་སྡིག་པའི་ཁྱིམ། །དགུན་ར་མགོ་ཟླ་གཞུ་ཡི་ཁྱིམ། །དགུན་འབྲིང་རྒྱལ་ཟླ་ཆུ་སྲིན་ཁྱིམ། །དགུན་མཐའ་མཆུ་ནི་བུམ་པའི་ཁྱིམ། །དཔྱིད་ར་དབོ་ཟླ་ཉ་ཡི་ཁྱིམ། །ཞེས་འཆད་དོ། །གཉིས་པ་ནི། ལོའི་འགོ་ཟླ་བ་གང་ནས་འཛིན་ཞེ་ན། དུས་འཁོར་བ་ནི་ནག་པའི་ཚེས་གཅིག་ནས་རགས་བརྩིས་ཀྱི་ལོ་གསར་བར་འདོད་དེ། ཉི་མ་ལུག་ཁྱིམ་དུ་ཞུགས་པ་ན་ཉི་མས་རྒྱུ་སྐར་གྱི་དང་པོ་ཐ་སྐར་གྱི་སྟེང་དུ་སླེབ་ཡོང་བས་སོ། །དེ་ཡང་ཞིབ་ཏུ་བརྩི་ན་དུས་སྦྱར་བརྩིས་ནས་ཉི་མ་ལུག་ཁྱིམ་དུ་ནམ་ཞུགས་པའི་སྐད་ཅིག་དེ་ནས་འཛིན་ནོ། །རྒྱ་ནག་པ་ནི། ཟླ་བ་བཅུ་གཉིས་ལོ་སྐོར་བཅུ་གཉིས་དང་སྦྱོར་ན། མགོ་ཟླ་བྱི་བ། རྒྱལ་ཟླ་གླང་། མཆུ་ཟླ་སྟག་ཅེས་སོགས་སྦྱོར་ན་ཡང་ལོ་འགོ་དཔྱིད་ར་ནས་འཛིན་པས་ལོ་གསར་རྒྱལ་དུ་གྲགས་སོ། །ཧོར་ནི། ཆོ་འཕྲུལ་ཆེན་པོའི་རྟ་ཟླ་ནས་ལོ་འགོ་འཛིན་པས་དེ་ལ་ཧོར་ཟླ་དང་པོར་བྱེད་ཅིང་། དེང་སང་བོད་ན་ཡང་ཧོར་ཟླ་འདི་གྲགས་ཆེ་བས་འདི་གཞིར་བྱས་ནས་བཤད་པར་(༡༦༨ན)


GLG014_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་དག་ནི་ཟླ་བའི་ཡར་ངོ་སྔོན་འགྲོར་བྱེད་པའི་ལོ་འགོ་འཛིན་ཚུལ་ཡིན་ལ། འདུལ་མངོན་གཞིར་བྱས་ཀྱི་རྒྱ་གར་བ་རྣམས་ནི། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་ནི་དགུན་ཏེ། ཞེས་བཤད་པས་མར་ངོ་སྔོན་འགྲོའི་དགུན་ཟླ་ར་བ་མགོ་ཟླའི་ཚེས་གཅིག་ནས་འཛིན་ལ། དེ་དུས་ནམ་གྱི་ཚེ་འབྱུང་ན། ཧོར་ཟླ་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ཡིན་ཏེ། མདོ་ཉི་མའི་སྙིང་པོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདི་ནི་རབ་ཏུ་རྫོགས་པ་ཡིན། །ཞེས་སྨིན་དྲུག་གིས་ཉ་བའི་ཉིན་ཞག་དེས་སྟོན་ཟླ་ཐ་ཆུང་རྫོགས་པར་བཤད་ཅིང་། མདོ་རྩ་རྩ་འགྲེལ་འདིར་དབྱར་འབྲིང་གི་ཉའི་ཕྱི་དེ་ཉིན་པར་དབྱར་སྔ་མ་ཁས་ལེན་པར་གསུངས་ལ། དགུན་སྟོད་དགུན་སྨད་དཔྱིད་སོས་ཀ་རྣམས་ལ་ཟླ་བ་གཉིས་གཉིས་རྫོགས་ནས་དབྱར་སྔ་མ་ཁས་ལེན་དགོས་ཤིང་། དེ་ཡང་ཟླ་བའི་རང་མིང་གི་དབང་དུ་བྱས་ན། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་པ་ལྟར་ཆུ་སྟོད་ཀྱི་ཉ་བའི་ཕྱི་དེ་ཉིན་པར་ལེན་པ་ལས་གཞན་དུ་བསྒྱུར་ཐབས་མེད་ལ། དེ་དག་ཀྱང་ལོ་འགོ་འཛིན་ཚུལ་འདི་ལ་འཐད་ཀྱིས་གཞན་ལ་མི་འགྲིག་པའི་ཕྱིར་རོ། །འོ་ན་ཁྱོད་ཀྱིས་བཤད་པའི་ལོ་འགོ་འདི་ནས་དགུན་ཟླ་གཉིས་ལས་མ་འགྱངས་པར་དགུན་ཉི་ལྡོག་པ་མངོན་སུམ་གྱིས་གྲུབ་ན། མཛོད་ལས། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་བཟློག །ཅེས་དགུན་ཟླ་བཞི་པ་ལ་ཉི་མ་ལྡོག་པར་བཤད་པ་དང་འགལ་ལོ་ཞེ་ན། ཁ་ཅིག་འདི་གཙོ་བོར་(༡༦༨བ)


GLG014_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་ལོ་འགོ་ཧོར་ཟླ་བརྒྱད་པའམ་དགུ་པ་ནས་འཛིན་ལ། ཁ་ཅིག་འདུལ་མངོན་མི་མཐུན་པས་འདུལ་བའི་རྣམ་གཞག་ལ་མངོན་པས་མི་གནོད་དོ་ཞེས་ཟེར་མོད། དེ་ནི་ཡར་ངོ་སྔོན་འགྲོའི་དགུན་ཟླ་བཞི་པ་དབོའི་ཟླ་བ་ཧོར་ཟླ་གཉིས་པའི་སྨད་ལ་ཉིན་མཚན་མཉམ་བཞག་གཅིག་འབྱུང་ལ། དེའི་ཕྱི་ཉིན་ནས་མཚན་མོ་ལས་ཉིན་མོ་རིང་དུ་འགྲོ་ལ། དེ་ནས་ཟླ་བ་གསུམ་ལྷག་ཙམ་ལོན་པ་དཔྱིད་ཀྱི་བཞི་པ་ཆུ་སྟོད་ཀྱི་ཟླ་འགོ་ལ་དབྱར་ཉི་ལྡོག་ཅིང་། དེ་ནས་ཟླ་བ་གསུམ་ལོན་པ་དབྱར་གྱི་གཉིས་པ་ཁྲུམས་ཀྱི་ཟླ་སྨད་ལ་སྟོན་ཉིན་མཚན་མཉམ་པའི་ཕྱིས་ཉིན་ནས་རིང་ཐུང་དུ་འགྲོ་བས་འདི་དང་མཐུན་པར་བཤད་ན་ལེགས་སོ། །གསུམ་པ་ནི། ལོ་ཟླ་དེ་དག་ལ་དུས་ཚིགས་དུར་དབྱེ་ཞེ་ན། ལོ་གཅིག་ལ་དུས་ཚིགས་གསུམ་དང་བཞི་དང་ལྔ་དང་དྲུག་ཏུ་དབྱེ་བ་རྣམས་གསུངས་ཏེ། དགོས་པ་རིམ་པ་བཞིན་ཟླ་བ་བཞི་བཞི་ལོངས་སྤྱད་ན་ཕྱག་དར་ཁྲོད་དུ་བྱེད་པས་དེའི་གོས་ངོས་བཟུང་བའི་ཕྱིར་དང་། རབ་འབྲིང་པོ་ཐ་ཆུང་གསུམ་གསུམ་རྟོགས་པའི་ཆེད་དང་། དབྱར་སྔ་མ་མ་གྲུབ་ན། ཕྱི་མ་ཁས་ལེན་དགོས་ལ་དེ་དབྱར་ཐུང་ངུའི་ཉིན་ཞག་གཅིག་པོ་ལ་མ་གྲུབ་ན། ལོ་གཅིག་གི་དབྱར་གནས་སྟོངས་པས་དབྱར་ཐུང་ངུ་ཤི་བ་དང་འདྲ་བ་ངོས་བཟུང་བའི་ཕྱིར་དང་། འདིར་བསྟན་གསོ་སྦྱོང་ཞག་མི་ཐུབ་ངོས་བཟུང་བའི་ཆེད་དུའོ། །རྣམས་ཀྱི་མིང་འདོགས་ལ། དང་པོ་ནི། དགུན་དཔྱིད་དབྱར་རྣམས་ལ་ཟླ་བ་བཞི་བཞིའོ། །གཉིས་པ་དབྱར་དགུན་སྟོན་དཔྱིད་དོ། །གསུམ་པ་ནི། དུས་གོའི་སྐབས་སུ་བཤད་པ་བཞིན་ནོ། །བཞི་པ་ནི། དགུན་སྟོད། དགུན་སྨད། དཔྱིད་(༡༦༩ན)


GLG014_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཀ །དབྱར་སྟོན་གྱི་དུས་རྣམས་ལ་ཟླ་བ་གཉིས་གཉིས་སུ་བྱའོ། །དུས་ཚིགས་བཞི་པོའི་དང་པོ་གཉིས་ནི་ཡར་ངོ་སྔོན་འགྲོ་གཙོ་ཚེ་ལ། ལྔ་དང་དྲུག་ཏུ་བྱས་པ་གཉིས་ནི་མར་ངོ་སྔོན་འགྲོར་མ་བྱས་ན་འགྲིག་པའི་ཐབས་མེད་དོ། །གཉིས་པ་ནི་དཔེར་ན། ཧོར་ཟླ་བཅུ་པའི་ཟླ་སྨད་ལ་བཅོ་ལྔ་པ་དང་། བཅུ་གཅིག་པའི་ཟླ་སྨད་ལ་བཅུ་བཞི་པ་བྱ་ཞིང་། དེ་བཞིན་དུ་སྤེལ་ནས་བྱ་སྟེ། འདིའི་བཅོ་ལྔ་པའི་དུས་སུ་དགུན་སྟོད་ཀྱི་དུས་ཀྱི་ཟླ་བ་གཉིས་གང་ཡིན་པ་དེ་ལས་སང་གི་སྐྱ་རེངས་ཤར་བས་ཟླ་བ་ཕྱེད་ནི་འདས་སོ། །ལྷག་མ་ཕྱེད་དང་གཉིས་ནི་སླད་དུ་ལུས་སོ། །ཞེས་སོགས་སྦྱར་བར་བྱའོ། །ངག་དོན། དུས་ཚིགས་དྲུག་པོ་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ན་ཉིན་ཞག་གཅིག་གིས་མི་ཆོག་པའི་ཞག་མི་ཐུབ་བཏོན་པ་ཆོས་ཅན། དགོས་པ་ཡོད་དེ། ཚེས་ཞག་དང་ཉིན་ཞག་ཆ་མི་སྙོམས་པ་དོར་ནས་ཉ་སྒོ་དང་ཚེས་སྒོ་འགྲིག་པའི་དགོས་པ་ཡོད་པའི་ཕྱིར། དེ་ལྟར་སྨྱུག་ཐུར་གྱིས་བརྩིས་པའི་ཞག་མི་ཐུབ་དྲུག་པོ་བསྣན་པའི་ཟླ་བ་བཅུ་གཉིས་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུས་ཀྱང་ལོ་གཅིག་ཅུང་མི་རྫོགས་པས་དེའི་སྟེང་དུ་ཉིན་ཞག་ལྔ་ལྷག་ཙམ་བསྣན་པའི་ཀུན་ལ་གྲགས་པའི་ཚེས་ཟླ་བཅུ་གཉིས་པོ་དེ་རྫོགས་ནས་ཉིན་ཞག་བཅུ་གཅིག་པོ་དེ་བསགས་པ་ན་ཟླ་ཤོལ་འབྱུང་བས་ཟླ་བ་ཞེས་སོགས་གསུངས་ཏེ། དང་པོར་ལོ་དྲུག་དྲུག་ན་དོར་ཅིག་ཅེས་གསུངས་པས་དུས་མི་འགྲིག་ཅིང་བློན་པོ་མཁས་པ་དག་འཕྱ་ནས་རྒྱལ་པོའི་རྗེས་སུ་འབྲང་བར་བཅས་པས་བརྩིས་མཁན་མཁས་པ་དང་བཅས་པའི་རྒྱལ་པོས་ནམ་དོར་བ་ན་འདོར་(༡༦༩བ)


GLG014_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཀྱི། དུས་ཀྱི་གྲང་དྲོ་ལྟ་བུ་མཚན་མ་ལྟར་སྣང་འགའ་རེ་རྒྱུ་མཚན་དུ་བྱས་ནས་རང་བཟོ་བྱེད་པ་ནི་བཅས་པ་དང་འགལ་བར་ཤེས་པར་བྱའོ། །ཟླ་ཤོལ་འབྱུང་བའི་རྒྱུ་མཚན་ནི། བཤད་མ་ཐག་པ་ལྟར་ཚེས་ཟླས་ཁྱིམ་ཟླ་མ་ནོན་པས་ཚེས་ཟླ་བཅུ་གཉིས་ལ་ཁྱིམ་ཟླ་བཅུ་གཉིས་མི་ཡོང་བའི་ཆ་བསགས་པས་ཡིན་ལ། དེ་ཡང་ཞིབ་པར་བརྩིས་ན་ཚེས་ཟླ་སུམ་ཅུ་པོ་ཕྱེད་དང་གསུམ་གསུམ་ན་ཚེས་ཟླ་ལྷག་པོ་རེ་རེ་འབྱུང་བར་ཟླ་ཤོལ་གྱི་རྒྱུ་མཚན་བརྩིས་ཀྱིས་གསལ་བས་དེ་དང་བསྟུན་ནས་འདོར་དགོས་ཀྱི། གང་དག་མདོ་སྡེའི་ལུགས་སུ་བྱས་ནས་ལོ་གསུམ་གསུམ་ན་ཟླ་ཤོལ་རེ་རེ་འབྱུང་ལ། དེ་ཡང་རྟ་བྱ་བྱི་བ་ཡོས་ལ་ཤོལ། །སྟོན་དགུན་དཔྱིད་དབྱར་འབྲིང་པོ་གཉིས། །ཞེས་གསུང་པ་ནི་རྒྱལ་པོ་མཁས་པ་དང་མཐུན་པ་མ་ཡིན། དེར་མ་ཟད་རགས་བརྩིས་ལའང་ལོ་རེ་ལ་ཉིན་ཞག་བཅུ་གཅིག་ལྷག་ཙམ་རེ་ལྷག་པོར་ཡོད་པས་ལོ་གསུམ་ན་ཟླ་གཅིག་དང་ཞག་བཞི་ཙམ་འབྱུང་བས་སོ། །དེ་ལྟར་ཟླ་ཤོལ་གྱི་ཞག་རྣམས་ནི་ལོ་རྣམས་ཀྱི་ཁོངས་སུ་ཐིམ་ནས་ཟུར་དུ་ལུས་པ་ཅུང་ཟད་ཀྱང་མེད་པས་གང་དག་ཟླ་ཤོལ་བསགས་ནས་ལོ་ཤོལ་འདོན་པར་འདོད་པ་དེ་དག་ནི་གཟུ་ལུམས་ཀྱི་རང་བཟོ་གླེན་པའི་རིགས་འགྲེ་ཡིན་ནོ། །རྒྱུ་སྐར་ནི་སོགས་དང་། གོང་འོག་རྣམས་སུ་ཕྱོགས་དང་ཉིན་ཞག་སོགས་རྣམས་ལ་མཁས་པར་བྱ་བར་གསུངས་པ། བློ་ནུས་ཡོད་བཞིན་དུ་སྐར་མ་བརྩི་བ་རྣམ་རྟོག་རགས་པ་ཡིན་པར་འདོད་པ་དེ་དག་ནི་རྟེན་འབྲེལ་དང་བཅས་པ་གཉིས་ཀ་ཁྱད་དུ་སོད་པར་དོགས་སོ། །རྒྱུ་མཚན་ཡང་དེ་ལྟར་ཤེས་པ་འདི་ལ་དགོས་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་མཁས་པ་དང་ཚེ་འདས་པ་(༡༧༠ན)


GLG014_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་བཞག་པ་དང་གསོ་སྦྱོང་གི་ཉི་མ་ཤེས་པའི་ཆེད་ཡིན་ནོ། །ཞེས་འགྲེལ་ཆེན་ལས་གསུངས་པས་སོ། །སྤྲོས་པས་ཆོག་གོ །ཞེས་དང་། ནོར་བུའི་ཐེམ་སྐས་ཀྱི་རང་ལུགས་སྙིང་པོར་བསྡུས་པ་ལ། ལོ་འགོ་འཛིན་ཚུལ་འཇིག་རྟེན་ལུགས་ཀྱི་སྟོན་ཟླ་མཐའ་ཆུང་མར་ངོའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པ་ཕལ་ཆེར་མཐུན་ལ། སྟོན་ཟླ་མཐའ་ཆུང་གི་ངོས་འཛིན་ཟླ་བ་བརྒྱད་པ་དང་དགུ་པ་དང་བཅུ་པ་གསུམ་ལ་ཁ་མི་འཆམ་པར་སྣང་བ་ལས། རང་ལུགས་རིལ་ཚེས་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གམ། འཇིག་རྟེན་ལུགས་ཀྱི་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ནས་མགོ་ཟླའི་ཚེས་བཅོ་ལྔའི་བར་འདི་མགོ་ཟླ་དང་དགུན་ཟླ་དང་པོ་ཡིན་ཞིང་ལོ་འགོ་དང་དུས་འགོ་ཡང་ཡིན་ཞེས་དང་། ལོ་གཅིག་ལ་ཞག་མི་ཐུབ་དྲུག་འབྱུང་བའི་ངོས་འཛིན་སྙིང་པོར་སྒྲིལ་ན། རང་རེའི་པཎ་ཆེན་ཐམས་ཅད་མཁྱེན་པ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གཉིས་བཤད་པའི་སྲོལ་ཐ་དད་པ་གཉིས་འཛིན་པར་སྣང་སྟེ། ལུགས་སྔ་མ་འཐད་པ་ཡིན་ཏེ་ཇི་ལྟར་སྙམ་ན་འཇིག་རྟེན་གྱི་མགོ་ཟླའི་ཉེར་དགུའི་ཉིན། རྒྱལ་ཟླའི་མར་ངོའི་གསོ་སྦྱོང་བཅུ་(༡༧༠ན)


GLG014_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་འབྱུང་བ་སྟེ་འཐད་པར་ཐལ། དེའི་ཉིན་རྒྱལ་ཟླའི་མར་ངོའི་ཚེས་ཞག་བཅོ་ལྔ་པར་སླེབ་པའི་ཕྱིར་ཏེ། རྒྱལ་ཟླའི་མར་ངོའི་ཉིན་ཞག་བཅུ་བཞི་པའི་ཉིན་རྒྱལ་ཟླའི་མར་ངོའི་ཚེས་ཞག་བཅོ་ལྔ་པར་སླེབ་པ་གང་ཞིག །འཇིག་རྟེན་ལུགས་ཀྱི་མགོ་ཟླའི་ཉེར་དགུའི་ཞག་དེ་རྒྱལ་ཟླའི་མར་ངོའི་ཉིན་ཞག་བཅུ་བཞི་པ་ཡིན་པའི་ཕྱིར་རོ། །དང་པོ་དེར་ཐལ། སྨིན་དྲུག་ཟླ་བའི་མར་ངོའི་གསོ་སྦྱོང་བཅུ་བཞི་པ་བྱས་པའི་ཕྱི་དེ། དེ་ཉིན་བར་ནས་རྒྱལ་ཟླའི་མར་ངོའི་ཉིན་ཞག་བཅུ་ཞིག་པའི་བར་ལ་ཉིན་ཞག་ང་དགུ་ལོན་པ་གང་ཞིག །ཉིན་ཞག་ང་དགུ་ལ་ཚེས་ཞག་དྲུག་ཅུ་འབྱུང་བའི་ཕྱིར། དང་པོ་དེར་ཐལ། དེ་ནས་དེའི་བར་ལ་སྨིན་དྲུག་ཟླ་བའི་མར་ངོའི་ཚེས་བཅོ་ལྔ། མགོ་ཟླ་ཧྲིལ་པོ་རྒྱལ་ཟླའི་མར་ངོའི་ཉིན་ཞག་བཅུ་བཞི་པ་རྣམས་བསྡོམས་པས་ཉིན་ཞག་ང་དགུ་ལྷག་ཆད་མེད་པར་ཚང་བའི་ཕྱིར། རྟགས་བསལ་ཁྱབ་པ་གསུམ་ཆར་ལ་བསྙོན་པར་མི་ནུས་སོ། །ཞེས་དང་། འདི་ལ་འབུམ་ཕྲག་གསུམ་པས་ཞག་མི་ཐུབ་འབྱུང་བའི་གནམ་གང་དྲུག་པོ་དེ་འདོར་ཞེས་པའི་བཀའི་སྙིང་པོ་ལ་ངེས་པ་རྙེད་ན། དཀའ་བའི་གནས་རང་གྲོལ་ཡིན་པའི་ཕྱིར་ཏེ། ཞག་མི་ཐུབ་མི་འབྱུང་བའི་ཟླ་བ་རྣམས་ལ་འཇིག་རྟེན་ལུགས་ཀྱི་གནམ་གང་དེ་ལ་བསྟན་བཅོས་ལུགས་ཀྱི་མར་ངོའི་ཚེ་ཉིན་ཞག་བཅོ་ལྔ་པར་བྱས་ཆོག་ཀྱང་། ཞག་མི་ཐུབ་འབྱུང་བའི་ཟླ་བ་དྲུག་པོ་ལ་མང་པོའི་ཉིན་ཞག་དྲུག་ཆད་ནས་མེད་པས་འཇིག་རྟེན་ལུགས་ཀྱི་གནམ་གང་དྲུག་པོ་དེ་ཡང་ཆད་བར་སོང་བ་ལ། ཞག་མི་ཐུབ་དོར་བ་ཞེས་ཐ་སྙད་བཏགས་པ་ཡིན་ལ། དེས་ན་འཇིག་རྟེན་ལུགས་ཀྱི་མགོ་ཟླ་བའི་གནམ་གང་དུ་བྱེད་(༡༧༡ན)


GLG014_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞག་དེ་ནི་བསྟན་བཅོས་ལུགས་འདིར་རྒྱལ་ཟླའི་ཡར་ངོའི་ཚེས་གཅིག་ཏུ་སླེབ་པ་ཡིན་ནོ། །དེས་ན་ཞིབ་ཆ་འདི་སྐད་སྨྲ་དགོས། རྒྱལ་ཟླའི་མར་ངོའི་ཉིན་ཞག་བཅོ་ལྔ་པ་ནི་ཆད་ནས་མེད་ལ།འཇིག་རྟེན་ལུགས་ཀྱི་མགོ་ཟླའི་གནམ་གང་གི་ཞག་དེ་ཡོད་དུ་ཆུག་ཀྱང་དེ་ནི་རྒྱལ་ཟླའི་ཡར་ངོའི་ཚེས་གཅིག་ཏུ་སླེབ་པ་ཡིན་ནོ། །ཞེས་དཔྱོད་ལྡན་སྙིང་གི་བདུད་རྩིར་བཟུང་དགོས་སོ། །ཞེས་དང་། དེས་ན་འདུལ་བ་རང་སྐད་ལ་ལོ་གཅིག་ལ་ཚེས་ཞག་སུམ་བརྒྱ་དྲུག་ཅུ་འམ་ཉིན་ཞག་སུམ་བརྒྱ་ང་བཞི་འབྱུང་གི་དེ་ལས་ལྷག་པ་མི་འབྱུང་སྟེ་ཤོལ་མེད་ཀྱི་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ལས་མི་འབྱུང་ལ། ཟླ་བ་བཅུ་གཉིས་པོ་དེ་ལ་ཉིན་ཞག་སུམ་ཅུ་ཚང་བའི་ཟླ་བ་དྲུག་དང་ཉིན་ཞག་ཉེར་དགུ་ལས་མེད་པའི་ཟླ་བ་དྲུག་འབྱུང་གི་དེ་ལས་སྤྲོས་པ་ཅི་ཡང་འབྱུང་རྒྱུ་མེད་པའི་ཕྱིར་རོ། །དེས་ན་དཔལ་འབུམ་ཕྲག་གསུམ་པས། འདུལ་བ་རང་ལུགས་ལ། ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག།ཅེས་པ་འདི་ཚད་མར་བཟུང་ནས་ཁྱིམ་ལོ་དང་ཁྱིམ་ཞག་སོགས་འདིར་བཏང་སྙོམས་སུ་མཛད་པ་འདི་སྐབས་སུ་བབས་ཀྱི། གཞན་དག་འདུལ་བ་འདི་ལ་དུས་འཁོར་གྱི་རྒྱས་བཀབ་སྟེ་ཞག་གསུམ་རྣམ་དབྱེ་ཚད་མར་བྱས་ཏེ། ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ། ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ། ཚེས་ཞག་སུམ་བརྒྱ་བདུན་ཅུ་རྩ་གཅིག་རྗེས་འབྲང་དང་བཅས་ཡོད་ཅེས་བཤད་སྣང་བ་འདི་དཔྱོད་ལྡན་དག་གིས་དཔྱོད་པར་རིགས་ཏེ། ཞེས་དགག་སྒྲུབ་རྒྱ་ཆེར་མཛད་པ་དང་། དགོངས་(༡༧༡ན)


GLG014_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དེ་ཉིད་ལས། གནད་འདི་ལྟར་ཡིན་ཏེ་ཞག་མི་ཐུབ་ཀྱི་ཞག་དྲུག་པོ་དེ། ཟླ་བ་རང་རང་དྲུག་པོ་དེར་ལྷག་ནས་བཞག་པའམ། ཟླ་བ་བཅུ་རྫོགས་རྗེས་ལྷག་པོར་ཞག་དྲུག་བསགས་ནས་འཇོག་པ་གང་ཡང་མ་ཡིན་གྱི། སྤྱིར་ཚེས་ཞག་དང་ཉིན་ཞག་གི་བར་ན་ཆུ་ཚོད་རེའམ། ཡུད་ཙམ་ཕྱེད་རེ་ཡོད་པའི་ཆུ་ཚོད་དམ་ཡུད་ཙམ་ཕྱེད་པོ་དེ་དག་བསྡོམས་ནས་ལོ་རེ་ལ་ཞག་དྲུག་རེར་འགྱུར་བ་དེ་ལོ་ལྔ་ནས་ཟླ་བར་ལོངས་པས་གཉིས་པོའི་ཞག་ཁྱད་ལ་འདི་ཙམ་འབྱུང་བ་དེ་ཤེས་པར་བྱ་བའི་ཕྱིར། འདུལ་བ་ནས་ལོ་ལྔ་ནས་ཟླ་ལྷག་རེ་འདོན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མིན་པ་ལྷག་པོར་ཞག་དྲུག་གནས་ཚོད་ལ་ལྷག་རྒྱུ་ཡིན་ན། ལོ་སྔ་མའི་ཟླ་བ་བཅུ་གཉིས་རྫོགས་ནས་ལོ་ཕྱི་མ་འཆར་བའི་བར་མ་ལ་ཞག་དྲུག་པོ་དེས་ཆོད་དགོས་པས་མཁས་པས་བདེ་བའི་དགའ་སྟོན་དུ་འགྱུར་བ་མ་ལགས་སོ། །དེ་ལའང་འདི་སྙམ་དུ་འདུལ་བ་རང་ལུགས་ལའང་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་འབྱུང་རིགས་པར་ཐལ། གནམ་ཞག་ཅེས་པ་ཚེས་ཞག་དང་། ས་ཞག་ཅེས་པ་ཁྱིམ་ཞག་གི །ཐ་སྙད་ཁས་ལེན་རིགས་པའི་ཕྱིར་ཚེས་ཞག་དང་ཁྱིམ་ཞག་གི་བར་ཁྱད་ལ་ཞག་བཅུ་གཅིག་འབྱུང་བའི་དབང་གིས་ལོ་གསུམ་ནས་ཟླ་ཤོལ་འདོན་པ་དེ་འཐད་པའི་ཕྱིར་སྙམ་ན། འཁྲུལ་གཞི་དེར་སྣང་མོད། དེའི་གནད་ནི་འདུལ་བ་རང་ལུགས་ལ་ཁྱིམ་ཞག་ཁས་བླངས་ནས་ཟླ་བ་རེ་ལ་ཁྱིམ་ཞག་སུམ་ཅུ་རེ་ཚང་བ་རང་ལུགས་ལ་ཁས་ལེན་ནོ་ཞེས་བབ་བཅོལ་སྨྲ་བ་མ་ཡིན་གྱིས། རྒྱལ་པོའི་བརྩིས་པ་དག་དེ་སྐད་གླེང་བ་(༡༧༢ན)


GLG014_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྒྱལ་པོ་དེ་ཉིད་ཚད་མར་བྱེད་པས་ཟླ་ཤོལ་འདོར་བ་སོགས་རྒྱལ་པོའི་རྗེས་སུ་འབྲང་བ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་གོང་དུ་དཔྱད་པ་བྱས་པའི་དོན་འཇིག་རྟེན་ལུགས་ཀྱི་མགོ་ཟླ་བའི་གནམ་གང་དེ་ཆད་ཅེས་སམ། དེ་ཉིད་རྒྱལ་ཟླའི་ཡར་ངོའི་ཚེས་གཅིག་ཏུ་སླེབ་ཅེས་པའི་དོན་འཇིག་རྟེན་ལུགས་ཀྱི་མགོ་ཟླའི་གནམ་གང་ཞེས་པའོ། །རྒྱལ་ཟླའི་མར་ངོའི་ཉིན་ཞག་བཅོ་ལྔ་པའི་ཐ་སྙད་ཆད་ནས་འཇོག་ཏུ་མེད་ཀྱང་། དེ་གཉིས་ཀྱི་དོན་མ་ཚང་བར་རྒྱལ་ཟླའི་ཡར་ངོའི་ཚེས་གཅིག་དེ་ལ། དེ་གཉིས་ཀྱི་དོན་ཚང་ཞེས་པའི་དོན་ཡིན་གྱི་འཇིག་རྟེན་ལུགས་ཀྱི་མགོ་ཟླའི་གནམ་གང་དེ་རྒྱལ་ཟླའི་ཡར་ངོའི་ཚེས་གཅིག་ཏུ་བཟུང་ནས་སླར་ཡང་བསྟན་བཅོས་ལུགས་ཀྱི་རྒྱལ་ཟླའི་ཚེས་གཅིག་རྗེས་སུ་འབྱུང་དུ་མེད་པའི་གནད་རྟོགས་ན་དཀའ་བའི་གནད་ཐམས་ཅད་རང་གྲོལ་ཡིན་པས་གོང་དུ་ལན་རིམ་པས་འབུལ་ལོ་ཞེས་སྙན་གསན་ཕབ་ཚར་བ་དེ་ཡིན་པས་སྣོད་མིན་ལ་གསང་བ་སྒྲོག་པར་མ་བྱེད་ཅིག །ཅེས་གསུངས་པ་ནི་རྣམ་དཔྱོད་དང་ལྡན་པའི་གསུང་དུ་མཐོང་ཞིང་སྟག་ཚང་ལོ་ཙཱ་བས་དུས་འཁོར་གྱི་རྒྱས་བཀབ་ཅེས་ཞག་གསུམ་གྱི་རྣམ་དབྱེ་ཞིབ་མོར་གསུངས་པ་ལ་ཟུར་ཟ་བ་ནི་ས་དགེའི་རྟོག་གེ་པ་རྒན་པོ་འདུལ་མངོན་གྱི་རྣམ་གཞག་རགས་པ་ཙམ་ལས་ཁོང་དུ་མ་ཆུད་པའི་རིགས་ལ་ཁ་དང་སོའི་དཔེ་བཞིན་འཚམ་པར་དགོངས་ནས་ཉིད་ཀྱིས་སྟག་ཚང་པར་ལན་མཛད་པར་དོགས་ཀྱང་དོན་གྱི་ཀླན་ཀ་འཇུག་པ་ནི་མ་ཡིན་ནོ། དེ་ལྟར་ཐོབ་པའི་སྡོམ་པ་དེ་ཡང་ལུང་རྣམ་འབྱེད་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་(༡༧༢བ)


GLG014_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཡལ་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་བས་སྡུག་བསྔལ་གཞན་དབང་ཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལ་རྒྱལ་པོའི་ཚིག་ཆེན་ཡང་། །ལན་འགའ་འདས་ན་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་པ། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་སྡོམ་པ་བླངས་ཀྱང་ཚུལ་བཞིན་མ་བསྲུངས་ན་ཉེས་དམིགས་ཤིན་ཏུ་ཆེ་ཞིང་། སོ་སོའི་ངོས་སྐལ་གྱི་སྤང་བྱ་ཕྲ་རགས་སྲོག་ལ་བསྡོས་ཀྱང་འབད་པ་ཆེན་པོས་སྙིང་པོ་ལེན་དགོས་པས་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པའི་ཕྱིར། ཐོས་པ་མི་ཉམས་པ་བསྲུང་བའི་སླད་དུ་ལྟུང་བ་སྡེ་ལྔའི་སྐོར་དང་། ཉམས་ན་ཕྱིར་བཅོས་ཀྱི་རྣམ་གཞག་ཀུན་གལ་ཆེ་ཡང་འདིར་ཡི་གེ་མངས་ཀྱི་དོགས་པས་མ་སྤྲོས་ཤིང་། ལུང་དང་མདོ་འགྲེལ་སོགས་རྒྱ་གར་མཁས་པའི་གཞུང་དང་། ལྗོངས་འདིར་འདུལ་འཛིན་སྔ་ཕྱིར་བྱོན་པའི་བསྟན་བཅོས་རྣམས་ལ་བློ་གྲོས་ཀྱི་འཇུག་པ་ཤར་ན་མཆོག་ཏུ་གྱུར་མོད། དེ་ཙམ་མ་ནུས་ཀྱང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་ཊཱིཀ་རིན་ཅེན་ཕྲེང་བ། སྟག་ཚང་ལོ་ཙཱ་བས་མཛད་པའི་འདུལ་བ་མདོའི་རྣམ་པར་བཤད་པ་འདུལ་བའི་སྙིང་པོ་རབ་ཏུ་གསལ་བ། ལུང་རིགས་གཏེར་མཛོད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ཟབ་དོན་འདུལ་བའི་དཀའ་གནས་ལ་དཔྱད་པ་ལུང་རིགས་ནོར་བུའི་ཐེམ་སྐས་དང་། འདུལ་བའི་གནད་ལ་དོགས་པ་དཔྱད་པ་ལེགས་བཤད་མཁས་པའི་གཏམ་བྱ་གསང་བ་སྒོ་འབྱེད་སོགས་ཊཱིཀ་(༡༧༣ན)


GLG014_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་སྤྱི་དོན་གྱི་རིགས་དང་། གླེང་འབུམ་ཆེན་མོ། གནམ་ཙེ་ལྡེང་དུ་མཁས་མཆོག་རེ་མདའ་པ་གཞོན་ནུ་བློ་གྲོས། སྐད་གཉིས་སྨྲ་བ་སྐྱབས་མཆོག་དཔལ་བཟང་། ཐམས་ཅད་མཁྱེན་ངེས་བློ་བཟང་གྲགས་པ་སྟེ་མཁས་པ་རྣམ་གསུམ་གྱིས་འདུལ་བའི་བསླབ་བྱ་ཕྲ་རགས་ཐམས་ཅད་གཏན་ལ་ཕབ་པའི་ཚེ། རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཅེན་གྱིས་ཟིན་བྲིས་སུ་མཛད་པ། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་བསླབ་བྱས་མཚོན་བླ་མ་སྔ་ཕྱིས་མཛད་པའི་བསླབ་བྱ་ཆེ་ཆུང་ཚོར་ཞིབ་མོར་དཔྱད་ནས་སློབ་དགོས་ལ། མ་བསླབས་པའི་ཉེས་དམིགས་སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ལས། སྡིག་ལྟུང་མི་འགལ་ཏེ་རང་བཞིན་གྱི་ལྟུང་བ་ནི་དེ་གཉིས་ཀ་ཡིན་ལ། བཅས་ལྟུང་ལ་སྡིག་པ་ཡིན་མིན་གཉིས་ཀ་ཡོད་པའི་ཕྱིར་ཏེ། མཛོད་དུ། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་དང་། སངས་རྒྱས་ཀྱི་ནི་བཅས་པ་ཡང་། །ཞེས་བཅས་རང་གི་ལྟུང་བ་གཉིས་ཀ་མི་དགེ་བ་གཟུགས་ཅན་དུ་གསུངས་ཤིང་། འགྲེལ་ཆེན་དང་། བམ་ལྔ་དང་། ལྔ་བཅུ་པ་རྩ་འགྲེལ་སོགས་སུ་ཕམ་པ་དང་མཚམས་མེད་ཀྱི་སྡིག་པ་སོགས་གཞི་རེ་རེའི་སྟེང་དུ་བཞག་ལ་ལོ་དྲིར་སྡེ་ལྔས་རིམ་པ་བཞིན་དུ་ཚ་བ་ནས་ཡང་སོས་ཀྱི་བར་དུ་མས་རིམ་སྐྱེ་བར་འགྱུར་ཞེས་གསུངས་ཤིང་། ཉེས་པ་བཤགས་པའི་ཐབས་ནི་དེ་ཉིད་ལས། གཉིས་པ་ལ་མཐོལ་བས་དང་། བཤགས་པས་དང་། བསྡམས་པས་དང་། བྱིན་གྱིས་བརླབས་པས་ཕྱིར་(༡༧༣བ)


GLG014_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པའོ། །དང་པོ་ལ་ལྔ་སྟེ། ཡུལ་དང་། གང་ཟག་དང་། བསམ་པ་དང་། ཆོ་ག་དང་། དགོས་པའོ། །དང་པོ་ལ། མཐོལ་བྱ་བསྒོ་གྱུར་དང་། སོར་བཤགས་དང་། དེ་ལས་གཞན་པའི་མཐོལ་ཡུལ་རྣམས་རིམ་པ་བཞིན་དགེ་སློང་ཆོས་དགུ་ལྡན་གཞིར་བྱས་མཚམས་ནང་དེར་གཏོགས་ཚད་དང་། གནས་ཁང་དེར་གཏོགས་ཚད་དང་གཅིག་ཡན་ཆད་དོ། །དགུ་ནི། རྫོགས་སྡོམ་རྣམ་དག་དང་ལྡན། མཚན་མཐུན། ལྟ་བ་མཐུན། ཐ་སྙད་གསུམ་དང་ལྡན། ལུས་དང་ས་རང་བཞིན་དུ་གནས་པ་དང་། བྱེ་བ་ན་ཕྱོགས་གཞན་དུ་མ་སོང་མཚམས་ནང་ན་གནས་རང་ལ་རྒྱུད་གཞན་པ་རྣམས་སོ། །གང་ཟག་ནི་དགེ་སློང་གི་སྡོམ་པ་གསོ་བ་ལ་ཞུགས་པ་ཡན་ཆད་ལྡན། ལུས་བསམ་གཉིས་རང་བཞིན་དུ་གནས། གནས་ནས་མ་ཕྱུང་། ལྟུང་བ་ལེགས་པར་དྲན་པར་ནུས་སྔར་བྱས་དང་མ་འབྲེལ་བའོ། །བསམ་པ་ནི། སྤྱིར་མྱང་འདས། སྒོས་སྔར་བྱས་ལ་འགྱོད་ཅིང་ཕྱིན་ཆད་སྡོམ། བསམ་པ་ཐག་པ་ནས་མཐོལ་བར་འདོད་པའོ། །ཆོ་ག་ལ་མ་བཅབས་པའི་དང་། བཅབས་པའི་མཐོལ་བའོ། །དང་པོ་ལ་དམིགས་བསལ་ཐ་ན་མིང་གོ་བར་བྱ་བ་ཙམ་གྱིས་འགྲུབ་ལ། སྤྱིར་བཏང་ནི་འཆབ་ཉེས་མེད་ཀྱང་བཤགས་ཡུལ་མ་ཚང་ན་ཆོས་འདི་པ་གང་རུང་ཞིག་ཡན་ཆད་ལ་མཐོལ་བར་བཤད་དེ། སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས་ས་བརྐོ་བའི་ལྟུང་བྱེད་ཅིག་བྱུང་སྟེ། བདག་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་(༡༧༤ན)


GLG014_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་མི་འགྱུར་རོ། །ཐབས་ལེགས་བྱ། འདི་ལ་འཆགས་སོ་ཞེས་སོགས་མི་སྦྱར་རོ། །འདིས་ནི་འཆབ་ཉེས་ཁེགས་སོ། །ཞེས་སོགས་སྦྱར་རོ། །སོར་བཤགས་ཡིན་ན་བདག་ལ་དམད་པའི་གནས་མི་རིགས་པ་དགེ་སློང་མ་ལ་ཟས་ལེན་པའི་སོ་སོར་བཤགས་པ་བྱུང་གི །ཆོས་དེ་སོ་སོར་འཆགས་སོ་ཞེས་ལན་གཅིག་གོ །བཅབས་པའི་མཐོལ་བ་ནི་འཆབ་རྒྱུའི་ལྟུང་བ་དང་། བཅབས་པའི་ཞག་གཉིས་ཀ་གཅིག་གཉིས་ཡིན་ན་རང་མིང་། གསུམ་ཡན་ཆད་གྲངས་ཀྱིས་ཆོད་ན་ཚད་ཤིན་ཏུ་མང་པོ་གྲངས་ཞེས་སྦྱར་བར་བྱ་སྟེ། དཔེར་ན། དགོངས་སུ་གསོལ་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་བཞིས་བསྡུས་ཀྱི་ཉེས་བྱས་ཀྱི་སྡེ་ཚན་ལས། ས་བརྐོ་བའི་ལྟུང་བྱེད་ལྟ་བུ་གཅིག་གཉིས་སམ། ཤིན་ཏུ་མང་པོའམ་དཔག་ཏུ་མེད་པ་བྱུང་བ་དགུང་ཞག་གཅིག་གཉིས་སམ། ཤིན་ཏུ་མང་པོའམ་དཔག་ཏུ་མེད་པ་བཅབས་པའི་ཉེས་པ་གཅིག་གཉིས་སམ། ཤིན་ཏུ་མང་པོ་འམ་དཔག་ཏུ་མེད་པ་བྱུང་སྟེ། བདག་མིང་འདི་ཞེས་བྱ་བའི་ཉེས་པ་དེ་དང་། དེ་ཚེ་དང་ལྡན་པའི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །མཐོལ་ཞིང་བཤགས་ན་སོགས་འདྲའོ། །དེ་ཡང་ཡུལ་རྒན་ན་ཕྱག་བྱས་ནས་བཙུན་པ་ཞེས་དང་། གཞོན་ན་ཕྱག་མི་བྱ་བར་ཚེ་དང་ལྡན་པ་དང་། གཉིས་ཀ་ལ་གནས་བརྟན་ཞེས་བརྗོད་དོ། །དགོས་པ་ནི་འཆབ་པ་མི་འབྱུང་བ་དང་། བཅབས་ཉེས་འདག་པ་དང་། ལྟུང་(༡༧༤བ)


GLG014_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དངོས་གཞིའི་བཤགས་པ་འཆགས་པའོ། །གཉིས་པ་བཤགས་པས་ཕྱིར་བཅོས་པ་ལའང་ཡུལ་སོགས་ལྔ་ལས་ཡུལ་ལ། ཕམ་ལྷག་གི་དངོས་གཞིའི་བཅོས་ཐབས་འོག་ཏུ་སྟོན་པས་ན། ཕམ་པའི་སྦོམ་པོ་ལྕི་བ་དང་། ཡང་བ་གཉིས་ལྷག་པའི་སྦོམ་པོ་དང་། དེ་ལས་གཞན་པའི་ལྟུང་བ་སྡེ་ཚན་པ་བཞི་ལ་རིམ་པ་བཞིན་དགེ་སློང་ཆོས་དགུ་ལྡན་མཚམས་ཀྱི་ཕྱི་ནང་མ་བཅད་པ་དྲུག་དང་། ནང་དུ་མ་བཅད་པ་བཞི་དང་། ལྔ་དང་། གཅིག་རྣམས་རིམ་པ་བཞིན་ཏེ། དགུ་ནི་སྔ་མ་ཇི་བཞིན་ནོ། །གང་ཟག་ཀྱང་སྔ་མ་ཇི་བཞིན་ལ་འདི་ལ་དགེ་སློང་ཡན་ལག་ཏུ་མི་དགོས་ཏེ། རབ་བྱུང་ལ་འཆབ་པ་མི་འབྱུང་བས་མཐོལ་བ་མི་དགོས་ཀྱང་བཤགས་པ་དགོས་པས་སོ། །དེས་ན་བསྙེན་པར་མ་རྫོགས་སྡོམ་པ་གསོ་བ་ལ་ཞུགས་པ་ཡན་ཆད་དོ། །བསམ་པ་ཡང་འདྲ་བ་ལས་ཁྱད་པར་བཤགས་པར་འདོད་པས་སོ། །ཆོ་ག་སྔ་རབས་པ་རྣམས་མཐོལ་བཤགས་རིམ་གྱིས་པ་དང་ཅིག་ཅར་བ་ཞེས་པའི་དབྱེ་བ་བྱེད་མོད་ཀྱིས། འཆབ་ཉེས་ཡོད་མེད་དུ་འདུག་ལ་འཆབ་ཉེས་མེད་པ་ལ་མཐོལ་བའི་དོན་མེད་པས་ཅིག་ཅར་བའི་ཐ་སྙད་དོན་དང་མི་མཐུན་ནོ། །དེས་ན་འཆབ་ཉེས་ཡོད་ན་མཐོལ་བའི་ཆོ་ག་སྔ་མ་བཞིན་དང་། ཡུལ་ཡོད་ལ་ཕྱིར་མ་བཅོས་པའི་ཉེས་པ་ཡོད་ན་ཡང་སྟེ་དང་ལྷན་ཅིག་བཤགས་པ་སྔོན་དུ་བཏང་ནས་དེ་རྗེས་དངོས་བཞི་བཤགས་པར་བྱ་ལ། འཆབ་ཉེས་སོགས་མེད་ན་དངོས་གཞི་ཉིད་བཤགས་པར་བྱ་ཞིང་སྔགས་ནི་སྔར་བཤད་པའི་རིགས་པ་སྦྱར་བས་ཤེས་པར་ནུས་སོ། །དགོས་(༡༧༥ན)


GLG014_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མཚན་ཉིད་འདི་ལྟ་བུ་ཚང་ན་རང་རྒྱུད་ཀྱི་ལྟུང་བའི་མིང་དོན་འདག་པ་དང་། ལག་ལེན་གྱི་མིག་ལྟོས་བསྐྱེད་ནས་བསྟན་པ་ལ་ཕན་ཞིང་ཚུལ་ཁྲིམས་རྣམ་པར་དག་པའི་ཕན་ཡོན་མཐའ་དག་འབྱུང་ངོ་། །བསྡམ་པས་ཕྱིར་བཅོས་པ་ནི་ལུས་ངག་ཏུ་མ་ཐོན་པར་གཞན་འཆི་བར་འདོད་པ་ལྟ་བུའི་ཉེས་བྱས་ནི་སྔ་མ་ལ་འགྱོད་པ་དང་ཕྱིས་མི་བྱའོ་སྙམ་དུ་རང་གི་ཡིད་ལ་བསྡམ་པ་ཉིད་ཀྱིས་བདག་གོ །བྱིན་གྱིས་བརླབས་པས་ཕྱིར་བཅོས་པ་ནི་གསོ་སྦྱོང་གི་གཞིར་བཤད་པ་བཞིན་ནོ། །ཕྱིར་མ་བཅོས་པའི་ཉེས་དམིགས་ནི་མིག་ལྟོས་ངན་པས་བསྟན་པ་ལ་གནོད་ཅིང་རྣམ་སྨིན་ངན་སོང་དུ་ལྟུང་བས་རྒྱུད་དེ་ལ་གནོད་པའོ། །ཕན་ཡོན་ནི་དེ་ལས་བཟློག་པའོ། །ཚིག་གི་དོན་ལ་ཕྱིར་བཅོས་ཀྱི་རྒྱུ་ནན་ཏུར་བཤད་པ་དང་། ཕྱིར་བཅོས་དངོས་བཤད་པ་དང་གཉིས་ལས། དང་པོ་ལ། ནན་ཏུར་སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ལ་གང་ལ་བྱ་བའི་གཞི་ངེས་པར་བྱ་བ་དང་། དེ་ལྟར་བྱས་པ་ལ་བཟོད་པ་བླང་བའོ། །དང་པོ་ལ། སྤྱིར་བཏང་ནི། འདུལ་བར་གཏོགས་པའི་ནན་ཏུར་གྱི་ལས་ཆོས་ཅན། གཞི་གང་རུང་རུང་ལ་ཁྱོད་བྱས་ཀྱང་མི་འཆགས་ཏེ། ཁྱོད་འཆགས་པའི་གཞི་ལ་སྤྱིར་བཏང་དུ་རྒྱུ་རྐྱེན་གྱི་ཁྱད་པར་སུམ་ལྡན་ཞིག་དགོས་པའི་ཕྱིར་རོ། །དེ་ཡང་རྒྱུའི་ཁྱད་པར་འཐབ་ཀྲོལ་སོགས་ཀྱི་གཞི་ལ་ཞུགས་ཤིང་མ་བཏང་བའི་སྒོ་ནས་མ་ཞི་བར་དེར་གནས་ཕལ་ཆེར་གྱིས་ཤེས་ཤིང་། རྐྱེན་གྱི་ཁྱད་པར་གླེང་བ་པོ་དགེ་འདུན་གྱིས་གླེང་དྲན་སོགས་ཀྱི་སྒོ་ནས་གང་དང་གང་གི་གཞི་ཡིན་པ་དེ་སོ་སོར་ཤེས་པར་བྱས་ནས་མངོན་སུམ་དུ་ཞལ་ལྕེེ་བཅད་པ་དང་། གླེང་བྱ་དེས་དགེ་འདུན་གྱི་མངོན་(༡༧༥བ)


GLG014_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱུ་མི་གཏོང་ངོ་ཞེས་མངོན་སུམ་དུ་འཇོག་པ་རྣམས་ལ་ནན་ཏུར་གྱི་ལས་བྱ་དགོས་པའོ། །འོ་ན་གླེང་བ་པོ་དགེ་འདུན་ཡིན་ན་དགེ་འདུན་ཐམས་ཅད་ཀྱིས་ཅིག་ཅར་གླེང་ངམ་ཞེ་ན། དེ་ནི་མི་མཛེས་པས་བསྐོས་པའི་གླེང་བ་པོ་གཅིག་གིས་གླེང་ལ་དེ་ཡང་རང་དང་བླངས་ཀྱིས་མ་བྱུང་ན་སོགས་སོ། །དེ་ལྟར་ན་རྒྱུ་ལ་མ་ཞུགས་པའམ་བཏང་བ་དང་། དགེ་འདུན་གྱིས་གཏན་ལ་མ་ཕེབས་ན་ཀུན་མི་ཆགས་ལ། མངོན་སུམ་དུ་མི་འཇོག་ན་ཕལ་ཆེར་མི་འཆགས་སོ། །དམིགས་བསལ་ནི་མངོན་སུམ་དུ་འཇོག་པ་མ་ཚང་ནའང་ནན་ཏུར་འཇོག་པ་ཆགས་པ་ཡོད་དེ། དགེ་འདུན་གྱི་ནང་དུ་ལུས་འདུ་བ་མི་སྟེར་ཞིང་ཡན་ལག་གཞན་ཚང་ན་རྒྱུ་དེ་ལ་ཞུགས་ཤིང་མ་བཏང་བར་ཀུན་ལ་གྲགས་པ་ཙམ་གྱིས་བྱེད་པས་སོ། །གཞན་ཡང་རྒྱུ་དེ་ཡོད་པར་ཁས་ལེན་བཞིན་དུ་མངོན་སུམ་དུ་འཇོག་པ་ནན་ཏུར་ཀུན་གྱི་ཡན་ལག་ཏུ་མི་དགོས་ཏེ། མ་མཐོང་བ་གནས་ནས་དབྱུངས་པ་ལ་ནི་ལྟུང་བ་ཁས་ལེན་པ་འཆགས་པའི་ཡན་ལག་མ་ཡིན་པའི་ཕྱིར་ཏེ། ཁས་ལེན་ནི་ནན་ཏུར་དེའི་རྒྱུ་ཡོད་པ་ཉིད་རྣམ་པར་བཤིག་པས་མི་འཆགས་པའི་ཕྱིར་རོ། །དེ་བཞིན་དུ་ལྟུང་བ་གླེངས་པའི་སྐབས་མི་འབྱེད་པ་ལའང་བརྗོད་བཅས་ཕུར་བཅས་བྱེད་པ་ནའང་གྲགས་པའང་མངོན་སུམ་ཉིད་ཀྱིས་བྱ་བར་རིགས་ཀྱི་ཁས་ལེན་པ་ཡན་ལག་མ་ཡིན་ཏེ། ཁས་ལེན་པ་ཡན་ལག་ཏུ་རྒྱུ་མཚན་གཉིས་ཀྱིས་མི་རིགས་པའི་ཕྱིར་ཏེ་སྐབས་མི་འབྱེད་པའི་བསྒྲུབ་བྱ་དེ་ལ་རང་ངོས་ནས་ཁས་བླང་ངོ་སྙམ་པའི་བློ་མེད་པའི་ཕྱིར་དང་། དེ་ལ་གཞན་གྱིས་གླེང་བ་ཉིད་ཀྱང་མི་རིགས་པའི་ཕྱིར་རོ། གླེང་བ་པོ་རང་མ་ལངས་ན་གསོལ་གཉིས་ཀྱིས་བསྐོ་བས་བླང་བར་བྱའོ། །དེ་ལྟར་ནན་ཏན་གྱིས་གླེང་བ་པོ་བསྐོ་(༡༧༦ན)


GLG014_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་བྱེད་དགོས་པ་ནི། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ནི་བརྩེ་བས་རྗེས་སུ་བཟུང་དགོས་པས་སོ། །གཉིས་པ་ནི། དགེ་འདུན་ལ་བཤེ་ཁྲོ་སྤྱོ་བ་ཉིད་དུ་མི་འཛིན་པ་དང་། དགེ་འདུན་གྱི་རྙེད་པ་དང་གནས་མེད་པར་བྱ་བར་སེམས་པ་ཉིད་མི་འཛིན་པ་དང་། བླའི་གྲ་སོགས་གསུམ་རྟེན་ཉིད་དུ་མི་འཛིན་པ་དང་། དགེ་འདུན་རྟེན་མིན་པ་ཉིད་དུ་མི་འཛིན་ཏེ། མི་འཛིན་པ་བཞི་ལས། དང་པོ་འཁོན་འཛིན་སྤོང་བ། གཉིས་པ་བསམ་པ་ཕྱིན་ཅི་ལོག་སྤོང་བ། འོག་མ་གཉིས་རྟེན་ཕྱིན་ཅི་ལོག་སྤོང་བའོ། །ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་དང་། མུ་སྟེགས་ཅན་ལ་བརྟེན་པར་མི་བྱེད་པ་དང་། ཆོ་ག་མ་ཡིན་པ་སྤྱོད་པར་མི་བྱེད་པ་དང་། དགེ་སློང་གི་བསླབ་པ་ལ་མི་སློབ་པར་མི་བྱེད་པ་བཞི་ལས། དང་པོ་གཉིས་རྟགས་ཕྱིན་ཅི་ལོག་སྤོང་བ། ཕྱི་མ་གཉིས་བསླབ་པ་ཕྱིན་ཅི་ལོག་སྤོང་བའོ། །སྐྲ་གྱེན་དུ་འགྲེང་ཕྲེད་ལ་འཕྱར་སྤུ་འཁུམས་ཤིང་སྙོལ་བར་བྱེད་པ་ནི་ང་རྒྱལ་དང་རྒྱགས་པ་སྤོང་བའོ། །དམན་པའི་གནས་ནས་རང་བཞིན་དུ་གནས་པར་འབྱུང་བར་བསྐྱོད་པ་དང་། དགེ་འདུན་དང་མཚུངས་པའི་གུས་པའི་སྤྱོད་ལམ་ཉེ་བར་སྟོན་པ་གཉིས་ནི་དགེ་འདུན་མི་འདོད་པ་སྤོང་པའོ། །འཐབ་ཀྲོལ་སོགས་འཕྲོ་གཅོད་པས་རྒྱུ་ལས་བཟློག་པ་དང་། ཞེ་ཐག་པ་ནས་བཟོད་པ་གསོལ་བ་ནི་དམན་པའི་གནས་ལ་དང་དུ་ལེན་པ་སྤོང་བ་སྟེ་བརྒྱད་ལྡན་པ་བཟོད་པ་བླང་བར་བྱའོ། །བཟོད་པ་བླང་བ་ལ་གསོལ་བ་ཡན་ལག་(༡༧༦བ)


GLG014_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགོས་པ་བཞིན་དུ་ཁང་པ་ཁང་ཆེན་བསྟན་པ་ལྟ་བུའི་ལས་སྦྱིན་པ་དང་། ལྷག་མ་དབྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་དང་། ལྷུང་བཟེད་ཁས་དབུབ་པ་བསྲང་བ་ལ་ཡང་གསོལ་བ་ལན་གསུམ་དུ་མི་འདེབས་པ་ལ་མི་སྦྱིན་ཞེས་པའོ། །གཉིས་པ་སོ་སོར་བཤད་པ་ལ་སྤྱི་དོན་བཞི་སྟེ། འབྲེལ་བསྒྲུབ་པ་དང་། གང་ཟག་གང་ལ་བྱ་བ་དང་། དེ་ལ་བཅས་པའི་ནན་ཏུར་གྱི་རང་བཞིན་དང་། ནན་ཏུར་བྱས་ནས་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི་སངས་རྒྱས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ནི་ཆོས་གོས་ཟླུམ་པོར་བགོ་བ་སོགས་ཀྱི་བསྒྲུབ་པའི་བསླབ་པ་འབའ་ཞིག་མ་གཏོགས་དགག་པའི་བསླབ་པ་འཆའ་མི་དགོས་ཏེ། གང་ཟག་རྒྱུད་སྨིན་ཅིང་ཚོགས་བསགས་པ་ངོ་ཚ་དང་ལྡན་པ་ཤ་སྟག་ཡིན་པའི་ཕྱིར་རོ། །དེ་རྗེས་བཟང་སྦྱིན་སོགས་ཀྱིས་བསྟན་པ་ལ་རྨ་གཏད། གང་ཟག་རྒྱུད་འདྲེས་མར་གྱུར་པས་ལྟུང་བ་སྡེ་ལྔ་སོགས་ཀྱི་དགག་བཅས་མཛད་ཅིང་མ་བསྲུངས་པ་དང་བསྲུངས་ན་ཡང་སོས་སོགས་ཚ་དམྱལ་དྲུག་ཏུ་དང་། འདོད་ལྷ་དྲུག་ཏུ་སྐྱེ་བའི་ཉེས་དམིགས་དང་ཕན་ཡོན་རྒྱས་པར་གསུངས་སོ། །དེ་རྗེས་ཕན་ཡོན་དང་། ཉེས་དམིགས་ཀྱིས་སྤྲོ་བ་དང་སྐྱོ་བ་གཉིས་ཀ་མ་སྐྱེས་པའི་གང་ཟག་འགའ་ཞིག་ལ་ནན་ཏུར་དང་། ས་གཞན་གྱི་ཆད་ལས་དང་། ཚུལ་འཆལ་བསྐྲད་པ་སོགས་གསུངས་སོ། །གཉིས་པ་ནི། དམར་སེར་ཅན་གྱི་གཞི་ལས། དམར་སེར་ཅན་ལ་བསྡིགས་པ་དང་། །ལེགས་ལྡན་ལ་ནི་སྨད་པ་དང་། །འགྲོ་མགྱོགས་ནབ་སོ་བསྐྲད་པ་སྟེ། །ཆུ་སྟོད་ལ་ནི་ཕྱིར་འགྱེད་དང་། །འདུན་པ་ལ་ནི་མ་མཐོང་དང་། །(༡༧༧ན)


GLG014_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་སླར་ནི་མི་འཆོས་པ། འཆི་ལྟས་སྡིག་པའི་ལྟ་བ་ཅན། །ཞེས་པ་རྣམས་སོ། །གསུམ་པ་ནི། ནན་ཏུར་ཐམས་ཅད་གཞི་རྩ་ཅན་ཡིན་ཏེ། རང་རང་གི་གཞི་གང་ཡིན་ལ་བྱེད་དགོས་ཀྱིས་གཞན་ལ་གཞན་དུ་བྱས་ན་མི་འཆགས་ཏེ། གཞན་དུ་ན་མི་འཆགས་སོ་ཞེས་བཤད་པའི་ཕྱིར་ཏེ། དཔེར་ན་གླེང་དྲན་སྔོན་དུ་བཏང་བའི་ཚེ་འཐབ་ཀྲོལ་བྱེད་པར་མཐུན་ནང་དུ་གྲུབ་ཀྱང་བསྒྲུབ་བྱས་གླེང་བའི་སྐབས་མི་འབྱེད་པ་དང་། ཕྱེ་ཡང་གཉེན་ནོར་མི་བྱེད་པ་ལྟ་བུ་ལ་གྲགས་པས་མངོན་སུམ་གྱིས་བསྡིགས་པ་ནན་ཏུར་ཉིད་བྱའི། བརྗོད་བཅས་ཕུར་བཅས་སོགས་མི་བྱེད་པའི་ཕྱིར་རོ། །འོ་ན་བརྗོད་བཅས་ཕུར་བཅས་གང་ལ་བྱ་ཞེ་ན། བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པའི་ཕྱེད་དུ་གླེངས་བ་ལྟ་བུ་མ་ཡིན་པ་ལྟུང་བ་ཕྱིར་བཅོས་སུ་གཞུག་པའི་ཕྱིར་དུ་གླེངས་བ་ན་སྐབས་མི་འབྱེད་ན་བརྗོད་བཅས་དང་ཕྱེ་ཡང་བསྙེན་པར་མི་བྱེད་ན་ཕུར་བཅས་བྱའོ། །ནན་ཏུར་རང་རང་གི་གཞི་ལ་ནན་ཏུར་སོ་སོར་བྱས་ཀྱང་མ་ཐུལ་ན་འཐབ་ཀྲོལ་ལ་འབད་པས་མ་ལོག་པ་ལ་གནས་དབྱུང་བྱ་བར་གསུངས་པའི་རིགས་པས་ནན་ཏུར་ཀུན་གྱི་མཐར་གནས་དབྱུང་ནན་ཏུར་འཐོབ་བོ། །བཞི་པ་ནི། རབ་བྱུང་བསྙེན་རྫོགས་བྱེད་དུ་མི་གཞུག་པ་སོགས་ཆད་པའི་ལས་བྱ་བ་དང་། བཟོད་པར་འོས་ན་དེ་སླད། ལས་དང་འཁོར་ལོ་བྱེ་བ་དང་རྩོད་པར་གྱུར་ན་སྡུམ་བྱེད། འོག་ནས་འཆད་པ་བཞིན་བསྡུམས་པ་རྣམས་ནན་ཏུར་གྱི་མཐའ་ལ་བྱ་བར་རིགས་ཀྱི་མགོ་མེད་ལ་མགོ་དང་ཤམ་བུ་མེད་པ་ལ་ཤམ་བུ་འདོགས་པ་སོགས་ནི་རང་བཟོའི་(༡༧༧བ)


GLG014_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པར་ཟད་པས་མི་བྱའོ། །གཞུང་དོན་ནི། ལས་ཀྱིས་ཞེས་པ་གསོལ་བཞིའི་ལས་ཏེ། སྐབས་འདིའི་ནན་ཏུར་བདུན་ཀ་ལ་སྦྱར་ལ། དགེ་སློང་དམར་སེར་ཅན་ལྟ་བུ་དགེ་འདུན་གྱི་ནང་དུ་འཐབ་ཀྲོལ་དང་རྩོད་པ་སྐྱེད་པར་བྱེད་པ་ལ་བསྡིགས་པ་ནན་ཏུར་བྱ་ཞིང་། དགེ་ལྡན་ནམ་ལེགས་ལྡན་ལྟ་བུ་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་སྟེ་བཞི་བཏུད་དུ་བྱེད་པ་ལ་སྨད་པ་ནན་ཏུར་དང་། འགྲོ་མགྱོགས་དང་། ནབ་སོ་ལྟ་བུ་ཁྱིམ་པ་སུན་འབྱིན་པ་ལ་བསྐྲད་པ་ནན་ཏུར་བྱ་སྟེ་ནན་ཏུར་དེའི་ཕྱིར་དུ་ལུས་མངོན་སུམ་དུ་འདུ་བ་མི་སྦྱིན་པ་དང་སྐབས་མི་འབྱེད་པ་དག་ལ་ནན་ཏུར་དེ་གྲགས་པ་ཙམ་གྱིས་བྱ་ཞིང་། འདུ་ལ་སྐབས་འབྱེད་ཀྱང་དེ་མ་མཐོང་ངོ་ཞེས་ཟེར་ནས་ཁས་མི་ལེན་ཡང་དེ་ཉིད་བྱའོ། །དགེ་སློང་དམ་པའམ་ཆུ་སྟོད་ལྟ་བུ་ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ནི་ཕྱིར་འགྱེད་པ་ནན་ཏུར་བྱ་ཞིང་། འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་ཁྱིམ་པ་དེ་སོགས་ཏེ། དེ་རྣམས་ནི་ནན་ཏུར་བཞི་ཞེས་གྲགས་ཤིན་ཏུ་ཆེ་བ་རྣམས་སོ། །འདུན་པ་ལྟ་བུ་ལྟུང་བ་གྲགས་པ་སོགས་གསུམ་པོ་དགེ་འདུན་གྱིས་ཤེས་པ་དང་། ལྟུང་བ་དེ་མ་མཐོང་ངོ་ཞེས་སོགས་གཉིས་ལ་ཕྱིར་མི་འཆོས་པ་དང་མ་མཐོང་བ་གནས་དབྱུང་དང་། དགེ་སློང་བོང་རྫི་འཆི་ལྟས་ཅན་ལྟ་བུ་སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བ་ན་ནི་སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བར་བྱའོ། །ནན་ཏུར་གྱི་ལས་དངོས་དེ་རྣམས་རྫོགས་པའི་མཇུག་ཆོག་ནི་འདི་ཉིད་དུ་སོགས་སོ། །གཉིས་པ་ཕྱིར་བཅོས་དངོས་ལ་གསུམ་ལས། མཐོལ་བས་ཕྱིར་བཅོས་པ་ལ་རང་བཞིན་སྤྱིར་བཏང་བ་ནི། ལྟུང་བ་བཅབས་པར་མི་(༡༧༨ན)


GLG014_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་མཐོལ་བའི་སྔགས་སྤྱི་དོན་དུ་བརྗོད་པས་མཐོལ་བར་བྱའོ། །དམིགས་བསལ་ནི། ཐ་ན་མིང་སོགས་སོ། །དེ་ཡང་ཉེས་བྱས་ནི་བདག་ལ་ལྟུང་བའམ་ཁ་ན་ཐོ་བ་བྱུང་ངོ་ཞེས་སོགས་ཐ་སྙད་གང་ཡང་རུང་བས་སོ། །ཡུལ་ནི་ཚུལ་ཁྲིམས་རང་བཞིན་དུ་གནས་པ་སོགས་ནས་མཚན་མཐུན་པའི་བར་བཞི་ལྡན་དགོས་ལ། བཞི་ལྡན་དེ་ཉིད་ལ་བསྙེན་པར་རྫོགས་པ་འདི་དང་འོག་མ་བསྙེན་པར་མ་རྫོགས་པས་མཐོལ་དགོས་ཀྱི། དགེ་ཚུལ་སོགས་ལ་སྤྱིར་བཏང་མཐོལ་ཡུལ་མི་རུང་སྟེ་རབ་ཏུ་སོགས་ཀྱི་ཕྱིར་རོ། །དམིགས་བསལ་དུ་ཆོས་འདི་པའི་སྡེ་ལྔ་དང་ཁྱིམ་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་ལྟ་བ་ཅན་ཡན་ཆད་ལ་གོ་བ་དེ་བྱས་ན་མཐོལ་བ་བྱས་པ་ཡིན་ལ་སྒྲུབ་ནུས་བཞིན་དུ་ན་ཉེས་བྱས་སུ་བཤད་དོ། །འདིའི་ཡུལ་ནི་ནམ་མཁའ་ལ་གནས་པ་ལ་གོ་བར་བྱས་ཀྱང་འགྲུབ་པས་མཚམས་སོགས་སོ། །བསྒོ་སོགས་མདོ་གཉིས་ཀྱི་དོན་སྤྱི་དོན་དུ་བཤད་ཟིན་ལ་སོར་བཤགས་ཀྱི་སྔགས་ནི་ཚེ་དང་ལྡན་པ་བདག་ལ་སོགས་སོ། །དེ་ནི་ལན་ཅིག་གིས་འགྲུབ་པས་སྔགས་དང་སོགས། བསྡམས་པས་ཕྱིར་བཅོས་པ་ནི་ལུས་ངག་ཏུ་མ་ཐོན་པའི་ཡིད་ཀྱི་ཉེས་བྱས་དེ་ལས་སོགས་བཤགས་པས་ཕྱིར་བཅོས་པ་ལ་ལྟུང་བ་གཞན་གྱི་ཕྱིར་བཅོས་དང་། ཕམ་ལྷག་གི་ཕྱིར་བཅོས་སོ། །དང་པོ་ལ། ཆད་ལས་ལ་མི་བལྟོས་པ་ལ་ཆོ་ག་ནི་ཡིད་ལས་གཞན་པ་ལུས་ངག་ཏུ་ཐོན་པའི་ལྟུང་བ་ལས་ནི་སྡོམ་སེམས་དེ་དང་བཅས་པའི་ངག་ཏུ་བཤགས་པར་བྱའོ། །ཡུལ་ནི་ཕམ་ལྷག་ལས་གཞན་པའི་ལྟུང་བ་ལ་བཤགས་ཡུལ་མང་པོ་མི་དགོས་པས་གྲངས་(༡༧༨བ)


GLG014_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ལྟ་བ་དང་འགྲེལ་པས་མཚན་ཐ་མི་དད་པ་དང་། རྙེད་ན་ལྟུང་བྱེད་སོགས་ཀྱི་སྡེ་ཚན་ལས་མེད་ན་ལྟུང་བ་ལས་ཁ་ན་མ་ཐོ་བ་མི་མཐུན་པ་ལ་བཤགས་ཡུལ་བྱའོ། །ཆད་ལས་ལ་བལྟོས་པ་ནི་སྤངས་པའི་ལྟུང་བྱེད་ལས་ནི་སྤང་ལྟུང་ཕོག་པའི་རྫས་དེ་སྤངས་པ་སོགས། གཉིས་པ་ལ་སྦོམ་པོའི་དང་། ལྷག་མ་དངོས་གཞིའི་ཕྱིར་བཅོས་སོ། །དང་པོ་ནི། ལྷག་མ་དང་སོགས་མདོ་བཞི་སྟེ་དོན་སྤྱི་དོན་དུ་བཤད་ཟིན་ཏོ། དེ་དག་ནི་ཡུལ་གྱི་གྲངས་ཡིན་ལ། བསམ་པ་ནི་འགྱོད་སེམས་དང་སྡོམ་སེམས་ཡོད་ན་ཆོ་ག་ལ་མི་བལྟོས་པ་ཡང་སྲིད་དེ། ཚེའི་མཐར་འཆི་ཁའི་ཚེ་ཕྱིར་བཅོས་དེ་ལ་བསམ་པ་ཐག་པ་ནས་བཙལ་བ་སྟེ། རྩོལ་བ་བྱས་པ་ཡུལ་མེད་པ་སོགས་ཀྱིས་རྐྱེན་སོགས་ཏེ་ལྟུང་བ་ལས་ལྡང་བར་གསུངས་ལ་དངོས་གཞི་སྨྱོས་པས་བྱས་པ་དེ་ཕྱིར་སངས་པ་ན་བདག་གིས་དེ་བྱས་སོ་ཞེས་འདུ་ཤེས་པ་ན་ཉེས་བྱེད་དེ་ཉེས་བྱས་དང་འདྲ་བས་གཅིག་ལ་བཤགས་དགོས་སོ། །སྤྱིར་བཏང་དུ་ནི་བཤགས་ཚུལ་གང་རུང་རུང་གིས་རྣམ་སྨིན་འདག་སྲིད་ཀྱང་ལྟུང་བའི་ཐ་སྙད་མི་འདག་སྟེ། ལྟུང་བའི་ཐ་སྙད་ལས་ལྡང་བ་ལ་ལྷག་སྦོམ་སོགས་ཀྱིས་མིང་དང་ཀུན་སློང་འདིས་བླང་ཞེས་སོགས་ཀྱི་རིགས་དང་ལྡན་པར་བརྗོད་དགོས་པས་སོ། །དེ་ནས་སྟོབས་བཞི་ཚང་བའི་བཤགས་སྡོམས་ཀྱིས་རྣམ་སྨིན་འདག་ལ། མིང་རིགས་བརྗོད་པས་ཐ་སྙད་འདོག་པས་ན་གཉིས་ཀ་ལ་འབད་པར་བྱའོ། །ལྷག་མ་དངོས་གཞིའི་ཕྱིར་བཅོས་ལ་ཆོ་གའི་ཁྱད་པར་དང་། དེ་ལས་ལྡང་ཐབས་བཤད་པའོ། །དང་པོ་ནི་དགེ་འདུན་ལྷག་མ་བཅོས་པ་ནི་ཆོ་གའི་(༡༧༩ན)


GLG014_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཁྱད་པར་བ་ཡོད་དེ། བཤགས་པ་བྱེད་པའི་ཚེ་བཅབས་ཉེས་ཡོད་ན་དུས་འདི་སྲིད་ཅིག་བཅབས་པ་ཉིད་དང་བཅས་ཏེ་བརྗོད་དགོས་ལ། མེད་ན་མ་བཅབས་པའི་ལྷག་མ་ཞེས་པའི་ཚིག་བཅས་ཏེ་བརྗོད་དགོས་པས་སོ། །དེས་ན་ཁ་ཅིག་མ་བཅབས་ན་བརྗོད་མི་དགོས་ཞེས་ཀྱང་ཟེར་རོ། །འོན་ཀྱང་འགྲེལ་ཆེན་དུ་མ་བཅབས་པ་ཉིད་དང་། བརྗོད་པར་བྱའོ་ཞེས་བཤད་པས་མི་རིགས་སོ། །གཉིས་པ་ལ་དབྱུང་བའི་སྔོན་འགྲོ་སྤོ་མགུ་དང་། དབྱུང་བ་དངོས་སོ། །དང་པོ་དངོས་སོ། །དང་པོ་ལ། སྤྱི་དོན་དང་གཞུང་དོན་ནོ། དང་པོ་ལ། སྤོ་བ་དང་། མགུ་བའོ། །དང་པོ་ལ་སྦྱིན་པ་དང་སྤྱད་པའོ། །དང་པོ་ལ་བདུན་ལས། དགེ་འདུན་ནི་མཚན་ཉིད་སུམ་ལྡན་གྱིས་སོ། །ཡུལ་ནི་མཐོལ་བ་དང་འདྲ་བ་ལས་མཐོལ་བ་སྔོན་དུ་མ་སོང་བ་ཞེས་པའི་གནས་སུ་དམན་པའི་གང་ཟག་ཡིན་པ་དང་། ཚོགས་སུ་མ་ཚང་བ་དང་འཆབ་ཉེས་དང་ལྡན་པའོ། །བསམ་པ་ནི་དགེ་འདུན་གྱིས་དེ་ལ་ཕན་སེམས་ཀྱིས་བསམ་པ་ཐག་པ་ནས་སྦྱིན་འདོད་དང་། ཡུལ་གྱིས་མྱང་འདས་ཀྱི་བསམ་པས་ནོད་པར་འདོད་པའོ། །དུས་ཇི་སྲིད་བཅབས་པ་དེ་སྲིད་དུའོ། །ཆོ་ག་ལ་སྦྱོར་བ་གསོལ་བ་གདབ་པ་དང་། དངོས་གཞི་སྤོ་བ་དང་། གཞི་སྤོ་དང་། ཡང་གཞི་སྤོ་གསུམ་སྦྱིན་པའོ། །དགོས་པ་ནི་དངོས་སུ་སྤྱད་པ་འཆགས་ཤིང་རྒྱུད་ནས་འཆབ་འདག་པའོ། །སྒྲ་བཤད་པ་ནི་རང་བཞིན་དུ་གནས་པ་དག་པའི་ས་ནས་མ་དག་པའི་གཞན་དུ་སྤོ་བས་སྤོ་བའོ། །སྤྱད་པ་ནི་འོག་ནས་སྟོན་ནོ། །མགུ་བ་ཡང་གཉིས་ཏེ། སྦྱིན་པ་ལ་དགེ་འདུན་(༡༧༩བ)


GLG014_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསམ་པ་སྔར་བཞིན་ལས། ཡུལ་ནི་འདྲ་བ་ལ་ཁྱད་པར་འཆབ་པ་དང་མི་ལྡན་པ་ཞེས་སྦྱར་རོ། །དུས་ནི་དགེ་སློང་མས་ཟླ་བ་ཕྱེད་དང་དགེ་སློང་གིས་ཞག་དྲུག་གོ །ཆོ་ག་ལ་སྦྱོར་བ་གསོལ་བ་གདབ་པ་དང་། དངོས་གཞི་མགུ་བ་སྦྱིན་པ་བཅུ་གཉིས་ཏེ། མ་བཅབས་ན་མགུ་བ་དང་། གཞི་མགུ་དང་། ཡང་གཞི་ནས་མགུ་བ་གསུམ་སྦྱིན་པ་དང་བཅབས་ན་སྤོ་སོགས་གསུམ་བྱས་པ་ལ་མགུ་བ་སྦྱིན་པ་གསུམ་དང་། གཞི་མགུ་སྦྱིན་པ་གསུམ་དང་། ཡང་བཞི་མགུ་སྦྱིན་པ་གསུམ་སྦྱིན་པའོ། དགོས་པ་ནི་སྤྱད་པ་དང་དབྱུང་བ་འཆགས་པའོ། །སྒྲ་བཤད་པ་ནི་དགེ་འདུན་ཐུགས་མགུ་བར་བྱེད་པའོ། །སྤྱད་པ་ནི་ས་གཞན་ན་གནས་པའི་སྐབས་སུ་སྟོན་ནོ། །གཞུང་དོན་ནི་ལྷག་མ་དེ་ལས་སོགས་ཏེ་དབྱུང་བ་དེ་གང་ལ་སྦྱིན་ཞེ་ན། དགེ་འདུན་ལས་ཞེས་སོ། །དགེ་སློང་མས་ནི་ལྷག་མར་མ་ཟད་ལྕི་བའི་སོགས་མགུ་བ་དེ་བཅབས་པའི་ཉེས་པ་མེད་ན་འཆགས་ཀྱི་ཡོད་ན་མི་འཆགས་སོ། །སྤོ་བ་སྦྱིན་ཞིང་སྤྱོད་པས་བཅབས་ཉེས་དེ་མེད་པར་འགྱུར་རོ། །སྤོ་བ་སྤྱོད་པའི་དུས་ནི་དགེ་འདུན་ལས་ཇི་སྲིད་བཅབས་པའི་དུས་དེ་སྲིད་མནོས་ཏེ་སྤྱད་པར་བྱའོ། །གཞི་སྤོ། གཞི་མགུ་ནི། སྤོ་མགུ་དེ་གཉིས་བྱེད་པ་ཉིད་ཀྱི་ཚེ་ན་དགེ་འདུན་ལྷག་མ་རིགས་འདྲ་དེ་བྱུང་ན་སྔར་མནོས་ཏེ་བྱས་པ་དེ་གཉིས་ཞིག་པས་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་ནོ། །སྤོ་མགུ་བྱེད་པ་དེ་ཡང་སྤྱད་ནས་ཞག་གཅིག་ཡན་ཆད་ལོན་པ་དགོས་ཀྱིས་བརྩམས་ནས་ཞག་མ་ལོན་པ་ན་ལྟུང་བ་རིགས་འདྲ་བྱུང་བ་ནི་སྔར་མནོས་ཏེ་བྱས་པ་དེ་གཉིས་ཞིག་པ་མ་ཡིན་ཏེ། མ་(༡༨༠ན)


GLG014_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པར་མཐར་ཐུག་པར་བྱ་བ་དང་འདྲ་བ་ཡིན་པའི་ཕྱིར་རོ། །གཞུང་འདིའི་དོན་འདི་ལྟར་ཡིན་ཏེ། འདིའི་འགྲེལ་པར་ཡོངས་སུ་མི་གཏོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་བཤད་ལ་བརྩམས་པ་མཐར་ཐུག་པ་དང་འདྲ་བར་བྱ་དགོས་པ་དེའི་ཕྱིར་སྤོ་མགུ་སྦྱིན་པ་དེ་རྐྱེན་གྱིས་དབང་གི་ལས་ལ་ཆགས་ཤིང་སྐབས་དེར་ལྟུང་བ་རིགས་འདྲ་བྱུང་ན་དེའི་ཚེ་ལྟུང་བ་དང་པོའི་སྤོ་མགུ་ཡང་ཐ་དད་པར་བླང་བར་བྱ་བ་ཡིན་གྱི། འདི་ལ་ནི་གཞི་སྤོ་སོགས་ཀྱི་མིང་དོན་མེད་དེ་སྔ་མ་མ་ཆགས་པའི་ཕྱིར་རོ། །འོན་ཀྱང་ལྟུང་བ་བར་མ་དེ་ཡང་ཡལ་བར་མི་དོར་བར་ཕྱིར་བཅོས་པར་བྱ་བ་ཡིན་ལ། དེ་ཡང་སྦྱིན་པ་ནི་ཚིག་གཅིག་གིས་སྦྱིན་ལ། །བསྟེན་པ་ནི། ལྟུང་བ་གཉིས་པ་དེའི་དོན་དུ་སླར་ཡང་བསྟེན་པར་བྱ་བ་ཡིན་ནོ། །དེ་ཡང་ལྟུང་བ་བར་མ་དེ་ཇི་སྲིད་བཅབས་པའི་དུས་ལྷག་པ་ཡང་སྔ་མ་དེར་གཞུག་པར་བྱ་བ་ཡིན་ནོ། །བརྩམས་པ་མཐར་ཐུག་གི་སྐབས་སུ་བྱ་འདུལ་ཀྱིས་སྔ་མ་ཞིག་པར་གསུངས་པ་ནི་མཁས་པ་ལ་འཁྲུལ་བ་བྱུང་བ་ཡིན་ནོ། །སྤོ་མགུ་དེ་གཉིས་གསོལ་བཞིའི་ལས་ཀྱིས་སྦྱིན་པར་བྱ་སླ་དེར་མ་ཟད་ལྷག་མའི་ལྟུང་བ་ལས་རང་བཞིན་དུ་གནས་པའི་སར་དབྱུང་བ་ཡང་གསོལ་བཞིའི་ལས་ཀྱིས་སྦྱིན་ནོ། །དབྱུང་བའི་གསོལ་བཞིའི་ལས་ནི་གསོལ་བརྗོད་བར་མ་ཆད་དུ་བྱ་བ་མ་ཡིན་ཏེ། །བར་དེར་བསྡིགས་པའི་སྔགས་ཀྱང་བརྗོད་དགོས་ལ། དེ་ཡང་གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུ་བྱ་ཞིང་བསྒྲུབ་བྱ་འགྱོད་ཅིང་བག་ཁུམས་ནས་ལུས་སེམས་ཞིག་ནས་རྩྭ་བཀྲམ་པ་ལྟ་བུར་འགྱེལ་བ་ལའོ། །(༡༨༠བ)


GLG014_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི་ཁྱོད་ཀྱིས་ལེགས་པར་མ་བྱས། སངས་རྒྱས་ཀྱི་གསུང་དང་འགལ་བར་བྱས། ལྟུང་བ་འབྱིན་པ་དང་ཕྱིར་མི་འཆོས་པ་གཉིས་ནི། སྟོན་པའི་ཆོས་འཁོར་རྗེས་སུ་མི་བསྐོར་བ་སོགས་ཀྱི་རྣམ་བྱང་མི་སྐྱེད་ལ་ཟག་པ་འཕེལ་བར་བྱེད་པའོ་ཞེས་སོགས་སོ། བསྡིགས་པའི་སྔགས་ལས་བཟློག་པའི་ཚིག་གིས་གཟེངས་བསྟོད་པ་ཡང་བྱ་ལ། སྐབས་ནི་བརྗོད་པ་གསུམ་པ་བྱས་མ་ཐག་མཇུག་སྡུད་ཀྱི་གོང་དུའོ། །འདིར་དབྱུང་བའི་སྤྱི་དོན་ལ་ཡང་བདུན་ལས། དགེ་འདུན་ནི་སྐྱེས་པ་དང་བུད་མེད་ཀྱི་བྱེ་བྲག་གིས་ཉི་ཤུ་དང་བཞི་བཅུར་ཚང་པ་མཚན་ཉིད་སུམ་ལྡན་ནོ། །གང་ཟག་ནི་སྔར་བཞིན་ལ་འཆབ་པ་དང་མི་ལྡན་པ་ཞེས་པའི་གནས་སུ་སྤོ་མགུ་ཆད་ལས་སྔོན་དུ་སོང་བའོ། །བསམ་པ་སྔར་བཞིན་ལས་ཁྱད་པར་དུ་དབྱུང་བར་འདོད་པའོ། དུས་ནི་མགུ་པ་སྤྱད་ཟིན་ནས་དབྱུང་བ་ལ་ཐོགས་པའི་ཚེའོ། །ཆོ་ག་ལ་སྦྱོར་བ་གསོལ་བ་གདབ་པ་དང་། དངོས་གཞི་བསྡིག་པ་དང་བཅས་པའི་དབྱུང་བ་བཅུ་གཉིས་ཏེ། མགུ་སོགས་རྐྱང་པ་གསུམ་སྤྱད་པ་ལ་དབྱུང་བ་གསུམ་དང་། སྤོ་སོགས་གསུམ་དང་བཅས་པའི་མགུ་བ་སྤྱད་པ་གསུམ་དང་། གཞི་མགུ་སྤྱད་པ་གསུམ་དང་ཡང་གཞི་མགུ་སྤྱད་པ་གསུམ་རྣམས་ལ་དབྱུང་བའོ། །མཇུག་གཟེངས་བསྟོད་ཅིང་ཡི་རང་བའོ། །དགོས་པ་རང་བཞིན་དུ་གནས་པ་ཐོབ་པའོ། །སྒྲ་བཤད་ལྷག་མའི་ས་ནས་རང་བཞིན་དུ་གནས་པའི་སར་དབྱུང་བས་སོ། །ཕྱིར་བཅོས་པ་གཞིའི་སྐབས་རྫོགས་སོ་ཞེས་གསུངས་ཤིང་། སོ་སོར་ཐར་པའི་མདོ་ལས་(༡༨༡ན)


GLG014_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། གང་གི་ཕྱིར་ནི་མདོ་སྟོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་པའི་གཡག་རྔའི་རྩེ་མོའི་དོན་ཚུལ་ཁྲིམས་དེ་ཡང་ཇི་ལྟར་བསྲུང་བར་བྱ་ཞེ་ན། ཇི་ལྟར་གངས་ཀྱི་གཡག་ཅེས་བྱ་བ་དེ་རྔ་མའི་ཉག་མ་གཅིག་ཤིང་དེ་ལ་ཐོགས་ན་དེ་བསྲུང་བའི་ཕྱིར་མ་ཤི་བར་དུ་སྡོད་པ་དེ་བཞིན་དུ་ཉེས་བྱས་ཕྲ་མོ་ཡན་ཆད་ལ་ཡང་སྲོག་ལུས་ལ་མི་ལྟ་བར་བསྲུང་བར་བྱ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་། མཁས་མཆོག་རྟ་དབྱངས་ཀྱིས་མཛད་པར་གྲགས་པའི་སོ་ཐར་གྱི་འགྲེལ་པར། ཇི་ལྟར་བསིལ་རུམ་གངས་ཁྲོད་ན་གནས་པའི་གཡག་རྔ་མ་བག་ཡོད་པས་བསྲུང་བ་རྔ་མ་ཝ་མཇུག་ལྟར་མི་རྐྱོང་བར་རྩེ་མོ་ལྡང་དུ་གཟར་ཏེ་འགྲོ་བ་དེ་བཞིན་དུ། ཚུལ་ཁྲིམས་འདི་ཡང་བག་ཡོད་པར་བསྲུང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །ཞེས་བྱུང་ཞིང་། བསླབ་པ་ལ་ནན་ཏན་དུ་བྱས་བའི་ཕན་ཡོན་ནི་གནས་སྐབས་སུ་མངོན་པར་མཐོ་བའི་ཡང་སྲིད་རྒྱུན་མར་ཐོབ་ཅིང་མཐར་ཐུག་སྒྲིབ་གཉིས་ཀྱི་གཡུལ་ལས་རྒྱལ་ཏེ་ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི་བྱང་ཆུབ་གསུམ་པོ་གང་རུང་ཐོབ་ནས་ཕྱིར་མི་ལྡོག་པའི་གཏན་གྱི་མདུན་མ་ལྷུན་གྱིས་གྲུབ་པར་གྱུར་ཏེ། སུམ་བརྒྱ་པར། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །སངས་རྒྱས་ལ་ནི་མགོས་གཏུགས་བཤད་པར་བྱ། །ཞེས་དང་། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་(༡༨༡བ)
ཏེ། དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་དང་། འདུལ་བ་རྒྱ་མཚོའི་སྙིང་པོར། །སྡོམ་པ་དེ་དག་བསྲུངས་པ་ལས། །གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །ཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །བརྩོན་ལྡན་རྣམས་ཀྱིས་སོ་སོ་ཐར། །རྟག་ཏུ་གུས་པས་འབད་དེ་བསྲུང་། །ཞེས་བཀའ་སྩལ་བ་སོགས་ཀྱིས་མཚོན་པའི་ལུང་རིགས་ཀྱིས་རྟོགས་པས་སྤྲོ་དགའ་རྒྱ་ཆེར་བྱའོ། །


previousའདུལ་བའི་དུས་ཚིགས་བཤད་པ།next