Nitartha Digital Library
Tibetan
 
previousདགེ་ཚུལ་སློང་གི་སྡོམ་པ་འབོགས་ཆོག་བྱ་ཚུལ།next

དགེ་ཚུལ་སློང་གི་སྡོམ་པ་འབོགས་ཆོག་བྱ་ཚུལ།


GLG014_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཆོ་གའི་ལག་ལེན་དངོས་ལ་འདི་ལ་ཐོག་མར་གནས་ཁང་བྱི་དོར་བྱ། སྟོན་པའི་སྐུ་དངོས་སུ་བཞུགས་དགོས་ཤིང་། །ཆོ་ག་གཙོ་བོར་དགེ་འདུན་རྣམས་ཀྱི་ཐུགས་ལ་ཡོད་པས་ཚང་ཡང་དེ་ལྟར་ཡོད་དོ་ཞེས་པའི་མཚོན་བྱེད་ལ་ལས་ཀྱི་ཆོ་གའི་གླེགས་བམ་དང་བཅས་པའི་རྟེན་ཁྱད་པར་ཅན་རྣམས་བཞུགས་སུ་གསོལ། ཉེར་སྤྱོད་ལྔ་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་བཤམས། འོག་ཏུ་རབ་བྱུང་བསྙེན་རྫོགས་ལ་དགོས་པའི་ཡོ་བྱད་རྣམས་སྟ་གོན་བྱའོ། །ལས་གྲལ་བ་རྣམས་ལ་སྔ་ཆབ་དང་མེ་ཏོག་ཕུལ། ཞྭ་དང་འཕྲེང་བ་ལ་སོགས་པ་གཞག་པར་བྱའོ། ཁྱེད་རྣམས་བསྟན་པ་རིན་པོ་ཆེའི་སྒོར་འཇུག་པ་དངོས་གཞིའི་ཆོ་ག་ལ། ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པའི་ཆོ་ག་དང་། ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པའི་ཆོ་ག་གཉིས། དང་པོ་ལ་སྡོམ་ནི། ཀརྨ་ཤ་ཏམ་ལས། སྔོན་དང་དགེ་བསྙེན་བསླབ་པ་དང་། ཞུ་(༡༨༢ན)


GLG014_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཁན་པོ་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་དང་། །བསླབ་པ་བརྗོད་པ་ཐ་མ་ཡིན། །ཞེས་སོ། །དེ་ཡང་སྔོན་དང་ཞེས་པས་སྔོན་ཆོག་བསྟན། ལྷག་མ་རྣམས་ཀྱི་དོན་འཆད་པ་ལ། སྦྱོར་བ། དངོས་གཞི། རྗེས་གསུམ་གྱི་དང་པོ་ལ། རབ་ཏུ་བྱུང་བ་རུང་མི་རུང་བརྟག་པའི་ཕྱིར་བར་ཆད་དྲི་བ། བསྟན་པ་ལ་རིམ་གྱིས་སློབ་ཏུ་བཞུག་པའི་ཕྱིར་དགེ་བསྙེན་དུ་བསྒྲུབ་པ། དགེ་ཚུལ་གྱི་བརྟུལ་ཞུགས་མྱུར་དུ་བླང་བའི་ཕྱིར་རབ་བྱུང་དུ་བསྒྲུབ་པ་དང་གསུམ་གྱི་དང་པོ་ནི། མཁན་པོ་ཉིད་དུ་ཕྱོགས་པའི་དགེ་སློང་འགའ་ཞིག་གི་གན་དུ་རབ་ཏུ་བྱུང་བར་འདོད་པ་འོངས་ནས། མདུན་དུ་ཙོག་ཙོག་པུར་འདུག་ཏུ་བཅུག་ལ། ཁྱོད་རབ་ཏུ་བྱུང་བ་བྱེད་པ་ལ་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་དགོས། བར་ཆད་ཅན་རབ་ཏུ་བྱུང་ན་རྒྱུད་དེ་ལ་སྡོམ་པ་མི་སྐྱེ་བའམ། སྐྱེས་ཀྱང་མི་གནས་པ་ལ་སོགས་པའི་སྒོ་ནས་རྒྱུད་དེ་ལ་ཕན་མི་ཐོགས་ཤིང་། ངེད་ལ་ཡང་ཉེས་པ་ཡོང་བས་བར་ཆད་དྲི་དགོས་ཏེ། མདོ་རྩ་བར། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ། །ཞེས་གསུངས་པས། ངེད་ཀྱི་དྲི་བ་འདི་རྣམས་ལ་སེམས་མ་ཡེངས་པར་ལན་ཐོབ་ཅིག །ཁྱོད་མུ་སྟེགས་ཅན་མ་ཡིན་ནམ། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། བྲན་ལ་སོགས་པ་མ་ཡིན་ནམ། བུ་ལོན་ཆགས་པ་མ་ཡིན་ནམ། ཕ་མས་(༡༨༢བ)


GLG014_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མ་གནང་བ་མ་ཡིན་ནམ། ཕ་མས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་དག་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་མ་ཡིན་ནམ། ལག་རྡུམ་ལ་སོགས་པ་མ་ཡིན་ནམ། སྐྲ་སེར་ལ་སོགས་པ་མ་ཡིན་ནམ། སེན་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཕུང་ཀྲོལ་བ་མ་ཡིན་ནམ། ལྷམ་མཁན་མ་ཡིན་ནམ། གདོལ་པ་མ་ཡིན་ནམ། གཡུང་པོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་པ་མ་ཡིན་ནམ། བྱང་གི་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་(༡༨༣ན)


GLG014_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིིང་གཞན་ནས་སྐྱེས་པ་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ། ཞེས་དྲིས་པས། མ་ཡིན་ལགས་ཟེར་ན། འོ་ན་ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བྱའོ། །ཞེས་སྐབས་ཕྱེའོ། །གཉིས་པ་ནི། བསྒྲུབ་བྱ་དེ་དང་པོར་སྟོན་པ་ལ་ཕྱག་འཚལ་དུ་བཅུག །དེ་ནས་རང་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པུར་འདུག་ཏུ་བཅུག་ཅིང་། ཐལ་མོ་སྙིང་གར་སྦྱར་དུ་བཅུག་ནས། ཁྱོད་རབ་ཏུ་འབྱུང་བར་བྱེད་པ་ལ་བསྟན་པ་ལ་རིམ་གྱིས་བསླབ་དགོས་ཏེ། མདོ་རྩར། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ་ཞེས་གསུངས་པས། དགེ་བསྙེན་གྱི་སྡོམ་པ་བླང་དགོས། དེ་ལ་སྐྱབས་སུ་འགྲོ་བ་རྩོམ་བྱེད་དུ་བྱས་ནས་ཁས་ལེན་ལན་གསུམ་བྱས་པ་ལས་སྐྱེ་བ་ཡིན་པས། བསམ་པ་འདི་བཞིན་དུ་གྱིས། ཁམས་གསུམ་འཁོར་བ་འདི་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱོད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མི་འདུག་པས། འཁོར་བའི་སྡུག་བསྔལ་ལས་ཐར་བ་ལ་སྐྱབས་འཚོལ་དགོས། དེ་ཡང་འཇིག་རྟེན་པའི་ལྷ་ལ་སོགས་པས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ནུས་ཏེ། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །(༡༨༣བ)


GLG014_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ཡིན། དེས་ན་དཀོན་མཆོག་གསུམ་གྱིས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པས། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལམ་སྟོན་པ་པོ་ཞུ། ཆོས་ལ་སྐྱབས་སུ་སོང་ནས་སྐྱབས་དངོས་ཞུ། དགེ་འདུན་ལ་སྐྱབས་སུ་སོང་ནས་ལམ་བསྒྲུབ་པའི་གྲོགས་ཞུ་སྙམ་པའི་སྒོ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་རྫོགས་པའི་སངས་རྒྱས་བསྒྲུབ་པར་བྱ། དེའི་ཆེད་དུ་དུས་འདི་ནས་མ་ཤིའི་བར་དུ་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་བླངས་ལ་བསྲུང་། བདག་བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་དུ་བཟུང་དུ་གསོལ་སྙམ་པ་གྱིས་ལ་ལད་མོ་གྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། ལྷག་པོར་མ་གཏོགས་པའི་རང་གི་དོན་གྱི་སྔགས་བརྗོད་པ་ཡང་ངོ་། །ཞེས་ལན་གསུམ་བཟླས་དགོས་པར་གསུངས་པས་གཉིས་པའི་ཡང་རྗེས་ཟློས་གྱིས་ཞེས་བརྗོད།གཉིས་པ་སོང་བའི་རྗེས་སུ་ཆོ་གའི་ཚིག་འདི་ལ་དུམ་བུ་གསུམ་ཡོད་པས། དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་ཆད་སྐྱབས་བརྗོད་པ། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་ཞེས་པ་བདག་བརྗོད་པ། བཙུན་པས་གཟུང་དུ་གསོལ་ཞེས་པ་གཞན་བརྗོད་པ་ཡིན་(༡༨༤ན)


GLG014_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བདག་བརྗོད་རྫོགས་པ་དགེ་བསྙེན་དུ་ཞེས་པའི་ཚིག་རྫོགས་པ་དང་། ཁྱེད་ཀྱི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་སྐྱེ། ངེད་ཁྱེད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་པས། དགེ་བསྙེན་དུ་ཞེས་པའི་སྐབས་སུ་ངེད་ཀྱིས་སྐད་གཟེངས་མཐོ་བ་དང་། སེ་གོལ་གྱི་བརྡ་སྤྲོད་པས་བདག་གི་རྒྱུད་ལ་དགེ་བསྙེན་གྱི་སྡོམ་པ་ཐོབ་པའི་དུས་འདི་ཡིན་སྙམ་པའི་ཐོབ་བློ་སྐྱེས་པ་ཤིན་ཏུ་གལ་ཆེ་བས། དེ་དུས་སྡོམ་པ་ཐོབ་པར་ཤེས་པ་དང་། སློབ་དཔོན་དུ་གྱུར་ནས་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་དགོས་པས། དེ་ཡིད་ལ་ཞོག་ལ་གསུམ་པའི་རྗེས་ཟློས་གྱིས་ཞེས་བརྗོད། དེའང་སེ་གོལ་གཏོགས་པ་དང་ལྷན་དུ་སྡོམ་པ་ཐོབ་བོ་ཞེས་སློབ་དཔོན་གྱི་ཞལ་ནས་ཀྱང་བརྡ་སྤྲོད། །གསུམ་པ་ཟིན་པ་དང་སློབ་དཔོན་གྱིས་དེ་དགེ་བསྙེན་དུ་བསྒྲུབ་པའི་ཐབས་ཡིན་ནོ། ཁྱོད་རང་ལེགས་སོ་གྱིས་ཞེས་བརྗོད། སློབ་མས་ལེགས་སོ་ཞེས་བརྗོད། དེས་ཁྱོད་ཀྱི་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན། ཐོབ་ཀྱང་མ་བསྲུངས་ན་ཕན་ཡོན་ཆེན་པོ་མི་འབྱུང་། ཉེས་དམིགས་ཆེན་པོ་འབྱུང་བས་བསྲུང་དགོས། བསྲུང་ལུགས་དགྲ་བཅོམ་པ་རྣམས་ཀྱིས་སྲོག་གཅོད་པ་སོགས་ལྔ་ཡིད་ཀྱིས་སྤངས་ཏེ། ལུས་ངག་གིས་སླར་ལོག་པ་དེ་བཞིན་དུ་བདག་གིས་ཀྱང་བསླབ་སྙམ་པ་གྱིས་ལ། ལད་མོ་གྱིས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་(༡༨༤བ)


GLG014_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། ཁྱོད་རང་ལེགས་སོ་ཞེས་བརྗོད། དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་དོ། །འདི་རྒྱ་དཔེར་ལན་གསུམ་བཟླས་པར་གསུངས་ཀྱང་། ལུང་དང་། ཀརྨ་ཤ་ཏམ་དང་། དེ་དག་གི་འགྲེལ་པ་ལས་ལན་གསུམ་བཟླས་བྱ་བའི་དམིགས་བསལ་མ་བྱུང་བས་ཕྱག་ལེན་ལན་རེེ་མཛད་དོ། །དེས་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པས་དེའི་སྐྱབས་འགྲོའི་བསླབ་བྱས་སངས་(༡༨༥ན)


GLG014_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་སྐྱབས་སུ་སོང་བས་ལྷ་གཞན་ལ་ཕྱག་མཆོད་མི་བྱ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་པ་དང་། ཐུན་མོང་དུ་སྐྱེས་བུ་དམ་པ་ལ་བརྟེན་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱ་བ། ཆོས་ཀྱི་རྗེས་སུ་འབྲང་བའི་ཆོས་བསྒྲུབ་པ་སྟེ་བཞི་དང་། དབང་པོ་མི་རྒོད་པ་དང་། སྡོམ་པ་ཅི་ནུས་སུ་ལེན་པ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། དཀོན་མཆོག་མཆོད་པ་ལ་བརྩོན་པ་ལ་བསླབ། དགེ་བསྙེན་གྱི་སྡོམ་པའི་ཡན་ལག་མི་གསོད་པ་སོགས་བཞི་བྱུང་ན་སྡོམ་པ་གཏོང་བས་བསྐྱར་ནས་ལེན། མི་མ་ཡིན་པ་གསོད་པ་སོགས་ལྔ་བྱུང་ན་སྡོམ་ལྡན་གཅིག་ལ་བཤགས། ཕྲ་མ་སོགས་མི་དགེ་བ་དྲུག་པོ་ཕྱོགས་མཐུན་ཡིན་པས་ཡིད་ཀྱིས་བསྡམས་ནས་ལེགས་པར་སྲུངས་ཤིག །ཅེས་བརྗོད་དོ། །ཤིན་ཏུ་བསྡུ་ན་ཁྱོད་དགེ་བསྙེན་དུ་བསྒྲུབ་པ་ལ་བསམ་པ་འདི་བཞིན་གྱིས། ཁམས་གསུམ་འཁོར་བ་འདི་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མི་འདུག་པས། འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བའི་སྐྱབས་གནས་དམ་པ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་པ་ཞིག་བྱེད་དགོས། དེའི་ཆེད་དུ་བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བླངས་ལ། དུས་ད་ནས་མ་ཤིའི་བར་དུ་བསྲུང་སྙམ་པའི་བསམ་པ་ཁྱད་པར་ཅན་དུངས་པ་ཞིག་བསྐྱེད་ལ། འདིའི་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ་ནས། ལེགས་སོའི་བར་བརྗོད། (༡༨༥བ)


GLG014_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་ཙམ་དུ་བསྒྲུབ་ན་འདིར་བསླབ་པ་དང་དུས་བསྒོ་བརྗོད། ཚིགས་ཕྱི་མ་བསྒྲགས་ནས་སྒྲུབ་ན་འདིར་བརྗོད་མི་དགོས་ཏེ། ཚིགས་ཕྱི་མ་ཕྱི་མའི་ཁོངས་སུ་སྔ་མ་སྔ་མའི་བསླབ་བྱ་དང་། དུས་བསྒོ་འདུ་བའི་ཕྱིར་རོ། དེ་དག་གིས་ནི་དགེ་བསྙེན་བསླབ་པ་དང་ཞེས་པའི་དོན་བསྟན་ཏོ། །གསུམ་པ་ལ། སྦྱོར་བ་དང་། དངོས་གཞིའི་ཆོ་ག་གཉིས། དང་པོ་ལ། དེ་ཚོ་ཁྲེལ་ཡོད་ཀྱི་བསམ་པ་བསྐྱེད་པའི་ཕྱིར་དགེ་འདུན་ལ་རབ་བྱུང་ཞུ་བ། རབ་བྱུང་གི་མེད་ན་མི་འབྱུང་བའི་རྒྱུ་བསྒྲུབ་པའི་ཕྱིར་མཁན་པོར་གསོལ་བ་གདབ་པ། ཆོས་འདི་པའི་ཆ་ལུགས་སུ་བསྒྱུར་བའི་ཕྱིར་དང་པོར་བྱ་བ་དང་གསུམ། དང་པོ་ནི། ཐོག་མར་མཁན་པོའི་གཡས་གཡོན་དུ་བསྒྲུབ་བྱའི་གདིང་བ་ནང་སྦྱར་བའི་བཞི་བལྟབ་བྱས་པ་དེ་ཉིས་བལྟབ་ཏུ་བྱས་པའི་ཁར་མཐང་གོས་བརྒྱད་བལྟབ་བྱས་པ་ཉིས་བལྟབ་བྱས། དེའི་སྟེང་དུ་བླ་གོས་བརྒྱད་བལྟབ་བྱས་པ་ཉིས་བལྟབ་བྱས་ཏེ་བཅག་མཚམས་མཁན་པོ་ཕྱོགས་སུ་བསྟན་ནས་བཞག །ལྷུང་བཟེད་སྟོང་པ་མིན་པ་འབྲུ་དཀར་གྱི་རིགས་ཅུང་ཟད་བླུག་པ་ཆུ་ཚགས་དང་བཅས་པ་བཤམས། མཁན་པོས་ལས་གྲལ་དེ་ན་གནས་པའི་རབ་ཏུ་བྱུང་བའི་ཆོ་ག་ལ་མཁས་པའི་དགེ་སློང་ཞིག་ལ། དགེ་སློང་དགེ་བའི་བཤེས་གཉེན་ཆེ་གེ་མོས། ཚེ་དང་ལྡན་པ་འདི་དགེ་འདུན་ལ་རབ་ཏུ་བྱུང་བ་ཞུ་བའི་གྲོགས་ལྡན་མཛོད་ཅིག་ཅེས་བསྐོ། དགེ་སློང་དེས་ཅི་ཚེ་དང་ལྡན་པ་འདི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་དྲི། མཁན་པོས། ཡོངས་སུ་དག་གོ་ཞེས་(༡༨༦ན)


GLG014_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་མཆི་ཡིན་གདའོ། །ཞེས་ལན་གདབ། དེ་ནས་དགེ་སློང་དེས་བསྒྲུབ་བྱ་དེ། དགེ་སློང་རྣམས་ལ་རྒན་རིམ་བཞིན་ཕྱག་གསུམ་གསུམ་འཚལ་དུ་གཞུག །ལོང་སྐབས་ཡོད་ན་གོང་བཞིན་དང་རྩོལ་བས་བསྒྲུབ་ཚེ་དགེ་འདུན་སྤྱིར་ཕྱག་གསུམ་བཙལ་བས་ཆོག་པ་ཐར་རྩེའི་ལས་ཆོག་སོགས་སུ་བྱུང་བས་མི་འགལ། དགེ་སློང་རེ་རེ་བཞིན་སྨོན་ལམ་འདེབས། ཚེ་དང་ལྡན་པ་འདིའི་རྒྱུད་ལ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་བརྗོད་ཅིང་ནས་གཏོར་རོ། །འདི་ལྟར་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཞིང་བུ་སྟོན་རིན་པོ་ཆེའི་ལས་ཆོག་སོགས་སུ་མི་གསལ་བས་མ་བྱས་ཀྱང་མི་འགལ། དེ་ནས་བསྒྲུབ་བྱ་ཙོག་ཙོག་བུར་འདུག་ཐལ་མོ་སྦྱོར་དུ་བཅུག་ནས་གོས་དཀར་ཅན་ཡིན་ན་དེས་ཚང་མིན་ན་རས་དཀར་ཞིག་གཡོགས་ཏེ། རང་རྒན་པའི་མཐའ་ལོགས་སུ་འགྲེངས་ཏེ་འདུད་པ་དང་བཅས་པས། ལས་ཆོག་ལ་ལར་ཕྱག་གསུམ་འཚལ་བར་བཤད་ཀྱང་ད་ལྟ་ལག་ལེན་ལ་ཐང་བཤད་ལན་གསུམ་རེ་བྱེད། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ཏེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང་། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་སྟེ། དེ་ཡང་(༡༨༦བ)


GLG014_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་གྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་སྟེ་རབ་ཏུ་བྱུང་ངམ། དགེ་སློང་ཐམས་ཅད་ཀྱིས། གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོོད། མི་བརྗོད་ན་དེ་ལ་ཉེས་བྱས་སོ། །འདིར་ཞུ་བའི་དགེ་སློང་གིས་མིང་འདི་ཞེས་སྨོས་དགོས་ཏེ། རང་གི་མཁན་པོ་ཡིན་ན་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བ་ཞེས་བརྗོད། སློབ་དཔོན་ཡིན་ན་སློབ་དཔོན་མིང་འདི་ཞེས་བརྗོད། མཁན་པོ་དང་སློབ་དཔོན་མིན་པའི་ཆེས་རྒན་པའི་དགེ་སློང་ཡིན་ན་གནས་བརྟན་ཞེས་པའམ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཞེས་ཉེ་ཚིག་གིས་བརྗོད། བསྒྲུབ་བྱ་དེ་ཡང་གཉིས་ཡོད་ན་སྔར་འདི་ཞེས་པ་འདི་དག །དེ་ཡང་ཞེས་པ་དེ་དག་ཀྱང་། ཅི་དེ་ཞེས་པ། ཅི་དེ་དག་གསུམ་ཡོད་ན་འདི་རྣམས་དེ་རྣམས་ཀྱང་ཅི་དེ་རྣམས་ཞེས་དང་། ཁོ་ན་ཉིད་མཆི་ན་ཞེས་པ། ཁོང་དག་ཉིད་མཆི་ན། ཁོང་རྣམས་ཉིད་མཆི་ན་ཞེས་པ་རྣམ་དབྱེ་དང་། ཚིག་ཕྲད་བསྒྱུར་བ་ནི་གོང་འོག་ཐམས་ཅད་དུ་ཤེས་པར་བྱའོ། །འདི་དགེ་སློང་གཅིག་ཁོ་ནས་རབ་བྱུང་བསྒྲུབ་ན་ཞུ་མི་དགོས་ཏེ། ཞུས་པའི་དགོས་པ་མི་མཐུན་པ་སྤངས་ནས་མཐུན་པ་བསྒྲུབ་པའི་ཆེད་ཡིན་ལ། རང་ཉིད་ལ་མཐུན་མི་མཐུན་གྱི་བྱེད་པ་འགལ་བའི་ཕྱིར། དགེ་སློང་གཉིས་དང་གསུམ་ལ་ཞུ་ན། དགེ་འདུན་དུ་མ་ལོངས་པས་དགེ་སློང་བཙུན་པ་དག་གམ་རྣམས་སྙན་གསན་དུ་གསོལ། ཞེས་ཞུ་ཚིག་བསྒྱུར་བ། ཚིག་ཕྲད་བསྒྱུར་བའི་རུང་མཐུན་ལས་ཤེས་སོ། །གཉིས་པ་ནི། མཁན་པོ་ལ་ཕྱག་འཚལ་དུ་བཅུག །མདུན་དུ་ཙོག་ཙོག་པུར་ཐལ་མོ་སྦྱོར་དུ་བཅུག་ནས། ཁྱོད་རབ་ཏུ་བྱུང་བར་འདོད་པ་དེ། མདོ་རྩ་བར། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར། དགེ་སློང་འགའ་ཞིག་མཁན་(༡༨༧ན)


GLG014_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉིད་དུ་གནས་པ་ལའོ། ཞེས་མཁན་པོ་ཉིད་དུ་གནས་པ་ལ་རབ་བྱུང་བསྙེན་རྫོགས་ཡོད་ཀྱི། མི་གནས་པ་ལ་མེད། དེའི་རྒྱུ་མཚན་སྔོན་གྱི་སྲིད་པ་ཐ་མ་པའི་གང་ཟག་སྨིན་པ་གསུམ་ཤས་ཆེ། སྒྲིབ་པ་གསུམ་ཤས་ཆུང་བས་ནད་དང་ཉེར་འཚེ་ལ་སོགས་པ་འབྱུང་བ་དཀོན། བྱུང་ཡང་སྨན་དང་ནད་གཡོག་ལ་སོགས་པ་རྙེད་སླ་བས། འཁྲིད་ཅིང་སྐྱོང་བར་བྱེད་པའི་མཁན་སློབ་ལ་བལྟོས་མི་དགོས་པས། ཚུར་ཤོག་ལ་སོགས་པའི་སྔོན་ཆོག་གིས་བསྙེན་པར་རྫོགས་པ་གསུངས། དུས་ཕྱིས་སྲིད་པ་ཐ་མ་པ་མ་ཡིན་པ་མཁན་སློབ་མེད་པར་རབ་ཏུ་བྱུང་བས། ལེགས་པར་མ་སྦྱངས་ཤིང་སྤྱོད་ལམ་རྒོད་བག་ཅན་དུ་གྱུར་པས། ཁྱིམ་པ་རྣམས་དང་། མུ་སྟེགས་ཅན་རྣམས་ཀྱིས་འཕྱ་བར་གྱུར་ཅིང་། དགེ་སློང་འགའ་ཞིག་ནད་གཡོག་མེད་པར་ཤི་བར་གྱུར་ནས། དེ་སྟོན་པའི་སྙན་དུ་གསོལ་བས། ངའི་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བར་བྱ་བའི་ཕྱིར་དང་། ནད་པ་རྣམས་ལ་རིམ་གྲོར་བྱ་བའི་ཕྱིར། མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་གནང་ངོ་། །ཞེས་ད་ལྟར་གྱི་ཆོ་ག་བཅས་ལ་གནང་ངོ་ཟེར་ཀྱང་། ཅི་དགར་གནང་བའི་བསླབ་བྱ་མིན་གྱི་ངེས་པར་བསྒྲུབ་དགོས་པས་སྒྲུབ་པའི་བསླབ་བྱ་ཡིན་པས་མཁན་པོ་དགོས། མཁན་པོའི་ཁྱད་ཆོས་མདོར་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང་། གནས་ཉིད་དང་། མི་གནས་པར་འདུག་པར་མི་བྱའོ། །ཞེས་གསུངས་པས། བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་ཞིག་དགོས། ཡང་མདོ་ལས། འོག་ནས་འབྱུང་བ་དག་ལས་(༡༨༧བ)


GLG014_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ། །ཞེས་གསུངས་པས། ལྔ་ཕྲུགས་སུ་སྦྱར་བ་ཉི་ཤུ་རྩ་གཅིག་པོ་གང་རུང་དང་ལྡན་པ་ཞིག་དགོས། ཡང་མདོར། ས་གཞན་ན་གནས་པ་ཉི་ཤུ་རྩ་ལྔས་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་བྱར་མི་རུང་བར་བཤད་པས། ས་རང་བཞིན་དུ་གནས་པ། བྱེ་བ་ན་ཆོས་མིན་ཕྱོགས་སུ་སོང་པ་མིན་པ། སྨྱོན་པ་སོགས་མིན་པ། འགྲོ་བ་གཞན་དུ་གནས་པ་མིན་པ། མཚན་གྱུར་པ་མིན་པ་ཞིག་དགོས་པར་གསུངས། དེ་ལྟར་ཆོས་བདུན་ལྡན་ལ་གསོལ་བ་མ་བཏབ་ན་མཁན་པོར་མི་འགྱུར་བས། གསོལ་བ་བཏབ་ནས་ཁས་བླངས་པ་དང་ལྡན་པ་ཞིག་དགོས་པས་གསོལ་བ་འདེབས་དགོས། དེ་ལ་མཁན་པོའི་སྒྲ་དོན་ལེགས་སྦྱར་གྱི་སྐད་དུ། དྷ་ར། སནྡྷི། བིཀཱི་ར་ཎ་སོ་སོའི་སྔོན་དུ་ཉེ་བསྒྱུར་ཨུ་བ་བཞག་པས་ཨུ་པ་དྷ་ར་ཞེས་པ་ཕ་དང་བུའི་འདུ་ཤེས་ཀྱི་ཉི་ཚེ་བས་དམན་པའི་གནས་སུ་ལྷུང་བ་ལས་ཉེ་བར་འཛིན་པའི་དོན་ཨུ་བ་སནྡྷི་ཞེས་པ་དངོས་སུ་བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར། རྒྱུད་ནས་མི་གནས་པའི་མྱང་འདས་ལ་ཉེ་བར་སྦྱོར་བའི་དོན། ཨུ་པ་བི་ཀཱ་ར་ཎ་ཞེས་པ་དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་གནས་ཉེ་བར་ལུང་འབོགས་པའི་དོན་ཡིན། མདོར་ན་ཟག་བཅས་འཁོར་བའི་ཆོས་ཐམས་ཅད་ལས་ངེས་པར་འབྱུང་བའི་རབ་བྱུང་དུ་སྒྲུབ་མཁན་མཛད་དུ་གསོལ་སྙམ་པ་གྱིས་ལ་ལད་མོ་མཛོད་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱིས། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་བདག་རབ་ཏུ་དབྱུང་བར་བགྱིའོ་(༡༨༨ན)


GLG014_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་ལན་གསུམ་བཟླས་ལ། གསུམ་པའི་སྐབས་སུ་མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་རོ། །ཞེས་གསོལ་བ་ཁས་བླངས་ན་མཁན་པོར་འགྱུར་བར་བཤད། འདིར་ཐ་མ་ལ་མཁན་པོའི་དོན་ཏོ། །ཞེས་པས་བརྗོད་པ་གསུམ་པའི་གསོལ་གྱི་ཡན་ཆད་ཆ་དང་པོ། མཛད་དུ་གསོལ་མན་ཆད་ཆ་གཉིས་པ་དེའི་མཇུག་ཏུ་མཁན་པོར་འགྱུར་ཞིང་། དེ་ནས་སློབ་དཔོན་ཞེས་མི་བརྗོད་པར་མཁན་པོ་ཞེས་བརྗོད་དགོས་པས། གསུམ་པའི་རྗེས་ཟློས་གྱིས་བྱས་ལ་གསུམ་པ་བྱ། མཇུག་ཏུ་ཐབས་ཡིན་ནོ། །ལེགས་སོ་བྱའོ། །མཁན་པོར་གསོལ་བ་བཏབ་པའི་བསླབ་བྱས་ཕ་བུའི་ཚུལ་གྱིས་མཁན་པོ་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་གུས་པར་བྱ་བ་ཡོན་དབུལ་བ། བསྙེན་བཀུར་བྱེད་པ། བྱ་བ་ཐམས་ཅད་དེ་ལ་ཞུས་ནས་བཀའ་བཞིན་བསྒྲུབ་པར་བྱ་སྟེ། དེ་ལས་འདས་ན་གསོལ་བ་བཏབ་པ་ལས་ཉམས་པའི་ཉེས་པར་འགྱུར་རོ། །ཤིན་ཏུ་བསྡུ་ན། ཁྱོད་རབ་ཏུ་བྱུང་བ་སྒྲུབ་པ་ལ་མཁན་པོ་ཞིག་དགོས་མཁན་པོ་ཡང་ཅི་རུང་རུང་གིས་མི་ཆོག་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ། བཙུན་པ་བརྟན་པའི་ཡོན་ཏན་ལྔ་ཕྲུགས་སུ་སྦྱར་བ་ཉི་ཤུ་རྩ་གཅིག་གང་རུང་དང་ལྡན་པ་མཁས་ཤིང་ཕན་ཐོགས་ཀྱི་ཡོན་ཏན་ཏེ། བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་ཞིག་དགོས་པ་ཁོ་བོས་འགྲུབ་རུང་དུ་ཡོད་པས། སྔར་གྱི་དགེ་བསྙེན་བསྒྲུབ་པའི་སློབ་དཔོན་དེ་ལ་རབ་བྱུང་སྒྲུབ་པའི་མཁན་པོ་ཞུ་སྙམ་པ་གྱིས་ལ་ལད་མོ་མཛོད། སློབ་དཔོན་དགོངས་སུ་གསོལ་ནས་ལེགས་སོའི་བར་བྱའོ། གསུམ་པ་ནི། སྐྲ་དང་ཁ་སྤུ་འབྲེག་པའི་དགེ་སློང་ལ་དགེ་སློང་འདི་ཞེས་བྱ་བས་ཚེ་དང་ལྡན་(༡༨༨བ)


GLG014_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིའི་གཙུག་ཕུད་འབྲེག་པ་ལ་སོགས་པའི་གྲོགས་ལྡན་མཛོད་ཅིག་ཅེས་བསྐོ། བསྐོས་པའི་དགེ་སློང་དེས་ཀྱང་མདུན་ནས་འདྲི་ཞིང་རྒྱབ་ནས་འབྲེག་ཅེས་པ་ལྟར། མཐེ་བོས་མཐེ་ཆུང་བཀུག་ལ་མནན། སོར་མོ་རྣམས་བརྐྱང་བ་ལག་པ་གཡོན་པའི་སྟེང་དུ་གཡས་པ་བཞག་པ་བསྒྲུབ་བྱའི་མགོ་བོར་བཞག་སྟེ། ཞེས་བྱུང་ཡང་ཐར་རྩེ་པའི་དེར་གཡོན་པས་བུམ་པ་དང་སྐྲ་གྲི་འཛིན་ཅིང་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་བསྒྲུབ་བྱའི་སྤྱི་བོར་གཏུགས་ཏེ་ཞེས་བྱུང་བའི་ཕྱི་མ་འདི་ཉིད་འཇུག་པ་བདེ། ཅི་ཚེ་དང་ལྡན་པ་འདི་ཞེས་བྱ་བ་གཙུག་ཕུད་འབྲེག་པ་ལ་སྤྲོ་འམ། ཞེས་མདུན་ནས་དྲི་ཞིང་། བསྒྲུབ་བྱས་སྤྲོ་ལགས་ཞེས་ལན་བཏབ་པའི་རྗེས་སུ། རྒྱབ་ནས་བྲེགས་ནས་མཁན་པོ་ལ་ཕུལ། མཁན་པོས་དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་རྣམས་དགྱེས་པ་ཆེན་པོ་མཛད་དུ་གསོལ། ཞེས་དཀོན་མཆོག་ཕྱོགས་ལ་གཏོར་རོ། །དེ་ནས་གྲང་དུས་ཡིན་ན་ཆུ་དྲོན་མོ། དྲོ་དུས་ཡིན་ན་ཆུ་གྲང་མོས་ཁྲུས་བྱེད་དུ་གཞུག །འགྲུབ་ན་ལུས་རིལ་པོ་བཀྲུ། རྒས་པའམ། ན་བའམ། ཆུ་མ་འབྱོར་ན་ཡན་ལག་ལྔ་ཁྲུས་བྱས་ལ། མཁན་པོའི་ཞབས་གཉིས་ལ་གཏུགས་པའི་ཕྱག་གསུམ་བྱས་ཏེ། འཚལ་ལུགས་གདན་གྱི་རྩ་བར་མགོ་བོ་གཏུགས་པའི་ཡར་ལངས་པའི་ཞོར་ལ་མཁན་པོའི་ཞབས་ལ་རེག་པ་དེ་འདྲ་ལན་གསུམ་བྱས་ནས། མདུན་དུ་ཙོག་པུར་འདུག་པའི་ཕྲག་པ་གཡོན་པ་ལ་གདིང་བ། མཐང་གོས། བླ་གོས་གསུམ་ནང་ལ་བརྒྱད་བལྟབ་ཏུ་བཀལ་ནས། ཆོས་གོས་ཀྱི་སྣེ་མོ་བསྒྲུབ་བྱའི་ལག་པ་གཡོན་པའི་ཁར་བཞག །གཉིས་ཀའི་ལག་པ་གཡས་པས་སྟེང་ནས་བཀབ་ལ། འདི་སྟོད་དུ་རྒྱུན་དུ་གྱོན་པའི་ཆོས་(༡༨༩ན)


GLG014_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གོས་བླ་གོས་ཞེས་བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར་པ་དགེ་སྦྱོང་གི་དྲན་པ་གསོ། སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་ཉི་མ་ལ་སོགས་པའི་ཚ་གྲང་གི་རེག་པ་ལས་སྐྱོབ་པའི་གོས་སུ་གནང་བ་ཡིན་པས་དུས་རྒྱུན་དུ་སྟོད་གཡོགས་འདི་ལྟ་བུ་རེ་འཆང་སྙམ་པ་གྱིས་བྱས་ལ། ཕྲག་པ་གཡས་ལ་བཞག །མཐང་གོས་ལའང་སྔར་བཞིན་བྱས་ལ། འདི་སྨད་ཀྱི་ནང་དུ་གྱོན་པར་བྱེད་པའི་མཐང་གོས་ཞེས་བྱ་བ་སྨད་གཅར་བ་དང་། ངོ་ཚ་བའི་གནས་ལས་སྐྱོབ། སྦྲང་བུ་ལ་སོགས་པའི་རེག་པ་བསྲུང་། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་འགྱུར། དགེ་སྦྱོང་གི་དྲན་པ་གསོ་བའི་གོས་སུ་གནང་བ་ཡིན་པས། དུས་རྒྱུན་དུ་སྨད་གཡོགས་འདི་ལྟ་བུ་རེ་འཆང་སྙམ་པ་གྱིས། རྒྱ་གར་ན་རུང་བའི་ཚོན་གསུམ་ལ་ཁ་དོག་ངན་པར་བྱེད་པས། རྒྱགས་པ་དང་དྲེགས་པ་འཇོམས་པའི་དོན་ཡིན་ཞིང་། སྟོན་པས་ཀྱང་སྟོད་གཡོག་སྨད་གཡོགས་འདི་ལྟ་བུ་བསྣམས་ནས་འདིའི་ལམ་ལ་བསླབས་ཤིང་སངས་རྒྱས་ནས། རྗེས་འཇུག་རྣམས་ལའང་གོས་འདི་ལྟ་བུ་གནང་བ་ཡིན་པས། སྟོད་གཡོགས་སྨད་གཡོགས་འདི་ལྟ་བུ་གྱོན་ལ། སེམས་དུལ་བ་དང་ཞི་བར་བྱེད་དགོས་པ་ཡིན་བྱས་ལ། གཡས་སུ་སྤོ།ལྷུང་བཟེད་ཀྱི་ནང་དུ་ནས་འབྲུ་ལ་སོགས་པའི་དངོས་པོ་བླུགས་ལ། མཁན་སློབ་གཉིས་ཀའི་ལག་པ་གཡོན་པ་འོག་ཏུ་བྱས། གཡས་པས་སྟེང་ནས་བཟུང་ལ། འདི་ལྷུང་བཟེད་ཅེས་བྱ་བ་ཁྱིམ་པའི་ཁ་ཕོར། མུ་སྟེགས་ཀྱི་སློང་ཕོར། རབ་བྱུང་དམན་པ་གཞན་ལས་སྣོད་སྤྱད་ཀྱི་རྟགས་ཁྱད་པར་(༡༨༩བ)


GLG014_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་གྱུར་པ་ཡིན། འདི་ཟས་ཀྱིས་འགེངས་པ་བཞིན་དུ། རང་གི་ཤེས་རྒྱུད་ཡོན་ཏན་གྱིས་འགེངས། འདིའི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ལ་ལོངས་སྤྱོད། མཐའ་གཉིས་སྤངས་པའི་བསོད་སྙོམས་སྤྱོད་པའི་སྣོད་དུ་སྟོན་པས་གནང་བ་ཡིན་པས། དུས་རྒྱུན་དུ་སྣོད་སྤྱད་འདི་ལྟ་བུ་འཆང་སྙམ་པ་གྱིས། འདིང་བ་ལ་འཆང་ལུགས་སྔར་བཞིན་བྱས་ལ། འདི་གདིང་བ་བྱ་བ་ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ་ཕལ་ཆེར་མ་ཉམས་པ་དང་། དགེ་འདུན་གྱི་རྩྭའི་གདན་མ་གཏོགས་པ་གནས་མལ་ལ་ལོངས་སྤྱོད་པའི་དུས་སུ། འདིས་བསྐྱབས་ནས་ལོངས་སྤྱོད་དགོས་པ་ཡིན། ཆུ་ཚགས་གཏད་ལ་འདི་ཆུ་ཚགས་བྱ་བ་སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་ཞིང་། སོ་སོ་ཐར་པའི་སྡོམ་པ་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ་ཡིན་པས། སེམས་ཅན་ཐམས་ཅད་ལ་གནོད་པ་སྤང་དགོས། ཁྱད་པར་དུ་ཆུ་འདི་འབྲེལ་ཆེ་འབྱུང་ཉེ། ནང་དང་ནུབ་ཏུ་ཆུ་ལ་ལོངས་སྤྱད་དགོས་པས་ཆུ་ཚགས་འདི་འདྲ་རེ་འཆང་ཞིང་། དེས་མཚོན་ནས་ཡོ་བྱད་གང་ལ་ཡང་སྲོག་ཆགས་ལ་མ་གནོད་པ་བྱེད་དགོས་སོ། །ཞེས་བརྗོད་ལ་སྦྱིན་ནོ། གྲོགས་ལྡན་གྱིས་མཐང་གོས་ཉིས་བལྟབ་བྱས་པ་དེ་བསྒྲུབ་བྱའི་རྒྱབ་ལ་བསྐོན། དེའི་སྟེང་དུ་བླ་གོས་བརྐྱང་པ་བསྐོན་ཏེ། དེ་ནས་མཁན་པོས་གཡས་གཡོན་གྱི་སྣེ་མོ་མདུན་དུ་ལྷན་ཅིག་བྱས་ཐལ་མོ་སྦྱོར་དུ་བཅུག་སྟེ། དེ་ནས་མཁན་པོས་བསྒྲུབ་བྱའི་མགོར་མེ་ཏོག་བཞག་ལ། དགེ་འདུན་རྣམས་ཀྱིས་སྨོན་ལམ་གནང་བ་ཞུ་བྱས་ལ། དགེ་འདུན་རྣམས་ཀྱིས་མེ་ཏོག་འཐོར་བ་དང་བཅས་ཏེ། ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཚངས་(༡༩༠ན)


GLG014_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་ཚེའི་མཐར་ཕྱིན་པར་གྱུར་ཅིག །ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་ལ་བསྐོན། སྨད་གཡོགས་སྐྱོན་དྲུག་དང་བྲལ་ཞིང་། ཡོན་ཏན་ཟླུམ་པོར་བགོ་བ། སྟོད་གཡོགས་སྐྱོན་གཉིས་དང་བྲལ་ཞིང་ཡོན་ཏན་ཟླུམ་པོར་བགོ་བ་ལ་སློབ། ཞར་ལ་མཚན་མ་ཚོར་བར་བརྟག གཞན་ལ་འཆོལ་ན་ཆེ་གེ་མོས་འདིའི་གོས་ཚགས་ལེགས་པར་སློབ་པ་དང་། བདག་གི་བྱ་བ་ཡང་སྒྲུབས་མཛོད་ཅིག་ཅེས་བསྒོ། དེས་ཀྱང་སྔར་ལྟར་གྱོན་ལུགས་ལེགས་པར་སློབ་ཅིང་། ཞར་ལ་མཚན་གཉིས་པ་ལ་སོགས་པ་ཡིན་མ་ཡིན་བརྟགས་ལ། མིན་ན་བར་ཆད་དང་མི་ལྡན་པ་གདའ་ལགས་ཞེས་བརྡ་སྤྲོད། དེ་རྣམས་ཀྱི་ཚེ་དགེ་སློང་གཞན་ཞིག་གིས་བསྒྲུབ་བྱའི་གདིང་བ་ཉིས་བལྟབ་བྱས་པའི་གླེགས་བུ་ཕྱེད་པ་མདུན་ཕྱོགས་ལ་འོང་བ་བྱས་ཏེ་བཏིང་བའི་སྟེང་བསྒྲུབ་བྱ་འགྲེངས་ནས་བཞག་གོ །གཉིས་པ་ན་སྒྲུབ་བྱ་དེ་སྟོན་པའི་སྐུ་འདི་ལ་ཤཱཀྱ་སེང་གེ་དངོས་ཡིན་སྙམ་པ་གྱིས་ལ་ཕྱག་གསུམ་དང་། མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག །མདུན་དུ་ཙོག་ཙོག་པུར་ཐལ་མོ་སྙིང་གར་སྦྱར་ནས་འདུག་ཏུ་བཅུག་ལ། ཁྱེད་རབ་ཏུ་འབྱུང་བའི་བསམ་པ་སྐྱེས་པ་དེ་ལེགས། དེའི་རྒྱུ་མཚན། དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། ཁྱིམ་པ་རྣམས་ནི་མེའི་འོབས་ན་གནས་པ་ལྟ་བུ། རབ་ཏུ་བྱུང་བ་རྣམས་ནི་བསིལ་བའི་ཁང་པ་ན་གནས་པ་ལྟ་བུའོ། །ཞེས་པ་ལ་སོགས་པ་གསུངས་ཤིང་། ཆོ་འཕྲུལ་བསྟན་པའི་མདོ་ལས། འདོད་པ་དག་(༡༩༠བ)


GLG014_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རབ་ཏུ་བསྟེན་བྱེད་ཅིང་། །བུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ནས། སྣང་བར་བྱ་བའི་ཁྱིམ་ལ་བརྟེན་པ་དེ། །བླ་མེད་བྱང་ཆུབ་དམ་པ་གཞར་མི་ཐོབ། །གང་དག་འདོད་པ་ལྕི་སྐམ་མེ་བཞིན་སྤོངས། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ནའང་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པར་དོང་སྟེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ཏེ་བདུད་ནི་བཅོམས་ནས་སུ། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ། །ཞེས་གསུངས། དེ་ཡང་རབ་བྱུང་དམན་པ་མུ་སྟེགས་ཀྱིས་རབ་ཏུ་བྱུང་བ་མ་ཡིན་པ། ཆོ་གའི་ཟུར་དུ་ཤཱཀྱ་སེང་གེ་ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཞེས་འབྱུང་བས། འོ་སྐོལ་གྱི་སྟོན་པས་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་འབྱོར་པ་དང་ཁབ་སྤངས་ནས། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་རིན་ཐང་མེད་པའི་གོས་དང་། ངུར་སྨྲིག་གི་གོས་བརྗེས་ནས་གསོལ་ཏེ། རབ་ཏུ་བྱུང་བ་བཞིན་དུ་རབ་ཏུ་འབྱུང་བ་ཡིན། རབ་ཏུ་བྱུང་བའི་དོན་ནི། སཾ་སྐྲྀ་ཏའི་སྐད་ལ། པྲ་བརྫིི་ཏ་ཞེས་རབ་ཏུ་སྤངས་པའི་དོན་ཡིན། དེ་ཟག་བཅས་འཁོར་བའི་དངོས་པོ་ཐམས་ཅད་ལས་རྒྱབ་ཀྱིས་ཕྱོགས་ཤིང་སྤངས་པ་ཡིན་པས། དེ་ལ་བརྗེ་བ་གསུམ་དགོས། རྟགས་ཆ་ལུགས་བརྗེ་བ་ཁྱིམ་པའི་རྟགས་ཆ་ལུགས་སྤངས། རབ་ཏུ་བྱུང་བའི་རྟགས་ཆ་(༡༩༡ན)


GLG014_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་བསྒྲུབས་པས་ཚངས། བསམ་པ་བརྗེ་བ་ནི་འཇིག་རྟེན་པ་རྣམས་ཀྱི་འདོད་པ་བསྟེན་པའི་བསམ་པ་ལ་ཉེས་དམིགས་ལྔ་ཡོད་པས། དེ་སྤངས་ནས་འཁོར་བའི་ཉེས་དམིགས་ཤེས་ནས་འཁོར་བ་ལ་ཡིད་འབྱུང་། མྱང་འདས་ཀྱི་ཕན་ཡོན་མཐོང་ནས་མྱང་འདས་ཐོབ་པར་འདོད་པའི་དད་པ་དགོས། དེ་ནས་འཁོར་བ་ལ་ཡིད་འབྱུང་བ་དང་ལྡན་པའི་སྒོ་ནས། འཁོར་བའི་དུཿཁ་ལས་ཐར་བར་བྱེད་པའི་སྐྱབས། དཀོན་ཅོག་གསུམ་ལ་སྟོན་པ་དང་སྐྱབས་དངོས་དང་། ཟླ་གྲོགས་ཞུས་ནས། མྱ་ངན་ལས་འདས་པ་བསྒྲུབ་སྙམ་པ་དགོས་ཤིང་། འདི་ཐེག་པ་ཐུན་མོང་བ་ཡིན་པས། མྱང་འདས་གསུམ་པོ་གང་རུང་དུ་སེམས་བསྐྱེད་ཀྱང་། ངེས་འབྱུང་གི་བསམ་པའི་གོ་ཆོད་མོད། འོན་ཀྱང་ད་རེས་འདིར་བསམ་པ་རབ་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་གནས་པའི་མྱང་འདས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ། །དེའི་ཕྱིར་དུཿཁ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཁྱིམ་གྱི་གནས་ཡོངས་སུ་སྤངས་ཏེ། ཁྱིམ་པའི་རྟགས་ཆ་ལུགས་རྣམས་སྤངས། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཡང་དག་པར་བླངས་ནས། ཇི་སྲིད་མ་ཤིའི་བར་དུ་བསྲུང་སྙམ་པ་གྱིས། དེ་རྣམས་སྤོས་པའི་བརྗེད་ཐོ་རུ་མིང་སྤོ་བ་ཡིན་པས། སྡེ་པའི་མིང་གི་མཐའ་ཅན། དཔལ་དང་། འོད་ཟེར་དང་། གྲགས་པ་དང་། བཟང་པོའི་མཐའ་ཅན་ནམ་མཁན་པོའི་མིང་གི་མཐའ་ཅན་དུ་སྤོས་ལ། མིང་དེ་ནས་སྨོས་ལ་འདིའི་རྗེས་ཟློས་ཀྱིས་བྱས་ལ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་(༡༩༡བ)


GLG014_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ །ཤཱཀྱའི་རྒྱལ་པོ། གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ལན་གསུམ་བཟླས། དེ་རབ་བྱུང་དུ་བསྒྲུབ་པའི་ཐབས་ཡིན་ནོ། ཁྱོད་རང་ལེགས་སོ་གྱིས་བྱ། བསྒྲུབ་བྱས་ལེགས་སོ་བྱའོ། །དེ་ལྟར་རབ་ཏུ་བྱུང་ནས་ཁྱིམ་པའི་རྟགས་སྤོང་བར་སྨྲས་པས། དེ་ཉམས་པའི་ཕྱོགས་མཐུན་དཀར་པོ་དང་། ཁ་ཚར་ཅན་དང་། ཐམས་ཅད་ཁ་དོག་གཅིག་པ་དང་། ཚོན་ཆེན་དང་། སྐྲ་དང་ཁ་སྤུ་རིང་པོར་འཇོག་པ་དང་། འབྲེག་པའི་ཕྱོགས་མ་ཡིན་པ་བྲེག་པ་དང་། ཁུར་འཁུར་བ་ལ་སོགས་ཁྱིམ་པའི་སྤྱོད་ལམ་རྣམས་སྤོང་བ་དང་། རབ་ཏུ་བྱུང་བའི་རྟགས་ལེན་པར་ཁས་བླངས་པ་དེ་ཉམས་པའི་ཕྱོགས་མཐུན་མུ་སྟེགས་ཅན་གྱི་རྟགས། སྤྱོད་ལམ། བརྟུལ་ཞུགས་དང་། བཀའ་ཐུབ་རྣམས་སྤངས་ནས། རབ་ཏུ་བྱུང་བའི་གཙང་སྦྲ་དང་། ཆ་བྱད་དང་། བརྟུལ་ཞུགས་ལ་གནས་པར་བྱའོ། །ཤིན་ཏུ་བསྡུ་ན། མཁན་པོས་ཆོས་གོས། ལྷུང་བཟེད་སོགས་བྱིན་པ་བསྐོན་པའི་རྗེས་སུ། འོ་ན་ཁྱོད་རབ་ཏུ་བྱུང་བར་འདོད་པ་ཤིན་ཏུ་ལེགས་པ་ཡིན། ལེགས་པའི་རྒྱུ་མཚན། མདོ་ལས། ཁྱིམ་པ་དང་རབ་ཏུ་བྱུང་བ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བར་གསུངས་ཏེ། དུས་གསུམ་(༡༩༢ན)


GLG014_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སངས་རྒྱས་ཐམས་ཅད་རབ་ཏུ་བྱུང་བའི་རྟེན་ཁོ་ནས་སངས་རྒྱས་པ་ཡིན་གྱི། ཁྱིམ་པའི་རྟེན་ལ་སངས་རྒྱས་པ་སུ་ཡང་མེད། ཁྱད་པར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དུས་བསྐལ་པའི་བར་དུ། རང་གི་བུ་དང་ཆུང་མ་སོགས་སྦྱིན་པར་བཏང་བའི་བསོད་ནམས་ལས། རབ་ཏུ་བྱུང་བར་འདོད་པའི་བསམ་པ་དག་པས་དགོན་པར་གོམ་པ་གཅིག་བོར་བ་བསོད་ནམས་ཆེ་བ་སོགས་མཐའ་ཡས་པ་གསུངས། དེ་ལྟ་བུའི་རབ་བྱུང་བསྒྲུབ་པ་ལ། བརྗེ་བ་གསུམ་དགོས་པས་རྟགས་ཆ་ལུགས་བརྗེ་བ་ལེགས་པར་གྲུབ་པ་ཡིན། བསམ་པ་བརྗེ་བ་ཁྱིམ་པའི་ཉེས་དམིགས་དང་། རབ་ཏུ་བྱུང་བའི་ཕན་ཡོན་དྲན་པར་བྱས་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་བླངས་ཏེ། ཇི་སྲིད་མ་ཤིའི་བར་དུ་བསྲུང་སྙམ་པའི་བསམ་པ་ཁྱད་པར་ཅན་དུང་པ་ཞིག་བསྐྱེད་མཛོད། དེ་དག་མི་བརྗེད་པའི་བརྡར་མིང་སྤོ་བ་ཡིན་པས། ཁྱོད་རང་མིང་འདི་ཞེས་བྱ་བ་གྱིས་ལ། མིང་དེ་ནས་སྨོས་ཏེ་འདིའི་རྗེས་ཟློས་མཛོད། མཁན་པོ་དགོངས་སུ་གསོལ་ནས། ལེགས་སོའི་བར་བྱ། འདིའི་བསླབ་བྱ་ལ་ཁྱིམ་པའི་རྟགས་སྤངས་ཏེ། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དང་ལྡན་པ་མཁན་པོ་ལ་གུས་པ་སོགས་བྱེད་དགོས་སོ། །ཞེས་བརྗོད་པར་བྱའོ། །དེ་དག་གིས་ནི་ཞུ་དང་མཁན་པོ་དང་པོ་དང་། རབ་བྱུང་ཞེས་པའི་དོན་ལེགས་པར་བཤད་ཟིན་ཏོ། །


previousདགེ་ཚུལ་སློང་གི་སྡོམ་པ་འབོགས་ཆོག་བྱ་ཚུལ།next