Nitartha Digital Library
Tibetan
 
previousཞར་བྱུང་ཁྱིམ་པ་ལ་ཕན་གདགས་པའི་བསྙེན་གནས་ཀྱི་ཆོ་ག་བཤད་པ།next

ཞར་བྱུང་ཁྱིམ་པ་ལ་ཕན་གདགས་པའི་བསྙེན་གནས་ཀྱི་ཆོ་ག་བཤད་པ།


GLG014_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཞར་བྱུང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་ལ་ཇི་སྲིད་འཚོའི་བར་དུ་བསྲུང་བ་དགེ་བསྙེན་གྱི་སྡོམ་པ། ཉིན་ཞག་གཅིག་གི་བར་བསྲུང་བ་ཡན་ལག་བརྒྱད་པའི་སྡོམ་པ་དང་གཉིས། དང་པོ་ལ་ནང་གསེས་ཀྱི་མང་དུ་ཡོད་པའི་གཙོ་བོ་ཁ་ཆེ་བ་དང་ཐུན་མོང་བའི་ཡོངས་རྫོགས་དགེ་བསྙེན་ནི། ཚིགས་སྔ་མའི་སྐབས་སུ་ཁྱེད་རྣམས་རབ་ཏུ་བྱུང་བར་བྱེད་པ་ལ་དགེ་བསྙེན་གྱི་སྡོམ་པ་བླང་དགོས་ཞེས་པའི་ཚིག་ཕྲད་དོར་ནས། ཁྱེད་རྣམས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བའི་དུས་འདིར་སྙིང་པོ་ཞིག་ལེན་དགོས། དེ་ལ་ཚུལ་མང་དུ་ཡོད་ཀྱང་བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། ཞེས་རྒྱུ་བ་བཅུད་ཀྱི་སེམས་ཅན་དང་། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་གཞི་རྟེན་ས་ཆེན་པོ་ཡིན་པ་ལྟར་ཚུལ་ཁྲིམས་འདི་ཡང་ཡོན་ཏན་ཀུན་གྱི་གཞི་མ་ཡིན་པས་དེ་ལ་རབ་ཏུ་བྱུང་བ་དང་། ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་གཉིས་ལས་ཁྱིམ་པ་ལ་གསུམ་དུ་ཡོད་པའི་བྱེ་བྲག་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བླང་དགོས་ཞེས་པ་ནས་བཟུང་སྟེ་ཕྱོགས་མཐུན་ཡིན་པས་ཡིད་ཀྱིས་བསྡམས་(༢༣༠ན)


GLG014_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལེགས་པར་སྲུངས་ཤིག་གི་བར་དཀྱུས་ལྟར་ལས། བསླབ་པ་བརྗོད་པའི་སྔ་རོལ་དུ་དུས་གོ་བརྗོད་པ་རྒྱས་བསྡུས་ཇི་ལྟར་རིགས་པ་ཞིག་བྱ། དགེ་བསྙེན་ལ་གསུམ་དུ་གཅོད་དགོས་པས་བསྒྲུབ་བྱ་མང་པོ་ཡོད་ན་དེ་ཙམ་འཚམ་ཞིང་། རྒྱས་པར་སྤྲོ་ན་འོག་ནས་འབྱུང་བའི་བསྙེན་གནས་ཀྱི་སྐབས་ཀྱི་སྒོས་ཆོས་རྣམས་དོར་བའི་བཤད་པ་རྣམས་བཏང་བས་ཆོག་གོ །ཆོ་གའི་སྐབས་ཀླུ་སྒྲུབ་རྗེས་མཛད་པའི་སྙིང་པོ་རབ་གསལ་ལས། ཁ་ཆེ་དང་ཐུན་མོང་བའི་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་འབོགས་པའི་ཚེ་བདག་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་བརྗོད་པས་ཆོག་ལ། ཉི་འོག་པ་ཡན་ཆད་ལྟར་ན་བདག་སྤང་བྱ་ལྔ་སྤོང་བའི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་བརྗོད་དགོས་པ་ནི། གྲུབ་མཐའི་གནད་དམ་པར་ཤེས་དགོས་ཏེ། ཁ་ཆེ་བ་དགེ་བསྙེན་ཡིན་ཚད་རྩ་བཞི་སྤོང་བས་ཁྱབ་པ་ཁས་ལེན། ཉི་འོག་པ་དགེ་བསྙེན་གྱི་སྡོམ་པ་དང་ལྡན་མི་ལྡན་གཉིས་སུ་ཕྱེ། ལྡན་པ་ཙམ་ལའང་རྩ་བ་གཅིག་ཙམ་སྤོང་བ། གཉིས་ཙམ་སྤོང་བ། བཞི་ཆར་སྤོང་བའི་སྡོམ་པ་ཁས་ལེན་པའི་གནད་ཀྱིས་སོ་ཞེས་བྱུང་། ཚངས་སྤྱོད་དགེ་བསྙེན་ལ་བདག་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པའི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པ་དང་། འདོད་པས་ལོག་པར་གཡེམ་པ་མི་ཚངས་སྤྱོད་དུ་བསྒྱུར་རོ། །ཕལ་ཆེར་སྤྱོད་པ་ནི། རྩ་བ་བཞི་ཙམ་བསྲུང་བའི་ཕལ་ཆེར་སྤྱོད་པའི་དགེ་བསྙེན་དུ་གཟུང་དུ་གསོལ། བསླབ་པ་བརྗོད་(༢༣༠བ)


GLG014_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དུས། ལོག་གཡེམ་བསྒྱུར་མི་དགོས། འདི་དཔེར་བརྗོད་ཙམ་སྟེ་རྩ་བཞི་གང་རུང་ཞིག་དོར་ནས་ཆང་བསྲུངས་པས་ཀྱང་ཆོག །སྣ་འགའ་བསྲུང་བ་ནི། གང་བསྲུང་རྒྱུ་འདོད་པ་གཙོ་ཡང་དཔེར་ན་སྲོག་གཅོད་དང་མ་སྦྱིན་ལེན་གཉིས་སྤོང་བའི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་བརྗོད་ཅིང་། བསླབ་པ་བརྗོད་པའི་སྐབས་ཡན་ལག་ཕྱི་མའི་སྐབས་སུ་མ་སྦྱིན་པར་ལེན་པ་ཞེས་ཁ་བསྒྱུར། སྣ་གཅིག་བསྲུང་བ་ནི་གང་བསྲུང་རྒྱུ་དེ་གར་འགྱུར་རོ། །དེ་ཡང་བརྒྱད་སྟོང་འགྲེལ་ཆེན་དུ། དགེ་བསྙེན་ནི་སྐྱབས་གསུམ་ཡོངས་སུ་འཛིན་པ་དང་། བསླབ་པའི་གཞི་ལྔ་ཡོངས་འཛིན་པའོ། །དགེ་བསྙེན་མ་ཡང་དེ་བཞིན་ཡིན་པའི་ཕྱིར་རྣམ་པ་གཉིས་ཏེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བ་དང་། དཀོན་ཅོག་གསུམ་ལ་སྐྱབས་སུ་སོང་ནས་བསླབ་པའི་གཞི་ལྔ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་འདུལ་བ་ལས་གཉིས་སུ་སྨོས་པའི་ཕྱིར་ཞེས་བཤད་དེ། སྡེ་པ་གཞན་གྱི་འདུལ་བ་ལ་ཡོད་པར་སྣང་གི །གཞི་ཐམས་ཅད་ཡོད་སྨྲའི་འདུལ་བ་ལ་དེ་ལྟ་བུ་མི་སྣང་ཞིང་། སྣ་གཅིག་སྤྱོད་པ་སོགས་ཀྱི་དགེ་སྙེན་གྱི་ཆོ་ག་གསུངས་པའང་མི་སྣང་རུང་། ཉི་འོག་པའི་ལུགས་ལྟར། བླ་མ་གོང་མ་རྣམས་རིགས་པ་བསྒྲེས་ནས། སྔར་ཡོངས་རྫོགས་ཀྱི་ཆོ་ག་དེ་ཉིད་འདོན་པ་ཁ་སྤོས་སུ་མཛད་པ་བཞིན་དུ་བརྗོད་པར་སྣང་བ་འདུལ་འཛིན་ཕལ་ཆེར་ལ་གྲགས་ཤིང་མཛད་ཀྱང་ཉི་འོག་པ་དང་མདོ་(༢༣༡ན)


GLG014_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པའི་འདོད་ཚུལ་གྱི་གནད་མ་ཤེས་པའི་སྐྱོན་ཡོད་པར་དོགས་པས་དཔྱད་དགོས། འོན་ཀྱང་ཕྱག་ལེན་འདི་གྲགས་ཆེ་ཞིང་ཐོག་མར་སྤང་བྱ་ལྔ་སྤོང་བར་ཁས་བླངས་ནས་རྗེས་སུ་ཡོངས་རྫོགས་བསྲུང་མ་ནུས་ན་སྣ་གཅིག་སྣ་འགའ་སོགས་བློ་དང་འཚམ་པ་ཞིག་བསྲུང་བའི་དོན་དུ་འཆད་པའང་ཡོད། གོ་མི་ཞེས་པ་བཙུན་པའི་སྐད་དོད་ཡིན་པ་ལ་འཁྲུལ་ནས་རབ་བྱུང་གི་གཟུགས་བརྙན་གྱི་ཡོངས་རྫོགས་དགེ་བསྙེན་ལ་འཆད་པ་ཡོད་ནའང་། ཁྱིམ་པ་ཇི་སྲིད་འཚོ་བར་དུ་ཡན་ལག་བརྒྱད་སྤོང་བར་ཁས་བླངས་པ་ལ་ངོས་འཛིན་པ་ཁུངས་དག་པ་འདྲ་སྟེ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་བཞིན་ནོ། །སྐྱབས་འགྲོ་ལ། ཐེག་པ་ཆེན་པོའི་ལུགས་ལ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་ཞིང་། བདག་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པར་བཙུན་པས་བཟུང་དུ་གསོལ་ཞེས་དགེ་བསྙེན་དུ་མི་གཏོགས་པའི་སྐྱབས་སྡོམ་མཚན་ཉིད་པ་བཞེད་ཀྱང་ཐེག་པ་འོག་མ་ལ་དགེ་བསྙེན་གྱི་སྡོམ་པ་སྦྱིན་པ་ལ་ཉི་འོག་པ་རྣམས་སྐྱབས་འགྲོ་ཉིད་ཀྱིས་དགེ་བསྙེན་དུ་འགྱུར་ཟེར་བ་ལ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་དགེ་བསྙེན་གྱི་སྡོམ་པ་མ་བླངས་པའི་དགེ་བསྙེན་དུ་མི་འགྱུར་ཏེ། དགེ་སློང་གི་སྡོམ་པ་མ་བླངས་པར་དགེ་སློང་དུ་མི་འགྱུར་བ་བཞིན་ནོ། །ཞེས་ཟེར་བ་ལ། མདོ་སྡེ་པ་རྣམས་དེ་གཉིས་མི་མཚུངས་ཏེ། དགེ་བསྙེན་ནི་དགེ་བསྙེན་གྱི་སྡོམ་པ་མེད་ཀྱང་དགེ་བསྙེན་དུ་འགྱུར་ཏེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཡིན་ནོ་ཞེས་མདོ་སྡེ་པ་སྐྱབས་གསུམ་འཛིན་པ་དགེ་བསྙེན་དུ་འདོད། བྱེ་བྲག་སྨྲ་བ་སྐྱབས་གསུམ་འཛིན་པ་དགེ་བསྙེན་དུ་མི་འདོད་དོ། །དེ་ལ་མདོ་སྡེ་པ་ལྟར་དགེ་བསྙེན་སྦྱར་(༢༣༡བ)


GLG014_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་དུ་ཞེས་པ་དང་མཐུན་པར་སྤང་བྱ་ལྔ་པོའི་དམིགས་བསལ་མེད་པའི་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་འགྲོ་བས་ལེན་ལུགས་ཀྱང་ཐེག་ཆེན་པ་དང་མ་འདྲེས་པར་འོག་ནས་འབྱུང་བ་ལྟར་ལེན་དགོས་ཤིང་། འདི་ལ་སྐྱབས་འགྲོའི་བསླབ་བྱ་ལས་གཞན་མ་བྱུང་བས་གཞན་རྣམས་ལས་སླ་བ་འདྲ་ཞིག་སྣང་ཡང་། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤོང་བ་སྲོག་གཅོད། ཚིག་རྩུབ་སོགས་ཀྱིས་ཀྱང་ཕ་རོལ་གྱི་ལུས་སེམས་ལ་གནོད། རྐུ་འཕྲོག་སོགས་ཀྱིས་ལོངས་སྤྱོད་ལ་གནོད། གཞན་གྱི་མཆིས་བྲང་ལ་སྤྱད་པས་བདག་པོ་དང་གཞན་གྱི་སྡོམ་པ་སོགས་ལ་གནོད། ཕན་ཚུན་མཐུན་པར་མི་མཐུན་པའི་ཕྲ་མ་བྱས་པས་རྒྱུན་རྣལ་དུ་ཕེབས་པ་ལ་གནོད། དེ་དག་ཀུན་གྱི་རྩ་བ་མྱོས་འགྱུར་གྱིས་བྱེད་པས་རྩ་བཞི་ཆང་དང་ལྔ་པོ་སྐྱབས་འགྲོའི་ཁོངས་སུ་འགྲོ་བར་མ་ཟད་རབ་བྱུང་གི་བཏུང་བ་གཞན་དག་ནས་ཀྱང་རགས་རིམ་ཙམ་ཚང་བས་དེ་ལྟར་ན་སྐྱབས་འགྲོ་ནི་རྒྱ་ཤིན་ཏུ་ཆེ་བས་སྣ་གཅིག་སྤྱོད་པའི་དགེ་བསྙེན་དེ་དོན་དུ་ཡོངས་རྫོགས་དགེ་བསྙེན་དང་ཁྱད་པར་མེད་པ་འདྲ་ཞིག་བྱུང་བར་དོགས་མོད་འོན་ཀྱང་ཆོས་མངོན་པར་བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་། ཞེ་སྡང་མེད་པ། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་བསྒོམ་ཞིང་། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་བསྲུང་བ་སྟེ་ཞེས་པའི་དོན་ལྟར་ན་སོ་སྐྱེའི་རྒྱུད་ཀྱི་སོ་ཐར་རིགས་བརྒྱད་ཀྱི་སྤང་བྱ་ལས་རྒྱ་ཆེ་བ་ཞིག་བྱུང་ཡང་གོང་འོག་གཉིས་ཀར་མཁས་པ་རྣམས་ཀྱི་དོགས་སེལ་རྣམ་དཔྱོད་ཀྱི་མགྲིན་པ་(༢༣༢ན)


GLG014_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འདེགས་དགོས་སོ། །ལེན་པའི་ཆོ་ག་ལ་ཡང་བྱེ་བྲག་སྨྲ་བས་སྐྱབས་འགྲོའི་རྗེས་སུ་། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་བཟུང་དུ་གསོལ། ཞེས་བརྗོད་པས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན། བསླབ་པ་བརྗོད་པ་ཁས་བླངས་པའི་ཚུལ་གྱིས་བྱ་བ་ནི། བསླབ་བྱ་ཤེས་པའི་ཕྱིར་བརྗོད་པ་ཡིན་ཏེ། གསོལ་བཞིའི་ལས་ཀྱིས་དགེ་སློང་དུ་གྱུར་ནས། མཇུག་ཏུ་གདམས་ངག་བརྗོད་པ་དང་འདྲ་ཞེས་འཆད། སྐྱབས་འགྲོའི་སྡོམ་པ་ལེན་པ་ནི་ཤིན་ཏུ་ཕན་ཡོན་ཆེ་སྟེ། མདོ་སྡེ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེན་རི་དང་ནགས་ཚལ་དང་། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་ཐར་མི་འགྱུར། །གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་འགྲོ་བ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འགགས་པ་དང་། །བདེ་གཞི་མྱ་ངན་འདས་བྱས་ནས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་འཇིག་རྟེན་གྱི་ལྷ་དང་རི་ར་བ་ཁང་ཁྱིམ་ལྗོན་ཤིང་སོགས་ཀྱིས་གནས་སྐབས་ཀྱི་སྐྱབས་ཡོང་ཡང་གཏན་གྱི་སྐྱབས་གནས་སུ་མི་འོས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་སྐྱབས་ནི་དཀོན་ཅོག་གསུམ་སྟེ། དེ་ལ་ཡང་ངོས་འཛིན་མི་འདྲ་བ་བྱེ་བྲག་ཏུ་སྨྲ་བས། སངས་རྒྱས་དང་དགེ་འདུན་དུ་བྱེད་པའི་ཆོས་ལམ་བདེན་ཡིན་གྱི་གཟུགས་སྐུ་མིན་ཟེར་ཡང་། མདོ་སྡེ་པའི་ལུགས་ཀྱིས། སངས་རྒྱས་སུ་བྱེད་པའི་ཆོས། སངས་རྒྱས་མི་(༢༣༢བ)


GLG014_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པའི་ལམ་བདེན་ཆོས་སྐུ་དང་གཟུགས་སྐུ་གཉིས་ཀྱི་བདག་ཉིད་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་ཀྱི་ལམ་བདེན་གཟུགས་སྐུ་དང་བཅས་པ་དང་ཆོས་མྱ་ངན་ལས་འདས་པ་སོ་སོར་བརྟགས་འགོག་རྣམས་ཡིན་ཞིང་། སྐྱབས་སུ་འགྲོ་བའི་རྒྱུ་མཚན་སངས་རྒྱས་ནི་རང་ཉིད་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཤིན་ཏུ་དུལ་བའི་བདག་ཉིད་དང་། རྣམ་པ་ཐམས་ཅད་དུ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་དང་། གདུལ་བྱ་འཇིགས་པ་དང་སྡུག་བསྔལ་ལས་སྐྱོབ་པའི་ཐུགས་རྗེ་ཆེ་བ་དང་། ཟང་ཟིང་གི་མཆོད་པ་ཐམས་ཅད་ཀྱིས་མཉེས་པར་བྱ་བ་མ་ཡིན་གྱི། སྒྲུབ་པའི་མཆོད་པས་མཉེས་པར་བྱ་བ་ཡིན་པ་སྟེ་རྒྱུ་བཞིས་སངས་རྒྱས་སྐྱབས་སུ་འོས་ལ། དེ་ལྟ་བུས་བསྟན་པའི་ཆོས་གང་ཡིན་པ་དང་། དེའི་ཉན་ཐོས་ཀྱི་དགེ་འདུན་གང་ཡིན་པ་དེ་ཡང་དེ་ལྟ་བུ་ཁོ་ནས་སྐྱབས་སུ་འོས་པ་ཡིན། དེ་ལྟ་བུའི་ཡོན་ཏན་ཤེས་ནས་ཇི་ལྟར་འགྲོ་ན་སངས་རྒྱས་ཀྱི་ཡོན་ཏན་ལ་བརྟེན་ནས་དང་བའི་དད་པ་དང་། དེའི་རྒྱུར་ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྔོན་དུ་བཏང་ནས་ཕྱི་རོལ་པའི་སྟོན་པ་དང་། དེས་བསྟན་པའི་ཆོས་དང་དེ་སྒྲུབ་པའི་གང་ཟག་ལ་གཏན་གྱི་སྐྱབས་སུ་འོས་པའི་ཡོན་ཏན་མེད་པས་ཁྱད་པར་ཤེས་དགོས་པས་དེ་དག་གི་བྱེ་བྲག་ལ་ཡང་སངས་རྒྱས་ནི་རང་མངོན་པར་བྱང་ཆུབ་པའི་མཚན་ཉིད། ཆོས་དཀོན་ཅོག་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་འབྲས་བུའི་མཚན་ཉིད། དགེ་འདུན་དཀོན་ཅོག་ནི་གཞན་གྱི་མན་ངག་གིས་ཡང་དག་པར་བསྒྲུབ་པའི་མཚན་ཉིད་དོ། །སངས་རྒྱས་ནི་ལུང་ལེགས་པར་འབོགས་པའི་(༢༣༣ན)


GLG014_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས། ཆོས་ནི་ཉོན་མོངས་པ་དང་སྡུག་བསྔལ་སྤོང་བའི་དམིགས་པའི་འཕྲིན་ལས། དགེ་འདུན་ནི་སྤྲོ་བ་མངོན་པར་འཕེལ་བར་བྱེད་པའི་འཕྲིན་ལས་ཅན། སངས་རྒྱས་ནི་བསྙེན་བཀུར་ལ་གུས་པ། ཆོས་ནི་མངོན་དུ་བྱ་བ་ལ་གུས་པ། དགེ་འདུན་ནི་ཆོས་མཐུན་པ་པོའི་དངོས་པོས་ལྷན་ཅིག་འགྲོགས་ལ་གུས་པས་ཞེན་པར་བྱ། སངས་རྒྱས་ལ་ནི་མཆོད་པ་དང་། རིམ་གྲོ་ཉེ་བར་སྒྲུབ་པའི་སྒྲུབ་པ། ཆོས་ལ་ནི་རྣལ་འབྱོར་གྱི་སྦྱོར་བ་གོམས་པར་བྱ་བའི་སྒྲུབ་པ། དགེ་འདུན་ལ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐུན་མོང་གི་སྒྲུབ་པ། སངས་རྒྱས་ལ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་སོགས། ཆོས་ལ་ཐོག་མར་དགེ་བ་སོགས། དགེ་འདུན་ལ་ལེགས་པར་ཞུགས་པ་སོགས་སོ་སོར་དྲན་པའོ། །སངས་རྒྱས་ལ་ནི་སེམས་ཅན་གཅིག་གི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་ཏེ། རྐང་གཉིས་ཐམས་ཅད་ཀྱི་ནང་ནས་མཆོག་གཅིག་པུ་ཡིན་ཆོས་ལ་ནི་ཆོས་ཀྱི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བ། དགེ་འདུན་ལ་ནི་སེམས་ཅན་མང་པོའི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་བ་དེས་བསམ་པ་ཕུན་སུམ་ཚོགས་པར་བྱས་ནས་ཁས་ལེན་ཚུལ་ནི། རྒྱལ་པོ་དང་ཤ་ཟ་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱབས་འཚོལ་བ་ནི་འཇིགས་སྐྱོབས་ཀྱི་ཚུལ་ཁྲིམས། ཕྱི་མ་བདེ་འགྲོ་ཐོབ་པའི་ཕྱིར་དུ་སྐྱབས་འཚོལ་བ་ལེགས་སྨོན་གྱི་སྐྱབས་འགྲོ་ཡིན་པས་དེ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་ངེས་པ་མེད། རང་ཉིད་གཅིག་པུ་ཞི་བ་དོན་དུ་གཉེར་བའི་སྐྱབས་འགྲོ་སྐྱེས་བུ་འབྲིང་གི་སྐྱབས་འགྲོ། སེམས་ཅན་(༢༣༣བ)


GLG014_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་དོན་དུ་གཉེར་ནས་སྐྱབས་སུ་འགྲོ་བ་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་ཡིན་པས་ཕྱི་མ་གཉིས་གཙོ་ཆེ་བའི་དབང་དུ་བྱས་ཏེ་སྡུག་བསྔལ་གསུམ་གྱིས་མནར་བའི་སེམས་ཅན་དེ་རྣམས་སྡུག་བསྔལ་དེ་ལས་སྐྱོབ་པའི་ཕྱིར་སངས་རྒྱས་ལ་དེའི་ཐབས་སྟོན་པའི་སྟོན་པ་ཞུ། ཆོས་མི་གནས་པའི་མྱང་འདས་དེ་མངོན་དུ་བྱས་ལ་སྐྱབས་དངོས་ཞུ། འཕགས་པའི་དགེ་འདུན་ལ་དེ་སྒྲུབ་པའི་གྲོགས་ཞུ། དེ་ཕྱིན་ཆད་ཕྱི་རོལ་པའི་ལྷ་ཁྱབ་འཇུག །དབང་ཕྱུག་སོགས་སྟོན་པར་འཛིན་པ་དང་། དེའི་ཆོས་སྒྲུབ་པ་དང་། དེ་སྒྲུབ་པའི་གང་ཟག་རྣམས་གྲོགས་སུ་འཛིན་པ་སྤངས་ལ་སྐྱབས་སུ་འགྲོ་སྙམ་པ་གྱིས་ལ། འདིའི་རྗེས་ཟློས་བགྱི། ཆོ་ག་དངོས་གཞི་གོང་དང་འདྲ་བ་ལ། བདག་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པར་བཟུང་དུ་གསོལ་ཞེས་འདོན་པ་བསྒྱུར། བསླབ་བྱ་ལ་གཉིས་སུ་ཡོད་པའི་སོ་སོའི་བསླབ་བྱ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བའི། །དགེ་བསྙེན་ཉིད་དུ་དམ་བཅས་པས། སྐྱབས་ནི་གསུམ་པོ་བསྲུང་བར་བྱ། །མུ་སྟེགས་ཀུན་ལ་གུས་པ་ཡིས། །མཆོད་དང་ཕྱག་འཚལ་མི་བྱའོ། །ཞེས་དང་། མདོ་རྩར། ལྷ་གཞན་ལ་ཕྱག་མི་བྱའོ། །མཆོད་པ་མི་བྱའོ། །བཀུར་སྟི་མི་བྱའོ། །གནས་སུ་ཕྱིན་ན་མངོན་སུམ་དུ་འགྲེང་སྟེ་སེ་གོལ་གྱི་སྒྲས་གོ་བར་བྱས་ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པས་དེ་ལ་ཕན་གདགས་པར་བྱའོ། །ཞེས་གསུངས་པ་ལྟར་ཕྱི་རོལ་པའི་ལྷ་དང་འཇིག་རྟེན་པའི་ལྷ་ལ་ཕྱག་མཆོད་མི་བྱ་ཞིང་། ལྷ་རྟེན་གྱི་རྩར་ཕྱིན་ན་སེ་གོལ་གྱི་སྒྲ་སྔོན་དུ་འགྲོ་བས། ཆོས་རྣམས་ཐམས་ཅད་རྒྱུ་(༢༣༤ན)


GLG014_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་། ཞེས་པ་ལྟ་བུ་ཞལ་ནས་གསུངས་པའི་ཚིགས་བཅད་འདོན་ཞིང་ཕན་གདགས། སྐུ་གཟུགས་དང་མཆོད་རྟེན་དངོས་བསྟན་ལྟ་ཅི། བྱིས་པས་རྩེད་མོའི་ཕྱིར་གཟུགས་བརྙན་གྱི་རྣམ་པ་བྱས་པ་ལ་ཡང་སངས་རྒྱས་རྗེས་སུ་དྲན་ནས་གུས་པར་བྱ་ཞིང་། འགོམ་ཡུགས་སོགས་མི་གུས་པའི་རྣམ་འགྱུར་སྤང་། དགེ་བ་གང་བྱས་སངས་རྒྱས་དང་མི་འབྲལ་བར་བསྔོ། ཆོས་ཀྱི་བསླབ་བྱ་ལ་སེམས་ཅན་ལ་གནོད་འཚེ་སྤོངས་། ཐེག་པ་ཆེ་ཆུང་སོགས་རིས་སུ་བཅད་དེ་ཆོས་ལ་བརྟེན་པའི་སྒྲིབ་པ་མི་གསོག །སངས་རྒྱས་ཀྱི་གསུང་ཁྱད་དུ་སོད་པ་དང་། གླེགས་བམ་མེར་བསྲེག་པ་སོགས་ཆོས་ལ་མི་གུས་པའི་རྣམ་འགྱུར་སྤངས། ཆོས་ཉན་བཤད་བྱེད་པའི་གང་ཟག་ལ་གུས་པ་དང་ཕན་གདགས་པ་ལས་མི་གུས་པ་དང་གནོད་པ་མི་བྱ་ཞིང་ཆོས་བཤད་པའི་དགེ་བ་མྱང་འདས་སུ་བསྔོ། དགེ་འདུན་གྱི་བསླབ་བྱ་ལ་གྲོགས་མུ་སྟེགས་ཅན་དང་མི་འགྲོགས། དགེ་འདུན་བཞིར་ལོངས་པའམ་རྒྱུན་བཞུགས་སོགས་དགེ་འདུན་གཅིག་ལའང་གུས་པ་ལྷུར་ལེན་པ་ལས་བརྙས་པ་སྤང་ཞིང་། མཐའ་ན་ལྷན་པ་སེར་པོ་གཅིག་ཙམ་ལའང་སངས་རྒྱས་ཀྱི་ན་བཟར་མོས་ནས་འགོམ་ཡུགས་མི་བྱ། དེར་མ་ཟད་ཚུལ་ཁྲིམས་འཆལ་པའི་དགེ་སློང་ལ་ཡང་མི་བརྙས་པར་གུས་པར་བྱ་སྟེ། སྔོན་གླང་པོ་ཆེའི་རྒྱལ་པོས། རྔོོན་པ་ངུར་སྨྲིག་གི་གོས་གྱོན་པ་ལ། །ཆོས་གོས་ཚོན་ཆེན་གྱོན་པ་འདི་དག་ནི། །འཁོར་བའི་རྒྱ་མཚོ་ལས་ནི་སྒྲོལ་མཛད་པའོ། །ཞེས་གུས་པ་བསྐྱེད་པའི་ཚུལ་སོགས་ལ་བརྟེན་ནས་དགེ་འདུན་རྗེས་སུ་དྲན་པར་བྱ། ཐུན་མོང་བའི་བསླབ་བྱ་ལ། སྡུད་པ་ལས། །སློབ་(༢༣༤ན)


GLG014_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མ་གུས་ལྡན་བླ་མ་བཟང་པོ་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། ཞེས་སྐྱེས་བུ་དམ་པ་ཡུན་དུ་བསྟེན་པ་ལ་བརྟེན་ནས་དེ་ལས་བྱུང་བའི་ཡོན་ཏན་ཐམས་ཅད་དམ་ཆ་ཤས་ནས་རང་ལ་འགོས་པར་འགྱུར། ཐེག་པ་ཆེ་ཆུང་གི་ཆོས་རྣམས་ཉན་པས་ཐོས་པའི་ཤེས་རབ་ཀྱིས་སྤང་གཉེན་གྱི་བླང་དོར་ལེགས་པར་ཤེས་པར་འགྱུར། ཐོས་པ་དེ་ཚུལ་བཞིན་ཡིད་ལ་བྱས་པ་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ་དང་། དེའི་དོན་ཡང་ནས་ཡང་དུ་གོམས་པར་བྱས་པ་ལ་བརྟེན་ནས་སྒོམ་བྱུང་གི་ཤེས་རབ་འཕེལ། ཆོས་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་པ་སྟེ་ཕན་པའི་ཆོས་དེ་ལམ་དེ་སྒྲུབ་པ་བདེན་བཞི་བསྒོམ་པ་ཡིན། དྲན་ཤེས་བཞིན་གྱི་དབང་པོའི་སྒོ་བསྡམས་ནས་བྱ་བ་མ་ཡིན་པ་ལས་ལྡོག་ནས་དགེ་བ་ལ་སྦྱོར་ཞིང་། མ་ནུས་ནའང་མི་དགེ་བའི་ཕྱོགས་སུ་མ་ལྷུངས་པ་བྱེད། སྡོམ་པ་གསུམ་པོ་རྒྱུད་ཚོད་དང་བསྟུན་ནས་ལེན་པའམ་མ་ནུས་ནའང་ཉིན་ལན་གསུམ་མཚན་ལན་གསུམ་དུ་བསླབ། སངས་རྒྱས་བྱང་སེམས་ཐམས་ཅད་སེམས་ཅན་ལ་བུ་གཅིག་པ་ལྟར་བརྩེ་བས་སྲས་བཅས་རྒྱལ་བ་མཉེས་པའི་ཕྱིར་དུ་སེམས་ཅན་ལ་གནོད་འཚེ་སྤོང་། ཉིན་མཚན་དུས་དྲུག་གམ་མ་འགྲུབ་ན་ཉིན་མཚན་རེ་རེར་འབྱོར་ན་མཆོད་པ་རྒྱས་པ་དང་། མ་འགྲུབ་ན་ཆུ་གཙང་ཙམ་གྱི་མཐའ་བརྟེན་ཏེ་དངོས་བཤམས་ཡིད་སྤྲུལ་གྱིས་མཆོད། ལེགས་ཉེས་ཅི་བྱུང་ཡང་སྐྱབས་གཞན་མི་འཚོལ་(༢༣༥ན)


GLG014_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བར་དཀོན་ཅོག་ལ་གསོལ་བ་གདབ་ཅིང་། སྲོག་ལ་བབས་ཀྱང་སྐྱབས་མི་སྤང་བ་སོགས་སྒྲུབ་པའི་མཆོད་པས་མཆོད་། གལ་ཏེ་བསླབ་བྱའི་གཙོ་བོ་ཉམས་པ། ལོག་ལྟ་སྐྱེས་པ། ཐར་པ་མི་འདོད་པ། གང་ཟག་གཞན་ལ་དཀོན་ཅོག་གསུམ་འབུལ་བའི་བརྡ་སྤྲད་པ། ལྷ་གཞན་ལ་བརྟེན་པར་བཟུང་དུ་གསོལ། མུ་སྟེགས་ཅན་དུ་བཟུང་དུ་གསོལ། ཞེས་བསམ་པ་ཐག་པས་བརྗོད་པ། ཤི་འཕོས་པ་རྣམས་ཀྱིས་སྡོམ་པ་གཏོང་ལ། ཚེ་འཕོས་པ་ལ་མ་གཏོགས་པའི་རྒྱུ་གཞན་གྱིས་བཏང་བ་སླར་བསྐྱར་དུ་རུང་ངོ་། །ཕན་ཡོན་ནི་ཕག་མོའི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང་། །མི་ཡི་ལུས་སུ་སྐྱེ་བར་འགྱུར། །ཆོས་དང་དགེ་འདུན་ལའང་སྦྱར་བས་ཚེ་འདི་དང་ཕྱི་མར་མི་དང་མི་མ་ཡིན་པའི་འཚེ་བ་ལས་བསྲུང་། ངན་འགྲོའི་འཇིགས་པ་ལས་ཐར། ལས་ཉོན་ལས་དགྲོལ་བས་འཁོར་བའི་སྡུག་བསྔལ་གྱིས་གོས་པར་མི་འགྱུར། ཤེས་བྱའི་སྒྲིབ་པ་ལས་གྲོལ་བས་ཞི་བདེའི་ལམ་དུ་མི་གོལ་བར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་སོགས་ཉེས་པ་ཐམས་ཅད་ལས་བསྲུང་བ་ཆེན་པོར་འགྱུར། སྐྱབས་སུ་མ་སོང་བར་ཐེག་པ་གསུམ་གྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ཀྱང་རྐུ་ཐབས་སུ་གནས་པས་འགྲུབ་པར་མི་འགྱུར། མདོར་ན་ལེགས་ཚོགས་ཐམས་ཅད་ཀྱི་གཞི་ཡིན་པས་མདོ་སྡེ་རྒྱན་ལས། འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་པར་བྱ་བའི་ཕྱིར། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད།(༢༣༥བ)
ཅེས་སོགས་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས་པས་དགའ་བ་བསྒོམས་ལ་ཐལ་མོ་སྙིང་གར་སྦྱོར་ལ་བཀའ་དྲིན་ཆེ་ལགས་ཞེས་བརྗོད་དུ་འཇུག་གོ །


previousཞར་བྱུང་ཁྱིམ་པ་ལ་ཕན་གདགས་པའི་བསྙེན་གནས་ཀྱི་ཆོ་ག་བཤད་པ།next