Nitartha Digital Library
Tibetan
 
previousསྔོན་ཆོག་དང་ད་ཆོག་གི་ཁྱད་པར་བཤད་པ།next

སྔོན་ཆོག་དང་ད་ཆོག་གི་ཁྱད་པར་བཤད་པ།


GLG014_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་བསྙེན་རྫོགས་སུ་སྒྲུབ་པར་བྱེད་པ་ལ། སྔོན་གྱི་ཆོ་ག་དང་ད་ལྟར་གྱི་ཆོ་ག་གཉིས་སུ་གསུངས་པ་ལས། དང་པོ་ནི། ཤཱ་རིའི་བུ་ལ་སོགས་པ་སྔོན་གྱི་རྒྱུད་ཡོངས་སུ་སྨིན་པའི་གང་ཟག་རྣམས་ལ། དགེ་སློང་དག་ཚུར་ཤོག་ལ་(༢༠༣ན)


GLG014_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་གསུངས་པའི་མོད་ལ། སྐྲ་དང་ཁ་སྤུ་རང་གི་ངང་གིས་བྱི། ལུས་ལ་ཆོས་གོས་སྣམ་སྦྱར་གྱོན། ལག་ཏུ་ལྷུང་བཟེད་དང་བྱ་མ་བུམ་ཐོགས། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཅན་དུ་གྱུར་པ་ལ། བར་སྣང་གི་ལྷ་རྣམས་ངོ་མཚར་བའི་གནས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཚུར་ཤོག་བཀའ་སྩལ་པས། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞི་གནས་འགྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཞེས་ཆེད་དུ་བརྗོད་པར་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཚུར་ཤོག་ཅེས་གསུངས་པ་ཙམ་གྱིས་རབ་བྱུང་བསྙེན་རྫོགས་ཐོབ་པ་ཡོད་དོ། །ཞེས་པའི་སྙན་པ་ལ་བརྟེན་ནས་རབ་བྱུང་བ་བསྙེན་རྫོགས་དོན་དུ་གཉེར་བ་རྣམས་ཡུལ་ཐག་རིང་པོ་ནས་འོངས་པས། འགའ་ཞིག་ནི་ཆུ་དང་གཡང་ས་ལ་སོགས་པ་འབྱུང་བའི་བར་ཆད། འགའ་ཞིག་ནི་སྟག་དང་སེང་གེ་ལ་སོགས་པ་གཅན་གཟན་གྱི་གནོད་པའི་དབང་གིས་བཅོམ་ལྡན་འདས་ཀྱི་དྲུང་དུ་མ་ཕྱིན་པར་ཚེའི་དུས་བྱས། དེ་སྟོན་པའི་སྙན་དུ་གསོལ་བས། ཀྱེ་མ་ངའི་ཉན་ཐོས་རྣམས་ཐག་རིང་པོ་ནས་འོངས་པ་ཤིན་ཏུ་ངལ་བར་གྱུར་ཏོ་སྙམ་དུ་དགོངས་ནས། དེ་ཕྱིན་ས་དེར་གནས་པའི་དགེ་འདུན་རྣམས་ཀྱིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱ་བར་གནང་ངོ་། །ཞེས་གསོལ་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གནང་ནས། དེར་དགེ་སློང་རྣམས་ཀྱིས་བསྒྲུབ་བྱ་ལ་རབ་བྱུང་བསྙེན་རྫོགས་བྱས་པ། དེ་དག་ལ་མཁན་སློབ་མེད་པས་ལེགས་པར་མ་སྦྱངས་ཤིང་། (༢༠༣བ)


GLG014_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་རྒོད་བག་ཅན་དུ་གྱུར་པ་ལ་ཁྱིམ་པ་མ་དད་ཅིང་མུ་སྟེགས་ཅན་རྣམས་འཕྱ་བར་གྱུར་ལ། དགེ་སློང་འགའ་ཞིག་ནད་གཡོག་མེད་པར་ཤི་བར་གྱུར་པའི་སྐབས་དེ་སྟོན་པའི་སྙན་དུ་གསོལ་པས། སྔར་དགེ་ཚུལ་གྱི་སྐབས་བཤད་པ་ལྟར། ངའི་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བར་བྱ་བའི་ཕྱིར་དང་། ཞེས་པ་ནས། དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་གནས་རྣམས་ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་སྟེ། དོན་ཐམས་ཅད་ཡང་དག་པར་གྲུབ་པའི་དཔལ་མྱ་ངན་ལས་འདའ་བ་ལ་ཁད་ཉེ་བའི་དགེ་སློང་གི་དངོས་པོ་སྒྲུབ་པར་མཛད་དུ་གསོལ་ཞེས་ཞུ་བ་འབུལ་བ་ཡིན་པས། བཙུན་པའམ་སློབ་དཔོན་ནམ། སྔར་རབ་བྱུང་གི་མཁན་པོ་ཡིན་ཀྱང་། ཆོ་ག་ཐ་དད་ཡིན་པས་སྔར་གྱི་རབ་བྱུང་གི་མཁན་པོ་འདི་ལ། ད་བསྙེན་རྫོགས་ཀྱི་མཁན་པོ་ཞུ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཁན་པོར་གསོལ་གྱིས། མཁན་པོ་བདག་གི་མཁན་པོ་མཛད་དུ་གསོལ། མཁན་པོ་མཁན་པོས་བདག་བསྙེན་པར་རྫོགས་པར་བགྱིའོ། །ལན་གཉིས་བཟླས་པའི་རྗེས་སུ་གསུམ་པ་འདི་ལ་ཆོ་ག་དུམ་བུ་གསུམ་ཡོད་པའི། དུམ་བུ་གཉིས་རྫོགས་པ་མཛད་དུ་གསོལ། ཞེས་པའི་མཐར་གསོལ་བ་བཏབ་པ་ཁས་བླངས་པ་དེ་དུས། ངེད་ཁྱེད་ཀྱི་བསྙེན་རྫོགས་ཀྱི་མཁན་པོར་གྱུར་པ་ཡིན་ནོ། །བཙུན་པའམ་སློབ་དཔོན་ཡིན་ན་མཁན་པོར་གྱུར་ནས་བཙུན་པ་ཞེས་མི་བརྗོད་པར། མཁན་པོ་ཞེས་བརྗོད་དགོས་པས། དེ་ལྟར་ཡིད་ལ་ཞོག་ལ་གསུམ་པའི་ཡང་རྗེས་ཟློས་གྱིས་ཞེས་བརྗོད། མཇུག་ཏུ་ཐབས་(༢༠༤ན)


GLG014_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ལེགས་སོ་ཞེས་བརྗོད། ཤིན་ཏུ་བསྡུ་ན། ཁྱེད་བསྙེན་པར་རྫོགས་པ་བྱེད་པ་ལ་མཁན་པོ་ཞིག་དགོས། མཁན་པོ་ལ་ཅི་རུང་རུང་གི་མི་ཆོག་གིས། བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་བཙུན་པ་བརྟན་པའི་ཡོན་ཏན་ལྔ་ཕྲུགས་སུ་སྦྱར་བ་ཉི་ཤུ་རྩ་གཅིག་གང་རུང་དང་ལྡན་པ། མཁས་ཤིང་ཕན་ཐོགས་ཀྱི་ཡོན་ཏན་ཏེ། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་དགེ་སློང་ལ་མཁན་པོར་ལན་གསུམ་གྱི་བར་དུ་གསོལ་བ་འདེབས་དགོས། དེ་ངེད་ཀྱིས་འགྲུབ་རུང་དུ་ཡོད་པས། བདག་མྱ་ངན་ལས་འདས་པ་ལ་ཁད་ཉེ་བའི་དགེ་སློང་གི་དངོས་པོ་སྒྲུབ་པར་བྱེད་མཁན་མཛད་དུ་གསོལ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་ཀྱིས། བཙུན་པའམ་མཁན་པོ་དགོངས་སུ་གསོལ་ནས། ཐབས་ལེགས་ཀྱི་བར་བྱའོ། །གསུམ་པ་ཆོས་གོས་གཉིས་དང་ལྷུང་བཟེད་གཉིས། ཞེས་པའི་དོན་ཡོ་བྱད་མངོན་དུ་འགྱུར་བར་བྱ་བའི་ཕྱིར་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབས་ནས་སྦྱིན་པ་ནི། ཕྱག་གསུམ་འཚོལ་ལ་ངེད་ཀྱི་མདུན་དུ་ཤོག་ཅིག་ཅེས་བསྒོ། གྲོགས་བྱེད་པས་ཆོས་གོས་གསུམ་པོ་སོ་སོར་བལྟབ་པ་ཕྲག་པ་གཡོན་པ་ལ་བཀལ་ནས། འདི་ལ་དངོས་དང་འདི་ལ་རྒྱུའི་བྱིན་རླབས་འཆགས་པར་གདའ། བྱས་ལ་བརྡ་སྤྲད། མཁན་པོས་ཀྱང་དེ་ལ་མང་དུ་ཐོས་པའི་དགེ་སློང་འདི་ཞེས་བྱ་བས་ཚེ་དང་ལྡན་པ་འདིའི་ལྷུང་བཟེད་དགེ་འདུན་ལ་སྟོན་པའི་གྲོགས་ལྡན་མཛོད་ཅིག་ཅེས་བསྒོ། དེ་ནས་མཁན་པོ་དང་བསྒྲུབ་བྱ་གཉིས་ཀ་འགྲེངས་ཏེ་གཉིས་ཀའི་ལག་པས་སྣམ་སྦྱར་བཟུང་ནས། འདི་སྣམ་ཕྲན་དང་གླེགས་བུ་དུ་མ་སྦྱར་བས་ན་སྣམ་སྦྱར་ཞེས་བྱ་བ། ཁྱིམ་པ་དང་མུ་སྟེགས་(༢༠༤བ)


GLG014_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་མན་ཆད་ལས་རྟགས་ཀྱི་སྒོ་ནས་ཁྱད་པར་དུ་འགྱུར་བ་ཡིན་པས། འདི་དགེ་སློང་གི་འཚོ་བའི་ཡོ་བྱད་སྣམ་སྦྱར་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྦྱང་བར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས་ལ། དེ་སྣམ་སྦྱར་དུ་བྱིན་གྱིས་བརླབ་པའི་ཐབས་ཡིན་ནོ། ཁྱེད་རང་ལེགས་སོ་གྱིས་བྱས་ལ། ཕྲག་པ་གཡས་ངོས་སུ་སྒོས་ལ་བཞག །བླ་གོས་དང་མཐང་གོས་ཀྱི་བཤད་པ་ལ་སྤྲོ་ན་དགེ་ཚུལ་གྱི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་བྱས་ལ། འདི་དགེ་སློང་གི་ཡོ་བྱད་བླ་གོས་དང་མཐང་གོས་སུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས་བྱས་པ་མངགས་ལ། སྣམ་སྦྱར་གྱི་གནས་སུ་བླ་གོས་དང་མཐང་གོས་ཞེས་འཇུག་གཞན་འདྲ། ཐབས་ལེགས་སྣམ་སྦྱར་ལྟར་བྱེད། གྲོགས་ལྡན་པས་དེ་བླངས་ཏེ་བལྟབ་པ་བཤིག །དེ་བཞིན་དུ་སྣམ་སྦྱར་ཕྱིར་འོང་བ་བྱས་བླ་གོས་ནང་དུ་བྱས་ནས་སྦྲགས་ཏེ་བཞག །མཐང་གོས་ཉིས་བལྟབ་བྱས་པ་བསྒྲུབ་བྱ་ལ་བསྐོན། དེ་སྟེང་དུ་བླ་གོས་སྣམ་སྦྱར་སྦྲགས་པ་བསྐོན་པའི་ཕྲག་པ་གཡོན་པར་བཀལ། གཡས་ཀྱི་སྣེ་མོ་གཡོན་གྱི་ཕྲག་པའི་སྟེང་དུ་བཞག་གཡས་ཀྱི་དཔུང་བ་ཕྱིར་ཕྱུང་སྟེ་མཁན་པོས་ཀྱང་བསྐོན་ཞིང་ཐལ་མོ་སྙིང་གར་སྦྱར་བཅུག་པའི་མགོ་བོར་མེ་ཏོག་བཞག་ནས། སྨོན་ལམ་བཞི་བོ་ཐམས་ཅད་ཀྱིས་གདབ་པོ། །སྣམ་སྦྱར་བསྐོན་མ་ཐག་ཏུ་མྱུར་དུ་བསྙེན་པར་རྫོགས་པའི་ཆེད་དུ་རྩ་འམ། གདིང་བའི་སྟེང་ན་འདུག་པས་དགེ་འདུན་ལ་ཕྱག་གསུམ་བྱའོ། །(༢༠༥ན)


GLG014_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་གོས་དྲས་ཤིང་དྲུབས་པ་མེད་པ་འམ། དངོས་ཀྱི་བྱིན་རླབས་འཆགས་པ་མེད་ན་ཆོས་གོས་གསུམ་གྱི་རྒྱུ་རུང་བ་སོ་སོར་བལྟབས་ཏེ་སློབ་མའི་ཕྲག་པ་གཡོན་པ་ལ་བཀལ། གཉིས་ཀས་སྣམ་སྦྱར་གྱི་རྒྱུ་བཟུང་ལ་བཤད་པ་གཞན་འདྲ་བ་ལ་འདི་སྣམ་སྦྱར་གྱི་རྒྱུར་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་ཀྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བཀྲུའོ། །བརྐྱང་ངོ་། །དྲའོ། །བསྡེབ་བོ། །གཟུངས་གདབ་པོ། །དྲུབ་པོ། ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །བླ་གོས་ལ་གཞན་འདྲ་བ་ལ་སྣམ་ཕྲན་བདུན་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་བར་བགྱིའོ། །མཐང་གོས་ལ་སྣམ་ཕྲན་ལྔ་པར་བགྱི་སྟེ་གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །ཞེས་བརྗོད་གཞན་སྔར་གྱིས་འགྲེའོ། །ལྷུང་བཟེད་སྟོན་པའི་དགེ་སློང་གིས་ལྷུང་བཟེད་ཀྱི་ནང་དུ་མེ་ཏོག་གམ་སྨན་ཅུང་ཟད་བཅུག་ལ། ལྷུང་བཟེད་ལག་པ་གཡོན་པར་བཞག་གཡས་པས་ཁ་བཀབ། རྒན་པའི་མཐའ་ནས་བརྩམས་ཏེ་དགེ་སློང་རེ་རེའི་མདུན་དུ་འགྲེངས་ཏེ་འདུད་པ་དང་བཅས་པས་རྒན་གཞོན་གྱི་བྱེ་བྲག་གིས་བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ་མི་ཆེ་འམ། མི་སྐྱ་འམ་ཞེས་འདྲི། རེ་རེ་ནས་ལྷུང་བཟེད་བཟང་ངོ་། །(༢༠༥བ)


GLG014_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད། གལ་ཏེ་དེ་ལྟར་མི་བརྗོད་ན་ཉེས་བྱས་སོ། །སྟོན་མཁན་དེ་ལ་དགེ་སློང་གཞན་ཞིག་གིས་སྟོན་ལུགས་སྔར་བཞིན་བྱ། མཁན་པོས་ལེགས་པར་བརྟགས་ནས་འགྲིམ་དུ་བཅུག་པ་ཡིན་ན་མཁན་པོ་ལ་བསྟན་མི་དགོས། དེ་ལྟ་མ་ཡིན་ན་དགོས་གསུང་ངོ་། །དེ་ནས་ལྷུང་བཟེད་དེ་མཁན་སློབ་གཉིས་ཀ་འགྲེང་བའི་ལག་པ་གཡོན་པར་བཞག །གཡས་པས་སྟེང་ནས་བཀབ་ལ་བཤད་པ་ལ་སྤྲོ་ན་དགེ་ཚུལ་གྱི་སྐབས་ལྟར་བྱས་ནས། འདི་དགེ་སློང་གི་འཚོ་བའི་ཡོ་བྱད་ལྷུང་བཟེད་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ་ལན་གསུམ་བཟླས་ཐབས་ལེགས་བྱའོ། །དེ་ནས་གདིང་བ་དང་ཆུ་ཚགས་སྟེར་ལུགས་དགེ་ཚུལ་གྱི་སྐབས་ཇི་ལྟ་བ་བཞིན་བྱ། དེས་ཁྱེད་བསྙེན་པར་རྫོགས་པར་བྱེད་པའི་ཡོ་བྱད་མངོན་དུ་གྱུར་པར་བྱས་པ་ཡིན་ནོ། །རེ་ཞིག་དགེ་སློང་འདིའི་ཕྱི་ལ་སོང་ཞིག་ཅེས་བརྗོད། གྲོགས་བྱེད་པའི་དགེ་སློང་དེས་ཀྱང་བསྒྲུབ་བྱ་དེའི་ལུས་ཚགས་ལེགས་པར་བྱས། ལས་མི་ཐོས་པའི་ས་ཡིན་ན་དང་། ཐོས་ཚེ་རྣ་བ་བཀག་ལས་གྲལ་ནས་མཐོང་སར་གདིང་བ་བཏིང་བའི་སྟེང་དུ་ཁ་ཚུར་བསྟན་ནས་འགྲེངས་ཏེ་འདུད་པ་དང་བཅས་པའི་ཚུལ་དུ་བཞག་ལ། རང་ཉིད་ལས་གྲལ་དུ་འཁོད་པར་བྱའོ། །བཞི་པ་གསོལ་བའི་ལས་དང་ཞེས་པ་ནི། ཕྱག་ལེན་ལ་ཕུང་པོ་གསུམ་པའི་མདོ་འདོན་པའི་སྒོ་ནས་ལས་གྲལ་གྱི་དགེ་སློང་རྣམས་ཀྱིས་ལྟུང་བ་ལ་བཤགས་བསྡམས་ཚུལ་བཞིན་དུ་བྱས་ཏེ་བསྡམས་བྱ་ཉེས་བྱས་ཡན་ཆད་ཀྱིས་མ་གོས་(༢༠༦ན)


GLG014_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དགོས་པ་ད་ལྟ་ཕྱག་ལེན་ལ་དགེ་འདུན་རྣམས་འདུས་མ་ཐག་པར་མཛད་པ་བདེ། ལས་བྱེད་པས་གསང་སྟོན་བསྐོ་བའི་ཐོག་མར་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གཉིས་གདའ་བ་ལ། ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབ་པ་འདི་ལས་གྲལ་མ་འདུས་པའི་གོང་དུ་བྱ་བར་གསུངས་ཀྱང་དེར་བྱ་བ་མ་གྲུབ་པས་འདིར་བགྱི། ཡུལ་དུས་ཀྱི་སྟབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་བ་ཐམས་ཅད་ལས་ལ་མི་སྒྲིབ་པར་བགྱི་བའི་སླད་དུ། གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པར་བགྱི་བས། དགེ་འདུན་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ལགས་ལ་བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་བསྙེན་པར་རྫོགས་པའི་འཕྲིན་ལས་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །ལྔ་པ་བློ་མཐུན་དང་ཞེས་པའི་དོན། དགེ་འདུན་ཐུགས་མཐུན་པའི་ཕྱིར་གནས་ལ་བློ་མཐུན་བགྱི་བ་ནི། ལས་མཛད་པའི་གནས་འདི་ཉེ་འཁོར་དང་བཅས་པ་ཚུན་ཆད། བསྙེན་རྫོགས་ཀྱི་འཕྲིན་ལས་ཀྱི་གནས་སུ་ཐུགས་བསྟུན་པ་གསོལ་བའི་(༢༠༦བ)


GLG014_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པ་འམ། ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་འམ། བགྱིས་པ་འམ། ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། བརྗོད་པ་མཇུག་བསྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པ་འམ། བགྱིས་པ་འམ། ལགས་པ་ནང་མཚམས་དང་། །ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བཞེད་དོ། །དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་འམ། བགྱིས་པ་འམ། ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ། བགྱིས་པ་འམ། ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་(༢༠༧ན)


GLG014_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པ་འམ། བགྱིས་པ་འམ། ལགས་པ་ནང་མཚམས་དང་། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་བསྙེན་པར་རྫོགས་པའི་འཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གྲུབ་པ་ཞེས་པ་བསྐལ་པ་ཆགས་པའི་ཚེ་རང་གྲུབ་པ་འམ། དེའི་འོག་ཏུ་གཏིབ་ཆད་པ་ལ་སོགས་པ་རང་གྲུབ་པ་སྟེ། སྐྱེས་བུའི་རྩོལ་བ་ལ་མ་བལྟོས་པའོ། །བགྱིས་པ་ཞེས་པ་སྐྱེས་བུའི་བྱེད་པས་མངོན་པར་བསྒྲུབས་པའོ། །ལགས་པ་ནི་ཟིན་པ་སྟེ་བྱ་བ་བྱེད་པའི་གནས་ལ་སོགས་པ་རུང་བའོ། །ཆོ་གའི་སྐབས་སུ་གང་རུང་ལས་གསུམ་ཁ་བརྗོད་མི་དགོས་སོ། ཆོ་ག་དེ་དཀྱུས་གཅིག་ལ་བསྙེན་རྫོགས་དུ་མ་ཞག་གཅིག་ལ་སྦྲེལ་ནས་བྱེད་ན། ལྟུང་མཐུན་བྱིན་གྱིས་བརླབ་པ་དང་། གནས་ལ་བློ་མཐུན་གཉིས་ཆོ་ག་ཕྱི་མ་རྣམས་ལ་བྱེད་མི་དགོས་སོ། །དྲུག་པ་སྤྲོ་བྱ་གསོལ་བ་གསང་སྟོན་དང་། ཞུ་དང་ཞེས་པའི་དོན། དེ་ནས་ལས་བྱེད་པས་མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་དེ་གང་ཡིན་ཞེས་དྲི། དེས་བདག་དགེ་སློང་མིང་འདི་ཞེས་བྱ་བ་ལགས་ཞེས་ལན་གདབ། །མིང་འདི་ཞེས་བྱ་བ་ཁྱེད་མཁན་པོ་མིང་འདི་ཞེས་བྱ་བས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་འམ། དེས་ཀྱང་སྤྲོ་ལགས་ཞེས་ལན་གདབ། ལས་བརྒྱ་རྩ་གཅིག་ལས། བསྙེན་པར་རྫོགས་པའི་རྟེན་ལ་བྱ་བའི་ལས་རིགས་བརྒྱད་ལས། འདིར་(༢༠༧བ)


GLG014_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲི་བའི་ཕྱིར། གསང་སྟེ་སྟོན་པ་བསྐོ་བ་ལ་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པ་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནས་གསང་སྟོན་དེས་བསྒྲུབ་བྱའི་གན་དུ་ཕྱིན་ལ་རང་ལ་ཕྱག་གསུམ་འཚལ་དུ་བཅུག །མདུན་དུ་ཙོག་ཙོག་པུར་འདུག་ཏུ་བཅུག་སྟེ། ཐལ་མོ་སྙིང་གར་སྦྱོར་དུ་བཅུག་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་མངོན་དུ་གྱུར་པ་བཅུ་ཚང་དགོས་ཤིང་། དེའི་ནང་ནས་ཡོངས་སུ་དག་པ་མངོན་དུ་གྱུར་པ་ཞེས་བྱ་བ། བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་དགོས། བར་ཆད་ཡོད་མེད་ངས་དྲིས་པས་ཤེས་པས་ཁྱོད་ལ་དྲི་བར་བྱ། ཁྱོད་ཀྱིས་ཀྱང་ཆོ་ག་ལས། འདི་ནི་ཁྱོད་ཀྱི་བདེན་པའི་དུས་འདི་ནི་འབྱུང་བའི་དུས་ཏེ། ཞེས་པའི་དོན་བདེན་པར་སྨྲ་བའི་དུས་དང་། འབྱུང་བ་སྟེ་ཡང་དག་པའི་མཐའ་སྨྲ་བའི་དུས་ཡིན་པས་ལན་དྲང་པོར་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས་འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་དྲི་ཡིས། ཁྱོད་མ་འཛེམས་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨྲོས། མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིང་། ཁྱོད་སྐྱེས་པ་ཡིན་ནམ། དེས་ཡིན་ལགས་ཞེས་སོགས། (༢༠༨ན)


GLG014_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་དང་མཐུན་པའི་ལན་གདབ་བོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། ལོ་ཉི་ཤུ་ལོན་ནམ། ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། ཁྱོད་ཕ་མ་གསོན་པས་མ་གནང་བ་མ་ཡིན་ནམ། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། །མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། །མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲིས་ལ། བསྒྲུབ་བྱས་མ་ཡིན་ལགས་ཞེས་བརྗོད་པར་བྱའོ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་བསྙེན་པར་རྫོགས་ནས་འཇལ་མི་ནུས་པ་ཅུང་ཟད་ཀྱང་ཆགས་པ་མེད་དམ། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། ཁྱོད་ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཇི་ལྟར་ཁྱོད་ད་ལྟ་རབ་ཏུ་བྱུང་བ་ཡིན་ནམ། ཁྱོད་ཀྱིས་ཚངས་པར་(༢༠༨བ)


GLG014_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལེགས་པར་སྤྱད་དམ། ཞེས་དྲི། དེས་ལེགས་པར་སྤྱད་ལགས་ཞེས་བརྗོད། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོའི་མིང་འདི་ཞེས་བགྱི། ཞེས་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་སྔོ་དང་། གཡའ་བ་དང་། གློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། རྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་རྔབ་དང་། །སྐྱ་རྦབ་དང་། རྐང་བམ་དང་། མཚན་པར་རྡོལ་བ་དང་། རིམས་དང་། རིམས་དྲག་པ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། །རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། །རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་། ཆུ་འགགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ་ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མེད་ལགས་ཞེས་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་ལ་ད་ལྟ་ངས་དྲིས་པ་དེ་ཉིད་དགེ་འདུན་གྱི་དབུས་སུ་ཡང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཁྱོད་ལ་(༢༠༩ན)


GLG014_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འདྲི་ཡིས། དེར་ཡང་ཁྱོད་ཀྱིས་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས། མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་མ་བོས་ཀྱི་བར་དུ་མ་འོང་པར་སྡོད་ཅིག །དེ་ལྟར་ན་ཁྱོད་བར་ཆད་ཀྱིས་དག་འདུག་ཅིང་། ངས་དགེ་འདུན་ལ་ཞུས་ལ་ཡོང་གི་ཞེས་བརྗོད་ལ། དེས་དགེ་འདུན་གྱི་ནང་དུ་འོངས་ཏེ་རྒན་པའི་མཐའ་ལོགས་སུ་འགྲེངས་ཏེ་འདུད་པ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གི་མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། །ཞེས་བརྗོད། མ་བརྗོད་ན་ཉེས་བྱས་སོ། །དེ་ནས་བསྒྲུབ་བྱ་ལ་དགེ་འདུན་གྱི་ནང་གི་ཤོག་ཅིག་ཅེས་བརྗོད་ལ། གདིང་བའི་སྟེང་ནས་དགེ་འདུན་སྤྱི་ལ་དམིགས་པའི་ཕྱག་གསུམ་འཚལ་དུ་བཅུག་ལ། རང་ཉིད་གྲལ་དུ་འཁོད་དོ། །བདུན་པ་གསོལ་བ་དང་ཞེས་པའི་དོན་གསོལ་བ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་གསོལ་བ་གདབ་པ་ནི། བསྒྲུབ་བྱ་དེ་དང་པོར་སྟོན་པ་ལ་ཕྱག་གསུམ་འཚལ་དུ་བཅུག །དེ་ནས་དགེ་འདུན་ལ་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་ལས་སློབ་པས་དེ་ལ་ཕྱག་གསུམ་ཚོལ་ལ། ངེད་ཀྱི་མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས། ཙོག་ཙོག་པུར་ཐལ་མོ་སྙིང་གར་སྦྱོར་ལ་འདུག་ཅིག་ཅེས་བསྒོ། ཁྱོད་བསྙེན་པར་རྫོགས་པའི་སྡོམ་པ་དོན་དུ་གཉེར་བ་དེ། དགེ་འདུན་(༢༠༩བ)


GLG014_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལས་ཀྱིས་སྒྲུབ་དགོས་ཤིང་། ལས་བརྒྱ་རྩ་གཅིག་ཡོད་པ་ལས་སློབ་དཔོན་དུལ་བ་ལྷས། དགོས་ཆེད་ཀྱི་སྒོ་ནས་ལས་རིགས་བཅུ་གསུམ་དུ་བསྡུ་བ་མཛད་ཀྱང་། སློབ་དཔོན་ཐོགས་མེད་ཀྱི་གཞི་སེམས་ཅན་ལ་བྱ་བ་དང་། སེམས་ཅན་མ་ཡིན་པ་ལ་བྱ་བ་གཉིས་སུ་བསྡུས་ཤིང་། དེ་ལ་འདིར་སེམས་ཅན་ལ་བྱ་བ་ཡིན། དེ་ལ་ཁྱིམ་པ་དང་རབ་ཏུ་བྱུང་བའི་རྟེན་ལ་བྱ་བ་གཉིས་ལས། འདིར་ཐ་མ་ཡིན། དེ་ལ་བསྙེན་པར་རྫོགས་པ་དང་། །མ་རྫོགས་པའི་རྟེན་ལ་བྱ་བ་གཉིས་ལས་ཐ་མ་ཡིན། དེ་ལ་སྦྱིན་པའི་ལས་དང་། མི་མཐུན་པའི་ལས་གཉིས་ལས་འདི་སྦྱིན་པའི་ལས། དེའི་ནང་ནས་ཀྱང་བསྙེན་པར་རྫོགས་པའི་སྡོམ་པ་སྦྱིན་པའི་ལས་ཡིན་པས། སྦྱིན་པའི་ལས་མཚན་ཉིད་པ་ཐམས་ཅད་ལ་གསོལ་བ་ལན་གསུམ་དུ་གདབ་པ་སྔོན་དུ་འགྲོ་བས་གསོལ་བ་འདེབས་དགོས། གསོལ་བ་གང་ལ་འདེབས་ན། གང་ལས་སྡོམ་པ་ཐོབ་པར་འགྱུར་བའི་དགེ་འདུན་གྲངས་ཚང་བ། ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་སྟེ་མཚན་ཉིད་གསུམ་ལྡན་ལ་གསོལ་བ་འདེབས་དེ་ཡང་ཆོ་གའི་ཚིག་ཟུར་ནས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། ཞེས་བྱ་བ་འབྱུང་། བསྙེན་པར་རྫོགས་པ་ནི་སཾསྐྲྀ་ཏའི་སྐད་དུ་ཨུ་པ་སམྤཏ་ཞེས་འབྱུང་། དེ་ཡང་ཨུ་པ་ནི་ཉེ་བ། སམྤ་ཏ་རྫོགས་པ་སྟེ་སྐྱོན་ཐམས་ཅད་དང་བྲལ་ཞིང་། ཡོན་ཏན་ཐམས་ཅད་རྫོགས་པ་མྱ་ངན་ལས་འདས་པ་ཐོབ་པ་ལ་ཁད་ཉེ་བའི་དགེ་སློང་གི་དངོས་པོ་བསྒྱུབ་ཏུ་གསོལ་ཞེས་བྱ་བའི་དོན་ཡིན། དྲང་དུ་གསོལ་བྱ་བ་ནི་བ་སྙེན་རྫོགས་ཀྱི་སྡོམ་པ་དང་མི་ལྡན་པའི་ཆ་ནས་ལྡན་པའི་སར་ཕྱག་(༢༡༠ན)


GLG014_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བའི་ཚུལ་གྱིས་དྲང་དུ་གསོལ་ཞེས་བྱ་བ་ཡིན། རྗེས་སུ་གཟུང་དུ་གསོལ་བ་ནི་སྔོན་མེད་པའི་སྡོམ་པ་སྦྱིན་པའི་སྒོ་ནས་རྗེས་སུ་གཟུང་དུ་གསོལ་ཞེས་བྱ་བ་ཡིན། རྗེས་སུ་བསྟན་དུ་གསོལ་ནི་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་ཐར་པའི་ལམ་སྟན་དུ་གསོལ་བྱ་བ་ཡིན་། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཞེས་པ་ནི། དགེ་འདུན་ནི་སྡུག་བསྔལ་གྱི་འདམ་དུ་བྱིང་བ་རྣམས་ཡོངས་སུ་སྐྱོབ་པར་མཛད་པས་ན་ཐུགས་བརྩེ་བ་ཅན་ནོ། །ཐུགས་བརྩེ་བའི་སླད་དུ་ཞེས་པ་ཐུགས་བརྩེ་བ་སྔོན་དུ་བཏང་ནས་ཡིན་གྱི་ལན་དུ་ཕན་འདོགས་པའི་བློས་ནི་མ་ཡིན་ནོ། །ཐུགས་བརྩེ་བར་མཛད་དུ་གསོལ་ནི་ཐུགས་བརྩེ་བས་ཀུན་ནས་བསླངས་ཏེ། ཅི་ནས་ཀྱང་བསྙེན་པར་རྫོགས་པར་མཛད་དུ་གསོལ་བྱ་བ་ཡིན་པས་དོན་དེ་རྣམས་དྲན་པའི་སྒོ་ནས། དགེ་འདུན་མཐའ་དག་གིས་གསན་པའི་རྗེས་ཟློས་ཚིག་ཟུར་ཆག་པ་དང་ནོར་བ་མ་ཡིན་པ་བྱེད་ཚིག་སོ་སོ་ནས་མ་འཆོལ་བར། སྐད་ཆེ་ལ་བརྗོད་པ་དག་པ་གྱིས་ལ། ཁོ་བོའི་ངག་རྫོགས་པའི་རྗེས་སུ་རྗེས་ཟློས་ཚེག་ཟུར་ལམ་པ་གྱིས་ཤིག །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་(༢༡༠བ)


GLG014_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་བཙུན་པ་རྣམས་ཀྱིས་དྲང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། །ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། འདི་རང་དོན་དུ་བརྗོད་པའི་སྔགས་ཡིན་པས་ལན་གསུམ་བརྗོད་དགོས་པའི་ཕྱིར། གཉིས་པའི་ཡང་རྗེས་ཟློས་མཛོད། ཡང་གསུམ་པའི་ཡང་རྗེས་ཟློས་མཛོད། དེ་ལྟར་ལན་གསུམ་དུ་གསོལ་བ་བཏབ་པས། དགེ་འདུན་གྱིས་ཀྱང་ཅང་མི་གསུང་བའི་སྒོ་ནས་གནང་བ་བྱིན་པ་ཡིན། དེས་བསྙེན་པར་རྫོགས་པར་འདོད་པ་དང་། གསོལ་བ་མངོན་དུ་གྱུར་པ་བྱས་པ་ཡིན། ཤིན་ཏུ་བསྡུ་ན། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་དགེ་འདུན་ལ་ལན་གསུམ་གྱི་བར་དུ་གསོལ་བ་འདེབས་དགོས་པས། ངེད་ཀྱི་རྗེས་ཟློས་གྱིས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ནས། ཐུགས་བརྩེ་བར་མཛད་དུ་གསོལ་གྱི་བར་ལན་གསུམ་བརྗོད་དོ། །བརྒྱད་པ་གསོལ་བ་དང་། དྲི་དང་ཞེས་པའི་དོན། ཡོངས་སུ་དག་པ་དགེ་འདུན་ཐུགས་ཡིད་ཆེས་པ་ལ་སོགས་པའི་དོན་དུ་ནང་དུ་བར་ཆད་དྲི་བར་བྱ་བའི་ཕྱིར་སྔོན་འགྲོ་གསོལ་བའི་ལས་བགྱིད། ཁྱེད་རང་རྗེས་ཟློས་བགྱི་མི་འཚལ། དགེ་འདུན་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་(༢༡༡ན)


GLG014_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །དེ་ནས་བསྒྲུབ་བྱ་ལ་ངེད་ལ་ཕྱག་གསུམ་ཕུལ་ལ། སྔར་བཞིན་ཕ་གུའི་སྟེང་དུ་འདུག་ཅིག་ཅེས་བསྒོ་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་རྒྱུད་བར་ཆད་ཀྱི་ཆོས་དང་མི་ལྡན་པས་ཡོངས་སུ་དག་པ་ཞིག་དགོས། བར་ཆད་ཅན་བསྙེན་པར་རྫོགས་ན་སྡོམ་པ་མི་སྐྱེ་བ་འམ། སྐྱེས་ཀྱང་རྒྱུན་མི་གནས་པ་ལ་སོགས་པའི་ཉེས་པ་ཡོད་པས། ཁྱོད་ལའང་ཕན་མི་ཐོགས། བསྙེན་པར་རྫོགས་པར་བྱེད་མཁན་ལ་ཡང་ཉེས་པ་འབྱུང་བ་ཡིན། བར་ཆད་མེད་ན་ཁྱོད་རང་ལ་ཡང་སྡོམ་པ་སྐྱེ་བས་དོན་ཆེན་པོ་འགྲུབ། ངེད་ཀྱིས་ཀྱང་ཆོས་ལྡན་གྱི་འཕྲིན་ལས་བྱས་པས་སྟོན་པ་ལ་བྱ་བ་བྱས་པར་བཤད་ཅིང་བསྟན་པ་ལ་ཕན་པ་ཡིན། བར་ཆད་གསང་སྟོན་གྱིས་དྲིས་པས་ཆོག་མོད་སྙམ་ན། བར་ཆད་འགའ་ཞིག་གློ་བུར་དུ་འབྱུང་བ་ཡང་སྲིད། སྔར་མ་དྲན་པ་དྲན་པའང་སྲིད་པ་ལ་སོགས་དགོས་བྱེད་འགའ་ཞིག་ཀྱང་ཡོད་མོད། གཙོ་ཆེར་དགེ་འདུན་ཐུགས་ཡིད་ཆེས་པའི་དོན་དུ་ནང་དུ་འདྲི་བ་ཡིན་པས་ལན་དྲང་པོར་ཐོབ་ཅིག །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་དྲི་ཡིས་ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་(༢༡༡བ)


GLG014_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཞེས་པ་ནས། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ་ཞེས་པའི་བར་སྔར་གསང་སྟོན་གྱི་དྲིས་པ་ལྟར་དྲིའོ། །དེ་ཡན་ཆད་ཀྱིས་སྦྱོར་བའི་ཆོ་ག་སོང་། གཉིས་པ་ལས་དང་ཞེས་པའི་དོན། དངོས་གཞིའི་ཆོ་ག་ནི། སངས་རྒྱས་ཆོས་དང་དགེ་འདུན་དང་། །མཁན་སློབ་བསྙེན་པར་རྫོགས་འདོད་དང་། །རྫོགས་པའི་ཡོ་བྱད་ཡོངས་དག་དང་། །གསོལ་པ་ལས་རྣམས་མངོན་གྱུར་ཏེ། །མངོན་གྱུར་བཅུ་ཡི་སྒོ་ནས་ནི། བསྙེན་རྫོགས་ཉིད་དུ་ཉེ་བར་བསྒྲུབ། །དེ་ལྟར་བཤད་པའི་རྒྱུ་ཚོགས་ལས། །མངོན་གྱུར་ལྷག་མ་བརྒྱད་པོ་ཡི། །བཤད་པ་བཏང་སྙོམས་གྱུར་ཀྱང་བླ། །མཁན་སློབ་དགེ་འདུན་བཅས་པ་རྣམས། །ཐུགས་དགོངས་གསུམ་པོ་གསལ་གདབ་ཅིང་། །ལས་ཀྱི་སློབ་དཔོན་མཁས་པ་ཡིས། །བསྙེན་རྫོགས་སྡོམ་པ་བསྐྱེད་པ་ལ། །མེད་དུ་མི་རུང་གཅེས་པའི་ཆོས། །བསྙེན་པར་རྫོགས་འདོད་བསམ་པའི་རྟེན། །ཁྱད་ཆོས་ལྔ་དང་ལྡན་པ་དང་། །གསོལ་བཞིའི་ཆོ་ག་གོ་བདེའི་ངག །འཁྲུལ་མེད་བློ་ལས་ཐོན་ནུས་པའི། །མངོན་གྱུར་གཉིས་ལ་ནན་ཏན་གྱིས། །བསྙེན་རྫོགས་བསྒྲུབ་པ་གནད་དུ་ཆེ། །བསྟན་རྩའི་དགེ་སློང་སྒྲུབ་བྱེད་ཀྱི། །དངོས་གཞིའི་ཆོ་གའི་ཁོག་ཕུབས་སོ། །དེ་ཡང་ཅུང་ཟད་བཤད་ན། ལས་འཆགས་པའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཚང་ན། ལས་མཚན་ཉིད་དང་ལྡན་པར་བྱས་པས། སྡོམ་པ་ཐོབ་པར་འགྱུར་བས། གདམས་ངག་གི་བཤད་པ་མེད་ཀྱང་ཆོག་སྟེ། །བཤད་པ་མ་གཙོ། རྒྱུ་རྐྱེན་ཚང་བ་གཙོ་བ་ཡིན། འོན་ཀྱང་ངེས་འབྱུང་གི་བསམ་པ་གསལ་གདབ་ཅིང་ཐོབ་ཤེས་ཀྱི་ཡིད་ཆེས་པའི་ངེས་ཤེས་བསྐྱེད་པའི་ཕྱིར་གདམས་(༢༡༢ན)


GLG014_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་བཤད་པས་ཅུང་ཟད་བརྡ་སྤྲད་ན། གྲུབ་པའི་མཐའ་ལས། རྒྱུ་དྲུག་རྐྱེན་བཞིའི་ནང་ནས་རྒྱུ་རྐྱེན་ལྔ་ལས་སྐྱེ་བོ་ཞེས་བརྡ་སྤྲད་ཀྱང་རུང་། འགལ་རྐྱེན་བཞི་སྤངས་མཐུན་རྐྱེན་ལྔ་ཚང་བ་ལས་སྐྱེ་བོ་ཞེས་བརྡ་སྤྲད་ཀྱང་རུང་མོད་ཀྱི་འདིར་གཅིག་ལས་འཕྲོས་པའི་བཅུ་པའི་སྐབས་ལས། མངོན་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་བཅུ་སྟེ། སྟོན་པ་མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་དང་། སངས་རྒྱས་མངོན་སུམ་དུ་གྱུར་པ་དང་། ཆོས་མངོན་སུམ་དུ་གྱུར་པ་དང་། མཁན་པོ་མངོན་སུམ་དུ་གྱུར་པ་དང་། སློབ་དཔོན་མངོན་སུམ་དུ་གྱུར་པ་དང་། བསྙེན་པར་རྫོགས་འདོད་མངོན་སུམ་དུ་གྱུར་པ་དང་། བསྙེན་པར་རྫོགས་པར་འདོད་པའི་ཡོ་བྱད་མངོན་སུམ་དུ་གྱུར་པ་དང་། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་དང་། གསོལ་བ་མངོན་སུམ་དུ་གྱུར་པ་དང་། ལས་མངོན་སུམ་དུ་གྱུར་པ་རྣམས་སོ། །ཞེས་གསུངས། དེ་ལྟར་བཅུ་ལས། སྟོན་པ་མངོན་སུམ་དུ་གྱུར་པ་ནི་དགེ་འདུན་ལ་འདུལ་འཛིན་སྔ་མ་རྣམས་འཆད་ཅིང་། འདི་ལ་དགེ་འདུན་གྲངས་ཚང་བ། ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་གསུམ་དགོས། དང་པོ་ནི། ཡུལ་དབུས་སུ་བསྙེན་པར་རྫོགས་པ་ལ་དགེ་སློང་བཅུ་ཡན་ཆད། མཐའ་འཁོབ་ཏུ་ལྔ་ཡན་ཆད་དགོས་ཏེ། ལུང་དུ། བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་དག་ཏུ་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། སྡོམ་ཚིག་དང་དེའི་དོན་བཤད་པ་གཉིས། (༢༡༢བ)


GLG014_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། འགྲེང་ཡུལ་འདུན་སོགས་ཕུལ་བ་མིན། །མ་རྫོགས་ཉམས་དང་མཚམས་མེད་མིན། །སྡིག་ས་ཐ་དད་འཁྲུལ་བཅས་མིན། །མཚམས་མཚན་དཀོན་ཅོག་གཞན་མེད་པའོ། །གཉིས་པ་ལ། གཞིའི་སྐབས་ནས་འབྱུང་བ་བཅུ། ཞུ་བའི་སྐབས་ནས་འབྱུང་བ་གསུམ་མོ། །དང་པོ་ནི། ལས་གྲལ་དེར་མི་འདུག་པར་འགྲེང་བ་མ་ཡིན་པ། གང་ལ་ལས་བྱ་བའི་ཡུལ་བསྒྲུབ་བྱ་དེ་ཉིད་མ་ཡིན་པ། འདུན་པ་དང་ཡོངས་སུ་དག་པ་ཕུལ་བ་མ་ཡིན་པ། བསྙེན་པར་མ་རྫོགས་པ་མ་ཡིན་པ། རྫོགས་ཀྱང་ཕམ་པ་འཆབ་བཅས་ཀྱིས་གོས་པ་མ་ཡིན་པ། མཚམས་མེད་དང་ཉེ་བའི་མཚམས་མེད་བྱས་པ་མ་ཡིན་པ། སྟོན་པའི་བསླབ་པ་ལ་ཡིད་མི་ཆེས་པའི་སྡིག་ལྟ་ཅན་མ་ཡིན་པ། སྤོ་མགུ་སྤྱོད་པ་ལ་སོགས་པ་དམན་པའི་ས་ན་གནས་པ་མ་ཡིན་པ་ཆོས་ཕྱོགས་ལས་ལྟ་བ་ཐ་དད་པའི་ཆོས་མ་ཡིན་ཕྱོགས་པ་མ་ཡིན་པ། བསྡམ་བྱ་ཉེས་བྱས་ཡན་ཆད་ཀྱིས་གོས་པའི་འཁྲུལ་བཅས་མ་ཡིན་པའོ། །འོ་ན་སོ་སོ་སྐྱེ་བོའི་དགེ་སློང་ལས་ཀྱི་ཁ་སྐོང་དུ་རུང་བ་རྙེད་དཀའ་བར་འགྱུར་ཏེ། བསྡམ་བྱ་ཉེས་བྱས་ཡན་ཆད་ཀྱིས་གོས་པའི་འཁྲུལ་བཅས་མ་ཡིན་པ་དགོས་ཤིང་འཁྲུལ་བཅས་ལས་ཀྱི་ཁ་སྐོང་དུ་མི་རུང་བའི་ཕྱིར་སྙམ་ན་སྐྱོན་མེད་དེ་ལས་གྲལ་ལ་འདུས་པའི་དུས་སུ་ལྟུང་བ་ཐུན་མོང་བྱིན་གྱིས་རློབ་པ་གསོལ་བ་འབའ་ཞིག་པའི་ལས་བྱེད་ལ། དེ་བྱས་པས་དགེ་འདུན་ལྷག་མ་མན་ཆད་ཀྱི་ལྟུང་བས་ལས་ཆགས་པ་ལ་སྒྲིབ་པའི་ཉེས་པ་འདག་པའི་ཕྱིར་ཏེ། འཁྲུལ་པ་དང་བཅས་པ་ཡང་ངོ་། །བསྡམ་པར་བྱ་བས་ཀྱང་ཡིན་གྱི། བཤགས་པར་བྱ་བ་འབའ་ཞིག་གིས་ཡིན་པར་མ་ཟད་དོ། །བྱིན(༢༡༣ན)


GLG014_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། མཚམས་གཞན་མ་ཡིན་པ། མཚན་གཞན་མ་ཡིན་པ། དཀོན་ཅོག་གཞན་མ་ཡིན་པའོ། །དང་པོ་ནི། སྤྱིར་མཚམས་ལ་རགས་པ་མཚམས་གཞན་དང་། ནམ་མཁའ་མཚམས་གཞན་གཉིས། དང་པོ་ནི། རྩིག་པ་དང་། མེ་དང་། །ཆུ་ལ་སོགས་པས་བར་ཆོད་པ་ལྟ་བུའོ། གཉིས་པ་ནི། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འདུག་པ་ལྟ་བུའོ། །དེས་ན་བསྒྲུབ་བྱ་བསྙེན་པར་རྫོགས་པར་བྱེད་པ་ལ། དགེ་སློང་རྣམས་མཚམས་ནང་གཅིག་ཏུ་ལྷན་གཅིག་ཏུ་གནས་པའོ། །གཉིས་པ་ནི། སྐྱེས་པ་བསྙེན་པར་རྫོགས་པ་ལ་དགེ་སློང་ཕའི་དགེ་འདུན་དགོས་པ་ཡིན་གྱི། དགེ་སློང་མའི་དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱར་མི་རུང་བ་ལྟ་བུའོ། །བུད་མེད་བསྙེན་པར་རྫོགས་པ་ལ་ངེས་པར་མཚན་མཐུན་དགོས་པ་མ་ཡིན་ཏེ། དེ་གཉིས་ཀའི་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱེད་དགོས་པའི་ཕྱིར་རོ། །གསུམ་པ་ནི། ལས་བྱེད་པའི་དགེ་སློང་ལ་སངས་རྒྱས་མ་ཡིན་པ་ཞིག་དགོས་ཏེ། ལས་ཀྱི་གཞིར་། རྒྱལ་བ་ནི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ནོ། ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ། །དེས་བྱས་པ་ལས་མ་ཡིན་པས་མི་འཆགས་སོ། །ཞེས་གསུངས། གསུམ་པ་ལ་མ་འདུས་པའི་མི་མཐུན་པ་དང་། འདུས་པ་ཕྱིར་ལོག་གི་མི་མཐུན་པ་གཉིས། དང་པོ་ནི། ལས་གྲལ་དེར་འདུ་བར་འོས་པའི་དགེ་སློང་འགའ་ཞིག་མ་འདུས་པ་ནི་མ་འདུས་པའི་མི་མཐུན་པ་ཡིན་ལ། དེ་དང་བྲལ་ནས་དེར་འདུ་བར་འོས་པའི་དགེ་སློང་ཐམས་ཅད་ལས་གྲལ་དེར་འདུས་པའོ། །གཉིས་(༢༡༣བ)


GLG014_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལས་གྲལ་དེར་གནས་པའི་དགེ་སློང་གིས་ཆོས་ལྡན་གྱི་ལས་འདི་བྱར་མི་རུང་ངོ་ཞེས་ལྡོག་པར་བྱེད་པ་ནི། འདུས་པ་ཕྱིར་ལྡོག་གི་མི་མཐུན་པ་ཡིན་ལ། དེ་དང་བྲལ་ནས་དེར་གནས་པའི་དགེ་སློང་རྣམས་ཀྱིས་ཅང་མི་གསུང་བའི་ཚུལ་གྱིས་ལས་ལ་གནང་བ་སྟེར་བར་བཞུགས་པའོ། །གཉིས་པ་སངས་རྒྱས་མངོན་གྱུར་ལ། སྐྱབས་འགྲོའི་ཡུལ་དུ་གྱུར་པའི་སངས་རྒྱས་དཀོན་ཅོག་དང་། ཀུན་རྫོབ་བརྡར་མཚོན་པའི་སངས་རྒྱས་ཀྱི་སྐུ་གཟུགས་གཉིས། དང་པོ་ནི་གདུལ་བྱ་གཞན་ངོར་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་སངས་རྒྱས་སུ་མཚོན་པར་བྱེད་པའི་ཐེག་ཆེན་མི་སློབ་པའི་ལམ་གྱི་བདེན་པ་ལ་འཇོག་སྟེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་གསུངས་ཤིང་། དེ་ལྟ་བུའི་སངས་རྒྱས་དཀོན་ཅོག་ལ་ཡིད་ཆེས་པའི་དད་པ་དང་ལྡན་པའོ། །གཉིས་པ་ནི་རབ་ཏུ་བྱུང་བའི་ཆ་ལུགས་ཅན་གྱི་སངས་རྒྱས་ཀྱི་སྐུ་གཟུགས་དངོས་སུ་བཞུགས་པའོ། །གསུམ་པ་ལ་སྐྱབས་འགྲོའི་ཡུལ་དུ་གྱུར་པ་དང་། ཀུན་རྫོབ་བརྡར་མཚོན་པའི་ཆོས་གཉིས། དང་པོ་ནི་འགོག་བདེན་གྱིས་བསྡུས་པའི་མྱང་འདས་ཡིན་ལ། དེ་ཉིད་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་པའོ། །གཉིས་པ་ལ་ལུང་དང་རྟོགས་པའི་ཆོས་གཉིས། དང་པོ་ནི་ལུང་སྡེ་བཞི་འམ། དེའི་དགོངས་འགྲེལ་གྱི་བསྟན་བཅོས་དངོས་སུ་བཞུགས་པའོ། །གཉིས་པ་ནི། ལས་གྲལ་དེ་ན་གནས་པའི་དགེ་འདུན་རྣམས་ཀྱི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལྟ་བུའོ། །བཞི་པ་ལ་བརྟན་མཁས་ཀྱི་ཡོན་ཏན་གཉིས་(༢༡༤ན)


GLG014_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་མཁན་པོར་འོས་པའི་དགེ་སློང་ལ་མཁན་པོར་གསོལ་བ་བཏབ་ཅིང་། ཁས་བླངས་པ་དང་ལྡན་པའོ། །ལྔ་པ་ལ་ལས་ཀྱི་སློབ་དཔོན་དང་། གསང་སྟེ་སྟོན་པའི་སློབ་དཔོན་གཉིས། དང་པོ་ནི་ཁ་སྐོང་གི་ཆོས་དང་ལྡན་ཞིང་། དགེ་འདུན་གྱི་དབུས་སུ་གསོལ་བཞིའི་ཆོ་ག་བརྡ་སྤྲོད་པ་ལ་མཁས་པ་ཞིག་ལ། མཁན་པོས་ཚིག་ཙམ་གྱི་སྒོ་ནས་ལས་སློབ་ཏུ་བསྐོས་པའི་དགེ་སློང་དངོས་སུ་བཞུགས་པའོ། །གཉིས་པ་ནི་ཁ་སྐོང་གི་ཆོས་དང་ལྡན་ཞིང་། འགྲོ་མིན་བཞི་དང་བྲལ་བ། ལྐོག་ཏུ་བར་ཆད་དྲི་བ་ལ་མཁས་པ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་གསང་སྟོན་དུ་བསྐོས་པའི་དགེ་སློང་དངོས་སུ་བཞུགས་པའོ། །དྲུག་པ་ལ་ལུས་ཀྱི་རྟེན་དང་། བསམ་པའི་རྟེན་གཉིས། དང་པོ་ནི་སྡོམ་པ་སྐྱེ་བའི་བར་ཆད་དང་མི་ལྡན་ཞིང་། རྒྱུད་ཚོགས་སུ་མ་ཚང་བ། སྡོམ་པ་རྙིང་པས་རྒྱུད་མ་བཀག་པ། ཚིག་སྔ་མ་དགེ་ཚུལ་མན་ཆད་སྔོན་དུ་སོང་ཞིང་ཆགས་པའོ། །གཉིས་པ་ལ་རྒྱུའི་ཀུན་སློང་ཐོབ་འདོད། དུས་ཀྱི་ཀུན་སློང་ཐོབ་ཤེས། འགལ་རྐྱེན་ངེས་པ་ལྔ་བྲལ་གྱི་བསམ་པ་མཐུན་རྐྱེན་ཕུན་ཚོགས་གསུམ་ལྡན་གྱི་བསམ་པ། དེ་ཐམས་ཅད་ངེས་འབྱུང་གི་བསམ་པས་ཟིན་དགོས་པའོ། །འདི་དག་གི་རྣམ་གཞག་ནི་གོང་དུ་བཤད་པ་ལས་ཤེས་པར་བྱའོ། །བདུན་པ་ཡོ་བྱད་མངོན་དུ་གྱུར་པ་ལ། ལུས་ཀྱི་བྱི་བྱད་ཀྱི་རྟགས། གོས་ཀྱི་རྟགས། སྣོད་སྤྱད་ཀྱི་རྟགས་དང་གསུམ། དང་པོ་ནི། བྲེག་པར་འོས་པའི་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱས་པས་ཁྱད་པར་དུ་བྱས་པའོ། །གཉིས་པ་ནི། ཁྱིམ་པ་དང་མུ་སྟེགས་ཅན་ལས་གོས་ཀྱི་རྟགས་ཀྱི་ཁྱད་པར་དུ་འཕགས(༢༡༤བ)


GLG014_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། དགེ་སྦྱོང་གི་དྲན་པ་གསོ་བ་དང་། སེམས་ཆགས་བྲལ་དུ་བསྒྱུར་བ་མཚོན་བྱེད་དུ་ཆོས་གོས་རྣམ་གསུམ་མཁན་པོས་བྱིན་གྱིས་བརླབས་ནས་གནང་བ་དེ་ཉིད་གཅེས་སྤྲས་སུ་འཆང་དགོས་ཏེ། སྣམ་སྦྱར་པགས་པ་དང་འདྲ་བར་རོ། །ཆོས་གོས་ལྷག་མ་ཡང་ངོ་། །ཞེས་བྱ་བ་ནི་ཆོས་ཀྱི་བཤེས་གཉེན་གྱི་རྒྱ་ཆེར་འགྲེལ་ལས། །ཇི་ལྟར་པགས་པ་རླུང་དང་ཉི་མ་དང་ཆར་ལ་སོགས་པ་དག་ལས་བསྐྱབ་བར་བྱ་བ་ལྟར་དགེ་སློང་གི་སྣམ་སྦྱར་ཡང་དེ་བཞིན་དུ་བསླབ་པར་བྱའོ། །ཞེས་གསུངས་། དགེ་འདུན་གྱི་གནས་མལ་དང་། སྦྱིན་བདག་གི་གདན་གསར་པ་བསྐྱབ་བའི་ཕྱིར་དུ་གླེགས་པུ་ཕྱེད་དང་གཉིས་པའི་བདག་ཉིད་ཅན་གྱི་གདིང་བ་མཁན་པོས་གནང་བ་ལྟར་དུ་བཅང་དགོས། གདིང་བ་བཅང་བར་བྱའོ། །དེ་ནི་འཐུག་ན་ཆིག་རྐྱང་རུང་ངོ་། །སེངས་པ་ནི་ཉིས་རིམ་མོ། ཁྲ་ཁྲ་བོ་མི་རུང་ངོ་། །དེ་ལ་གླེགས་བུའི་འཕྲོ་བྱའོ། །འོག་རོལ་གྱི་སུམ་ཆའི་དང་པོར་རོ། །གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱའོ། །ཞེས་གསུངས། གསུམ་པ་ནི། ཁྱིམ་པ་དང་མུ་སྟེགས་ཅན་ལས་སྣོད་སྤྱད་ཀྱི་རྟགས་ཀྱི་གནས་ཁྱད་པར་དུ་འཕགས་ཤིང་། །དགེ་སྦྱོང་གི་དྲན་པ་གསོ་བ་དང་། །ལྷུང་བཟེད་ཀྱི་ནང་ནས་ཟས་ལ་ལོངས་སྤྱོད་པ་བཞིན་དུ། རང་གི་སེམས་རྒྱུད་ཆོས་ལ་ལོངས་སྤྱོད་པ་མཚོན་བྱེད་དུ་ལྷུང་བཟེད་མཁན་པོས་བྱིན་གྱིས་བརླབས་ནས་བྱིན་པ་ལྟར་གཅེས་སྤྲས་ཀྱི་སྒོ་ནས་འཆང་དགོས་ཏེ། །ལྷུང་བཟེད་མེད་པར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཆུང་ངུ་དང་། ཆེན་པོ་དང་། སྐྱ་བས་ཀྱང་མི་བྱའོ་ཞེས་དང་། ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ། ཞེས་(༢༡༥ན)


GLG014_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། སྲོག་ཆགས་ལ་གནོད་འཚེ་སྤང་བའི་ཕྱིར་དུ་ཆུ་ཚགས་མཁན་པོས་གནང་བ་ལྟར་འཆང་དགོས་ཏེ། སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས་པའི་ཕྱིར། བརྒྱད་པ་ཡོངས་སུ་དག་པ་ལ་མངོན་དུ་གྱུར་པ་ནི། བར་ཆད་མེད་པ་ཞིག་དགོས་ཏེ། གསང་སྟེ་སྟོན་པས་ལྐོག་ཏུ་དྲིས། ངེད་ཀྱིས་དགེ་འདུན་གྱི་དབུས་སུ་དྲིས་པས་བར་ཆད་མེད་པར་རྟོགས་པས་ཚང་བ་ཡིན། དགུ་པ་གསོལ་བ་མངོན་དུ་གྱུར་པ་ནི། དགེ་འདུན་ལ་བསྙེན་པར་རྫོགས་པའི་ཕྱིར་གསོལ་བ་ལན་གསུམ་དུ་འདེབས་པ་ལ་རང་གི་མིང་དང་། མཁན་པོའི་མིང་དང་། དགེ་འདུན་ཞེས་པ་བརྗོད་པ་མ་ཆད་པས་གསོལ་བ་གདབ་དགོས་ཏེ་དེ་གསུམ་བརྗོད་པ་ཆད་ན་མི་སྐྱེ་སྟེ། མདོར་དེ་གཉིས་ཀྱི་མིང་མ་སྨོས་ན་མི་སྐྱེའོ། །དགེ་འདུན་གྱི་ན་ཡང་དེའི་སྐྱེ་གནས་ཀྱིས་མི་སྐྱེའོ། །ཞེས་གསུངས། དེ་ཡང་ཆོ་ག་ལྷག་ཆད་མེད་པར་ལན་གསུམ་དུ་གསོལ་བ་བཏབ་པས་ཚང་བ་ཡིན། བཅུ་པ་ལས་མངོན་དུ་གྱུར་པ་ལ། ལས་མཁན་གྱིས་བསྒྲུབ་བྱའི་མིང་དང་། མཁན་པོའི་མིང་དང་། དགེ་འདུན་གྱི་མིང་རྣམས་མ་བརྗོད་པའམ། གསོལ་བ་དང་བརྗོད་པ་གང་རུང་ཆད་ན་མི་སྐྱེ་སྟེ། ལུང་ལས་གང་ཟག་ལྔ་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བདག་གི་མིང་མ་བརྗོད་པ་དང་། མཁན་པོའི་མིང་མ་བརྗོད་པ་དང་། གསོལ་བ་ཆད་པ་དང་། བརྗོད་པ་ཆད་པ་དང་། བསྙེན་པར་རྫོགས་པར་མི་ཤེས་པའོ། །ཞེས་གསུངས། མདོར་ན་གསོལ་བ་དང་། བཞིའི་ལས་ཚིག་ཕྱེད་ཀྱང་མ་འཁྲུལ་བ། ཚང་ལ་མ་ནོར་བ་མ་འཁྲུགས་པ། བློ་ལས་ཐོན་ནུས་པ་ཞིག་དགོས་པ་ད་ལྟ་ཉིད་དུ་(༢༡༥བ)


GLG014_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་འགྱུར་བས་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཐམས་ཅད་ཚང་བ་ཡིན་ནོ། །ཤིན་ཏུ་བསྡུ་ན། ཁྱོད་བསྙེན་རྫོགས་བྱེད་པ་ལ་མངོན་གྱུར་བཅུའི་སྒོ་ནས་བསྒྲུབ་དགོས་ཤིང་། མངོན་གྱུར་གཞན་ཐམས་ཅད་ཕུན་སུམ་ཚོགས་པའི་ཚུལ་གྱིས་ཚང་། བསྙེན་རྫོགས་ཀྱི་སྡོམ་པ་བསྐྱེད་པ་ལ་བསྙེན་པར་རྫོགས་པར་འདོད་པ་མངོན་དུ་གྱུར་པ་བསམ་པའི་རྟེན། རྒྱུའི་ཀུན་སློང་ཐོབ་འདོད། དུས་ཀྱི་ཀུན་སློང་ཐོབ་ཤེས། འགལ་རྐྱེན་ངེས་པ་ལྔ་བྲལ། མཐུན་རྐྱེན་ཕུན་ཚོགས་སུམ་ལྡན། དེ་ཐམས་ཅད་ངེས་འབྱུང་གི་བསམ་པས་ཟིན་དགོས་སོ། །ཞེས་སྔར་དགེ་ཚུལ་གྱི་སྐབས་བཞིན་བརྡ་སྤྲད། ད་ཧྲིལ་གྱིས་དྲིལ་ན་མཁན་སློབ་དགེ་འདུན་དང་བཅས་པ་ལ་སེམས་དང་བའི་སྒོ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ལ་མ་ཤིའི་བར་དུ་བསྲུང་སྙམ་པ་གྱིས། རྗེས་ཟློས་བགྱི་མི་འཚལ། དགེ་འདུན་རྣམས་སྤྱོད་ལམ་བསྟུན། ཐུགས་དགོངས་གསུམ་པོ་གསལ་བཏབ་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞིང་། ལྷག་ཆད་བྱུང་ན་གསོ་བར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་(༢༡༦ན)


GLG014_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པས་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བྱ་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་(༢༡༦བ)


GLG014_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིག །བརྗོད་པ་དང་པོ་ཐལ། གཉིས་པ་ལ་ཐུགས་གཏད་པར་ཞུ་བྱས་ལ་གཉིས་པ་བྱ། གསུམ་པའི་སྐབས་སུ་ལས་ཆགས་པ་ཡིན་ཏེ། མདོར། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པས་མཆི་སྟེ་ཡན་ཆད་ངོ་བོ་བརྗོད་པ། དེ་ནས་གསོལ་ནའི་བར་བྱ་བ་བརྗོད་པ། དེའི་སླད་དུ་མན་ཆད་བྱེད་པ་བརྗོད་པ་ཡིན་པས། ངོ་བོ་བརྗོད་པ་དང་བྱ་བ་བརྗོད་པ་གཉིས་རྫོགས་པ་གསོལ་ན་ཞེས་པ་འགག་པ་དང་སྙམ་དུ་ཁྱོད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ། ངེད་ཁྱོད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་པས། གསོལ་ན་ཞེས་པའི་སྐབས་སུ། ངེད་ཀྱི་སྐད་གཟེངས་མཐོ་བ་དང་། སེ་གོལ་གྱི་བརྡ་སྦྱར་བས། དེའི་དུས་ངའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བའི་དུས་འདི་ཡིན་སྙམ་པའི་ཐོབ་བློ་སྐྱེས་པ་ཤིན་ཏུ་གལ་ཆེ་ཞིང་། དེའི་སླད་དུ་ཞེས་པའི་ཚིག་བྱུང་བ་དང་སྡོམ་པ་སྐྱེས་ཚར། དགེ་སློང་དུ་གྱུར་སྙམ་དུ་མ་ཡེངས་པར་སོམས་ཤིག །དགེ་འདུན་རྣམས་བརྗོད་པ་གསུམ་པ་ལ་ཐུགས་གཏད་པར་ཞུ་བྱས་ལ་གསུམ་པ་བྱ། ལས་ཀྱི་མཇུག་སྡུད་ལ་ཐུགས་གཏད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བྱ་བས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གལ་ཏེ་ཆོ་ག་ནོར་བའམ་དགེ་སློང་སོང་བ་ལ་སོགས་པས་ལས་འཁྲུགས་ནས་བསྐྱར་དགོས་ན། གསོལ་བ་སྐྱོར་ན། བཙུན་པ་དག་ཡང་གསོལ་བ་བགྱིའོ། །བྱས་ལ་བསྐྱར། བརྗོད་པ་སྐྱོར་ན་བཙུན་པ་དག་ཡང་རྗེས་སུ་བསྒྲག་གོ་བྱས་ལ་བསྐྱར། གཉིས་ཀ་སྐྱོར་ན་བཙུན་(༢༡༧ན)


GLG014_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ཡང་གསོལ་བ་བགྱི་ཞིང་རྗེས་སུ་ཡང་བསྒྲག་གོ་བྱས་ལ་བསྐྱར་རོ། །དེ་ལྟར་གསོལ་བཞིའི་ལས་ཀྱིས་ཁྱོད་ཀྱི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་འཆལ་ཚུལ་གྱི་རྒྱུན་སྡོམ་ཞིང་འགོག་པར་བྱེད་པའི་ཆུ་ལོན་ལྟ་བུ་ཐོབ། དགེ་སློང་དུ་གྱུར་བས་དགའ་བ་སྒོམས་ཤིག །དེས་དངོས་གཞི་གྲུབ། གསུམ་པ་མཇུག་གི་ཆོ་ག་ལ་གཉིས་ཡོད་པའི། དང་པོ་ཆེ་གེ་མོས་མཛོད། ཅེས་བརྗོད། དེ་ནས་བསྐོས་པའི་དེ་སློང་དེས་གྲིབ་ཚོད་འཇལ་ལུགས་དང་། ཆོ་ག་གཞན་ཐམས་ཅད་དགེ་ཚུལ་དང་འདྲ་བ་ལ། བསྙེན་བཀུར་གྱི་གནས་ཡིན་མིན་གྱི་སྐབས་སུ་བསྙེན་བཀུར་གྱི་གནས་ནི་རང་ལས་གྲིབ་མ་སོར་གཅིག་གི་དུས་ཀྱིས་རྒན་པའི་དགེ་སློང་རྣམས་བསྙེན་བཀུར་གྱི་གནས་ཡིན། གནས་མ་ཡིན་པ་ནི་རང་ལས་གཞོན་པའི་དགེ་སློང་རྣམས་དང་། ས་གཞན་ན་གནས་པའི་དགེ་སློང་རྣམས་དང་། རྟེན་དམན་པ་དགེ་སློང་མ་རྣམས་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ་ལ་སོགས་པ་བསྙེན་བཀུར་གྱི་གནས་མ་ཡིན། བསྙེན་བཀུར་རང་གི་ངོ་བོ་བསྙེན་བཀུར་གྱི་གནས་རྣམས་ལ་བསྙེན་བཀུར་བྱེད་ལུགས་དང་། གནས་མ་ཡིན་པ་རྣམས་ཀྱི་བསྙེན་བཀུར་དང་དུ་ལེན་ལུགས་དགེ་ཚུལ་ལྟར་སློབ། དགེ་སློང་རང་དང་། བསླབ་པ་མཉམ་པ་བྱུང་ན། གཅིག་གིས་གཅིག་ལ་ཕྱག་བྱ་མི་དགོས། གྲལ་མགྱོགས་གྲལ་བྱས་པས་ཆོག་པ་ཡིན་ཏེ། མདོ་རྩ་བར། དུས་མཉམ་པ་རྣམས་ནི་ཞེས་ལུང་འདྲེན། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། གཉིས་སམ་གསུམ་པོ་དག་ཀྱང་རུང་། །དུས་གཅིག་ལ་ནི་བསྙེན་རྫོགས་ན། །ན་ཚོད་བྱེ་བྲག་ཡོད་གྱུར་ཀྱང་། །(༢༡༧བ)


GLG014_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པོ་མེད་ཅིང་གསར་བུ་མེད། །ཕན་ཚུན་ཕྱག་ཀྱང་ཡོད་མིན་ཏེ། །རྙེད་པ་གྲལ་རིམ་བཞིན་དུའོ། །ཞེས་སོ། །ལྔ་པ་ཕན་ཡོན་ནི་ཞེས་པ་ནས། མཇུག་ཆོག་གཉིས་པ་དགེ་བའི་བཤེས་གཉེན་པས་གསུང་བར་འགྱུར་བས། དེར་སྙན་གཏོད་མཛོད་ཅེས་བརྗོད་དོ། །དེ་ནས་ལས་བྱེད་པས། དགེ་བའི་བཤེས་གཉེན་པས་གསུངས་པ་དེ་རྣམས་ཀྱང་ཤེས་པར་བྱས་ནས་ཕྱག་ལེན་ལ་གདབ་འཚལ། མཇུག་ཆོག་གཉིས་པ་ཐོབ་པའི་སྡོམ་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་གདམས་ངག་བཅུ་གཅིག་བརྗོད་པ་ལ་དགེ་སློང་གི་བསླབ་བྱ་མདོར་བསྡུས་ཏེ་བརྗོད་པ་དང་། དེ་ལ་བསླབ་ཚུལ་གྱི་གདམས་ངག་བརྗོད་པ་གཉིས་ཀྱི་དང་པོ་ལ། བསླབ་བྱའི་གཙོ་བོ་རྣམས་དངོས་སུ་བརྗོད་པ་དང་། དངོས་སུ་མ་བརྗོད་པ་བླངས་པ་རྣམས་ཤེས་པའི་ཐབས་བརྗོད་པ་དང་གཉིས་ཀྱི་དང་པོ་ལ། བརྟེན་བྱ་འཚོ་བ་དང་། བསྲུང་བྱ་ཚུལ་ཁྲིམས་དང་། ཉམས་ལེན་སྤྱོད་པ་དང་། རྟོགས་པ་ལྟ་བ་རྣམ་དག་ལ་གདམས་པ་དང་བཞིའི་དང་པོ་ལ་སྤྱིར་གདམས། བྱེ་བྲག་ཏུ་ཕྱེ་སྟེ་གདམས་པ་དང་གཉིས་ཀྱི་དང་པོ་ནི། བསྙེན་པར་རྫོགས་མ་ཐག་པ་དེས་གང་ལ་བརྟེན་ནས་འཚོ་བའི་གནས་རྣམས་མ་ཤེས་ན་ལྟུང་བར་འགྱུར་བས། མདོར། བསྙེན་པར་རྫོགས་མ་ཐག་པ་ལ་མི་བརྗོད་པར་མི་བྱའོ། །ཞེས་གསུངས་པས། གནས་བརྗོད་དགོས་ལ། དེའང་དགེ་སློང་གི་དངོས་པོ་ཐོབ་ནས་ཉམས་པ་བཞི་སྤང་དགོས་པས། འཚོ་བ་ཉམས་པ་སྤང་བའི་ཕྱིར་ཚངས་པར་སྤྱོད་པ་རྣམས་ཀྱིས་བརྟེན་པར་བྱ་བ་ཡིན་པའི་ཕྱིར་གནས་ཏེ་རང་གཞན་དུ་གནས་པས་གོས་དང་ཟས་དང་། གནས་མལ་(༢༡༨ན)


GLG014_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསུམ། ནད་པས་དེའི་སྟེང་དུ་སྨན་དང་བཞི་བསྟེན་པས། སེམས་ལས་སུ་རུང་བར་འགྱུར་ལ། དེའང་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས་སོ་ཞེས་སྤྱིར་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །གཉིས་པ་ལ་བཞིའི་དང་པོ་གོས་མཐའ་གཉིས་སུ་མ་ལྷུང་བ་ལ་བསླབ་པ་ནི། སྤྱིར་འདུལ་བ་ལུང་ལས། དགེ་སློང་དག་རབ་ཏུ་བྱུང་བས་ནི་མཐའ་འདི་གཉིས་ལ་བརྟེན་པར་མི་བྱ། བསྙེན་པར་མི་བྱ། བསྙེན་བཀུར་མི་བྱ་སྟེ། གཉིས་གང་ཞེ་ན། འདོད་པ་རྣམས་ལ་འདོད་པའི་བསོད་ཉམས་ཀྱིས་རྗེས་སུ་བརྩོན་པ་དམན་པ་ངན་པ། ཐ་ཆད། མ་རབས་གང་ཡིན་པ་དང་། བདག་ཉིད་དུབ་པ་ལ་རྗེས་སུ་བརྩོན་པ། སྡུག་བསྔལ་བ། འཕགས་པ་མ་ཡིན་པ། གནོད་པ་དང་ལྡན་པ་གང་ཡིན་པའོ། །ཁྱེད་ཀྱིས་མཐའ་འདི་གཉིས་ལ་མི་བརྟེན་པར་དབུ་མའི་ལམ་མིག་བྱེད་པ་ཡེ་ཤེས་བྱེད་པ། ཉེ་བར་ཞི་བར་འགྱུར་བ། མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་འགྱུར་བ་ཡོད་དེ། ཞེས་གསུངས་པས། ངན་པ་དང་ཉུང་ངུ་ཆུང་ངུས་ཆོག་མི་ཤེས་པར་བཟང་པོ་དང་། མང་(༢༡༨བ)


GLG014_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སྲེད་པས་བཀག་པ་ལས་འདས་ཏེ། བཟང་པོ་ལ་སྤྱོད་པ་འདོད་པ་བསོད་ཉམས་ཀྱི་མཐའ་དང་། རྩོལ་མེད་དུ་རྙེད་ཅིང་གནང་ཡང་བག་འཁུམས་ནས་སྤྱོད་མི་ནུས་པ་རང་གི་ལུས་སེམས་གདུང་བར་བྱེད་པ་ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་ནས་དབུ་མའི་ལམ་བརྟེན་དགོས་པས། དང་པོ་གོས་བཟང་པོ་ལ་སྲེད་པས་ཚེགས་དང་འབད་རྩོལ་གྱིས་བསྒྲུབ་ཅིང་ཞེན་པས་ལོངས་སྤྱོད་པ་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་བ་འདིར་གདའ། བཞི་གང་ཞེ་ན། གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཕྱག་དར་ཁྲོད་གོས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །མདོ་རྩར། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་། ཟས་རོ་མཆོག་བརྒྱ་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ་ཞེས་རང་ངེས་འབྱུང་གི་ཚུལ་ཁྲིམས་རྣམ་དག་དང་ལྡན། དགེ་བའི་ཕྱོགས་ལ་བརྩོན་པ་ལྷུར་བྱེད་པ་ཡིན་ན། སྒྲུབ་པའི་ཚེ་ན་ཚེགས་དང་འབད་རྩོལ་གྱིས་བསྒྲུབ་མི་དགོས་ལོངས་སྤྱོད་པའི་ཚེ་ན་ཆགས་ཞེན་དང་མངོན་ཞེན་དྲག་པོ་མི་སྐྱེ་ན་གོས་ཀཱཪྵ་པ་ཎ་འབུམ་རི་བ་ཡང་ལོངས་སྤྱད་པས་ཆོག་གོ་ཞེས་འདོམས་པ། གཉིས་པ་ངལ་ཞིང་དུབ་པའི་མཐའ་སྤོང་བ་འདིར་གདའ་ལྷག་པར་རྙེད་ན་དར་རམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ལའམ། མོན་དར་(༢༡༩ན)


GLG014_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རམ། བེའུ་རས་ཡུག་ཆེན་ནམ། བེའུ་རས་དམར་པོ་འམ། བེའུ་ཕྲུག་གམ། ལ་དམར་རམ། ཡུལ་ཀཱ་ཤི་ཀའི་རས་ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའམ། བལ་གོས་སམ། ཤ་ནའི་རས་སམ། ཟར་མའི་རས་སམ། རས་གོས་སམ། དུ་ཀུ་ལའི་རས་སམ། ཀོ་ཏམ་པའི་རས་སམ། ཉི་འོག་གི་གོས་སམ། གཞན་ཡང་གོས་རུང་བ་གང་། དགེ་འདུན་ནམ། གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའམ། འཆའ་ལགས་ཞེས་བརྗོད་པར་བྱའོ། །གཉིས་པ་ཟས་མཐའ་གཉིས་སུ་མ་ལྷུང་བ་ལ་གཉིས་ཡོད་པའི་དང་པོ། འདོད་ཞེན་གྱིས་མི་རུང་བའི་ཟས་བཟང་པོ་ཚེགས་ཀྱིས་བསྒྲུབ་ཅིང་སྤྱོད་པ་སྤངས་ནས། སྦྱིན་བདག་ལ་བླངས་པའི་བསོད་སྙོམས་ཀྱིས་འཚོ་དགོས་སོ་ཞེས་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་བ་འདིར་གདའ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བ་སྟེ་དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་ཀྱི་ཟས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ལགས་ཞེས་བརྗོད་དོ། །གཉིས་པར་ཆོས་ལྡན་གྱིས་རྩོལ་མེད་དུ་རྙེད་པ་ལ་ཆགས་ཞེན་མེད་པའི་སྒོ་ནས་ཟས་བཟང་པོ་ལ་ཡང་ལོངས་སྤྱད་པར་བྱའོ། །ཞེས་ངལ་ཞིང་དུབ་པའི་མཐའ་སྤོང་བ་འདིར་གདའ། ལྷག་པར་རྙེད་ན་འབྲས་ཆན་ནམ། སྐྱོ་མའམ། ཐུག་(༢༡༩བ)


GLG014_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པ་འམ། ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་བཞི་སྟོན་ནམ། ཉ་སྟོན་ནམ། རྟག་རས་འཁོར་རམ། མགྲོན་དུ་བོས་པའམ། འཕྲལ་ལ་བོས་པའམ། སྤགས་པའམ། གཞན་ཡང་ཟས་རུང་བ་གང་། དགེ་འདུན་ནམ། གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའམ། དེས་འཆའ་ལགས་ཞེས་བརྗོད་པར་བྱའོ། །གསུམ་པ་གནས་མལ་མཐའ་གཉིས་སུ་མ་ལྷུང་བ་ལ་གདམས་པ་ལ་གཉིས་ལས། དང་པོ་འདོད་ཞེན་གྱིས་མི་རུང་བའི་ཁྱིམ་དང་། གནས་མལ་བཟང་པོ་ཚེགས་ཀྱིས་བསྒྲུབ་ཅིང་ལོངས་སྤྱོད་པ་སྤངས་ཏེ། ཤིང་དྲུང་གི་གནས་མལ་གྱིས་ཀྱང་འཚོ་བར་བྱ་དགོས་ཞེས་སྟོན་པ་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་བ་འདིར་གདའ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །གནས་མལ་གྱི་ནང་ན་ཤིང་དྲུང་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། །དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། །བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཤིང་དྲུང་གི་གནས་མལ་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ལགས་ཞེས་བརྗོད་དོ། །གཉིས་པ་རང་ཆོས་གཉིས་ལྡན་གྱིས་རྩོལ་མེད་དུ་རྙེད་ན། ཁང་མིག་ལྔ་བརྒྱ་པ་ཡང་ཞེན་མེད་དུ་ལོངས་སྤྱད་པས་ཆོག་གོ་ཞེས་སྟོན་པ་ངལ་ཞིང་དུབ་པའི་མཐའ་སྤོང་བ་འདིར་གདའ། ལྷག་པར་རྙེད་ན་ཁང་པ་འམ། སྔ་ཁང་ངམ། ཁང་པ་བརྩེགས་པའམ། བསིལ་ཁང་ངམ། སབ་མོས་བསྐོར་བའམ། བ་གམ་མམ། ཁང་བཟང་ངམ། སྒོ་ཁང་གི་སྟེང་གི་བསིལ་(༢༢༠ན)


GLG014_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ངམ། ཁང་སྟེང་གི་ཡོལ་ཁང་ངམ། ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་གམ། བྲག་ཕུག་གམ། རི་ཕུག་གམ། རྩྭའི་སྤྱིལ་བུ་འམ། ལོ་མའི་སྤྱིལ་བུ་འམ། འཆག་སར་བྱས་པའམ། འཆག་སར་མ་བྱས་པ་འམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་པའམ། གཞན་ཡང་གནས་མལ་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའམ། དེས་འཆའ་ལགས་ཞེས་བརྗོད་པར་བྱའོ། །བཞི་པ་སྨན་མཐའ་གཉིས་སུ་མ་ལྷུང་བ་ལ་གདམས་པ་ལ་གཉིས་ཡོད་པའི་དང་པོ་འདོད་ཞེན་གྱི་སྨན་མི་རུང་བ་དང་། བཟང་པོ་ཚེགས་ཀྱིས་བསྒྲུབ་ཅིང་ལོངས་སྤྱོད་པ་སྤངས་ནས་གཞན་གྱིས་སྨན་བཀོལ་ཏེ་ཁུ་བ་བཀུས་ཤིང་བཏོན་ནས་རྩིགས་མ་བོར་བའི་སྨན་གྱིས་ཀྱང་འཚོ་དགོས་སོ་ཞེས་སྟོན་པ་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་བ་འདིར་གདའ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །སྨན་གྱི་ནང་ན་བཀུས་སྟེ་བོར་བ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུང་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བཀུས་ཏེ་བོར་བའི་སྨན་གྱིས་འཚོ་བར་སྤྲོ་འམ། དེས་སྤྲོ་ལགས་ཞེས་བརྗོད་དོ། །གཉིས་པ་རང་ཆོས་གཉིས་ལྡན་གྱིས་རྩོལ་མེད་དུ་རྙེད་ན་སྨན་བཟང་པོའང་ཞེན་མེད་དུ་ལོངས་སྤྱད་པས་ཆོག་གོ་ཞེས་སྟོན་པ་ངལ་ཞིང་དུབ་པའི་མཐའ་སྤོང་བ་འ་དིར་གདའ། ལྷག་པར་རྙེད་ན་ཞུན་མར་རམ། (༢༢༠བ)


GLG014_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་བའམ། དུས་སུ་རུང་བའམ། ཐུན་ཚོད་དུ་རུང་བའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅག་པའམ། རྩ་བའི་སྨན་ནམ། སྡོང་བུའི་སྨན་ནམ། ལོ་མའི་སྨན་ནམ། མེ་ཏོག་གི་སྨན་ནམ། འབྲས་བུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །དེ་ལྟར་ཁྱོད་གནས་དེ་ལྟ་བུ་ལ་དམ་འཆའམ། དེས་འཆའ་ལགས་ཞེས་བརྗོད་པར་བྱའོ། །དེ་ལྟར་མཐའ་གཉིས་སྤངས་པའི་ཚུལ་གྱིས་གནས་བཞི་ལ་བརྟེན་ན་འཚོ་བ་མ་ཉམས་པ་ཡིན་ཏེ། ལུང་དུ་དེའི་འཚོ་བ་ཡོངས་སུ་དག་པ་ཡིན་ན་དེ་ལྟ་བུ་ནི་འཚོ་བ་ཉམས་པ་མ་ཡིན་པའོ་ཞེས་སོ། །གཉིས་པ་ནི། དེའི་སྟེང་དུ་ཚུལ་ཁྲིམས་མ་ཉམས་པ་ཞིག་དགོས། ལུང་དུ་ཚུལ་ཁྲིམས་ཉམས་པ་ཇི་ལྟ་བུ་ཞེ་ན། ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ལྟུང་བ་བྱུང་བར་གྱུར་ལ། ཞེས་གསུངས་པས། ཕས་ཕམ་བཞི་སྤང་དགོས་པས། དེ་ལ་སྤྱི་དང་བྱེ་བྲག་ལ་གདམས་པ་གཉིས་ཀྱི་དང་པོ། དགེ་སློང་གི་དངོས་པོ་འཇིག་པར་བྱེད་པ་རྩ་བའི་ལྟུང་བར་འགྱུར་བའི་ཆོས་བཞི་ཆར་གཏོགས་པ་དང་བཅས་པ་སྤང་དགོས་སོ། །ཞེས་སྤྱིར་འདོམས་པ་འདིར་གདའ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་(༢༢༡ན)


GLG014_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། དགེ་སྦྱོང་དུ་མི་རུང་། །ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ་དེའི་དགེ་སློང་གི་ཚུལ་ཞིག་པར་འགྱུར་ཞིང་། །ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །གཉིས་པ་བྱེ་བྲག་ལ་གདམས་པ་ལ་བཞི་ལས། རྩ་ལྟུང་བཞི་པོ་ཀུན་སློང་དུག་གསུམ་གང་རུང་གིས་སྦྱོར་བར་ཁྱད་པར་མེད་མཐར་ཕྱིན་ཅིང་རྫོགས་པར་བྱེད་པ་ནི་མི་ཚངས་སྤྱོད་དང་མ་བྱིན་ལེན་འདོད་ཆགས་ཀྱིས། སྲོག་གཅོད་ཞེ་སྡང་གིས། རྫུན་དུག་གསུམ་གང་རུང་གི་རྫོགས་པར་བྱེད་དེ། མཛོད་དུ། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། ཅེས་བཤད་པས། དང་པོ་ནང་སེམས་ཅན་ལ་ཆགས་པས་མཐར་ཕྱིན་པར་བྱེད་པ་མི་ཚངས་སྤྱོད་སྤང་བར་གདམས་པ་ནི། མི་ཚངས་སྤྱོད་བྱས་ན་སྡོམ་པ་ལྷག་མ་མེད་པར་སྤྱོད་ཅིང་། དགེ་སློང་གི་དངོས་པོ་ལས་ཉམས་པར་བྱེད་པས་སྤང་དགོས་དེའི་ཆར་གཏོགས་ཆགས་སེམས་ཀྱིས་བུད་མེད་ལ་བལྟ་བ་ཚུན་ཆད་སྤང་དགོས་སོ་ཞེས་འདོམས་པ་འདིར་གདའ། བཞི་གང་ཞེ་ན། འདོད་པ་དང་འདོད་པ་ལ་ཞེན་པ་དང་། འདོད་པ་ལ་འཆུམས་པ་དང་། འདོད་པ་ལ་ལྷག་པར་ཞེན་པ་ནི།(༢༢༡བ)


GLG014_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །འདོད་པ་སྤངས་པ་ནི་བསྔགས་ཏེ་བོར་བ་དང་། བསལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་ལ་མིག་གཏད་དེ། མིག་གིས་བལྟ་བར་ཡང་མི་བྱ་ན། གཉིས་ཀྱིས་གཉིས་སྤྲད་དེ། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་། ལྷན་ཅིག་ཀྱང་རུང་སྟེ་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏོ། །དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ་དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་ལ་ལྟུང་བ་ཕམ་པར་གྱུར་པ་སྟེ་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་(༢༢༢ན)


GLG014_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། །བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་པ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས་ཞེས་བརྗོད་དོ། །གཉིས་པ་ཕྱི་རོལ་ཡོ་བྱད་ལ་ཆགས་པས་མཐར་ཕྱིན་པར་བྱེད་པ་མ་བྱིན་ལེན་སྤོང་བར་གདམས་པ་ནི། མ་ཤ་ཀ་ལྔས་མཚོན་པ་ཀཱཪྵ་པ་ཎ་བཞི་ཆ་བརྐུས་ན་ཕམ་པར་འགྱུར་ཏེ། དེའི་ཆར་གཏོགས་ཏིལ་གྱི་ཕུབ་མ་ཙམ་ཡང་མི་རྐུ་སྟེ། མདོར་ན་རྐུ་བའི་སྦྱོར་དངོས་མཇུག་གསུམ་ཐམས་ཅད་སྤང་དགོས་སོ་ཞེས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མ་བྱིན་པར་ལེན་པ་ནི། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །མ་བྱིན་པར་ལེན་པ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱིས་གཞན་ཀྱི་ཏིལ་གྱི་ཕུབ་མ་ཡང་མ་བྱིན་པར་མི་བླང་ན་མ་ཤ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགསཔ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའི་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་ཟེར་ཞིང་། བསོད་དམ། འཆིང་(༢༢༢བ)


GLG014_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གི་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱད་དམ། དེས་མི་སྤྱོད་ལགས་ཞེས་བརྗོད་དོ། །གསུམ་པ་དུག་གསུམ་གང་རུང་གིས་སྦྱར་ནས་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་པ་སྲོག་གཅོད་སྤོང་བར་གདམས་པ་ལ། དབང་པོ་དྲུག་འདུས་ཀྱི་མིའམ། དབང་པོ་གསུམ་འདུས་ཀྱི་མིར་ཆགས་པ་བསད་ན་ཕམ་པར་འགྱུར་བས་སྤང་དགོས་ཤིང་། དེའི་ཆར་གཏོགས་གྲོག་སྦུར་གསོད་པ་སྲོག་གཅོད་ཀྱི་སྦྱོར་དངོས་མཇུག་གསུམ་ཐམས་ཅད་སྤོངས་ཤིག་ཅེས་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །སྲོག་གཅོད་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །སྲོག་གཅོད་པ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །དེང་ཕྱིན་(༢༢༣ན)


GLG014_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཚེ་དང་ལྡན་པ་ཁྱོད་ཀྱིས་བསམས་བཞིན་དུ་སྲོག་ཆགས་གྲོག་སྦུར་ཡང་བསད་པར་མི་བྱ་ན། མིའམ་མིར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམ་བཞིན་དུ་རང་གི་ལག་དར་ཏེ་སྲོག་གཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་རམ་དེ་འཆིར་བཅུགས་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་སླའོ་ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་པ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་(༢༢༣བ)


GLG014_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས་ཞེས་བརྗོད་དོ། །བཞི་པ་དུག་གསུམ་གང་རུང་གིས་སྦྱོར་ཞིང་གང་རུང་གིས་མཐར་ཕྱིན་པར་བྱེད་པ། རྫུན་སྨྲ་བ་སྤང་བར་གདམས་པ་ལ་མི་ཆོས་བླ་མའི་རྫུན་སྨྲས་ན་ཕམ་པར་འགྱུར་བས་སྤང་དགོས་ལ། དེར་མ་ཟད་ཀུ་རེ་བཞད་གད་ཀྱི་ཕྱིར་ཤེས་བཞིན་གྱི་རྫུན་ཕྲ་མོ་ཡང་བྱར་མི་རུང་སྟེ་རྫུན་གྱི་སྦྱོར་དངོས་རྗེས་གསུམ་ཐམས་ཅད་སྤང་དགོས་སོ་ཞེས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་དོ། །རྫུན་དུ་སྨྲ་བ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཐ་ན་བཞད་གད་བྱ་བར་བསམས་ཏེ་ཤེས་བཞིན་དུ། རྫུན་དུ་སྨྲ་བར་ཡང་མི་བྱ་ན། བསམས་བཞིན་དུ་མིའི་ཆོས་བླ་མ་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་། ཡོངས་སུ་མི་ཤེས་ལ་། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ། མེད་བཞིན་དུ། འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག །བདག་གིས་ནི་མི་ཤེས་པར་ཤེས་སོ། །ཞེས་སྨྲས། མ་མཐོང་(༢༢༤ན)


GLG014_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཐོང་ངོ་ཞེས་སྨྲས་ཏེ། གསོག་གསོབ་རྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི། གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ཞིག་ཤེས་ཤེ་ན། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་སོ། །ཅི་ཞིག་མཐོང་ཞེས་ན་ལྷ་རྣམས་མཐོང་ངོ་། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ་། །ལྷ་རྣམས་ཀྱིས་བདག་མཐོང་ངོ་། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའི་ལྡིང་རྣམས་དང་དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། (༢༢༤བ)


GLG014_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱང་བདག་བལྟ་བའི་ཕྱིར་འོང་ངོ་། །ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད་། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། ནམ་མཁའི་ལྡིང་རྣམས་དང་དྲི་ཟ་རྣམས་དང་མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ལྷ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུའང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། (༢༢༥ན)


GLG014_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མིའམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དྭགས་རྣམས་དང་ཤ་ཟ་རྣམས་དང་གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་དང་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་བསྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་བཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་མཐོང་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོ་རྟོགས་པའི་འདུ་ཤེས་ཐོབ་བོ། མ་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་། རྒྱུན་དུ་བཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་(༢༢༥བ)


GLG014_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་བོ། །བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་བྱ་བ་སྟེ། དགེ་སློང་གིས་གནས་འདི་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱ་ཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་སྟེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླངས་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏཱ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་། བྱ་བ་མ་ཡིན་པ་དང་། སྤྱད་པ་མ་ཡིན་པ་སྤངས་པ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག །ཇི་ལྟར་གནས་འདི་ལྟ་བུ་མི་སྤྱོད་དམ། དེས་མི་སྤྱོད་ལགས་ཞེས་བརྗོད་དོ། །དེ་ལྟར་བཞིས་ཕམ་པ་བཞི་ཆར་གཏོགས་དང་བཅས་པ་བསྲུངས་པས། ཚུལ་ཁྲིམས་མ་ཉམས་པར་འགྱུར་ཏེ། ལུང་དུ་ཕས་ཕམ་པ་བཞི་རྣམས་ཀྱི་གང་ཡང་རུང་བའི་ལྟུང་བ་མ་བྱུང་བ་གང་ཡིན་པ་དེ་ལྟ་བུ་ནི། ཚུལ་ཁྲིམས་ཉམས་པ་མ་ཡིན་ནོ། །ཞེས་སོ། །དེའི་སྟེང་དུ་ཡང་སྤྱོད་པ་མ་ཉམས་པ་ཞིག་དགོས་ལ། ལུང་དུ། སྤྱོད་པ་ཉམས་པ་ཇི་ལྟ་བུ་ཞེ་ན། བསླབ་པའི་རྗེས་སུ་མཐུན་ཞིང་འཚམས་པའི་ཚིག་གི་ལམ་དག་གིས་སྨད་ན་ཡང་དག་པར་མི་སྒྲུབ་པའོ་ཞེས་གསུངས་པས་(༢༢༦ན)


GLG014_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཉེན་པོར། གསུམ་པ་ཉམས་ལེན་སྤྱོད་པ་རྣམ་དག་ལ་གདམས་པ་ལ། ལྔ་ཡོད་པའི་དང་པོ་ལ། དགེ་སྦྱོང་ལ་མེད་དུ་མི་རུང་བའི་དགེ་སྦྱོང་དུ་བྱེད་པའི་ཆོས་ལ་གདམས་པ་ནི། དགེ་སྦྱོང་ནི་དུལ་བ་དང་། ཞི་བ་ཡིན་ལ། དེའི་རང་བཞིན་དུ་བྱེད་པ་བཟོད་པ་ཡིན་ཏེ། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་དེ་དང་བྲལ་ན་དགེ་སྦྱོང་མ་ཡིན་པར་གསུངས་པའི་ཕྱིར། གཞན་ལ་ཕར་མི་གནོད་པར་མ་ཟད། ཚུར་གནོད་པ་བྱུང་ཀྱང་ལན་མི་བྱེད་པར་བཟོད་པ་བསྒོམ་དགོས་སོ་ཞེས་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ་བཞི་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དེང་ཕྱིན་ཆད་གཤེ་ཡང་སླར་མི་གཤེ་བར་བྱ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང་། བརྡེགས་ཀྱང་སླར་མི་བརྡེག་པར་བྱ་བ་དང་། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བར་བྱ་བའོ། །ཇི་ལྟར་གནས་འདི་ལྟ་བུ་ལ་སྤྱོད་དམ། དེས་སྤྱོད་ལགས་ཞེས་བརྗོད་པར་བྱའོ། །གཉིས་པ་སྤང་བླང་ལ་ནན་ཏན་དུ་བྱེད་པའི་རྒྱུ་མཆོག་ཏུ་འདོད་པའི་དོན་གྲུབ་པར་གདམས་པ་ལ་ཁྱེད་ཀྱི་བསམ་པ་ལ། གནས་བཞི་ལ་བརྟན་པ་དང་། ལྟུང་བར་འགྱུར་བ་བཞི་སྤོང་བ་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ཉམས་སུ་ལེན་པ་ནི། ཤིན་ཏུ་དཀའ་བས་བདག་གིས་མི་ནུས་ཤིང་། བདག་བདེ་བ་དོན་དུ་གཉེར་བས་འདོད་པའི་དོན་མ་གྲུབ་སྙམ་ན་དཀའ་བ་དེ་དག་ལ་སློབ་དགོས་ཀྱང་། (༢༢༦བ)


GLG014_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ནན་གྱིས་ཁུར་དུ་བཀུར་བ་མ་ཡིན་གྱི། ཁྱེད་རང་སྔ་མོ་ནས་མཆོག་ཏུ་འདོད་ཅིང་། དོན་དུ་གཉེར་བའི་དོན། རྒྱུ་ཕུན་སུམ་ཚོགས་པ་ཡང་དག་པ་ཉིད་ཀྱིས་རང་གི་ངོ་བོ་རྫོགས་ཤིང་རྒྱས་པར་ཐོབ་པ་ཡིན་པས། ད་གཉེན་པོ་བསྐྱེད་པ་བསྲུང་དགོས་ཞེས་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །ཁྱོད་སྔོན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ཀྱང་ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ། ད་ཁྱོད་མཁན་པོར་འོས་པ་དང་། སློབ་དཔོན་དུ་འོས་པ་གཉིས་དང་། དགེ་འདུན་མཐུན་པ་དང་། གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །གསུམ་པ་གནས་བརྟན་རྣམས་དང་ཚུལ་ཁྲིམས་མཉམ་པར་གྱུར་པ་ལ་ངེས་པར་སྦྱར་བ་ནི། ཁྱེད་ཀྱི་བསམ་པ་ལ་དེ་ལྟ་ན་ཡང་གནས་བརྟན་བགྲེས་པོ་རྣམས་དང་ཚུལ་ཁྲིམས་མི་མཉམ་པས་འདོད་པ་མ་གྲུབ་ཅིང་། དེ་རྣམས་ཀྱི་སློབ་པ་བཞིན་བསླབ་མི་ནུས་སོ་སྙམ་ན་དེ་ལྟ་མ་ཡིན་ཏེ། དེ་རྣམས་དང་རང་བཞིན་དང་བཅས་པ་སྤོང་བ་དང་། ཆོས་ཀྱི་ལོངས་སྤྱོད་གསུམ་གྱིས་ཚུལ་ཁྲིམས་མཉམ་པོར་ཐོབ་པས། དེ་རྣམས་ཇི་ལྟར་སློབ་པ་བཞིན་བསླབ་དགོས་སོ་ཞེས་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ། དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པོ། དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པོ། དེ་ལྟར་ན་ཚུལ་ཁྲིམས་ཉིད་(༢༢༧ན)


GLG014_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པས་ཁྱོད་ཀྱིས་དེང་ཕྱིན་ཆད་བསྒྲུབ་པར་བྱའི། མི་བསྒྲུབ་པར་མི་བྱའོ། །བཞི་པ་ཡོངས་འཛིན་ལ་གུས་པ་འཇིག་རྟེན་པའི་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བ་ནི། གནས་བརྟན་རྒན་པོ་རྣམས་དང་མཉམ་པ་གསུམ་གྱིས་མཉམ་པས་སུ་ལའང་རག་མ་ལས་པས་གུས་པ་དང་བསྙེན་བཀུར་བྱ་མི་དགོས་སམ་སྙམ་ན། འཇིག་རྟེན་ན་བུ་བཟང་པོས་ཕ་ལ་གུས་པས་ཞབས་ཏོག་བྱེད་ཅིང་བསྒོ་བ་ཉན། ཕ་བཟང་པོས་བུ་ལེགས་པར་སྐྱོང་བ་བཞིན་དུ། མཁན་པོས་ཀྱང་ཁྱོད་ཆོས་དང་ཟང་ཟིང་གི་སྒོ་ནས་ཕན་གདགས་ཤིང་། ན་ན་ནད་གཡོག་གིས་ཀྱང་རྗེས་སུ་བཟུང་དགོས། ཁྱོད་ཀྱིས་ཀྱང་མཁན་པོ་ལ་གུས་པའི་སྒོ་ནས་བསྙེན་བཀུར་བྱ་ཞིང་། གནས་པའི་ཚུལ་ཁྲིམས་མཐའ་དག་ལ་གནས་དགོས་སོ་ཞེས་འདོམས་པ་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །ཁྱོད་ཀྱི་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤིའམ་སོས་ཀྱི་བར་དུ་ནད་གཡོག་བྱའོ། །ལྔ་པ་གྲོགས་ལ་གུས་པ་དུལ་བར་གནས་པ་ལ་ངེས་པར་སྦྱར་བ་ནི། དེ་ལྟ་ན་ཡང་མཁན་པོ་ལས་གཞན་པའི་དགེ་སློང་རྣམས་དང་མཉམ་པ་གསུམ་གྱིས་མཉམ་པས་གུས་པར་བྱ་མི་དགོས་ཀྱིས་མཉམ་འགྲོགས་ཀྱིས་ཆོག་གམ་སྙམ་ན། དེ་ལྟ་མ་ཡིན་ཏེ། ལུང་ཕྲན་ཚེགས་ལས། ཀུན་དགའ་བོ་ཁྱོད་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དགེ་བ་དང་ལྷན་ཅིག་གནས་པ་དང་། དགེ་བ་ལ་བརྟེན་ནས་སྡིག་(༢༢༧བ)


GLG014_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲོགས་པོ་དང་མི་བརྟེན། སྡིག་པ་དང་ལྷན་ཅིག་མི་གནས། སྡིག་པ་ལ་མ་བརྟེན་ན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་ནོ། །ཞེས་དེ་སྐད་མ་ཟེར་ཞིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། དེ་ནི་ཚངས་པར་སྤྱོད་པ་ཀུན་ཏུ་མཐར་ཕྱིན་པ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡིན་ནོ། །ཞེས་སོ། །གྲོགས་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་གུས་པར་བྱེད་དགོས་སོ་ཞེས་འདོམས་པ་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་། འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བར་གནས་པར་བྱའོ། །དེ་ལྟར་ལྔ་པོ་དེས་གདམས་པ་བཞིན་བསྒྲུབས་ན་སྤྱོད་པ་མ་ཉམས་ཤིང་རྣམ་པར་དག་པར་འགྱུར་ཏེ། ལུང་དུ་བསླབ་པའི་རྗེས་སུ་མཐུན་ཞིང་འཚམ་པའི་ཚིག་གིས་ལམ་དག་གིས་སྨྲས་ན་ཡང་དག་པར་བསྒྲུབ་པ་དེ་ལྟ་བུ་ནི་སྤྱོད་པ་ཉམས་པ་མ་ཡིན་ནོ་ཞེས་དང་། མ་མོ་ལས་ཇི་ལྟར་ན་སྤྱོད་པ་མ་ཉམས་པ་ཡིན་ཞེ་ན། མི་སྤྱད་པ་མི་སྤྱོད་ཅིང་། དགེ་སློང་གི་བསླབ་པ་ལ་ཡང་སློབ་པ་ཡིན་ཏེ། དེ་ལྟ་བུ་ནི་སྤྱོད་པ་མ་ཉམས་པ་ཞེས་བྱའོ། ཞེས་སོ། །བཞི་པ་ལྟ་བ་དག་པའི་ཕྱིར་སྤོང་པ་དང་ཀློག་པ་གཉིས་ཀྱི་དགོས་པ་རྗེས་སུ་བསྒྲུབ་པ་ལ་ངེས་པར་སྦྱར་བ་ནི་དེ་ལྟར་མཆོག་དུ་འདོད་པའི་དོན་གྲུབ་པས་གནས་བརྟན་རྣམས་དང་མཉམ་པར་གྱུར་པས། བླ་མ་དང་གྲོགས་ལ་གུས་པར་བྱས་ནས་སོས་དལ་དུ་བསྡད་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། དོན་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཐོས་བསམ་སྒོམ་གསུམ་ལ་(༢༢༨ན)


GLG014_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འབད་དེ་ལུང་སྡེ་སྣོད་གསུམ་ལ་མཁས་པ་དང་། མངོན་རྟོགས་བསླབ་པ་གསུམ་གྱི་རྒྱུད་ཕྱུག་པར་བྱེད་དགོས་སོ་ཞེས་པ་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱི་ལུང་ནོད་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱའོ། །ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར། ཁྱོད་ཀྱིས་བརྩོན་པ་མི་དོར་བར་བྱའོ། །དེ་ལྟར་བསླབ་པས་ཐོས་བསམ་སྒོམ་གསུམ་གྱིས་ཡང་དག་པའི་ལྟ་བ་སྐྱེས་པས་ལྟ་བ་མ་ཉམས་པར་འགྱུར་ཏེ། ལུང་དུ། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ལས་གང་ཡང་རུང་བའི་ལྟ་བ་ལ་མངོན་པར་མ་ཞེན་པ་དེ་ལྟ་བུ་ནི་ལྟ་བ་ཉམས་པ་མ་ཡིན་ནོ། །ཞེས་སོ། །དེ་རྣམས་བསླབ་བྱའི་གཙོ་བོ་གལ་ཆེ་ཆེ་རྣམས་བརྗོད་པ་ཡིན། གཉིས་པ་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་སྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱ་བ་ནི། སྔར་བཤད་པའི་སྤང་བླང་དེ་ཙམ་ལ་ནན་ཏན་དུ་བྱས་པས་ཆོག་གམ་སྙམ་ན་མི་ཆོག་འདིར་བསླབ་བྱའི་གཙོ་བོ་ཙམ་ཞིག་བརྗོད་པ་ཡིན། དགེ་འདུན་ལྷག་མ་ལ་སོགས་དངོས་སུ་མ་བརྗོད་པ་རྣམས་ཀྱང་། ཐབས་འདི་དག་གིས་ཤེས་པར་བྱས་ལ་བསླབ་དགོས་སོ་ཞེས་འདོམས་པ་འདིར་གདའ། འདི་དག་ནི་ཁོ་བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་འདོན་པ། འདོན་པའི་ཚེ་ཐོས་པར་འགྱུར་རོ། །(༢༢༨བ)


GLG014_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ཀྱང་སློབ་དཔོན་དང་། མཁན་པོ་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོན་འདྲིན་དང་། འགྲོགས་ཤེས་རྣམས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། །གཉིས་པ་བསླབ་པ་དེ་རྣམས་ལ་སློབ་ཚུལ་ལ་ཁྱད་དུ་གསོད་པའི་གཉེན་པོར་གུས་པ་ལ་སྦྱར། བསྒྲུབ་པར་བྱ་བའི་ཐབས་བརྗོད་པ་བག་ཡོད་ལ་སྦྱར་བ་གཉིས་ཀྱི་དང་པོ་ནི། དེ་ལྟར་བསླབ་བྱ་ཐམས་ཅད་ཤེས་པར་བྱ་ལ། ཤིན་ཏུ་རྙེད་དཀའ་བའི་དལ་འབྱོར་ཐོབ། མཇལ་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས། བསྟན་པའི་སྙིང་པོ་བསྙེན་པར་རྫོགས་པ་ཐོབ་པས་ཅི་ནས་ཀྱང་དལ་འབྱོར་ཆུད་མ་ཟོས་པར་བསླབ་གཞི་རྣམས་ལ་ཇི་ལྟར་གསུངས་པ་བཞིན་དུ་མ་ཤི་བར་དུ་མགོ་དང་གོས་ལ་མེ་འབར་བ་ལྟར་ཡོངས་སུ་བསྐྱངས་ཤིང་། གུས་པས་རྗེས་སུ་བསྒྲུབ་པ་ལྷུར་ལོང་ཞིག་ཅེས་འདོམས་པ་འདིར་གདའ། ཤེས་རབ་མཆོག་གི་བསྟན་པ་ལ། ཁྱོད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་བ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་སྒྲུབས། །མཛེས་པ་རབ་ཏུ་བྱུང་བ་དང་། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །གཉིས་པ་ནི་གུས་པས་བསླབ་དགོས་ལ། དེའི་ཐབས་གང་ཡིན་སྙམ་ན། བསྒྲུབ་བྱ་བསྙེན་རྫོགས་སྒྲུབ་བྱེད་ཀྱི་ཐབས་བག་ཡོད་ལ་སྦྱོར་བ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག །འདི་ཚིག་ཉུང་ཡང་དོན་རྒྱ་ཆེ་བ་སྟེ། ཆོས་མངོན་པར་། བག་ཡོད་པ་གང་ཞེ་ན། (༢༢༩ན)


GLG014_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་བསྒོམ་ཞིང་། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་བསྲུང་བ་སྟེ་ཞེས་བཤད་པས། སྤང་གཉེན་ལ་བླང་དོར་ཕྱིན་ཅི་མ་ལོག་པ་བྱེད་པའི་གཟོབ་པ་ལྷུར་ལེན་པ་ནི་བག་ཡོད་པ་སྟེ། དེས་སྒྲུབས་ཤིག །སོ་སོ་ཐར་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་ཐོབ་བོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྦྱོར་དངོས་མཇུག་གསུམ་གྱིས་ཁྱོད་བསྙེན་པར་རྫོགས་པར་བསྒྲུབ་པའི་ཆོ་ག་ལེགས་པར་གྲུབ་པ་ཡིན། དེའང་གཙོ་བོར་མཁན་པོ་པའི་བདག་རྐྱེན་ལས་བྱུང་བ་ཡིན་ཏེ། རང་གིས་མཛད་དགོས་རྣམས་རང་གིས་མཛད། གཞན་ལ་བསྒོ་དགོས་རྣམས་བསྐོས་ནས་མཛད་པས་དྲིན་ཆེ་བ་ཡིན་པས་ཕྱག་གསུམ་ཚོལ་ལ་བཀའ་དྲིན་ཆེ་ཞེས་བརྗོད། འདིའི་དངོས་བསྟན་གྱི་བསྡུ་ཚུལ་རྣམས་གཞུང་ལུགས་བརྒྱ་པ་དངོས་གྲུབ་དཔལ་འབར་གྱི་ཡིག་ཆར་གསལ་བ་འཚམ་པར་གོ་བས་ཅུང་ཟད་ལས་དབྲི་བསྣན་མ་དགོས་ཤིང་ལོང་ཡོད་རྒྱས་པར་སྤྲོ་ན་ཐམས་ཅད་མཁྱེན་པ་བུས་མཛད་པའི་ལས་ཆོག་ཆེན་མོའི་ཀུན་ཚང་རྒྱས་པ་ཉིད་ལས་ལྷག་པར་མ་མཆིས། བསྒྲུབ་བྱ་མང་ཞིང་ཡུལ་དུས་ཀྱི་རྩོལ་བས་བསྒྲུབ་དགོས་ཚེ་ཆོ་ག་དང་ཕྱག་ལེན་རྣམས་དཀྱུས་བཞིན་ལས་བཅོས་བསླད་བྱར་མེད་ཅིང་བཤད་པ་ལ་ངེས་པ་མེད་པས་ངེས་པར་དགོས་པའི་བརྡ་སྤྲོད་རྒྱུ་རྣམས་ངོ་འཕྲོད་(༢༢༩བ)
ཕྱིན་དོན་གྱི་སྙིང་པོར་ཧྲིལ་གྱིས་དྲིལ་ཆོག་པ་བློ་ལྡན་རྣམས་ཀྱི་མཐོང་རྒྱུད་དང་བློ་གྲོས་ཀྱི་དཔྱད་པས་ཆོག་ལ་རྣམ་དཔྱོད་ཀྱི་སྤྱན་རིང་པོར་མི་རྐྱོང་ཞིང་སྨྲ་བའི་ལྗགས་རྐན་ཕུགས་སུ་སྒྲིལ་བ་རྣམས་ལ་སྣག་ཤོག་གི་གྲོན་དུ་ཟད་པས་དཔེ་བརྗོད་མང་དུ་མ་བྲིས་སོ། །


previousསྔོན་ཆོག་དང་ད་ཆོག་གི་ཁྱད་པར་བཤད་པ།next