Nitartha Digital Library
Tibetan
 
previousདགེ་ཚུལ་དུ་བསྒྲུབ་པའི་དངོས་གཞིའི་ཆོ་ག་སོགས་བཤད་པ།next

དགེ་ཚུལ་དུ་བསྒྲུབ་པའི་དངོས་གཞིའི་ཆོ་ག་སོགས་བཤད་པ།


GLG014_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གཉིས་པ་དགེ་ཚུལ་དུ་བསྒྲུབ་པའི་དངོས་གཞིའི་ཆོ་ག་བརྗོད་ན། ཁྱད་ཆོས་བཅུ་གཅིག་དང་ལྡན་པའི། །འདུལ་འཛིན་སློབ་དཔོན་མཁས་པ་ཡིས། །དགེ་ཚུལ་དོན་གཉེར་བསྒྲུབ་བྱ་ལ། །སྡོམ་པ་སྐྱེ་དང་གནས་པ་དང་། །གནས་པ་ཁྱད་པར་འགྱུར་བ་དང་། །རྟེན་ཉིད་མཛེས་པར་བྱེད་པ་ཡི། །འགལ་རྐྱེན་བར་ཆད་བཞི་བྲལ་དང་། །ཡུལ་རྒྱུད་རྟགས་དང་བསམ་པ་དང་། །ཆོ་ག་མཐུན་པའི་རྐྱེན་ལྔ་པོ། །ཚིག་དོན་གསལ་བར་བརྡ་སྤྲད་དེ། །དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ། །དེ་ལྟར་བཤད་པའི་རྒྱུ་ཚོགས་ལས། །འགལ་རྐྱེན་བར་ཆད་བཞི་བྲལ་དང་། །མཐུན་རྐྱེན་དང་པོ་གསུམ་པོ་ཡི། །བཤད་པ་བཏང་སྙོམས་གྱུར་ཀྱང་སླའི། །ངེས་འབྱུང་སྡོམ་པ་སྐྱེ་བ་ལ། །མེད་དུ་མི་རུང་གཅེས་པའི་ཆོས། །རྒྱུ་ཡི་ཀུན་སློང་ཐོབ་འདོད་དང་། །དུས་ཀྱི་ཀུན་སློང་ཐོབ་ཤེས་དང་། །འགལ་རྐྱེན་བར་ཆད་བཞི་བྲལ་དང་། །མཐུན་རྐྱེན་ཕུན་ཚོགས་སུམ་ལྡན་དང་། །ངེས་འབྱུང་བསམ་པའི་གསལ་འདེབས་ཏེ། ཁྱད་ཆོས་ལྔ་དང་ལྡན་པ་ཡི། །བསམ་པ་མཐུན་པའི་རྐྱེན་ཉིད་དང་། །སྡོམ་པ་འབོགས་བྱེད་ཆོ་གའི་ཚིག །འཁྲུལ་མེད་ཆོ་ག་མཐུན་པའི་རྐྱེན། །ཕུན་ཚོགས་བསྟན་པ་འཕེལ་རྐྱེན་དང་། །བསྒྲུབ་བྱ་ཉིད་ལ་ཕན་སེམས་ཀྱི། །སྙིང་རྗེ་དྲག་པོས་ཀུན་བླངས་ཏེ། །བསྒྲུབ་བྱའི་བློ་ཡུལ་འཆར་བདེ་བ། །བཏང་སྙོམས་མ་ཤོར་གཅེས་སྤྲས་སུ། །ནན་ཏན་མཛད་པ་གནད་ཀྱི་དོན། །ཚུལ་འདིས་ཐོག་མཐའ་རྣམས་ཀྱི་ཡང་། །སྡོམ་པའི་སྐྱེ་ཚུལ་མཚོན་པར་བྱ། །དགེ་ཚུལ་ཉིད་དུ་སྒྲུབ་པ་ཡི། །དངོས་གཞིའི་ཆོ་གའི་ཁོག་ཕུབས་སོ། །དེ་ཡང་ཅུང་ཟད་བཤད་ན། །མཁན་པོས་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་(༡༩༣ན)


GLG014_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ཆོས་བཅུ་གཅིག་དང་ལྡན་ཞིང་། དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་ལ་མཁས་པ་ཞིག་ལ། མང་དུ་ཐོས་པའི་འདུལ་བ་འཛིན་པ་ཆེན་པོ་དགེ་སློང་ཆེ་གེ་མོ་ཞེས་བྱ་བས། ཚེ་དང་ལྡན་པ་འདི་ཉིད་ལ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ཞིག་བཀས་གནང་བར་ཞུ། ཞེས་བརྗོད་ལ་གཏད། དེས་ཀྱང་ཅི་ཚེ་དང་ལྡན་པ་འདིའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། ཞེས་དྲི། མཁན་པོས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ཡིན་གདའོ་ཞེས་ལན་བཏབ། དེ་ནས་སློབ་དཔོན་གྱིས་བསྒྲུབ་བྱ་དེ་སྟོན་པའི་སྐུ་དང་། སློབ་དཔོན་རང་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག །མདུན་དུ་ཙོག་ཙོག་པུར་འདུག་སྟེ་ཐལ་མོ་སྙིང་གར་སྦྱོར་དུ་བཅུག་ནས། ཁྱོད་དགེ་ཚུལ་གྱི་སྡོམ་པ་ལེན་པ་ལ། དགག་པའི་ཚུལ་གྱི་འགལ་རྐྱེན་བར་ཆད་བཞི་སྤངས་པ། སྒྲུབ་པའི་ཚུལ་གྱིས་མཐུན་རྐྱེན་ལྔ་ཚང་བ་ཞིག་དགོས་པ་ལ། འགལ་རྐྱེན་སྡོམ་པ་སྐྱེ་བ་དང་། གནས་པ་དང་། ཁྱད་པར་དུ་འགྱུར་བ་དང་། མཛེས་པ་ལ་བར་དུ་གཅོད་པ་སྟེ་བཞི་མེད་པ་དགོས་ཏེ། མཁན་པོ་བས་བར་ཆད་དྲིས། ཁྱོད་རང་གིས་ལན་བཏབ་པས་དག་པར་རྟོགས་པས་གྲུབ་པ་ཡིན། མཐུན་རྐྱེན་ལ་ཡུལ་དང་། རྒྱུད་དང་། རྟགས་དང་། བསམ་པ་དང་། ཆོ་ག་མཐུན་པའི་རྐྱེན་དང་ལྔ་ལས། དང་པོ་ཡུལ་མཐུན་པའི་རྐྱེན་ནི། སྐྱབས་འགྲོའི་ཡུལ་དུ་གྱུར་པའི་དཀོན་ཅོག་གསུམ་འགོག་ལམ་གྱི་སྟེང་ནས་འཇོག་པས། དེ་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་པ་ཞིག་དགོས། ཀུན་རྫོབ་བརྡར་མཚོན་པའི་དཀོན་ཅོག་གསུམ། སངས་རྒྱས་སྟོན་པའི་སྐུ་གཟུགས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་(༡༩༣བ)


GLG014_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་བཞུགས་པ་ཞིག་དགོས་པ་ཚང་། ཆོས་ལུང་གི་ཆོས་ལས་ཀྱི་ཆོ་ག་འདི་ན་བཞུགས་པ་འདི་ཉིད་ཀྱིས་ཚང་། དམ་པའི་ཆོས་མ་ནུབ་པ་ཞིག་དགོས་ན་དེའང་ཚང་། དགེ་ཚུལ་གྱི་སྡོམ་པ་གང་ཟག་ལས་སྐྱེ་བས། དགེ་འདུན་མེད་ཀ་མེད་མིན་ནའང་། ཞུ་བའི་དུས་སུ་དགེ་འདུན་ལོངས་པས་དགེ་འདུན་ཡང་ཚང་། མཁན་པོ་ཆོས་བདུན་ལྡན་ལ་མཁན་པོར་གསོལ་བ་བཏབ་པས་ཁས་བླངས་པ་ཞིག་དགོས་ན། མཁན་པོ་བ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་བཞུགས་ཤིང་། དེ་ལ་ཁྱོད་རང་གིས་གསོལ་བ་བཏབ་པས། ཞལ་གྱིས་བཞེས་པ་ངོས་གྲུབ་པ་ཡིན། སློབ་དཔོན་ཆོས་བཅུ་གཅིག་དང་ལྡན་པ་ལ། མཁན་པོའི་ཚིག་གིས་བསྐོས་པ་ཞིག་དགོས་ཏེ། ཁྱོད་ལ་དགེ་ཚུལ་གྱི་སྡོམ་པ་བསྐྱེད་པའི་ཆོ་གའི་བརྡ་སྤྲོད་པ་དེ་བདག་གིས་འགྲུབ་རུང་དུ་ཡོད་པས་ཡུལ་དུ་གང་དགོས་ཚང་། གཉིས་པ་རྒྱུད་མཐུན་པའི་རྐྱེན་ལ། རྒྱུད་ཚོགས་སུ་མ་ཚང་བ། སྡོམ་པ་རྙིང་པས་རྒྱུད་མ་བཀག་པ། ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་སྐྱེ་བ་ལ་ཚིགས་སྔ་མ་སྔོན་དུ་སོང་ཞིང་ཆགས་པ་ཞིག་དགོས་ཏེ། ཁྱོད་རང་གསུམ་མན་ཆད་དུ་གནས་པ་དང་། རྩ་ལྟུང་འཆབ་བཅས་བྱུང་བ་མ་ཡིན་པ་དང་། ད་ཅི་ནས་རབ་བྱུང་། དགེ་བསྙེན་སོགས་བྱས་མ་ཐག་པ་ཡིན་པས་ཐམས་ཅད་ཚང་། གསུམ་པ། རྟགས་མཐུན་པའི་རྐྱེན་ལུས་ཀྱི་བྱི་བྱད་ཀྱི་རྟགས་སྐྲ་དང་ཁ་སྤུ་བྲེགས་ཤིང་། བྲེག་ཏུ་མ་གནང་བའི་ཕྱོགས་མ་བྲེགས་པ། ཁྲུས་བྱས་པ། གོས་ཀྱི་རྟགས་བླ་གོས་མཐང་གོས་རུང་བ་ཚད་དང་ལྡན་པ་མཁན་པོས་གནང་ཞིང་བསྐོན་པ། གདིང་བ། ཆུ་ཚགས་རུང་བ་ཚད་ལྡན་མཁན་པོས་(༡༩༤ན)


GLG014_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ། སྣོད་སྤྱད་ཀྱི་རྟགས་ལྷུང་བཟེད་རུང་བ་ཚད་ལྡན་མཁན་པོས་གནང་བ། མདོར་ན་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་དང་ལྡན། ཁྱིམ་པ་དང་མུ་སྟེགས་ཀྱི་རྟགས་ཆ་ལུགས་དང་མི་ལྡན་པ་ཞིག་དགོས་ཏེ། ཁྱིམ་པ་དང་མུ་སྟེགས་ཀྱི་རྒྱལ་མཚན་ཅན་ལ་ཡང་མི་སྐྱེའོ། །ཞེས་གསུངས་པས། བརྙན་པོ་ཚུན་ཆོད་ཀྱིས་ཐམས་ཅད་ཚང་བར་ཡོད་པ་ཡིན། བཞི་པ་བསམ་པ་མཐུན་པའི་རྐྱེན་ལ། རྒྱུའི་ཀུན་སློང་ཐོབ་པ་འདོད། དུས་ཀྱི་ཀུན་སློང་ཐོབ་ཤེས། འགལ་རྐྱེན་ངེས་པ་ལྔ་བྲལ། མཐུན་རྐྱེན་ཕུན་ཚོགས་སུམ་ལྡན། དེ་ཐམས་ཅད་ངེས་འབྱུང་གིས་བསམ་པས་ཟིན་པ་ཞིག་དགོས། རྒྱུའི་ཀུན་སློང་ཐོབ་འདོད་ནི་སྐོམ་པ་ཆུ་འདོད་པ་ལྟར། དགེ་ཚུལ་གྱི་སྡོམ་པ་ཞེ་ཐག་པ་ནས་རང་ལ་ལེན་འདོད་ཡོད་པ་ཞིག་སྟེ། ཁྱོད་རང་གིས་ཆེད་དུ་གཉེར་ནས་བསྒྲུབས་པས་ཚང་། དུས་ཀྱི་ཀུན་སློང་ཐོབ་ཤེས་ནི། དགེ་ཚུལ་གྱི་སྡོམ་པ་ཐོབ་པ་ལ་ཐོབ་པར་ཤེས་པའི་བསམ་པ་སྐྱེ་རུང་ཞིག་དགོས་ཏེ། དེ་ཡང་ཁྱོད་ལ་སྐྱེ་རུང་དུ་ཡོད་པས་ཚང་བ་ཡིན། འགལ་རྐྱེན་ངེས་པ་ལྔ་བྲལ་ནི། ངེས་པ་ལྔ་ནི་སེམས་ཅན་དང་། ཡུལ་དུས་གནས་སྐབས་ཡན་ལག་གོ །ཞེས་པ་ལྟར། སེམས་ཅན་ངེས་པ་ནི་སེམས་ཅན་འགའ་ཞིག་ལ་གནོད་འཚེ་སྤོང་ནུས་འགའ་ཞིག་ལ་སྤོང་མི་ནུས་སྙམ་པ་ནི། སེམས་ཅན་ངེས་པ་ཡིན་ལ། དེ་ལྟ་བུའི་བསམ་པ་དང་བྲལ་ནས། སེམས་ཅན་ཐམས་ཅད་ལ་གནོད་འཚེ་སྤོང་ནུས་སྙམ་པ་ཞིག་དགོས། ཡུལ་ངེས་པ་ནི་ཡུལ་འགའ་ཞིག་ཏུ་དགེ་ཚུལ་གྱི་སྤང་བྱ་རྣམས་སྤོང་ནུས། ཡུལ་ཐམས་ཅད་དུ་མི་ནུས་སྙམ་པ་ནི་ཡུལ་ངེས་པ་ཡིན་ལ། དེ་དང་(༡༩༤བ)


GLG014_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ནས་ཡུལ་ཐམས་ཅད་དུ་དགེ་ཚུལ་གྱི་སྤང་བྱ་རྣམས་སྤོང་འདོད་ཡོད་པ་ཞིག་དགོས། དུས་ངེས་པ་ནི། ལོ་གཅིག་དང་ཟླ་བ་གཅིག་ལ་སོགས་པར་དགེ་ཚུལ་གྱི་བསླབ་བྱ་ལ་སློབ་ནུས། ཇི་སྲིད་འཚོའི་བར་སློབ་མི་ནུས་སྙམ་པ་ནི་དུས་ངེས་པ་ཡིན་ལ། དེ་དང་བྲལ་ནས། དུས་དེ་ནས་ཇི་སྲིད་མ་ཤིའི་བར་དུ་དགེ་ཚུལ་གྱི་བསླབ་བྱ་མཐའ་དག་ལ་སློབ་སྙམ་པ་ཞིག་དགོས། གནས་སྐབས་ངེས་པ་ནི་འཐབ་མོ་ལ་སོགས་པའི་གནས་སྐབས་སུ་སྤང་བྱ་སྤོང་མི་ནུས། དེ་ལས་གཞན་དུ་སྤོང་ནུས་སྙམ་པ་ནི། གནས་སྐབས་ངེས་པ་ཡིན་ལ། དེ་དང་བྲལ་ནས་གནས་སྐབས་ཐམས་ཅད་དུ་སྤོང་འདོད་ཡོད་པ་ཞིག་དགོས། དགེ་ཚུལ་གྱི་སྡོམ་པ་ལ་ཡན་ལག་ངེས་པ་ཚང་མི་དགོས་ཏེ། མཛོད་ལས། སྡོམ་པ་སེམས་ཅན་ཐམས་ཅད་ལ། །ཡན་ལག་རྒྱུ་ལ་དབྱེ་བ་ཡོད། ཅེས་གསུངས་པ་ཡིན། འོན་ཀྱང་དགེ་ཚུལ་གྱི་སྤང་བྱ་བཅུའི་ནང་ནས། འདི་བསྲུང་འདི་མི་བསྲུང་སྙམ་པའི་ངེས་པ་དང་བྲལ་བ་ཞིག་དགོས་པས་ངེས་པ་ལྔ་བྲལ་ཡང་ཆ་འདྲ་ཞིག་ཚང་དགོས། མཐུན་རྐྱེན་ཕུན་ཚོགས་སུམ་ལྡན་ནི། གང་ལ་སྡོམ་པ་བླང་བའི་ཡུལ། མཁན་སློབ་དགེ་འདུན་དང་བཅས་པ་དང་། བྱེད་པ་ལས་ཀྱི་ཆོ་ག་ལ་སྡོམ་པ་བསྐྱེད་པའི་ནུས་པ་ཡོད་ཅིང་། རང་ཉིད་ཀྱིས་ཀྱང་བསླབ་བྱ་ལ་སློབ་ནུས་སོ་སྙམ་པའི་བསམ་པ་དང་ལྡན་པ་ཞིག་དགོས། ལྔ་པ་ངེས་འབྱུང་གི་བསམ་པ་ནི། དེ་ཐམས་ཅད་མྱང་འདས་ཀྱི་བསམ་པ་བརྟན་པོས་ཟིན་པ་ཞིག་དགོས་ཏེ། འཚོ་བ་མ་ཕྱེད་པའམ། རྒྱལ་པོའི་ཆད་པས་འཇིགས་ནས་རབ་བྱུང་ལེན་པ་འཇིགས་སྐྱོབས་ཀྱི་ཚུལ་(༡༩༥ན)


GLG014_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་དང་། ཕྱི་མར་ལྷ་མིའི་དཔལ་འདོད་ནས་རབ་བྱུང་ལེན་པ་ལེགས་སྨོན་གྱི་ཚུལ་ཁྲིམས་སུ་འགྱུར་གྱི། དེ་གཉིས་ངེས་འབྱུང་གི་བསམ་པས་མ་ཟིན་པས་སོ་ཐར་གྱི་སྡོམ་པར་མི་འགྱུར། དེ་ནས་སོ་ཐར་གྱི་སྡོམ་པར་འགྱུར་བ་ལ་མྱང་འདས་ཀྱི་བསམ་པ་བརྟན་པོས་ཟིན་པ་ཞིག་དགོས། མྱང་འདས་ཀྱི་བསམ་པའི་དོན་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་ནས་མྱང་འདས་དོན་གཉེར་གྱི་བསམ་པ་དྲག་པོ་ལ་ཟེར་བ་ཡིན། དེ་ཡང་འཁོར་བའི་སྡུག་བསྔལ་ལ་བསམས་པ་ན། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དྲག་ལ་རྒྱུན་རིང་བ་སྲན་གྱིས་མི་བཟོད་པ་ཡོད། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་ཤིན་ཏུ་ཡ་ང་བ་ཡོད། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བ་དང་། གསོད་པ་དང་། བཀོལ་སྤྱོད་ཀྱི་སྡུག་བསྔལ་སོགས་བརྗོད་ཀྱི་མི་ལང་བ་ཡོད། མི་རྣམས་ལ་འདོད་པ་བཙལ་གྱིས་མ་རྙེད་པ། མི་འདོད་པ་ཐོག་ཏུ་བབས་པ། དགྲ་སྡང་བ་དང་ཕྲད་པ། གཉེན་བྱམས་པ་དང་བྲལ་བ། ཡོད་པ་རྣམས་གསོག་བསྲུང་གི་སྡུག་བསྔལ། མེད་པ་རྣམས་འཚོལ་འགྲོའི་སྡུག་བསྔལ་ལ་སོགས་པ་རང་རེས་ཉམས་སུ་མྱོང་བས་གྲུབ་པ་འདི་ཡིན། ལྷ་མ་ཡིན་རྣམས་ལ་རང་བཞིན་གྱིས་ལྷའི་དཔལ་ལ་ཕྲག་དོག་པས་རྟག་ཏུ་འཐབ་རྩོད་དང་། ལུས་བཅད་ཅིང་བྲལ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད། ལྷ་རྣམས་ལ་ཡང་བྱ་ནམ་མཁའ་ལ་འཕུར་བ་ཅིས་ཀྱང་ས་ལ་འབབ་པ་བཞིན་དུ་སླར་འོག་ཏུ་ལྟུང་ནས་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་ཞིང་། ཁྱད་པར་འཆི་ལྟས་ལྔ་དང་ཉེ་བའི་འཆི་ལྟས་ལྔ་བྱུང་བའི་ཚེ་ངན་འགྲོར་སྐྱེ་བར་ཤེས་(༡༩༥བ)


GLG014_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། དམྱལ་བའི་སྡུག་བསྔལ་ལས་ཆེས་ཆེར་ཆེ་བའི་སྡུག་བསྔལ་ཡོད་དེ། ལྷ་རྣམས་འཆི་བར་གྱུར་པའི་ཚེ། །སྡུག་བསྔལ་འབྱུང་བ་ཇི་སྙེད་པ། །མནར་མེད་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཐུན་མོང་དུ་འགྲོ་བ་དེ་ཐམས་ཅད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་མ་ཐར་བས་སྡུག་བསྔལ་གྱི་རང་བཞིན་ཅན། སྡུག་བསྔལ་བའི་ཆོས་ཅན་ཡིན་ཏེ། མདོ་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུངས་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ཤིང་། །རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད་ལྟར་འགྲོ་ལྔ་དག་ན་བདེ་བ་མེད། ཅེས་གསུངས་པས། དེ་ལྟར་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་རིག་པར་བྱའོ། །དེས་ན་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བའི་མྱང་འདས་ལ་དོན་གཉེར་གྱི་བསམ་པ་དྲག་པོ་བསྐྱེད་དགོས། མྱང་འདས་ལ་ཆུང་ངུ་ཉན་ཐོས། འབྲིང་རང་རྒྱལ། མཆོག་སངས་རྒྱས་ཀྱི་མྱང་འདས་གསུམ་ཡོད་པ་ལས་འདི་ཐེག་པ་ཐུན་མོང་བ་ཡིན་པས་རང་གི་བློ་དང་འཚམ་པར་གསུམ་པོ་གང་བླངས་ཀྱང་གོ་ཆོད་མོད། འོན་ཀྱང་ཉན་ཐོས་དང་རང་རྒྱལ་གྱི་མྱང་འདས་གཉིས། འཁོར་བའི་སྡུག་བསྔལ་ལས་ལེགས་པར་གྲོལ་བར་ཡིན་ཀྱང་། རང་དོན་གྱི་སྤང་རྟོགས་ཡོངས་སུ་མ་རྫོགས། གཞན་དོན་གྱི་འཕྲིན་ལས་རྒྱ་ཆེན་པོ་མི་འབྱུང་། མཐར་(༡༩༦ན)


GLG014_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐོབ་པ་ལ་བར་དུ་གཅོད་པས་ཤིང་ཚིག་པའི་མགལ་དུམ་བཞིན། སངས་རྒྱས་ཀྱི་རྒྱུ་མི་རུང་བའི་སྐྱོན་དང་བཅས་པ་ཡིན། རྒྱུ་མཚན་དེས་ན་རྫོགས་པའི་སངས་རྒྱས་ཐོབ་འདོད་པ་ཞིག་དགོས། དེ་ཡང་རང་གཅིག་པུའི་དོན་དུ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་པར་འདོད་པ་ཞིག་དགོས་ཏེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་དེ་ཐམས་ཅད་ཀྱིས་རང་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་ཅིང་། སེམས་ཅན་རེ་རེས་ཀྱང་ཕ་མ་ལན་གྲངས་དུ་མ་བྱས་ཕན་ཚད་མེད་པ་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ། དེ་ཐམས་ཅད་འདོད་ནི་བདེ་བ་འདོད། སྡུག་བསྔལ་མི་འདོད་ཀྱང་ཐབས་མི་མཁས་པས་སྡུག་བསྔལ་རྒྱུ་འབྲས་ལ་ལོངས་སྤྱོད་དེ་ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དངོས་ལ་ལོངས་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཁམ་པོ་ཆེ་ལ་ལོངས་སྤྱོད། མ་རིག་པའི་ལིང་ཏོག་གིས་ནི་མིག་ལྡོངས། ཐར་པའི་ལམ་གྱི་བརྟེན་བའི་འཁར་བ་དང་ནི་བྲལ། དགེ་བའི་བཤེས་གཉེན་གྱི་དམིགས་བུས་ནི་མ་ཟིན། མཐོ་རིས་ཀྱི་ལམ་ནས་བརྡེག་འཆོས་ཤིང་། ངན་སོང་གསུམ་གྱི་གཡང་ཁར་འགྲིམ་པ་འདི་རྣམས་ཤིན་ཏུ་སྙིང་རྗེ་བར་འདུག །སྙིང་རྗེ་བྱས་ནས་བཞག་པས་མི་ཕན། དེ་རྣམས་སྡུག་བསྔལ་ལས་སྐྱབས། བདེ་བ་ལ་འགོད་དགོས་ཏེ་དེའི་ནུས་པ་བདག་ལ་མེད། དེ་མ་ཟད་ཚངས་པ་དང་བརྒྱ་བྱིན་སོགས་འཇིག་རྟེན་པའི་མཐུ་བོ་ཆེ་རྣམས་ལའང་མེད། འོ་ན་སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་དེ། རྫོགས་(༡༩༦བ)


GLG014_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀྱིས་སེམས་ཅན་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་མངོན་སུམ་དུ་མཁྱེན་པའི་སྒོ་ནས་སྐུ་ལས་འོད་ཟེར་སྣ་རེ་སྤྲོས་པས་ཀྱང་སེམས་ཅན་ཚད་མེད་པ་མྱང་འདས་ལ་འགོད་ནུས། གསུང་གིས་ཆོས་ཐུན་རེ་བཤད་པས་ཀྱང་སེམས་ཅན་ཚད་མེད་པ་མྱང་འདས་ལ་འགོད་ནུས། ཐུགས་ཏིང་ངེ་འཛིན་སྣ་རེ་ལ་བཞག་པས་ཀྱང་སེམས་ཅན་ཚད་མེད་པ་མྱང་འདས་ལ་འགོད་ནུས། མདོར་ན་དངོས་དང་བརྒྱུད་པའི་སྒོ་ནས། མཐོང་ཐོས་དྲན་རེག་ཐམས་ཅད་མྱང་འདས་ལ་འགོད་པའི་ནུས་པ་སངས་རྒྱས་ཁོ་ན་ལ་འདུག་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་སོ། །སངས་རྒྱས་དེ་ཡང་རྒྱུ་མེད་རྐྱེན་མེད་དུ་མི་འབྱུང་གིས། རྒྱུ་ཚོགས་གཉིས་རྒྱ་ཆེན་པོ་བསགས་ཏེ་ཟག་མེད་ཀྱི་ཤེས་རབ་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་ཐོབ་དགོས་པ་ཡིན། ཤེས་རབ་དེ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ལས་འབྱུང་བ་ཡིན། ཏིང་ངེ་འཛིན་དེ་ཚུལ་ཁྲིམས་རྣམ་པར་དག་པ་ལས་འབྱུང་བ་ཡིན་ཏེ། སྨན་གྱི་གཞི་ལས། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་བཤད། དེ་ན་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་ཀྱི་གཙོ་བོ་དགེ་ཚུལ་སོགས་ཀྱི་སྡོམ་པ་ཡིན་པས། དེ་བླངས་ལ་(༡༩༧ན)


GLG014_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་སྙམ་པའི་བསམ་པ་ཁྱད་པར་ཅན་དུངས་པ་བསྐྱེད་མཛོད། ངེས་འབྱུང་གསལ་འདེབས་ཤིན་ཏུ་བསྡུ་ན། མདོ་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཞེས་སོགས་གསུངས་པ་ལྟར་ཁམས་གསུམ་འཁོར་བ་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱོད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མི་འདུག་པས། འཁོར་བའི་སྡུག་བསྔལ་མཐའ་དག་ལས་ཐར་བའི་སྐྱབས་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་པར་བྱ་དགོས་སྙམ་པའི་བསམ་པ་ཁྱད་པར་ཅན་དུངས་པ་ཞིག་བསྐྱེད་མཛོད། ཅེས་བརྗོད། ལྔ་པ་ཆོ་ག་མཐུན་པའི་རྐྱེན་ལ་སྦྱོར་བ་སྔར་སོང་དངོས་གཞི་དང་། མཇུག་ད་ལྟ་ཉིད་དུ་བསྒྲུབ་པས་རྒྱུ་རྐྱེན་ཐམས་ཅད་ཚང་ཞིང་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ཡིན་པས་སྔར་བཤད་པ་བཞིན་སྐྱབས་སུ་འགྲོ་བའི་དོན་དྲན་པར་བྱས་ཏེ། དུས་འདི་ནས་མ་ཤིའི་བར་དུ་དགེ་ཚུལ་གྱི་བསླབ་གཞི་བཅུ་པོ། ཡུལ་དུས་གནས་སྐབས་ཐམས་ཅད་དུ་མ་ཚང་བ་མེད་པར་བསྲུང་སྙམ་པས། སྤང་བྱ་བཅུ་སྤོང་བའི་དགེ་ཚུལ་དུ་བཟུང་དུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་གྱིས་བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱིས་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་(༡༩༧བ)


GLG014_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཙུན་པས་བཟུང་དུ་གསོལ། འདི་རང་དོན་དུ་བརྗོད་པའི་སྔགས་ཡིན་པས་གཉིས་པའི་ཡང་རྗེས་ཟློག་གྱིས་ཞེས་བརྗོད། གསུམ་པའི་སྐབས་སུ་གསུམ་པ་འདི་ལ་སྐྱབས་བརྗོད་བདག་བརྗོད་གོང་དུ་སོང་། གཞན་བརྗོད་པའི་ཐོག་མར་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ཡིན་ཏེ། མདོར། དཔེར་ན། གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ། །ཞེས་གསུངས་པས་དགེ་ཚུལ་དུ་ཞེས་པའི་ཚིག་རྫོགས་པ་དང་ཁྱོད་ལ་སྡོམ་པ་སྐྱེ། ངེད་ཁྱོད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་ཞིང་། དགེ་ཚུལ་དུ་ཞེས་པའི་སྐབས་སུ་ངེད་ཀྱི་སྐད་གཟེངས་མཐོ་བ་དང་། སེ་གོལ་གྱིས་བརྡ་སྦྱོར་བས། དེ་དུས་བདག་གི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེས་པའི་དུས་འདི་ཁོ་ན་ཡིན་སྙམ་པའི་ཐོབ་བློ་སྐྱེས་པ་ཤིན་ཏུ་གལ་ཆེ་བ་དང་། སློབ་དཔོན་དུ་གྱུར་ནས་བཙུན་པ་ཞེས་མི་བརྗོད་པར་སློབ་དཔོན་ཞེས་བརྗོད་དགོས་པ་ཡིན་པས་མ་ཡེངས་པར་ཡིད་ལ་ཞོག་ལ། གསུམ་པའི་ཡང་རྗེས་ཟློས་གྱིས་ཞེས་བརྗོད། མཇུག་ཏུ་དེ་དགེ་ཚུལ་དུ་བསྒྲུབ་པའི་ཐབས་ཡིན་ནོ། ཁྱོད་རང་ལེགས་སོ་གྱིས་བྱ། སློབ་མས་ལེགས་སོ་ཞེས་བརྗོད་དོ། །དེས་དངོས་གཞིའི་ཆོ་ག་གྲུབ། མཇུག་གི་ཆོ་ག་ལ་གཉིས་ཡོད་པའི་དང་པོ་ཐོབ་དུས་གོ་བ་དེ། མང་དུ་ཐོས་པའི་འདུལ་བ་འཛིན་པ་ཆེན་པོ་དགེ་སློང་ཆེ་གེ་མོ་མཛོད་ཅིག་ཅེས་བསྒོ། དེས་ཀྱང་ལས་ལ་ངན་དང་ཕོ་ཚོད་མི་བྱ་བར་ཉིན་མཚན་གྱི་ཆ་ལེགས་པར་བརྟགས། ཉི་མ་རྫོགས་པའི་སར་ཕྱིན་ཏེ་ཐུར་མ་སོར་བཞི་པས་གྲིབ་ཚོད་གཞལ། ཐུར་མ་དེའི་གྲིབ་མ་སོར་བཞི་ལ། སྐྱེས་བུ་གཅིག་དང་། སོར་གསུམ་མན་ཆད་ལ་རྐང་པའི་ཐ་སྙད་བྱས། དུས་ཚོད་ལ་སོགས་པ་ཐམས་ཅད་བློ་ལ་བྱང་ཞིང་(༡༩༨ན)


GLG014_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པོ་བྱས་ནས་ཁྱོད་དགེ་ཚུལ་དུ་བསྒྲུབ་པ་ལ་ཆོ་ག་སྦྱོར་དངོས་རྗེས་གསུམ་ཡོད་པའི་སྦྱོར་བ་དང་དངོས་གཞི་གཉིས་ཀྱིས་ཁྱོད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན། མཇུག་གི་ཆོ་ག་ལ་གཉིས་ཡོད་པའི་དང་པོ་བསྙེན་བཀུར་གྱི་གནས་དང་། གནས་མ་ཡིན་དང་ཤེས་པའི་ཕྱིར་ཐོབ་པའི་དུས་གོ་བ་ལ། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་དང་། བསྙེན་བཀུར་རང་གི་ངོ་བོ། གང་ལ་བརྟེན་ནས་གོ་ཞིང་རིག་པར་བྱ་བ། རིག་པར་བྱ་བའི་ཕན་ཡོན་དང་ལྔ། དང་པོ་བསྙེན་བཀུར་གྱི་གནས་ནི། དགེ་སློབ་མཚན་མཐུན་ལ་སྡོམ་པ་མཆོག་དམན་གྱི་ཁྱད་པར་ཡོད་པའི་ཕྱིར་དགེ་སློང་ཐམས་ཅད་བསྙེན་བཀུར་གྱི་གནས་ཡིན། དགེ་ཚུལ་མཉམ་པོ་ལ་རང་ལས་གྲིབ་མ་སོར་གཅིག་གི་དུས་ཀྱིས་རྒན་པ་རྣམས་བསྙེན་བཀུར་གྱི་གནས་ཡིན། གཉིས་པ་བསྙེན་བཀུར་གྱི་གནས་མ་ཡིན་པ་ནི། སྡོམ་པ་མཆོག་ཡིན་ཀྱང་རྟེན་དམན་པ་ཡིན་པའི་ཕྱིར། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་རྒན་གཞོན་ཐམས་ཅད་དང་། མཚན་མཐུན་པའི་དགེ་ཚུལ་རང་ལས་བསླབ་པ་གཞོན་པ་རྣམས་དང་། དགེ་བསྙེན་དང་ཁྱིམ་པ་ལ་སོགས་པ་བསྙེན་བཀུར་གྱི་གནས་མ་ཡིན། གསུམ་པ་བསྙེན་བཀུར་རང་གི་ངོ་བོ་གྲལ་གོང་དུ་གཏོང་། རྙེད་པ་དང་པོར་འབུལ། ཕྱག་འཚལ་བ་སྔོན་དུ་ལྡང་བ་བྱེད་པ་སོགས་གུས་པའི་ལས་རྣམས་ཡིན། བཞི་པ་ལ། ལུང་དང་ཀརྨ་ཤ་ཏམ་ནས་གསུམ་ལས་མ་གསུངས་ཀྱང་། དགེ་ཚུལ་གྱི་ལོ་དྲི་བ་ནས་ལོ་སྨོས་པར་གསུངས་ཤིང་། གཞི་འགྲེལ་ལས། ཟླ་བ་དང་། ངོ་དང་། ཚེས་གྲངས་ཀྱང་སྨོས་པར་གསུངས་པ་དང་བསྟུན་ན། ད་ལོའི་ལོ་འདི་ཆེ་གེའི་(༡༩༨བ)


GLG014_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡིན། དེ་ལ་དུས་ཚོད་དགུན་དང་། དཔྱིད་དང་། དབྱར་དང་། དབྱར་ཐུང་ངུ་དང་། དབྱར་འབྲིང་པོའི་དུས་དང་ལྔ་ལས་དགུན་གྱི་དུས་ཡིན། དེ་ལ་དགུན་ཟླ་བཞི་ཡོད་པ་ལས་དགུན་ཟླ་ཆེ་གེ་ཡིན། དེ་ཐམས་ཅད་ལ་མར་ངོ་སྔོན་དུ་འགྲོ་བའི་མར་ངོ་ཡར་ངོ་གཉིས་ལས་ཆེ་གེ་ཡིན། དེ་ལ་ཚེས་བཅོ་ལྔ་ཡོད་པ་ལས་ཚེས་ཆེ་གེ་ཡིན། དེ་ཡང་ཉིན་མོའི་ཆ་ཤས་བཅུ་བཞི་དང་། མཚན་མོའི་ཆ་ཤས་བརྒྱད་དེ་ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ཡོད་དེ། ཀརྨ་ཤ་ཏམ་ལས། སྔ་དྲོ་དང་གུང་དང་ཕྱི་དྲོ་དང་། མཚན་མོ་ཐུན་དང་པོ་དང་ཐུན་དང་པོའི་ཕྱེད་དང་གུང་ཐུན་དང་གུང་ཐུན་གྱི་ཕྱེད་དང་ཐུན་ཐ་མ་དང་ཐུན་ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་དང་། སྐྱ་རེངས་ཤར་བ་དང་། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་། བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་། ཉི་མ་བཞི་ཆ་ལུས་པ་དང་། བརྒྱད་ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང་། རྒྱུ་སྐར་རྣམས་ཤར་བ་སྟེ། ཞེས་གསུངས་པ་ལྟར་ཉིན་མོའི་ཆ་ཆེ་གེའི་དུས། གྲིབ་ཚོད་སྐྱེས་བུ་འདི་དང་། རྐང་པ་འདིའི་དུས་བཀྲ་ཤིས་པའི་གནས་གཙུག་ལག་ཁང་ཆེ་གེ་མོར། མཁན་པོ་བསྟན་པ་རིན་པོ་ཆེའི་མངའ་བདག་ཆེ་གེ་མོས་ཐོག་དྲངས། མཁན་སློབ་འདུས་པ་རྒྱ་མཚོའི་དབུས་སུ་ཁྱེད་ཀྱིས་དགེ་ཚུལ་གྱི་སྡོམ་པ་ཐོབ་པ་ཡིན་པས་དེ་ལྟར་ཡིད་ལ་བཞག་ནས། བསྙེན་བཀུར་གྱི་གནས་རྣམས་གྲལ་གོང་དུ་ཞོག །རྙེད་པ་དང་པོར་ཕུལ། ཕྱག་དང་སྔོན་དུ་ལྡང་བ་ལ་སོགས་པ་གུས་པའི་ལས་གྱིས། ལས་སུ་བསྐོ་བ་བྱུང་ན་སྔོན་ལ་རང་རེས་བྱེད་པ་ཡིན། བསྙེན་བཀུར་གྱི་གནས་མ་(༡༩༩ན)


GLG014_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་རྣམས་ཀྱི་གྲལ་འགོར་སྡོད། བསྙེན་བཀུར་དང་པོར་འགྲིམ་པ་བྱུང་ན་དང་དུ་ལོང་། དགེ་སློང་མ་དང་དགེ་སློབ་མའི་ཕྱག་མ་ལེན། དེ་མ་ཡིན་པ་རྣམས་ཀྱི་ཕྱག་དང་བསྙེན་བཀུར་སྟོབ་པ་དང་དུ་ལོང་། དགེ་ཚུལ་བསླབ་པ་མཉམ་པ་བྱུང་ན་གཅིག་གིས་གཅིག་ལ་ཕྱག་བྱ་མི་དགོས། གྲལ་མགྱོགས་གྲལ་བྱས་པས་ཆོག་སྟེ། མདོ་རྩ་བར། དུས་མཉམ་པ་རྣམས་ནི། གཅིག་གིས་གཅིག་ལ་ཕྱག་མི་བྱའོ། །སྔར་འོངས་པ་ཉིད་དང་པོ་ཡིན་ནོ། །ཞེས་གསུངས། ལྔ་པ་ཕན་ཡོན་ནི་དངོས་སུ་སྡོམ་པ་ཐོབ་པའི་དུས་ཤེས་པ་དང་། དེ་ལ་བརྟེན་ནས་བསྙེན་བཀུར་གྱི་གནས་ལ་བསྙེན་བཀུར་བྱས། གནས་མ་ཡིན་པའི་བསྙེན་བཀུར་སྟོབ་པ་དང་དུ་བླངས་པས་སངས་རྒྱས་ཀྱི་བཅས་པ་དང་མཐུན། འཇིག་རྟེན་པའི་ཆོས་དགེ་བ་ལ་གནས་པས་དགེ་ལེགས་ཐམས་ཅད་ཀྱི་རྒྱུར་འགྱུར་བ་གླེང་བཞིར་ཤེས་སོ། །དེ་དག་ཐམས་ཅད་མི་གནས་པའི་མྱང་འདས་ཀྱི་བསམ་པས་ཟིན་པར་བྱས་ན་སངས་རྒྱས་ཐོབ་པའི་ཕན་ཡོན་ཡོད་པས། དེ་རྣམས་ཐུགས་ལ་བཞག་ནས་ཕྱག་ལེན་ལ་ཐེབས་པར་མཛོད། དེ་མཇུག་ཆོག་དང་པོ་ལགས། གཉིས་པ་དགེ་བའི་བཤེས་གཉེན་པས་གསུང་བར་འགྱུར་བས་དེར་སྙན་གཏོད་བྱའོ། །ཤིན་ཏུ་བསྡུ་ན། ཁྱོད་དགེ་ཚུལ་དུ་བསྒྲུབ་པ་ལ་ཆོ་ག་སྦྱོར་དངོས་རྗེས་གསུམ་ཡོད་པས། རྗེས་ཀྱི་ཆོ་ག་ལ་གཉིས་ལས་དང་པོ་བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་ཕྱིར་དུ་དུས་གོ་བ་ལ། ཁྱོད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་ཐོབ་པའི་དུས། ལོའི་དབང་དུ་བྱས་ན་ལོ་སྐོར་བཅུ་གཉིས་ཡོད་པ་ལས་ལོ་འདི་ཆེ་གེ་ཡིན། དེ་ལ་དུས་ཚིགས་ལྔ་ལས། དགུན་(༡༩༩བ)


GLG014_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཡིན། དེ་ལ་ཟླ་བ་བཞི་ཡོད་པ་ལས་དགུན་ཟླ་ཆེ་གེ་ཡིན། དེ་ལ་ཡར་ངོ་དང་མར་ངོ་གཉིས་ཡོད་པ་ལས་ཡར་ངོ་ཡིན། དེ་ལ་ཚེས་བཅོ་ལྔ་ཡོད་པ་ལས་ཆེ་གེ་ཡིན། དེ་ལ་ཉིན་མཚན་གྱི་ཆ་གཉིས་ལས་ཉིན་མོ་ཡིན། དེ་ལ་ཆ་ཤས་བཅུ་བཞི་ཡོད་པའི་ཆེ་གེའི་དུས་ཡིན། གྲིབ་ཚོད་སྐྱེས་བུ་ཆེ་གེ་དང་། རྐང་པ་ཆེ་གེའི་དུས་སུ། གཙུག་ལག་ཁང་ཆེ་གེ་མོ་རུ། མཁན་པོ་ཆེ་གེ་ལས། ཁྱོད་ཀྱི་དགེ་ཚུལ་གྱི་སྡོམ་པ་ཐོབ་པ་ཡིན་པས་དེ་རྣམས་ཡིད་ལ་བཞག་ནས་བསྙེན་བཀུར་གྱི་གནས་གྱི་གནས་དགེ་སློང་རྣམས་དང་། རང་ལས་རྒན་པའི་དགེ་ཚུལ་རྣམས་གྲལ་གོང་དུ་ཞོག །རྙེད་པ་དང་པོར་ཕུལ། ཕྱག་དང་སྔོན་དུ་ལྡང་བ་སོགས་གུས་པའི་ལས་གྱིས། དེ་ལྟར་བྱས་པས་གཞན་རྒྱུད་ཀྱི་བསླབ་པ་ལ་གུས་པར་བྱས་པའི་ཕན་ཡོན་ཡོད། དགེ་སློང་མ་དང་དགེ་སློབ་མའི་ཕྱག་མ་ལེན། རང་ལས་བསླབ་པ་གཞོན་པའི་དགེ་ཚུལ་དང་། དགེ་ཚུལ་མ་རྒན་གཞོན་ཐམས་ཅད་དང་། དགེ་བསྙེན་ཕ་མ་སོགས་ཀྱི་ཕྱག་དང་བསྙེན་བཀུར་དང་དུ་ལོང་། དེ་ལྟར་བྱས་པས་རང་རྒྱུད་ཀྱི་བསླབ་པ་ལ་གུས་པར་བྱས་པའི་ཕན་ཡོན་ཡོད། དུས་མཉམ་པ་བྱུང་ན་གཅིག་གིས་གཅིག་ལ་ཕྱག་བྱ་མི་དགོས། གྲལ་མགྱོགས་གྲལ་བྱས་པས་ཆོག །དེ་ལྟར་བྱས་པས་དངོས་སུ་སྡོམ་པ་ཐོབ་པའི་དུས་ཤེས། སྟོན་པའི་བཅས་པ་དང་མཐུན་ཞིང་། ངེས་འབྱུང་གི་བསམ་པས་ཟིན་པས་སངས་རྒྱས་ཐོབ་པའི་ཕན་ཡོན་ཡོད་པས་དེ་རྣམས་ཐུགས་ལ་བཞག་ནས་ཕྱག་ལེན་ལ་ཐེབས་པ་མཛོད། དེ་མཇུག་ཆོག་དང་པོ་ལགས། གཉིས་པ་དགེ་བའི་བཤེས་གཉེན་པས་གསུང་བར་འགྱུར་བས་དེ་ལ་སྙན་གཏོད་མཛོད། ཅེས་བརྗོད། དེ་ནས་(༢༠༠ན)


GLG014_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས། དགེ་བའི་བཤེས་གཉེན་པས་གསུངས་པ་དེ་རྣམས་ཀྱང་སེམས་ལ་བཞག་ནས་ལག་ལེན་ལ་ཐེབས་པར་བྱེད་དགོས་པ་ཡིན། ད་མཇུག་ཆོག་གཉིས་པ་ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་བསླབ་པ་བརྗོད་པ་ནི། སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག་བསྲུང་དགོས། མ་བསྲུངས་ན་སྡུག་བསྔལ་ཆེན་པོ་འབྱུང་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །ཞེས་གསུངས་པས། ལེགས་པར་བསྲུང་དགོས་ཤིང་བསྲུང་ལུགས་ནི། དགྲ་བཅོམ་པ་རྣམས་ཀྱིས་སྤང་བྱ་བཅུ་པོ་ཡིད་ཀྱིས་སྤངས་ཤིང་ལུས་ངག་གིས་དེ་ལས་སླར་ལོག་པ་བཞིན་དུ། བདག་གིས་ཀྱང་དུས་འདི་ནས་མ་ཤིའི་བར་དུ་སྤང་བྱ་བཅུ་པོ་འཁོར་དང་བཅས་པ་ཡིད་ཀྱིས་སྤངས་ནས། ལུས་ངག་གིས་སླར་ལྡོག་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་(༢༠༠བ)


GLG014_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ་བྱའོ། །དེ་ལྟར་དངོས་སུ་བླངས་པའི་བསླབ་པ་བཅུ་ལས་རྩ་བ་བཞི་ལས་འདས་ན་ཕམ་པ་དང་འདྲ་བའི་ཉེས་བྱས། ཡན་ལག་དྲུག་ལས་འདས་ན་བཤགས་བྱའི་ཉེས་བྱས། སྡོམ་པ་བླངས་པའི་ཕྱོགས་མཐུན་ལས་འདས་ན་བསྡམ་བྱའི་ཉེས་བྱས། འཆང་བ་ལ་སོགས་པ་ཉེས་མེད་དུ་གནང་བ་རྣམས་ལ་ཉེས་པ་མེད་པར་ཤེས་པར་གྱིས་ལ་ལེགས་པར་(༢༠༡ན)
སྲུངས་ཤིག །ཅེས་བརྗོད་དོ། །དེ་ལྟར་དགེ་ཚུལ་དུ་གྱུར་ནས་ཁྱིམ་པ་ཡིན་ན་འཕགས་པ་ཚུན་ཆད་ཀྱིས་ཕྱག་བྱ་བའི་གནས་སུ་གྱུར་བ་ཡིན་ཏེ། ས་ག་ལྷས། དེ་ལྟར་དགེ་ཚུལ་བྱས་མ་ཐག །འདི་ལ་ཁྱིམ་པ་ཐམས་ཅད་ཀྱིས། ཕྱག་འཚལ་སྨོན་པར་འགྱུར་བ་སྟེ། །གང་ཕྱིར་ཁྱིམ་གྱི་འཆིང་གྲོལ་ཕྱིར། ཚུལ་ངན་རབ་རིབ་མུན་བསལ་ཏེ། །ངུར་སྨྲིག་གོས་མཆོག་འཛིན་པ་ཡིས། །ཉི་མ་ཤར་ལྟར་ལྷང་ང་ནི། །ཕུལ་ཕྱིན་དེ་ནི་ཤིན་ཏུ་མཛེས། །ཞེས་གསུངས་པས། དགའ་སྤྲོ་རྒྱ་ཆེན་པོ་གྱིས། དེ་ཐམས་ཅད་མཁན་པོའི་སྐུ་དྲིན་ལས་བྱུང་བ་ཡིན་པས་མཁན་པོ་ལ་ཕྱག་གསུམ་ཚོལ་ལ་སྐུ་དྲིན་ཆེ་ལགས་ཞེས་བརྗོད། དེས་ཀྱང་སྐུ་དྲིན་ཆེ་ལགས་ཞེས་བརྗོད། གཞན་རྣམས་ཀྱིས་མེ་ཏོག་འཐོར་བ་དང་བཅས་ཏེ། གོང་གིས་སྨོན་ལམ་བཞི་གདབ་པོ། །དེ་དག་གིས་ནི། དགེ་ཚུལ་གྲིབ་ཚོད་དང་། བསླབ་པ་བརྗོད་པ་ཐ་མ་ཡིན། ཞེས་པའི་དོན་ལེགས་པར་བཤད་ཟིན་ཏོ། །ཚིགས་སྔ་མ་དགེ་ཚུལ་དུ་སྒྲུབ་པའི་ཆོ་གའོ། །


previousདགེ་ཚུལ་དུ་བསྒྲུབ་པའི་དངོས་གཞིའི་ཆོ་ག་སོགས་བཤད་པ།next