Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
collapse section
  
  
 
  
  
  
  
  
  
  
 
  
  
  
  
  
  
ཚིགས་ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པའི་ཆོ་ག་བཤད་པ།
  
  
  
  
  
  
  
 expand section


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousཚིགས་ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པའི་ཆོ་ག་བཤད་པ།next

ཚིགས་ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པའི་ཆོ་ག་བཤད་པ།


GLG014_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཚིགས་ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པའི་ཆོ་ག་ལ། སྡོམ་ནི། དང་པོར་བྱ་དང་མཁན་པོ་དང་། །ཆོས་གོས་གཉིས་དང་ལྷུང་བཟེད་གཉིས། །གསོལ་བའི་ལས་དང་བློ་མཐུན་དང་། །སྤྲོ་བྱ་གསོལ་བ་གསང་སྟོན་དང་། །ཞུ་དང་གསོལ་དང་གསོལ་བ་དང་། །དྲི་དང་ལས་དང་གྲིབ་ཚོད་དང་། །ཉིན་མཚན་དུས་ཚོད་གནས་རྣམས་དང་། །ལྟུང་དང་དགེ་སྦྱོང་མཆོག་འདོད་དང་། །ཚུལ་ཁྲིམས་མཉམ་དང་ཚུལ་འབྲེལ་དང་། །དུལ་དང་དགོས་དང་མ་བརྗོད་དང་། །གུས་པ་དང་ནི་བསྒྲུབ་བྱ་(༢༠༡བ)


GLG014_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བ། །མུ་སྟེགས་གནས་པ་བྱིན་པ་ཡི། །སྡེ་ཚན་ཡང་དག་བསྡུ་བ་ཡིན། །ཞེས་སོ། །དེ་དག་གི་དོན་བསྙེན་རྫོགས་སུ་བསྒྲུབ་པའི་ཆོ་ག་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བའི་ཆོ་ག་ལ་དོན་ཚན་བརྒྱད་ཡོད་པའི། དང་པོར་བྱ་དང་ཞེས་པའི་དོན། ཡོ་བྱད་ཚགས་སུ་གཞུག་ཅིང་། དཀོན་ཅོག་གསུམ་དང་སློབ་དཔོན་མངོན་དུ་འགྱུར་བར་བྱ་བའི་ཕྱིར་དུ་དང་པོར་བྱ་བ་ནི། བསྒྲུབ་བྱ་དེ་ལོ་ཉི་ཤུ་ལོན་ནས་བསྙེན་རྫོགས་འདོད་ན། དེའི་ཆོས་གོས་གསུམ་དང་ལྷུང་བཟེད་དེ། རང་ལ་མེད་ཅིང་མཁན་པོ་ལ་ཡོད་ན་སྦྱིན་ཞིང་། མེད་ན་གཡར་པོ་ལ་སོགས་ཚུན་ཆད་ཀྱིས་བཙལ་ལ་ཡོ་བྱད་ཚགས་སུ་གཞུག །མཁན་པོས་ལས་སློབ་དང་། གསང་སྟོན་དང་། ཁ་སྐོང་བར་འོས་པའི་དགེ་སློང་རྣམས་ལ་ཚིག་གིས་གསོལ་བ་གདབ །དེ་རྣམས་ཐམས་ཅད་ཀྱིས་ཀྱང་རང་གི་རྒྱུད་སོ་སོར་བརྟགས་ནས། ལས་གྲལ་ལ་མ་འདུས་པའི་གོང་དུ་ལྟུང་བ་རྣམས་མཐོལ་བ་དང་། བཤགས་པ་དང་། བསྡམས་པ་དང་། བྱིན་གྱིས་བརླབ་པར་བྱ་བས་ཕྱིར་བཅོས་ཏེ། རང་རྒྱུད་དག་པར་བྱས་ལ་འདུ་བར་བྱའོ། །མཁན་པོའམ་དེས་བསྐོས་པས་གནས་མལ་བཤམས། རྒན་པའི་མཐའ་ལོགས་སུ་སྟོན་པའི་སྐུ་གཟུགས་བཞུགས་སུ་གསོལ་བ་དང་། དེའི་སྤྱན་སྔར་མཆོད་པ་ཅི་འབྱོར་བ་བཤམས་ཟིན་ཅིང་། བསྒྲུབ་བྱའི་ཆོས་གོས་གསུམ་རྒྱུ་དང་ཁ་དོག་དང་། ཆེ་ཆུང་གི་སྒོ་ནས་དངོས་ཀྱི་བྱིན་རླབས་འཆགས་མི་འཆགས་ལེགས་པར་བརྟགས་ལ། འོག་ཏུ་གདིང་བ་ནང་དུ་བཞི་བལྟབ་བྱས་སྟེང་མཐང་གོས་བརྒྱད་བལྟབ་བྱས་པ། དེ་སྟེང་བླ་གོས་བརྒྱད་བལྟབ་བྱས་པ། (༢༠༢ན)


GLG014_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྟེང་སྣམ་སྦྱར་བརྒྱད་བལྟབ་བྱས་པ་རྣམས་བརྐྱང་སྟེ་མགོ་མཇུག་དང་ཕྱི་ནང་མ་ལོག་པར་བྱས་ནས་མགོ་བོ་མཁན་པོར་བསྟན་པ་བཞག ལྷུང་བཟེད་དང་། གདིང་བ་ཆུ་ཚགས་ཀྱང་དེའི་ལོགས་སུ་བཞག །མཁན་པོའི་མདུན་དུ་མེ་ཏོག་དང་། བསྒྲུབ་བྱའི་སྟན་དུ་རྩྭ་ཕ་གུ་དང་བཅས་པ་སྟ་གོན་བྱའོ། །དགེ་སློང་ཐམས་ཅད་འདུས་པ་དང་། བསྒྲུབ་བྱ་དེ་རྒན་པའི་མཐའ་ལོགས་སུ་བཞག །མཁན་པོས་ཐམས་ཅད་ཀྱི་ཕྱག་ཏུ་མེ་ཏོག་ཕུལ་ནས། །ཕྱག་བྱ་བ་ལན་གསུམ་སྔོན་དུ་འགྲོ་བས་འགྲེངས་ཏེ་འདུད་པ་དང་བཅས་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན། དགེ་སློང་མང་དུ་ཐོས་པའི་འདུལ་བ་འཛིན་པ་ཆེན་པོ་ཆེ་གེ་མོས་ལས་ཀྱི་སློབ་དཔོན་བཀས་གནང་བ་ཞུ། དགེ་སློང་མང་དུ་ཐོས་པའི་འདུལ་བ་འཛིན་པ་ཆེན་པོ་ཆེ་གེ་མོས་གསང་སྟེ་སྟོན་པའི་སློབ་དཔོན་བཀས་གནང་བ་ཞུ། ཆེ་གེ་མོས་དབུ་མཛད་རྣམས་ཀྱིས་ལས་ཀྱི་ཁ་སྐོང་མཛད་ནས་ཚེ་དང་ལྡན་པ་འདི་ལ་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་ཞིག་བཀས་གནང་བ་ཞུ། དངོས་དེ་ལྟར་གཡར་ངོ་འཕྱར་ཞིང་མཆིས་ལགས། ཞེས་གསོལ་བ་བཏབ་ནས། མཁན་པོ་དང་བསྒྲུབ་བྱས་སྟོན་པ་དགེ་འདུན་དང་བཅས་པ་ལ་མེ་ཏོག་གཏོར་རོ། །དེ་ནས་བསྒྲུབ་བྱ་ལ་སྟོན་པའི་སྐུ་གཟུགས་འདི་ལ་སྟོན་པ་དངོས་ཀྱི་འདུ་ཤེས་ཞོག་ལ་ཕྱག་གསུམ་གྱིས། བདག་ཉིད་དགེ་སློང་གི་དགེ་འདུན་གྱི་ནང་དུ་འཇུག་པའི་བསམ་པ་དྲག་པོས་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་གྱིས་(༢༠༢བ)
ཞེས་བརྗོད། ཕྱག་པུས་མོའི་ལྷ་ང་གཉིས། ལག་མཐིལ་གཉིས། མགོ་བོ་སྟེ་ཡན་ལག་ལྔ་ས་ལ་རེག་པའི་ཕྱག་གམ། དགེ་སློང་རྣམས་ཀྱི་སྒྱིད་པ་ལ་འཁྱུད་ཅིང་མགོ་བོས་རྐང་བ་ལ་གཏུགས་པའི་ཕྱག་བྱ་སྟེ། ཕྱག་གཞན་གྱིས་གོ་མི་ཆོད་དོ། ཕྱག་འཚལ་བའི་ཚེ་དགེ་སློང་རེ་རེས་ཚེ་དང་ལྡན་པ་འདིའི་རྒྱུད་ལ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་མེ་ཏོག་གཏོར་རོ། །གཉིས་པ་མཁན་པོ་དང་ཞེས་པའི་དོན། མཁན་པོ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་མཁན་པོར་གསོལ་བ་བཏབ་པ་ནི། བསྒྲུབ་བྱ་དེ་རྩྭའི་སྟེང་ནས་མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག་སྟེ། མཁན་པོའི་མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པུར་ཐལ་མོ་སྙིང་གར་སྦྱོར་དུ་བཅུག་ནས། ཁྱོད་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་དོན་དུ་གཉེར་བ་དེ་ཤིན་ཏུ་ལེགས། ལེགས་པའི་རྒྱུ་མཚན། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ། །དགེ་སློང་ཞེས་བྱ་རྡོ་རྗེའི་སྲོག་ཤིང་ཡིན། །དགེ་སློང་ཞེས་བྱ་དུཿཁ་སྤོང་བ་ཡིན། དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན། །དགེ་སློང་ཞེས་བྱ་ཉོན་མོངས་སྲོག་བཅོད་དེ། །དགེ་སློང་ཞེས་བྱ་ཐར་པའི་ལམ་འགྲོ་ཡིན། །དགེ་སློང་རང་གི་ངོ་བོ་བསྡམས་པ་སྟེ། །ཞེས་གསུངས།


previousཚིགས་ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པའི་ཆོ་ག་བཤད་པ།next