Nitartha Digital Library
Tibetan
 
previousཉིན་ཞག་གཅིག་ཏུ་བསྲུང་བའི་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་སོགས་བཤད་པ།next

ཉིན་ཞག་གཅིག་ཏུ་བསྲུང་བའི་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་སོགས་བཤད་པ།


GLG014_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཉིན་ཞག་གཅིག་ཏུ་བསྲུང་བ་ཡན་ལག་བརྒྱད་པའི་སྡོམ་པ་ལ། དོན་རྣམ་པར་བཤད་པ་དང་ཆོ་ག་དངོས་གཉིས་ཀྱི་དང་པོ་ནི། པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་སྡོམ་གསུམ་འགྲེལ་པ་ལེགས་པར་བཤད་པ་ཟླ་འོད་ནོར་བུ་ལས། །སོ་ཐར་ལེན་པའི་ཚུལ་ལ་ལུགས་གཉིས་བཤད། །ཉན་ཐོས་ལུགས་ལ་རིགས་བདུན་ཇི་སྲིད་འཚོ། །འབྲི་གུང་པ་དག་ཉན་ཐོས་ལུགས་ལ་ཡང་། །བྱང་ཆུབ་བར་དུ་ལེན་ཞེས་རྣམ་དབྱེ་འཆོལ། །སྡོམ་པའི་ངོ་བོ་ཁྱད་མེད་འགྱུར་སོགས་དང་། །བསླབ་ཕུལ་སོགས་ཀྱང་སྡོམ་པ་གཏོང་བའི་རྒྱུ། །མིན་པར་ཐལ་བའི་གནོད་བྱེད་རིག་པའི་ཐོག །བྱུང་ཚེ་སེམས་བསྐྱེད་ཀྱིས་ནི་ཟིན་པ་དང་། །མ་ཟིན་རྣམ་དབྱེ་ཕྱེ་ནས་ལེན་སྨྲ་མོད། །འོ་ན་སེམས་བསྐྱེད་ཀྱིས་ཟིན་རྩོད་གཞི་རུ། །བཟུང་བས་གནོད་བྱེད་སྔར་བཞིན་ཅིས་མི་མཚུངས་། །ཤི་འཕོས་ལྷ་དང་བྱིས་པའི་དུས་ཉིད་ནས། །དགེ་སློང་འགྱུར་ན་འདུལ་བའི་གཞུང་ལས་བཀག །བསྙེན་གནས་གཙོ་ཆེར་ཉིན་ཞག་གཅིག་པའི་མཐའ། །ཉན་ཐོས་སྡེ་གཉིས་བླང་ཡུལ་ལེན་པའི་རྟེན། །ཐ་དད་ཆེ་བ་རྣམ་དཔྱོད་ལྡན་པའི་གཏམ། །ཐེག་ཆེན་དོན་ཞགས་རྟོག་པ་ནས་གསུངས་ཡིན། །བསྙེན་གནས་ནང་པར་འབུལ་དང་འཆོལ་ཞེས་པ། །ཆོས་པ་རྒྱུས་མེད་མུན་སྒོམ་ཙམ་དུ་ཟད། །བསྙེན་གནས་བསྲུང་ཚེ་ལྷ་སྒོམ་འདོད་པ་ཡང་། །བསྙེན་གནས་ཉན་ཐོས་གཞུང་ལུགས་གཙོ་ཆེ་དང་། །ལྷ་སྒོམ་གསང་སྔགས་ཁྱད་ཆོས་མ་ཤེས་གཏམ། །(༢༣༦ན)


GLG014_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་སྔགས་ནས་གསུངས་པའི་བསྙེན་གནས་སྡོམ། །བསྲུང་ན་བྱ་རྒྱུད་ལུགས་བཞིན་མདུན་བསྐྱེད་ཀྱིས། །ཡི་དམ་སྒོམ་པ་ཕན་ཡོན་ཆེ་བར་ཐོབ། །ཐེག་ཆེན་ལུགས་ལ་ཐུན་མོང་མིན་པ་ཡི། །ཆོ་ག་མང་བྱུང་དིང་སང་དགོས་ནུས་ཆུང་། །དེས་ན་བསམ་པ་ཐེག་ཆེན་ཉེར་བཟུང་ནས། །ཆོ་ག་ཉན་ཐོས་ལུགས་བྱེད་གནད་ཀྱི་དོན། །ཅེས་སྡོམ་ཚིག་གསལ་བར་མཛད་པ་བཞིན། ཉན་ཐོས་ཀྱི་ལུགས་ལ་སོ་སོ་ཐར་པ་རིགས་བདུན་པོ་དེ་ཇི་སྲིད་འཚོའི་བར་དུ་ལེན་པ་དང་། བསྙེན་གནས་དེ་སང་ཉི་མ་མ་ཤར་གྱི་བར་དུ་ལེན་ཞིང་ཡུལ་ཀྱང་མཛོད་འགྲེལ་ལས། སོ་སོ་ཐར་པའི་སྡོམ་པ་དེ་ཡང་དགེ་འདུན་ནམ་གང་ཟག་ལས་ཏེ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་སོ། །གཞན་དག་ནི་གང་ཟག་ལས་སོ། །ཞེས་གསུངས་པའི་དགེ་འདུན་ནི་བཞིར་ལོངས་པ་དང་གང་ཟག་ནི་དགེ་སློང་ཕ་མ་གང་རུང་ལ་བྱེད་དགོས་པས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ལས་ཆོག་ཏུ། འདུལ་བའི་བསྙེན་གནས་དགེ་སློང་ལས་ལེན་པའི་ངེས་པ་མི་སྣང་སྟེ། ལུང་ལས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཞན་ལ་བསྙེན་གནས་འབོགས་པར་བཤད་པའི་ཕྱིར། ཞེས་གསུངས།ཡང་མཛོད་འགྲེལ་ལས། གཞན་ལས་མནོས་པ་ནི་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱིས། བསྙེན་གནས་ཀྱི་སྡོམ་པ་ནི་བར་མ་ཡིན་ནོ་ཞེས་དང་། སྟག་ཚང་ལོ་ཙཱ་བས་ཀྱང་འདི་དང་མཐུན་པར་གསུངས་ཤིང་། ལུང་གོང་མའི་དོན། གཞན་དག་ཅེས་པའི་དོན། གང་ལ་ངོས་འཛིན་ན་དགེ་ཚུལ་ཕ་མ། དགེ་བསྙེན་(༢༣༦བ)


GLG014_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མ། བསྙེན་གནས་སྡོམ་པ་ལྔ་པོ་དེ་ལས་དར་ཆོག་ལ་གཞན་ངོས་འཛིན་རྒྱུ་མེད་དོ། །དེ་ཡང་ལེགས་སྤྱད་ཙམ་ལ་ངེས་པ་མེད་པ། མཛོད་འགྲེལ་ལས། དེ་ལྟར་བྱས་ན་བཤན་པ་དང་། །བྱི་བྱེད་པ་དག་གིས་ཉིན་མོ་དང་མཚན་མོའི་བསྙེན་གནས་ཀྱང་འབྲས་བུ་ཡོད་པར་རུང་ངོ་། །ཞེས་གསུངས་ཤིང་། ལེགས་སྨོན་ཙམ་ལ་སངས་རྒྱས་པའི་ཆོ་ག་ཁོ་ན་ལ་བརྟེན་པའི་ངེས་པ་མེད་པ་ཀླུ་སྒྲུབ་རྗེའི་གསལ་བའི་སྒྲོན་མེ་ལས། བསྙེན་གནས་ཀྱི་སྡོམ་པ་ཙམ་ཞིག་ཕྱི་རོལ་པ་རྣམས་ལ་ཡང་ཡོད་པ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་གོང་དུ་ཡང་ཡོད་པས། ངེས་འབྱུང་གི་བསམ་པ་མེད་ཀྱང་། ལེགས་སྨོན་ཙམ་གྱི་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བའི་གནད་ཀྱིས། གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩལ་བར་བགྱི། ཞེས་གསུངས་པ་ཡིན། འདིའི་རིགས་བསྒྲེས་ནས། སྦྱིན་སྡོམ་ཕྱི་མ་བདུན་ལའང་། འཇིགས་སྐྱོབས་ཙམ་དང་ལེགས་སྨོན་ཙམ་དང་། ངེས་འབྱུང་གི་སྡོམ་པ་གསུམ་དུ་འབྱེད་པ་ནི་མི་རིགས་ཏེ། དེ་དག་ངེས་འབྱུང་གི་བསམ་པས་ཀུན་ནས་སླངས་ཏེ། ཆོ་ག་ནང་པ་སངས་རྒྱས་པའི་ལུགས་ཁོ་ན་ལ་བརྟེན་ནས་སྐྱེ་དགོས་པའི་སྡོམ་པ་ཡིན་པའི་ཕྱིར་རོ། །དགེ་བསྙེན་གྱི་སྡོམ་པ་སོགས་ལེན་པ་སྐྱབས་འགྲོ་རྩོམ་བྱེད་དུ་བྱེད་པ་ཡང་གནད་དེ་ཁོ་ནས་ཡིན་ཏེ། རྒྱ་ཆེར་འགྲེལ་ལས། ངེས་འབྱུང་གི་བསམ་པ་བརྟན་པོ་མེད་པར་སུས་ཀྱང་སྐྱབས་སུ་འགྲོ་བ་བསྒྲུབ་པར་མི་བྱེད་ཅེས་བཤད་པས་སོ། །འོན་ཀྱང་གསུང་རིགས་འགའ་ཞིག་ལས། སྡོམ་པ་དེ་བརྒྱད་ལ་འཇིགས་སྐྱོབས་ལེགས་སྨོན། ངེས་འབྱུང་གསུམ་དུ་ཕྱེ་བ་ལྟ་བུར་སྣང་བ་(༢༣༧ན)


GLG014_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རིང་བའི་རྒྱུ་དུས་ཀྱི་ཀུན་སློང་ཙམ་ལ་དགོངས་པ་སྟེ། ཉེ་བའི་རྒྱུ་དུས་ཀྱི་ཀུན་སློང་ངེས་འབྱུང་གི་བསམ་པས་མ་ཟིན་ན་སྡོམ་པ་དེ་དག་མི་འཆགས་པའི་ཕྱིར་རོ། །དེས་ན་བརྙེན་གནས་ཀྱི་སྡོམ་པ་མ་གཏོགས་རིགས་ཕྱི་མ་བདུན་ལ་སོ་ཐར་གྱི་སྡོམ་པའམ་ངེས་འབྱུང་གི་སྡོམ་པ་ཡིན་པས་ཁྱབ་ཅེས་བྱའོ། །སྡོམ་པ་སྐྱེ་བའི་རྟེན་ཡང་མཛོད་ལས། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ་། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། ཞེས་ཟ་མ་མ་ནིང་། སྒྲ་མི་སྙན་པ་མ་གཏོགས་པའི་གླིང་གསུམ་གྱི་སྐྱེས་པ་བུད་མེད་ལ་སྐྱེ་བ་ཉན་ཐོས་བྱེ་སྨྲ་བའི་ལུགས་ཡིན་པ་འདུལ་མངོན་གཞིར་བཞག་ན་འདི་གཙོ་ཆེ། མདོ་སྡེ་པ་རྣམས་དུད་འགྲོ་སོགས། །འགྲོ་བ་གཞན་ལའང་སྐྱེ་བར་བཤད། བླང་བའི་ཡུལ་ཡང་དགེ་བསྙེན་སོགས། གང་ཡང་རུང་ལས་བླང་བར་གསུངས། ཀླུ་གཞོན་ནུ་ཙམ་པ་ཞེས་བྱ་བས་དུས་བཟང་ལ་ཡན་ལག་བརྒྱད་པའི་བསྙེན་གནས་བསྲུངས་པ་དང་། རྒྱ་མཚོ་ཆེན་པོའི་ཀླུ་ཆེན་པོ་རྣམས་དུས་བཟང་ལ་རྒྱ་མཚོ་ནས་བྱུང་སྟེ། གསོ་སྦྱོང་ལེན་པ་ལ་སོགས་གསུངས་པས་བསྙེན་གནས་གྱི་སྡོམ་པ་དུད་འགྲོ་དང་ཡི་དྭགས་ཀྱི་འགྲོ་བ་ལ་སོགས་དང་། ཟ་མ་དང་མ་ནིང་ལ་ཡང་སྐྱེ་བར་འདོད་ཅིང་། དྲང་སྲོང་གནས་མཆོག་གིས་ཞུས་པར། ཁྱིམ་པ་དང་རབ་ཏུ་བྱུང་བ་གང་ཡང་རུང་བ་ཆོག་ཤེས་པ་ཞིག་ལ་ལེན་པར་གསུངས་ཏེ། ལུང་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མང་པོ་ལ་བསྙེན་གནས་ཕོག་པར་གསུངས་པས་དགེ་སློང་ཁོ་ན་ལས་ལེན་པར་མ་ངེས་པར་བཤད་པ་ནི། མཛོད་འགྲེལ་ལས། དེ་ལ་གཞན་དུ་(༢༣༧བ)


GLG014_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ནོས་པས་ནི་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱིས། བསྙེན་གནས་གྱི་སྡོམ་པ་ནི་མ་ཡིན་ནོ། །ཞེས་གསུངས་ཤིང་། དེ་བཞིན་དུ་གསལ་སྒྲོན་ལས་བྱེ་བྲག་སྨྲ་བ་རྣམས་བཅོམ་ལྡན་འདས་གྱི་སོ་ཐར་སྡོམ་པ་ཉིན་ཞག་གི་མཐའ་ཅན་དང་། ཇི་སྲིད་འཚོའི་མཐའ་ཅན་གཉིས་ལས་མ་བཤད་པས་ཉིན་ཞག་ལྔ་སོགས་ཀྱི་བསྙེན་གནས་སྡོམ་པ་མི་འཐད་ཅེས་བཞེད་དོ། །མཛོད་འགྲེལ་ལས། ཕྱིན་ཆད་སྡོམ་པ་སྐྱེ་བ་ལ་ཡང་རིགས་པ་དང་འགལ་བ་ནི་མེད་པའི་ཕྱིར་རོ། །ཕྱིན་ཆད་པོ་འདི་སུ་ལ་ཡང་མ་བསྟན་པས་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་མི་བཞེད་དོ་ཞེས་བཤད་དོ། །དེས་ན་རང་ལུགས་ཉན་ཐོས་ཐུན་མོང་བའི་བསྙེན་གནས་སྡོམ་པ་ནི། བྱེ་སྨྲ་ལྟར་ཉིན་ཞག་གཅིག་གི་མཐའ་ཅན་དུ་ཁས་ལེན་པ་འདི་རིགས་པ་ཡིན་ནོ། །ཞེས་གསུང་པ་ནི་འཐད་པར་མངོན། མདོ་སྡེ་པའི་ལུགས་དེ་ཉིན་ཞག་ཕྱེད་པའི་བསྙེན་གནས་ལྟ་བུ་སྟེ། དེ་ནི་བར་མའི་དགེ་བ་ཙམ་ལས་བསྙེན་གནས་དངོས་མིན་ནོ། །དེང་སང་ཁྱིམ་པ་རྣམས་ཀྱིས་ལེན་པའི་ཡོངས་གྲགས་ཀྱི་བསྙེན་གནས་ནི་འདི་ཁོ་ན་ཡིན་ལ། ཐེག་པ་ཆེན་པོའི་བསྙེན་གནས་ནི། སོ་ཐར་དང་མི་འདྲ་བར་རང་ཉིད་ཀྱིས་རྟེན་གྱི་དྲུང་དུ་ལེན་ཞིང་། སང་ནང་པར་ཞེས་ཉིན་ཞག་གཅིག་ཏུ་ཁས་ལེན་པར་མཚུངས་ཀྱང་། ལེན་ཡུལ་གང་ཟག་དང་། རྟེན་སངས་རྒྱས་ཀྱི་སྐུ་གཟུགས་དང་བཅུ་གཅིག་ཞལ་ལྟ་བུའི་སྐུ་དང་ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་བཅས་མཁའ་ཁྱབ་ཏུ་བཞུགས་པ་དང་སྤྱན་དྲངས་པ་སོགས་རྟེན་གྱི་ཁྱད་པར། ལེན་ཚིག་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་སོགས་དང་། བཙུན་པ་དགོངས་སུ་གསོལ་སོགས་(༢༣༨ན)


GLG014_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱ་མི་འདྲ་བ། བསམ་པ་ཆོ་ག་འདིས་བླངས་པས་གསོ་སྦྱོང་གི་སྡོམ་པ་སང་ཉི་མ་མ་ཤར་གྱི་བར་དང་སྔོན་དུ་གང་ཟག་གམ་དགེ་འདུན་ལས་བླངས་པའི་དགེ་སློང་དགེ་ཚུལ་གྱི་སྡོམ་པ་ཇི་སྲིད་འཚོའི་བར་དུ་བསྲུང་སྙམ་པའི་ཁྱད་པར་དབྱེ་ཐུབ་པ་ཐེག་ཆེན་གྱི་སྡོམ་པ་ཤེས་པའི་སྟེང་ནས་འཇོག་པས་ཉན་ཐོས་གཟུགས་ཅན་གྱི་སྡོམ་པ་དགག་གཏོང་གཉིས་བྱུང་དོགས་མི་དགོས། སྤང་བྱ་ཡན་ལག་བརྒྱད་དུ་མཚུངས་ཀྱང་སོ་ཐར་ལ་ཉན་ཐོས་རྣམ་གསུམ་དག་པའི་ཤ་སྤང་མི་དགོས་ཤིང་། སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ཏུ། ཤ་གཞན་རང་ལ་བསྔོས་ནས་བསད་པར་མཐོང་ཐོས་དོགས་གསུམ་གང་རུང་གིས་ཤེས་ན་སོགས་ཏེ། བཤན་པའི་ཚོང་འདུས་ནས་དགེ་བསྙེན་དད་པ་ཅན་གྱིས་བླངས་ནས་ཟ་བར་གནང་ངོ་། །སུམ་བརྒྱ་པར། ཡ་རབས་རྣམས་ཀྱིས་ཉ་དང་ཤ་གནང་གང་། །གནོད་དང་བརྩེ་མེད་རོ་སོགས་ལ་ཆགས་དང་། །ཡོངས་སུ་བཙལ་བའི་སེམས་དག་སྤངས་ནས་ནི། །ལྷུང་བཟེད་འོངས་པ་དེ་ལ་བརྟག་སྟེ་བཟའ། ཞེས་སོ། །སྟག་གི་གོད་མ་ནི་བཙོག་པས་བཀག་གོ །ཞེས་ཟེར་མོད། ཁྭ་རྣམས་ཀྱིས་ནི་ལྷག་མར་བྱས་པའི་ཤ །གང་ཡིན་དེ་མཆུའི་ཐན་སྐོར་བོར་ཏེ་ཟ། ཞེས་དང་། འདིར་ཡང་དེ་བཞིན་དུ་བཤད་ན་ཅེ་སྤྱང་དང་ཁྭ་ལས་སྟག་བཙོག་པའི་རྒྱུ་མཚན་མེད་པས། སྟག་ནི་ཤིན་ཏུ་ཆགས་ཤིང་བལྟོས་པ་དང་བཅས་པས་བཀག་གོ །ངོ་བོའི་སྒོ་ནས་མི་རུང་བ་ནི་གླང་པོ་ཆེ་སོགས་ཏེ་ཀླུ་ནི་སྦྲུལ་ལོ། །རྨིག་གཅིག་པ་ནི་རྐང་ལག་གི་རྨིག་པ་ཁ་ཧྲག་མེད་པ་བོང་བུ་སོགས་བྱ་ཤིང་རྟ་མོ་སོགས། སྐྱིན་གོར་སྲམ་དུ་གྲགས་པའོ། །དྲེའུ་སྲིན་ནི་ས་ལས་(༢༣༨བ)


GLG014_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་འབུ་རིང་པོའོ། །བཅད་པ་ལས་བྱུང་བ་ནི་དེ་ལྟར་བཀག་པ་ལས་བྱུང་བ་ཞེས་པ་ཡིན་པ། ཞར་བྱུང་འོ་མ་ལ་དོགས་པ་དཔྱད་པ་ནི། གླང་པོ་སོགས་ཏེ། ཤ་བསྔོས་པར་ཤེས་ན་ཞེས་པ་ནས་བཟུང་སྟེ་ནད་པ་མ་ཡིན་པའི་དབང་དུ་བྱས་ནས་རྩ་འགྲེལ་གྱིས་བསྟན་ཏེ། ནད་པ་ལ་ནི་མིའི་ཤ་བཀག་པའི་ཤུགས་ལས་གཞན་རྣམས་གནང་བར་གྲུབ་པས་སོ། །དེས་ན་གང་དག་འདུལ་བ་ནས་ཤ་མ་གནང་ངོ་ཞེས་ཟེར་བ་དག་གིས་ནི་འདུལ་བ་མི་ཤེས་པའི་རྨོངས་པ་དང་། རང་ཉིད་ཤ་མི་ཟ་བའི་ང་རྒྱལ་དང་། གཞན་ལ་ཞེ་སྡང་བའི་ཉོན་མོངས་ཀྱིས་ཀུན་ནས་བསླང་བའི་ཅ་ཅོ་བསྒྲགས་པས་ལྷས་བྱིན་གྱི་བསླབ་པའི་གཞི་ལ་གནས་པར་བསྟན་ཏོ། །འོན་ཀྱང་སྙིང་རྗེས་ཀུན་ནས་བསླངས་ཏེ་གཞན་རྗེས་སུ་འཛིན་པར་འདོད་པའི་དྲང་དོན་ཡིན་ན་ཤིན་ཏུ་ངོ་མཚར་ཞེས་བྱུང་བས་ཐེག་ཆེན་གྱི་གསོ་སྦྱོང་བླངས་ཚེ་ངེས་པར་ཤ་དང་སྒོག་བཙོང་སོགས་སྤོང་དགོས་པ་ལང་གཤེགས་ལས། དྲི་ང་འཕགས་པ་མིན་པས་བསྙེན། །མི་བསྙེན་པར་ཡང་བྱེད་པ་སྟེ། །ཤ་ནི་གཅན་གཟན་རྣམས་ཀྱི་ཟས། །བཟར་མི་རུང་བར་ཐུབ་ཆེན་གསུངས། །ཟོས་ན་ཉེས་པ་གང་ཡོད་དང་། །མ་ཟོས་པ་ཡི་ཡོན་ཏན་དག །ཤ་ཟ་དེ་ལ་གང་ཡིན་པ། །བློ་གྲོས་ཆེན་པོས་ཤེས་པར་གྱིས། །འཁྲུལ་པ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངང་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཤ་རྣམས་དང་ནི་སྒོག་བཙོང་དག །ཆང་དག་རྣམ་པ་སྣ་ཚོགས་དང་། །ཀེའུ་དང་སྒོག་སྐྱ་དེ་བཞིན་ཏེ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤང་། ཞེས་དང་། ཡང་དེ་ཉིད་ལས། ཁེ་ཡི་ཕྱིར་(༢༣༩ན)


GLG014_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །གཉིས་ཀ་སྡིག་པའི་ལས་ཅན་པས། །ཤི་ནས་འོ་དོད་འབོད་པར་ལྟུང་། །བཅོལ་འཚོལ་འདུ་ཤེས་དེ་མེད་ན། །རྣམ་གསུམ་དག་པའི་ཤ་ཡང་མེད། །རྒྱུ་མེད་ལས་ནི་ཡོད་མིན་པས། །དེ་ཡི་ཕྱིར་ན་བཟའ་མི་བྱ། །རྣལ་འབྱོར་པ་ནི་དེ་དག་གིས། །དེས་ན་ཐམས་ཅད་སྤང་བར་བྱ། ཕྱོགས་བཅུ་སངས་རྒྱས་བཅོམ་ལྡན་འདས། །ཐམས་ཅད་རབ་ཏུ་སྨོད་པར་འགྱུར། །གཅིག་ལ་གཅིག་ནི་ཟ་བར་བྱེད། །ཤི་ནས་གཅན་གཟན་རིགས་སུ་ལྟུང་། དྲི་མི་ཞིམ་པ་སྨད་པ་དང་། །གླེན་པ་དག་ཏུ་སྐྱེ་བར་འགྱུར། །ཕལ་ཆེར་གདོལ་པའི་རིགས་སུ་སྐྱེ། །རྔོན་པ་དམེ་ཤ་ཅན་རིགས་དང་། །ཡང་ན་ཕྲ་མེན་རིགས་སུ་སྐྱེ། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །སྲིན་པོ་བྱི་ལ་ལ་སོགས་པའི། །མངལ་ཀུན་ཏུ་ནི་སྐྱེ་བར་འགྱུར། །གླང་པོ་འཆིང་དང་སྤྲིན་ཆེན་དང་། །སོར་མོ་འཕྲེང་བའི་མདོ་དག་དང་། །ལང་ཀར་གཤེགས་པའི་མདོ་འདི་ལས། །ངས་ནི་ཤ་ནི་རབ་ཏུ་བཀག །ཅེས་གསུངས་པས་ཤེས་ནུས་སོ། །འདི་སྐོར་ལ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་སྡོམ་གསུམ་འགྲེལ་པ་ལས། དེ་ལྟར་དགེ་བསྙེན་གྱི་སྡོམ་པ་ལ་ཆོ་ག་མི་འདྲ་བའི་གནད་གཉིས་ཡོད་པ་དེ་ལྟ་ན་སྐབས་སུ་བབ་པ་བསྙེན་གནས་ཀྱི་ཆོ་ག་ཇི་ལྟར་བྱེད་སྙམ་ན་དགེ་བསྙེན་དང་འདྲ་བར་བསྙེན་གནས་ལ་ཡང་གྲུབ་མཐའི་དབང་གི་ཆོ་ག་མི་འདྲ་བ་གཉིས་འབྱུང་སྟེ། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་བསླབ་བྱ་བརྒྱད་ཁས་ལེན་གསུམ་བྱེད་པ་མདོ་སྡེའི་ལུགས་དང་། སྐྱབས་འགྲོ་བརྩོམ་བྱེད་དུ་བྱས། བདག་བསྙེན་གནས་པར་བཟུང་དུ་གསོལ་ལན་གསུམ་བྱེད་པ་ཁ་ཆེ་བྱེ་སྨྲ་བའི་ལུགས་(༢༣༩བ)


GLG014_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད་པའི་ཕྱིར། གཉིས་པ་ནི་འདུལ་ལུང་སོགས་ལས་མ་བཤད་ཀྱང་མཛོད་རང་འགྲེལ་ལས་ཤུགས་ལས་བཤད་པའི་ལུགས་དང་། དང་པོ་ནི། གནས་འཇོག་ནས་བཤད་པའི་ལུགས་དང་། བྱང་ས་དང་སྡོམ་བརྒྱད་འགྲེལ་པ་སོགས་ལས་བཤད་པའི་ལུགས་དང་། གོང་དུ་བཤད་པ་ལྟར་གྱི་རིགས་པས་གྲུབ་པའི་ཕྱིར་རོ། །གཉིས་པ་མདོ་སྡེ་པའི་ལུགས་ནི། མདོ་སྡེ་པ་རྣམས་ཆོས་ཅན། ཁྱོད་ཀྱི་ལུགས་ལ་བསྙེན་གནས་སྡོམ་པའི་རྟེན་དང་། བླང་ཡུལ་སོགས་ཁ་ཆེ་བྱེ་སྨྲ་དང་མི་འདྲ་སྟེ། དུད་འགྲོ་སོགས་འགྲོ་བ་གཞན་ལའང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་མདོ་མཛངས་བླུན་སོགས་ལས་བཤད་པ་ལྟར་འདོད་ཅིང་། བླང་པའི་ཡུལ་ཡང་དགེ་བསྙེན་སོགས་སྔོམ་ལྡན་གང་ཡང་རུང་བ་ལས་བླང་བར་གནས་འཇོག་གི་མདོ་སོགས་ལས་བཤད་པ་ལྟར་འདོད་པའི་ཕྱིར་རོ། །འདི་ལ་པཎ་ཤཱཀ་པས། དུད་འགྲོ་སོ་སོར་ཐར་པ་ཡི། །སྡོམ་པའི་རྟེན་དུ་ཁས་ལེན་པའི། །ཉན་ཐོས་སྡེ་པ་ཡོད་དམ་ཅི། །ཞེས་དྲིས་ནས། དེའི་རང་ལན་དུ། གྲུབ་མཐའ་སྨྲ་བ་བཞི་ལས་ཕྱེ་བའི་མདོ་སྡེ་བས། དུད་འགྲོ་སོར་སྡོམ་གྱི་རྟེན་དུ་ཁས་མི་ལེན་ཏེ། དེས་སོ་ཐར་གྱི་རྣམ་གཞག་འདུལ་བ་དང་མི་འགལ་བར་ཁས་ལེན་པ་གང་ཞིག །འདུལ་བ་ལས་དུད་འགྲོ་སོར་སྡོམ་གྱི་རྟེན་ཡིན་པ་བཀག་པའི་ཕྱིར། དེས་ན་ཐེག་པ་ཆེ་ཆུང་གི་མདོ་སྒྲ་ཇི་བཞིན་དུ་ཁས་ལེན་པ་དག་ལ་ཐར་པ་ཡིན་ཏེ། མདོ་སྡེ་མཛངས་བླུན་ལས། ཀླུས་བསྙེན་གནས་བསྲུང་བར་བཤད་པའི་ཕྱིར་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། གཞན་ལ་བསྙེན་གནས་ཕོག་པར་བཤད་པའི་ཕྱིར་དང་། དེ་དག་ནི་བར་མ་དགེ་བ་ཙམ་ཡིན་གྱིས། སྡོམ་པར་བཞེད་(༢༤༠ན)


GLG014_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚད་ལྡན་སུ་ཡང་མེད་དོ། །དེ་ལྟར་ན། འདུལ་བར་བསྙེན་གནས་དགེ་སློང་ལས། །ལེན་ཅིང་མི་ཡི་རྟེན་དུ་བཤད། །མདོ་སྡེ་ལས་ནི་དུད་འགྲོ་སོགས། །འགྲོ་བ་གཞན་ལའང་སྐྱེ་བར་བཤད། ཅེས་བཏོན་ན་གནད་དང་འཁྲུལ་པ་མེད་དོ་ཞེས་འཆད་པར་བྱེད་དོ། །དེ་ཡང་གྲུབ་མཐའ་གོང་འོག་གི་གནད་རྣམས་མ་དགོངས་པའི་སྐྱོན་ཡིན་ཏེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལ་གཙོ་བོར་བྱེད་པ་ལ་བྱེ་བྲག་ཏུ་སྨྲ་བ་དང་། ཐེག་ཆུང་གི་མདོ་གཙོ་བོར་བྱེད་པ་ལ་མདོ་སྡེ་པ་ཞེས་འཇོག་པ་ཡིན་པས། མདོ་སྡེ་པས་མདོ་ལས་བསྙེན་གནས་སྡོམ་པ་བླང་བའི་ཡུལ་དང་། རྟེན་བཤད་པ་དེ་ཚད་མ་བྱེད་ཅེས་པའི་གྲུབ་མཐའི་གནད་ཡིན་པའི་ཕྱིར་དང་། གཞན་དུ་ན། ཐེག་པ་ཆེ་ཆུང་གི་མདོ་སྒྲ་ཇི་བཞིན་དུ་ཁས་ལེན་པ་སྟེ། གྲུབ་མཐའ་སྨྲ་བ་སུ་ཡིན་དྲིས་ན་ལན་རྣལ་མ་མེད་པའི་ཕྱིར་དང་། ཁྱད་པར་ཁྱེད་རང་གིས་མདོ་སྡེ་པས་ཉིན་ཞག་ལྔའི་མཐའ་ཅན་གྱི་བསྙེན་གནས་སྡོམ་པ་ཁས་ལེན་པར་འོག་ཏུ་བཤད་པ་དེ་མི་འཐད་པར་ཐལ། མདོ་སྡེ་པས་བསྙེན་གནས་སྡོམ་པའི་རྣམ་གཞག་འདུལ་བ་དང་མི་འགལ་བར་ཁས་ལེན་པ་གང་ཞིག །འདུལ་བ་ལས་དེ་འདྲ་མ་བཤད་པའི་ཕྱིར། འཁོར་གསུམ་ཨེ་དྲན། འདུལ་བ་ལ་བསྙེན་གནས་དགེ་སློང་ལས། ཞེས་སོགས་གཞུང་འཆོལ་མི་དགོས། འདུལ་བ་དང་མདོ་ལས་དེ་ལྟར་བཤད་པ་དེ། བྱེ་མདོ་གཉིས་ཀྱི་སོ་སོར་ཁས་ལེན་པ་གྲུབ་མཐའི་གནད་ཡིན་པའི་ཕྱིར་རོ། །ཞེས་པ་འདི་ལུང་རིགས་ཤིན་ཏུ་ཕྲ་བར་སྣང་ངོ་། །འོ་ན། འབྲི་གུང་དགོངས་གཅིག་པ་དང་། བཀའ་གདམས་པ་ལ་ལ་བསྙེན་གནས་ད་ནང་བླངས་པ་སང་ཞོགས་འབུལ་ཆོག་(༢༤༠བ)


GLG014_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགོས་ཟེར་པ་ནི་སང་ཉི་མ་མ་ཤར་གྱི་བར་དུ་ཞེས་ཚིག་གིས་བཅས་དེ་ཁས་བླངས་པས་དུས་མཚམས་རྫོགས་པའི་མཐར་སྡོམ་པ་རང་ཤུགས་ཀྱིས་གཏོང་བ་མ་གོ་བ་སྟེ། དེ་ལྟར་ན་དགེ་སློང་གིས་འཆི་བའི་དུས་སུ་སྡོམ་པ་འབུལ་ཆོག་དགོས་པའི་སྐྱོན་དུ་འགྱུར་རོ། །བྱེ་སྨྲ་བ་ལ་དེ་ལྟར་ཡིན་མོད་ཀྱང་། མདོ་སྡེ་པ་ལ་ལུགས་གཞན་ཡོད་དམ་སྙམ་ན། མདོ་སྡེ་པའི་ལུགས་བཞིན་དུ་སྔོན་ལན་གཅིག་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་བདག་བསྙེན་གནས་པར་བཟུང་དུ་གསོལ་ཞེས་ཁས་བླངས་ནས། ཕྱིས་སྐྱ་རེངས་ཤར་ནས་ཡུན་འགའ་སོང་ཞིང་ཟན་ཟོས་པའི་རྗེས་སོགས་ཇི་ལྟར་འདོད་པའི་ཚེ། བསྙེན་གནས་ལེན་ན་ཡང་ནང་པར་གཞན་ལ་འབུལ་མི་དགོས་ཏེ། ནང་པར་སྐྱ་རེངས་ཤར་བ་ཕན་ཆད་སྡོམ་པ་དེ་བསྲུང་བསམ་པ་མེད་པའི་ཕྱིར་ན་ནང་པར་སྡོམ་པ་གཏོང་བར་ངེས་སོ། །ཀླུ་སྒྲུབ་རྗེའི་སྡོམ་གསུམ་འགྲེལ་པར། བསྙེན་གནས་བསྲུངས་པའི་ལུགས་འདི་ལ་བསྙེན་གནས་ཆོས་ཅན། ཁྱོད་སང་ནང་པར་འབུལ་ཆོག་མི་དགོས་ཏེ། ཁྱོད་མཚན་མོ་འདས་ནས་སྐྱ་རེངས་ཤར་བའི་ཚེ་རང་ཤུགས་ཀྱིས་གཏོང་བའི་ཕྱིར། དེ་ལ་ཁོ་ན་རེ་མ་གྲུབ་སྟེ། ཇི་སྲིད་འཚོའི་བར་དུ་དུས་བཟང་གསུམ་ལ་སོགས་པའི་བསྙེན་གནས་སྟབས་ཅིག་ཏུ་བླངས་ནས་བསྲུང་བ་ཡོད་པའི་ཕྱིར་ཞེ་ན། ཁྱོད་ཀྱི་འཁྲུལ་གཞི་ཐམས་ཅད་དེ་ལྟ་བུས་བྱས་པར་སྣང་མོད། ཇོ་བོ་རྗེའི་ཕྱག་བཞེས་སུ་མདོ་སྡེ་བའི་ལུགས་སུ་གྲགས་པ་བཞིན་ཐོག་མར་བསྙེན་གནས་སློབ་དཔོན་ལས་སྟབས་ཅིག་ཏུ་བླངས་ནས། ཕྱིས་རང་ཇི་ལྟར་ནམ་འདོད་པའི་ཚེ་ལེན་པ་སྟེ་བསྲུང་ན་ཡང་། དེ་ལྟར་སྟབས་ཅིག་ཏུ་བླངས་ནས་བསྲུང་བའི་སྡོམ་པ་ཆོས་ཅན། ཁྱོད་སང་གི་སྐྱ་(༢༤༡ན)


GLG014_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རེངས་ཤར་ནས་གཏོང་སྟེ། ཁྱོད་བསྲུང་བའི་གང་ཟག་དེ་ལ་ཁྱོད་སང་ནང་པར་ཕན་དུས་རྟག་ཏུ་བསྲུང་བའི་བསམ་པ་མེད་པའི་ཕྱིར་ཏེ། གང་ཟག་དེས་ཁྱོད་ནམ་འདོད་པའི་ཉིན་ཞག་རེ་རེ་ཁོ་ནར་བླངས་པ་ཙམ་ཡིན་པའི་ཕྱིར། དེས་ན་ཉིན་ཞག་གཅིག་པའི་བསྙེན་གནས་སྟབས་ཅིག་ཏུ་བླངས་པའི་ལུགས་འདི་ལ་ཡང་ཆོས་ཅན། བསྲུང་ཟིན་པའི་རྗེས་སུ་འབུལ་མི་དགོས་ཏེ། ཉི་མ་ཕྱི་མའི་སྐྱ་རེངས་ཤར་པས་གཏོང་བ་དེའི་ཕྱིར་རོ། །གཞུང་འདི་ལ་པཎ་ཤཱཀ་པས་མདོ་སྡེ་པའི་ལུགས་བཞིན་དུ། ཇི་ལྟར་འདོད་ཚེ་ལེན་ཞེས་པ། དུས་གཅིག་སྟབས་སུ་ལེན་ནམ་ཅི། །ཟན་ཟོས་ནས་ཀྱང་ནོད་ཅེས་པ། འདིའི་དོན་དུ་ཁས་ལེན་ན། །དེ་འདྲ་བྱེ་བྲག་སྨྲ་བ་ཡི། །དམིགས་བསལ་ཡིན་གྱི་མདོ་སྡེ་པའི། །གཞུང་ལུགས་ཡིན་པར་འགལ་བ་མེད། །བསྙེན་གནས་སྟབས་ཅིག་ལེན་པ་དེ། །མདོ་སྡེའི་གཞུང་ལུགས་གང་ལས་བྱུང་། །ཞེས་པའི་དྲི་བ་མཛད་དོ། །འདི་ལ་དྲི་བའི་སྒོ་ནས་དགོས་པ་བཀོད་པ། དྲི་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་གཉིས། དང་པོ་ནི། རྣམ་བཤད་མཛད་པ་སྔ་མ་རྣམས་ཀྱིས་ཐོག་མར་སློབ་དཔོན་ལ་ཟླ་བ་བྱུང་ངོ་ཅོག་གི་དུས་བཟང་གསུམ་གྱི་བསྙེན་གནས་སྟབས་ཅིག་ཏུ་བླངས་ནས་ཕྱིས་ནམ་འདོད་པའི་ཚེ་བསྲུངས་པས་ཆོག་པ་འདི། མདོ་སྡེ་པའི་ལུགས་བཞིན་དུ་ཞེས་པའི་སྐབས་ཀྱི་མདོ་སྡེ་པའི་ལུགས་ཡིན་ཞིང་། དེའི་རྒྱབ་བརྟེན་ནི། མཛོད་འགྲེལ་ལས། གང་གི་ཚེས་བརྒྱད་ལ་རྟག་ཏུ་བསྙེན་པར་བྱའོ། །ཞེས་སྔོན་ཡང་དག་པར་བླངས་པ་བྱས་པ་དེས་ནི་ཟས་ཟོས་ནས་ཀྱང་ནོད་པར་བྱའོ་ཞེས་འདྲེན་པར་མཛད་ཅིང་།(༢༤༡བ)


GLG014_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཇོ་བོ་རྗེའི་ཕྱག་བཞེས་དང་། རང་རེ་དཔལ་ལྡན་ས་སྐྱ་བའི་གོང་མ་རྣམས་ཀྱིས་ཀྱང་ཕྱག་བཞེས་ཡིན་ནོ། །ཞེས་མཐའ་དཔྱོད་རྒྱས་པར་གསུང་།དེ་ཡངབྱེ་མདོ་གཉིས་ཀྱི་སྡོམ་པ་ལེན་པའི་ཁྱད་པར་ནི། ལུང་རིག་གཏེར་མཛོད་ལས། བྱེ་བྲག་ཏུ་སྨྲ་བའི། མདོ་སྡེ་པའི། ཐེག་པ་ཆེན་པོའི་ལུགས་དང་གསུམ། དང་པོ་ལ། དང་པོར་ལེན་པའི་ཆོ་ག་དང་། ཕྱིས་ཁས་ལེན་པའི་ཆོ་ག་གཉིས། དང་པོ་ནི། སློབ་དཔོན་གྱི་དྲུང་དུ་སྔར་བཤད་པ་ལྟར་གྱི་ཀུན་སྤྱོད་དང་ལྡན་པས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སང་ཉི་མ་མ་ཤར་གྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ། ཞེས་པའི་ཆོ་གའི་ཚིག་ལན་གསུམ་དུ་བརྗོད་པའི་རྗེས་སུ་རྩ་བ་བཞི། ཆང་། ཕྱི་དྲོའི་ཁ་ཟས། མལ་ཆེ་མཐོ། གར་སོགས་ཕྲེང་སོགས་སྤོང་བའི་བསླབ་པའི་གནས་བརྒྱད་ལ་བསླབ་ཚུལ་བརྗོད། གཉིས་པ་ནི། གཞན་རྣམས་སྔར་དང་འདྲ་བ་ལ། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་བཅོ་ལྔ་གནམ་གང་ལ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ་ཞེས་པ་ལྟ་བུའོ། །འདི་ལྟར་བླངས་པའི་དགོས་པ་ནི། མ་འོངས་པ་ན་ཚེས་བརྒྱད་ལ་སོགས་པ་དུས་ཁྱད་པར་ཅན་གྱི་དུས་སུ་ཟས་ལ་ལོངས་སྤྱད་པས་རྗེས་སུ་ཡང་སློབ་དཔོན་གྱི་དྲུང་དུ་(༢༤༢ན)


GLG014_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་ཀྱི་སྡོམ་པ་བླངས་པས་སྐྱེ་བའི་ཆེད་ཡིན་ཏེ། མཛོད་རང་འགྲེལ་དུ། གང་གི་ཚེས་བརྒྱད་ལ་བསྙེན་གནས་ལ་གནས་པར་བྱའོ་ཞེས་སྔོན་ཡང་དག་པར་ཁས་བླངས་པ་དེས་ནི། ཟན་ཟོས་ཀྱང་ནོད་པར་བྱའོ། །གཞན་ལས་ནོད་པར་བྱ་བའི་བདག་ཉིད་ལས་ནི་མ་ཡིན་ནོ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། དང་པོར་ལེན་པའི་དང་། ཕྱིས་ལེན་པའི་ཆོ་ག་གཉིས། དང་པོ་ནི། བཙུན་པ་དགོངས་སུ་གསོལ་། ཞེས་པ་ནས་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་བཅོ་ལྔ་དང་། གནམ་གང་ལ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ། ཞེས་བརྗོད་པ་ལྟ་བུ། གཉིས་པ་ནི། སྔར་ཚེས་བརྒྱད་སོགས་ལ་བསྙེན་གནས་ཀྱི་སྡོམ་པ་བསྲུང་བར་ཁས་བླངས་པའི་གང་ཟག་དེས། ཕྱིས་རྟེན་གྱི་དྲུང་དུ་ཡང་བསྙེན་གནས་ཀྱི་སྡོམ་པ་རང་ཉིད་ཀྱིས་བླངས་པས་སྐྱེ་བ་ཡིན་ཏེ། མདོ་སྡེ་པ་ཡི་ལུགས་བཞིན་དུ། །ཇི་ལྟར་འདོད་ཚེ་ལེན་ན་ཡང་། །ཞེས་གསུངས་པའི་ཕྱིར།གསུམ་པ་ཐེག་ཆེན་གྱི་ལུགས་ནི་ལུགས་འདི་ལ་མཁོ་ཆུང་བས་དཀྱུས་ལྟར་མ་བྲིས་ལ། མདོ་སྡེ་པའི་ལུགས་འདི་ནི་གང་ལས་བཤད་སྙམ་ན། ནང་པར་གཞན་ལས་ནོད་པར་བྱ། ཞེས་པའི་མཛོད་འགྲེལ་ལས། ནང་པར་ནི་རེ་ཞིག་ཉི་མ་མ་ཤར་བའི་ཚེ་སྟེ། ཉིན་ཞག་གི་སྡོམ་པ་ཡིན་པའི་ཕྱིར་ཞེས་སྤྱིར་བཏང་དང་། གང་གིས་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་སྔོན་ཡང་དག་པར་ཁས་བླངས་པ་དེས་ནི་ཟན་ཟོས་ནས་ཀྱང་(༢༤༢བ)


GLG014_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ནོད་པར་བྱའོ། །ཞེས་དམིགས་གསལ་གཉིས་གསུངས་པའི་དམིགས་བསལ་འདི་མདོ་སྡེ་པའི་ལུགས་བཞིན་དུ་ཇི་ལྟར་འདོད་པའི་ཚེ་བསྙེན་གནས་ལེན་ཞེས་པ་དེ་ཡིན་པར་འཆད།ལུང་རིགས་གཏེར་མཛོད་དུ། ཐོག་མར་སློབ་དཔོན་ལས་ལན་ཅིག་བླངས་ནས་སླར་བརྗོད་དེ་ཟན་ཟོས་པའི་རྗེས་སུའང་སློབ་དཔོན་ལ་བླངས་ཆོག་པ་བྱེ་སྨྲ་རང་ལུགས་སུ་གསུངས་པར་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་སྡོམ་གསུམ་འགྲེལ་པར། དེས་ན་ནང་པར་ནི་རེ་ཞིག་ཅེས་སོགས་འགྲེལ་བ་སྔ་མ་དེ་བྱེ་སྨྲའི་ལུགས་དང་། གང་གིས་ཚེས་བརྒྱད་ལ་ཞེས་སོགས་འགྲེལ་པ་ཕྱི་མ་ལས་འཕྲོས་པའམ། དམིགས་བསལ་གྱི་ཚུལ་དུ་བྱུང་བ་སྟེ་མདོ་སྡེ་པའི་ལུགས་ཡིན་ཏེ། འགྲེལ་བ་སྔ་མའི་ཐད་ཀྱི་འགྲེལ་བཤད་རྒྱལ་སྲས་མ་ལས་སྡོམ་པ་ནི་སློང་བར་བྱེད་པ་ཡང་དག་པར་ལེན་པར་ངེས་པའི་སེམས་པ་ཡིན་པའི་ཕྱིར། ཉི་མ་འཆར་བའི་ཚེ་ཁོ་ན་སྐྱེ། ཟན་ཟོས་ནས་ནོད་པ་ནི་གསལ་བའི་ཕྱིར་རོ། །ཞེས་ཉི་མ་སྟེ་སྐྱ་རེངས་ཤར་བའི་ཚེ་ལེན་པ་ཁོ་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་བསྟན་པའི་ཕྱིར་དང་། གང་གིས་ཚེས་བརྒྱད་ལ་ཞེས་སོགས་བྱེ་སྨྲ་རང་ལུགས་ཀྱི་དམིགས་བསལ་ཡིན་ན་འགྲེལ་བཤད་ཀྱང་དེ་དང་མཐུན་པ་ཞིག་དགོས་པ་ལས། ཉི་མ་འཆར་བའི་ཚེ་ཁོ་ན་སྐྱེའོ་ཞེས་པའི་ངེས་བཟུང་གི་ཚིག་གིས་མི་མཐུན་པ་དངོས་སུ་བསལ་བས་འགྲེལ་བཤད་དེ་འདོར་རིགས་པར་འགྱུར་བའི་སྐྱོན་ཡོད་དོ། །ཞེས་གསུངས་པ་གཉིས་འགལ་བ་ཕྱི་མ་ལྟར་ན་བྱེ་སྨྲ་ལུགས་ལ་ཟླ་བ་བྱུང་ངོ་ཅོག་གི་ཚིག་བསྣོན་པ་དགོས་མེད་དུ་སོང་ཞིང་། གསལ་བའི་སྒྲོན་མེ་ལས། དམིགས་བསལ་གྱི་ཆོ་ག་ནི། དང་པོ་སློབ་དཔོན་གྱི་དྲུང་དུ་བླངས་ནས། ཕྱིས་འབོགས་(༢༤༣ན)


GLG014_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་མེད་ཀྱང་རང་ཉིད་ཀྱིས་རྟེན་གྱི་དྲུང་དུ་བླངས་པས་སྐྱེ་བ་ཡིན་ཏེ། དེའི་ཚུལ་ནི། རྟེན་དང་མཆོད་པ་བཤམས། དེའི་མདུན་དུ་རང་ཉིད་ཙོག་ཙོག་པུར་འདུག་སྟེ། མདུན་གྱི་རྟེན་དེ་ཉིད་ཀྱི་འབོགས་པར་བསམ། སློབ་དཔོན་གྱི་ཚབ་ཏུ་ལྷ་དགོངས་སུ་གསོལ། ཞེས་བཅུག་སྟེ་ཆོ་ག་གཞན་སྔར་དང་འདྲ་བར་བྱས་པས་སྡོམ་པ་སྐྱེ་བ་ཡིན་ནོ། །ཡང་མཛོད་འགྲེལ་ལས། གང་གིས་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ་ཞེས། སྔོན་ཡང་དག་པར་ཁས་བླངས་པ་དེས་ནི། ཟན་ཟོས་ནས་ཀྱང་ནོད་པར་བྱའོ་ཞེས་པ་འདི་མཁས་པ་འགའ་ཞིག་མདོ་སྡེ་པའི་ལུགས་ཁོ་ན་ལ་སྦྱོར་བ་སྣང་ཡང་། མདོ་སྡེ་པའི་ལུགས་དང་ཆ་འདྲ་བ་མ་གཏོགས་བྱེ་སྨྲ་བས་ཀྱང་ཁས་ལེན་པར་སྣང་སྟེ། དེའི་དམིགས་གསལ་གྱི་ཆོ་ག་ཡིན་པའི་ཕྱིར་ཞེས་གསུངས། དེས་མཛད་པའི་སྡོམ་གསུམ་གྱི་འགྲེལ་པའི་གསེར་མདོག་ཅན་པའི་ལན་དུ་སྔ་རབས་པའི་བསྙེན་གནས་སྟབས་གཅིག་ལེན་པའི་ཆོ་ག་ལུང་གི་ཁུངས་མེད་གསུང་བ་བརྟག་པར་བྱ་སྟེ། མཛོད་འགྲེལ་ལས། གང་གིས་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་སྔོན་ཡང་དག་པར་ཁས་བླངས་པ་དེས་ནི། ཞེས་པ་དེས། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ཀྱི་བསྙེན་གནས་ཀྱི་སྡོམ་པ་ཆོ་ག་ལས་དུས་གཅིག་ཏུ་བླངས་པ་ཞིག་ཡོད་པར་དངོས་སུ་བསྟན་པ་གང་ཞིག །དེས་བསྟན་ན་དུས་བཟང་གཞན་རྣམས་ལའང་མཚུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་ལྟར་བླངས་པའི་གང་ཟག་དེས། ཟླ་བ་ཕྱི་མའི་ཚེས་བརྒྱད་ཀྱི་ཉི་མ་ཤར་མ་ཐག་རང་རྒྱུད་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེས་ཀྱང་(༢༤༣བ)


GLG014_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཉིན་བསྙེན་གནས་བསྲུང་བའི་བསམ་པ་བརྗེད་དེ་ཟན་ཟོས་ན་ཡང་སླར་སྔར་བླངས་པའི་སྡོམ་པ་དྲན་པས་གསལ་འདེབས་པ་ཙམ་གྱི་ཕྱིར་དུ་བསྙེན་གནས་གཞན་ལ་ནོད་ཀྱང་ཆོག་ཅེས་པ་ནི། ཟན་ཟོས་ནས་ཀྱང་ནོད་པར་བྱའོ། །ཞེས་པས་བསྟན་པ་ཡིན་པའི་ཕྱིར་ཏེ། དེའི་འགྲེལ་བཤད་རྒྱལ་སྲས་མ་ལས། སྡོམ་པ་ནི་བླང་དོར་བྱེད་པ་ཡང་དག་པར་ལེན་པར་ངེས་པའི་སེམས་དཔའ་ཡིན་པའི་ཕྱིར། ཉི་མ་ཤར་བའི་ཚེ་ཁོ་ན་སྐྱེའོ། །ཟན་ཟོས་ནས་ནོད་པ་ནི་གསལ་བར་བྱ་བའི་ཕྱིར་རོ། །ཞེས་གསལ་བར་བཤད་འདུག་པའི་ཕྱིར་རོ། །དེ་ལ་མཁས་པ་པཎ་ཤཱཀ་པ་ན་རེ། མཛོད་འགྲེལ་དེའི་དོན། ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པ་དམ་བཅས་པ་ཙམ་ལ་དགོངས་ཀྱི། ཆོ་གས་བླངས་པ་མ་ཡིན་ནོ། །ཞེས་ཁོ་བོས་བཤད་ཟིན་པ་མ་ཡིན་ནམ་ཞེ་ན་དེ་ལྟར་བཤད་པ་དེས། འགྲེལ་བཤད་འདི་ལ་ཐུགས་བསམ་མ་བཅུག་པའི་སྐྱོན་ཡིན་ཏེ། ཚེས་བརྒྱད་ཀྱི་ཉི་མ་འཆར་བའི་ཚེ་བསྙེན་གནས་ཀྱི་སྡོམ་པ་སྐྱེས་ཀྱང་། ཉི་མ་ཤར་ཟིན་ཚ་བ་ཟོས་རྗེས་བསྙེན་གནས་ལེན་པ་ཞིག་འགྲེལ་བཤད་འདིས་བསྟན་པ་ལས་ཉི་མ་འཆར་བའི་ཚེ་སྐྱེས་པས་བསྙེན་གནས་སྡོམ་པ་དེ་སྔར་དུས་གཅིག་བླངས་པའི་ཆོ་ག་གཅིག་ལས་མ་སྐྱེས་ན། སྔར་གྱི་དམ་བཅའ་དེ་ལས་སྐྱེས་པའམ། ཕྱིས་ཀྱི་ཆོ་ག་དེ་ལས་སྐྱེས་པ་གང་རུང་དུ་ཁས་བླང་དགོས་པས། མཁས་པའི་བཞད་གད་ཆེན་པོ་ཡིན་པའི་ཕྱིར་རོ། །ཡང་གཞན་ལ་བརྗོད་པའི་རིགས་པའི་གནོད་བྱེད་དེ་ཡང་མི་འཇུག་སྟེ། ཚེས་གཅིག་གི་ཉིན་དུས་བཟང་གསུམ་གྱི་བསྙེན་གནས་སྟབས་ཅིག་ཏུ་བླངས་པའི་ཚེ། ཚེས་གཅིག་གི་ཉིན་བསྙེན་གནས་(༢༤༤ན)


GLG014_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡོམ་པ་མི་སྐྱེ་སྟེ། དེ་ཉིད་དེ་བསྲུང་བར་ཁས་མ་བླངས་པའི་ཕྱིར་རོ། །འོན་ཀྱང་དེའི་ཉིན་ཆོ་ག་དེ་བླངས་པ་ལ་དགོས་པ་ཡོད་དེ། ཕྱིས་ཚེས་བརྒྱད་སོགས་དུས་བཟང་སོ་སོ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བའི་ཆེད་ཡིན་པའི་ཕྱིར། ཕྱིས་ཀྱི་སྡོམ་པ་དེ་ཆོས་ཉིད་ཀྱི་ཐོབ་པ་ཡང་མིན་ཏེ། སྔར་ཚེས་གཅིག་གི་ཆོ་ག་དེ་ལ་བལྟོས་པའི་ཕྱིར་རོ། །གཞན་ཡང་རྣམ་གསལ་གྱི་དཔེ་བརྗོད་པར་བྱ་སྟེ། མཆོད་སྦྱིན་མ་འཕྲིན་གྱི་བསྙེན་རྫོགས་བྱེད་པའི་ཚེ། དགེ་འདུན་སྡེ་གཉིས་ཀྱི་ཨུ་པ་ལའི་མདོག་ཅན་གྱི་གམ་དུ་གསོལ་བཞིའི་ཆོ་ག་བྱས་པའི་ཚེ། མཆོད་སྦྱིན་མའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་སམ་མ་སྐྱེས། སྐྱེས་ན་བསྒྲུབ་བྱ་མེད་པའི་སྡོམ་པ་སྐྱེ་བ་བཞད་གད་ཡིན་ཞིང་། མ་སྐྱེས་ན་ཆོ་ག་དེ་བྱས་པ་ལ་དགོས་པ་མེད་པར་ཐལ། དེ་བྱས་པའི་ཚེ་སྡོམ་པ་སྐྱེ་རྒྱུ་མ་བྱུང་བའི་ཕྱིར། འཁོར་གསུམ་ཨེ་དྲན། གཉིས་པ་མཛོད་འགྲེལ་གྱི་དོན་མིན་ཞེས་པའི་སྐབས་སུ། མཛོད་འགྲེལ་དེས། ཕྱོགས་སྔའི་འདོད་པ་ལ་གནོད་བྱེད་དུ་སོང་བ་ཡིན་གསུང་བ་ལའང་བརྟག་སྟེ། ཕྱོགས་སྔ་མས། སྔར་དུས་གཅིག་ལེན་པའི་ཆོ་ག་བྱས་ནས་ཕྱིས་ཚེས་བརྒྱད་སོགས་ལ་གཏན་ནས་བླང་དུ་མི་འདོད་པར་ཁས་བླངས་ན། ཁྱེད་བདེན་ཡང་ཕྱིས་བླངས་པའི་ཡུལ་རྙེད་ན་བླངས་ཀྱང་སྐྱོན་མེད་ལ། མ་བླངས་ཀྱང་བསྲུངས་པས་ཆོག་ཅེས་ཁས་བླངས་པས་གནོད་བྱེད་མེད་པའི་ཕྱིར་རོ། །ཞེས་པའི་ལུང་རིགས་འདི་ཤིན་ཏུ་འཕྲོད་ཅིང་རྣོ་བར་སྣང་ངོ་། །བཤད་ཚུལ་གསུམ་པོ་མི་མཐུན་ཙམ་བྱུང་བ་ལུང་རིགས་གཏེར་མཛོད་ཀྱི་དེ་ག་གཞུང་ཐོག་ཏུ་ཕེབས་པ་འདྲའོ། །བྱེ་མདོ་གཉིས་ཀྱི་བསྙེན་(༢༤༤བ)


GLG014_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་ཉིན་ཞག་གཅིག་པར་གྲགས་ཀྱང་ཞིབ་ཏུ་བྱས་ན། བྱེ་བྲག་ཏུ་སྨྲ་བར་ད་ནང་སྐྱ་རེངས་ཤར་ནས་སང་སྐྱ་རེངས་མ་ཤར་གྱི་བར་ཉིན་ཞག་ཕྲུགས་གཅིག་ཚང་ལ་མདོ་སྡེ་པས་ཟན་ཟོས་ནས་བླངས་ན་ཉིན་ཞག་ཚང་བ་མི་ཡོང་བའི་ཁྱད་པར་ཡོད་ཅིང་། སྡོམ་གསུམ་ལས། ལ་ལ་བསྙེན་གནས་བསྲུངས་པ་ཡི། ནང་པར་བསྙེན་གནས་འབུལ་དགོས་ཟེར། །བསྙེན་གནས་མཚན་མོ་འདས་པ་ན། །གཏོང་ཕྱིར་འདི་ལ་འབུལ་མི་དགོས། །མདོ་སྡེ་པ་ཡི་ལུགས་བཞིན་དུ། །ཇི་ལྟར་འདོད་ཚེ་ལེན་ན་ཡང་། །ནང་པར་ཕན་ཆད་བསྲུང་བ་ཡི། །བསམ་པ་མེད་ཕྱིར་སྡོམ་པ་གཏོང་། །དེ་ཡི་ཕྱིར་ན་འབུལ་མི་དགོས། །ཞེས་གསུངས་པས་ཀྱང་བསྒྲུབ་ནུས། དེ་ཉིད་ལས། ལ་ལ་བསྙེན་གནས་འཆོལ་བ་ཐོས། །འདི་འདྲ་གང་ནའང་བཤད་པ་མེད། ཅེས་གསུང་དགོས་པའི་དོན་ལ་དགའ་གདོང་འགྲེལ་ཆེན་དུ། འདུ་ཤེས་ཞན་ཅིང་ཆོས་ལ་དབང་ཟ་བ་འགའ་ཞིག །རང་བསྙེན་གནས་བསྲུང་བར་མི་ཁོམ་ན་ཚབ་ལ་གང་ཟག་ལ་འཆོལ་བའི་ལུགས་བྱེད་དེ། དེ་འདྲ་བཀའ་བསྟན་བཅོས་གང་ནས་ཀྱང་མ་གསུངས་པས་མི་བྱའོ་ཞེས་གསུང་པ་འདི་དང་། པཎ་ཆེན་དོན་ཡོད་དཔལ་བས་འདོད་ཡོན་ལ་སྲེད་པ་ཆེ་བ་ལ་ལ་ན་རེ། ཆང་འཐུང་བ་ལྟ་བུའི་ཚེ་ན་བསྙེན་གནས་འཆོལ་པ་ཡིན་ནོ་ཞེས་ཟེར་བ་ཐོས་སོ། །ཞེས་གསུང་བ་སྔ་མ་དང་ཚིག་མཐུན་པར་སེམས་ཤིང་། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་ཊཱིཀྐ་གསུང་རབ་དགོངས་གསལ་ལས། ཆོས་རྒྱུས་ཆུང་བ་ལ་ལ་ན་རེ། བསྙེན་གནས་བསྲུངས་ནས་སླར་ནས་བསྲུང་འདོད་ན། ནང་པར་གཞན་ལ་འཆོལ་དགོས་ཏེ། གཞན་དུ་ན་(༢༤༥ན)


GLG014_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ལེན་དུ་མེད་པའི་ཕྱིར་རོ། །ཞེས་པ་དང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་སྡོམ་ཊཱིཀ་གི་དགོངས་པ་གཉིས་མཐུན་པར་སྣང་བ་སྔ་མ་གཉིས་ལྟར་ན་བསྙེན་གནས་ཀྱི་སྡོམ་ལྡན་དེས་ཆང་འཐུང་རིང་གཞན་ལ་འཆོལ་ལོ་ཞེས་དང་། ཕྱི་མ་གཉིས་ལྟར་ན་ཚེས་དགུ་ལྟ་བུའི་ནང་པར་སྡོམ་པ་དེ་གཞན་ལ་བཅོལ་ནས་ཟླ་བ་རྟིང་མའི་དུས་ཚུར་ལེན་པ་ལྟ་བུའི་ཞེ་འདོད་བསྐྱར་བ་དོན་དུ་ལུགས་ངན་དེ་འདྲ་མི་འཐད་པར་གསུང་བ་མཐུན།བཀའ་གདམས་བྱ་ཡུལ་བ་སོགས་འགའ་ཞིག་གིས་ཚེས་བཅོ་ལྔ་ལ་བསྙེན་གནས་འབོགས་ན་ལྷ་ཤཱཀྱ་ཐུབ་པ་དང་། ཚེས་བརྒྱད་ལ་འབོགས་ན་སྨན་བླ་དང་། གནམ་སྟོང་ལ་འབོགས་ན་སྣང་བ་མཐའ་ཡས་ཀྱི་སྒོམ་བཟླས་རྣམས་ཐ་དད་དུ་མ་བྱས་ན་དུས་དེ་དང་དེ་ལ་བསྙེན་གནས་བསྲུང་དུ་མི་འདོད་ཟེར་བའང་སོ་ཐར་གྱི་སྐབས་ཤིན་ཏུ་མི་རིགས་ཏེ་ལྷ་སྒོམ་པ་དང་སྔགས་བཟླ་བ་གསང་སྔགས་ཀྱི་ལུགས་ཡིན་པས་འདིར་མི་འཇུག་ཅིང་། གལ་ཏེ་མེད་ཀ་མེད་ཡིན་ན་དགེ་ཚུལ་སློང་སོགས་ཀྱི་ཀྱང་ལྷ་སྒོམ་སྔགས་བཟླས་མ་བྱས་ན་སྡོམ་པ་ཉམས་པར་འགྱུར་ཞིང་། དེས་ན་གསང་སྔགས་ལྟ་ཅི་སྨོས། ཕ་རོལ་ཏུ་ཕྱིན་པ་ཙམ་ཡང་བློར་མི་ཆུད་པའི་དགེ་སློང་དག་རྣམ་དག་མ་ཡིན་པར་སྨྲ་དགོས་པར་ཐལ་ཞིང་། དེ་འདྲ་ཡོད་པའི་ཁུངས་ཆག་ལོ་ཆོས་རྗེ་དཔལ་གྱིས་རྒྱ་གར་དུ་བྱོན་པའི་ལམ་ཡིག་ལས། རྡོ་རྗེ་གདན་དུ་དགེ་འདུན་གྱི་གཙུག་ལག་ཁང་ཞེས་བྱ་བར་བརྒྱད་སྟོང་པའི་རྒྱ་དཔེ་ཞིག་ཁུར་ནས་བྱོན་པས་དཀོན་གཉེར་ཉན་ཐོས་ན་རེ་ཆོས་ཅི་ཡིན་ཟེར། ཆོས་རྗེས་པྲཛྙ་པཱ་ར་མི་ཏ་ཧོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གསུངས་པས། ཁོང་ན་རེ་(༢༤༥བ)


GLG014_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དགེ་སློང་ལེགས་པ་ཞིག་འདུག་པ་ལ་ཐེག་པ་ཆེན་པོའི་ཆོས་རྒྱབ་ལ་ཁུར་བ་དེ་མ་ལེགས། དེ་བོར་ཞིག་ཆུ་ལ་སྐྱུར་ཞིག་ཟེར་ནས་སྣ་འགེབས་སུ་བྱུང་། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་མ་གསུངས། ཀླུ་སྒྲུབ་ཟེར་བའི་དབང་པོ་རྣོ་རུ་རེ་བ་ཞིག་གིས་བཅོས་པ་ཡིན་ཟེར། ཞེས་གསལ་བར་བྱུང་བས་ཤེས་སོ། །ཡང་ལུང་སྨན་གྱི་གཞི་ལས། དགེ་སློང་ས་རིའི་དུག་ཞི་བའི་ཕྱིར་དུ་རྨ་བྱ་ཆེན་མོའི་རིགས་སྔགས་གསུངས་པ་དང་། ཡང་ཡངས་པ་ཅན་དུ་ཡམས་ནད་ཞི་བའི་དོན་དུ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་གཟུངས་གསུངས་པ་དང་། གནས་མལ་གྱི་གཞི་ཕྲན་ཚེགས་ལས་གསང་སྔགས་ཕན་པར་བྱེད་པ་བཟུང་བར་བྱའོ། །སྦྱར་བར་བྱའོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ནད་ལ་སོགས་པ་ཞི་བའི་ཐབས་སུ་སྔགས་ཀྱི་ཡིག་འབྲུ་ཙམ་བཟླ་བར་གསུངས་ཀྱི། ཡི་དམ་གྱི་ལྷ་བསྒོམ་པ་དེའི་སྔགས་བཟླས་པ་སོགས་མ་གསུངས་ཤིང་། སྤྱིར་ཡང་ལྷ་དང་དྲང་སྲོང་སོགས་ཀྱིས་བྱས་པའི་རིག་སྔགས་ནུས་པ་ཅན་ཡང་འོང་བས་སྔགས་བཟླ་རྒྱུ་ཐམས་ཅད་གསང་སྔགས་ཀྱི་ཁོངས་སུ་ག་ལ་གཏོགས། བྱ་ཡུལ་བའི་ལུགས་དེ་འདྲ་གསང་སྔགས་རྙིང་མའི་སྐབས་དུས་ཆེན་བཅུ་ལ་གསོ་སྦྱོང་བླངས་ཏེ་ལྷ་སྒོམ་པའི་རྣམ་གཞག་འདྲ་མཐོང་ནས་གཞོགས་དྲུད་དེ་བྱས་འདྲ་བ། པཎ་ཆེན་ན་བཟའ་པའི་ཁ་འབར་མ་ལྟར་ཁུངས་དང་རྒྱུ་མཚན་མ་ཆེས་པར་མཐོང་ཚད་བསྲེ་བ་དེ་འདྲ་རང་ཉིད་སྟོན་པའི་མེ་ལོང་ངོ་། །དེ་ཡང་ཐེག་ཆེན་སོ་ཐར་ནི་གཏན་ལ་དབབ་པ་བསྡུ་བ་ལས། དགེ་སློང་ཕ་མའི་སྡོམ་པ་མ་གཏོགས་པའི་སོ་ཐར་གཞན་རྟེན་གྱི་དྲུང་དུ་རང་ཉིད་ཀྱིས་ལེན་པར(༢༤༦ན)


GLG014_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་། ཆོ་འཕྲུལ་བསྟན་པའི་མདོར། སྔོན་བསྐལ་པ་མངོན་པར་དགའ་བ་ལ། འཇིག་རྟེན་གྱི་ཁམས་བདེ་བ་ཞེས་བྱ་བར་རྒྱལ་བ་རི་རབ་ལྟ་བུ་ལ་འཁོར་ལོས་སྒྱུར་རྒྱལ་དགེ་བའི་བཀོད་པས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་ནས་རབ་ཏུ་བྱུང་ཞིང་སྲས་སྙིང་རྗེས་ཆེར་སེམས་རྒྱལ་སར་བསྐོས་པས་དེ་ཉིད་ཀྱང་། རབ་བྱུང་ཡོན་ཏན་དུ་མ་བསྔགས་པ་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་མོད་ཀྱི། །དེ་ལྟར་ལེགས་ཀྱང་སྙིང་རྗེར་གྱུར་པ་ན། །འགྲོ་ལ་ཕན་ཕྱིར་རྒྱལ་སྲིད་བདག་གིས་བསྒྲུབས། །ཇི་སྲིད་འཚོའི་བར་བདག་ནི་ཚངས་སྤྱོད་ཅིང་། གསོ་སྦྱོང་ཡན་ལག་བརྒྱད་པ་བླང་བར་བྱ། ཞེས་གསོ་སྦྱོང་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བླང་བར་གསུངས་པ་དང་། འཕགས་པ་དོན་ཡོན་ཞགས་པའི་རྟོག་པ་ལས། གསོ་སྦྱོང་གི་སྡོམ་པ་རྟེན་གྱི་དྲུང་དུ་རང་ཉིད་ཀྱིས་ལེན་པར་གསུངས་པ་ལ་སོགས་པ་རྣམས་ཀྱི་ལག་ལེན་ཉན་ཐོས་ཀྱི་ལུགས་ལ་བྱས་ན་ཞྭ་དཔེ་ལྷམ་ཁེབས་སུ་འགྱུར་ཞིང་ལག་ལེན་ཕལ་ཆེར་ཀྱང་དེང་སང་ནུབ་ལ། མ་ནུབ་པ་དོན་ཞགས་རྟོག་པ་ནས་གསུངས་པའི་ཐེག་ཆེན་གྱི་བསྙེན་གནས་སུ་གྲགས་པ་ཉིན་ཞག་གཅིག་པའི་མཐའ་ཅན་དང་། སྐྱབས་འགྲོའི་སྡོམ་པ་བྱང་ཆུབ་སྙིང་པོའི་བར་ལེན་པ་སྤྱོད་འཇུག་ནས་གསུངས་པ་སོགས་ཐེག་ཆེན་སོ་ཐར་གྱི་ལག་ལེན་འགའ་ཞིག་མ་ནུབ་པར་ཡོད་ལ། མདོ་ནས་ཚིག་གིས་ཟིན་ཙམ་ནི་དཀོན་ཅོག་བརྩེགས་པའི་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པར། རྒྱལ་སྲས་བྱམས་པས་མཁན་པོ་མཛད་ནས། ཁྱིམ་བདག་དགུ་སྟོང་དང་། རྒྱལ་སྲས་འཇམ་དབྱངས་ཀྱིས་མཁན་པོ་མཛད་ནས་(༢༤༦བ)


GLG014_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་བདུན་སྟོང་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དོ། །ཞེས་གསུངས་པ་མཁན་པོ་བྱམས་པ་ལ་སོགས་པ་དབུ་སྐྲ་རིང་ཞིང་རྒྱན་དང་བཅས་པ་རྣམས་ཀྱིས་བསྒྲུབ་བྱ་ཁྱིམ་པའི་ཆ་ལུགས་ཅན་བསྙེན་པར་རྫོགས་ཚུལ་འདི་འདྲ་ནི་སྔོན་གྱི་ཆོ་ག་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་ནོ། །སྨྱུང་གནས་སོགས་ཀྱི་སྐབས་དོན་ཞགས་ནས་བཤད་པའི་གསོ་སྦྱོང་བླང་བ་འདི་ལ་ཐེག་ཆེན་ལུགས་ཀྱི་བསྙེན་གནས་སུ་གྲགས་ཀྱང་སྔར་བཤད་པ་ལྟར་ཉན་ཐོས་ལུགས་ཀྱི་བསྙེན་གནས་དང་མི་འདྲ་བའི་ཁྱད་པར་ཡོད་པ་དེ་དག་ཆོས་རྒྱུས་ཆུང་བ་རྣམས་ཀྱིས་དབྱེ་བ་མི་ཕྱེད་པར། སྨྱུང་གནས་ཀྱི་སྐབས་ཀྱང་ཉིན་སྔ་མ་སོ་ཐར་རིགས་བརྒྱད་ཀྱི་ནང་ཚན་གྱི་བསྙེན་གནས་ལེན་པ་སོགས་རྣམ་དབྱེ་མེད་པའི་ལག་ལེན་སྣ་ཚོགས་དར་ནས་བསྟན་པ་དྲི་བཅས་སུ་བྱེད་དོ། །དོན་ཞགས་ནས་བཤད་པའི་བསྙེན་གནས་དེ་བསྙེན་གནས་ཡིན་ཀྱང་སོ་ཐར་གྱི་བསྙེན་གནས་མ་ཡིན་པས་མཚོན་དབྱེ་ཚུལ་གྱི་སྤུ་རིས་མང་དུ་ཡོད་པས་གསལ་བའི་སྒྲོན་མེར་རབ་དབྱེ་ལས། བྱང་ཆུབ་སེམས་དཔའ་ཉིད་ལ་ཡང་། །སོ་སོ་ཐར་པ་འབོགས་པ་ཡི། །ཆོ་ག་འགའ་ཞིག་ཡོད་མོད་ཀྱི། །དེ་ཡི་ཆོ་ག་ཕལ་ཆེར་ནུབ། །གསོ་སྦྱོང་རང་གིས་བླང་བ་ཡི། །ཆོ་གའི་ལག་ལེན་འགའ་ཞིག་ཡོད། ཅེས་གསུངས་པ་ལྟར། ཐེག་ཆེན་ཐུན་མོང་མ་ཡིན་པ་ལའང་རིགས་བརྒྱད་ལ་སོགས་པའི་ཆོ་ག་སྔར་བྱུང་མོད། དགེ་བསྙེན་ཕ་མ་སོགས་རིགས་ཕྱི་མ་བདུན་འབོགས་པའི་ཆོ་གའི་ལག་ལེན་དིང་སང་ནུབ་ནས་མེད་ཅིང་། རིགས་བརྒྱད་ཀྱི་ནང་ཚན་བསྙེན་གནས་ཀྱི་སྡོམ་པ་འབོགས་པའི་ཆོ་ག །དིང་སང་ལག་ལེན་མ་(༢༤༧ན)


GLG014_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་པར་ཡོད་ཅེས་གསུང་གི །སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་ལ། ཉན་ཐོས་དང་། ཐུན་མོང་བའི་ཆོ་ག་བླངས་པ་ཞིག་དགོས། ཞེས་པ་དང་། དོན་ཞགས་རྒྱུད་ནས་གསུངས་པའི་བསྙེན་གནས་ཀྱི་སྡོམ་པས་བསྙེན་གནས་ཀྱི་སྡོམ་པའི་གོ་མི་ཆོད་ཅེས་པ་དེ་འདྲ་གཏན་ནས་མ་གསུངས་པའི་ཕྱིར་རོ། །དབྱེ་བ་ཡང་། སྡེ་སྣོད་ཀྱི་སྒོ་ནས་འདུལ་བ། མངོན་པ། མདོ་སྡེ། རྒྱུད་སྡེ་ནས་བཤད་པའི་བསྙེན་གནས་ཀྱི་སྡོམ་པ་བཞི། གྲུབ་མཐའི་སྒོ་ནས། བྱེ་སྨྲའི་ལུགས་མདོ་སྡེ་པའི་ལུགས། གྲུབ་མཐའ་སྨྲ་བ་གོང་མའི་ལུགས། རིག་པ་འཛིན་པའི་ལུགས་དང་བཞི། མདོ་སྡེ་ནས་བཤད་ཚུལ། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པའི་མདོ་ནས་བཤད་པའི་ཚུལ་དང་། དྲིན་ལན་བསབ་པའི་མདོ་ནས་བཤད་པའི་ཚུལ་གཉིས་ཡོད།ཆོ་གའི་སྒོ་ནས་དབྱེ་ན། བྱེ་སྨྲ་ལུགས་ཀྱི་ཆོ་གས་བླང་བ། མདོ་སྡེ་ལུགས་ཀྱི་ཆོ་གས་བླང་བ། ཉན་ཐོས་ཐུན་མོང་བའི་ཆོ་གས་བླང་བ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ཆོ་གས་བླང་པ་དང་བཞི། ཞེས་རྒྱས་པར་དབྱེ་བ་རྣམ་དཔྱོད་དང་ལྡན་པས་གསུང་ངོ་། །བསྙེན་གནས་ཀྱི་སྡོམ་པ་ལེན་ཡུལ་ལ། པཎ་ཆེན་བསོད་ནམས་གྲགས་པའི་འདུལ་བའི་སྤྱི་དོན་དུ་དགེ་བསྙེན་གྱིས་བདག་བསྙེན་གནས་པར་གཟུང་དུ་གསོལ་ཞེས་འབུལ་ཆོག་ཏུ་འགྲོ་སྟེ། ཞེས་དང་། གནད་འདི་མ་གོ་བར་དགེ་ཚུལ་དང་། དགེ་བསྙེན་གྱིས་བསྙེན་གནས་ལེན་འོས་པར་འདོད་པའི་གྲུབ་མཐའ་ངན་པ་འདི་བྱུང་ངོ་ཞེས་དང་། དགེ་བསྙེན་གྱིས་བསྙེན་གནས་པར་ཡན་ལག་རྣམས་བསྲུངས་པ་ཙམ་གྱིས་གསོ་སྦྱོང་ལ་གནས་པར་འགྱུར་རོ། །རྒྱུ་(༢༤༧བ)


GLG014_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དེའི་ཕྱིར། ཁྱིམ་པའི་གསོ་སྦྱོང་དང་བསྙེན་གནས་ཀྱི་སྡོམ་པ་མུ་གསུམ་སྟེ། སྔ་མ་ཡིན་ལ་ཕྱི་མ་མིན་པ་ནི། ཡོངས་རྫོགས་དགེ་བསྙེན་གྱིས་ཉིན་ཞག་གི་གསོ་སྦྱོང་རང་གིས་ཁས་བླངས་པ་ལྟ་བུ་དང་། ཕྱི་མ་ཡིན་ལ་སྔ་མ་མིན་པ་ནི་དགེ་བསྙེན་གྱི་སྡོམ་པ་དང་མི་ལྡན་པས་བླངས་པའི་བསྙེན་གནས་ཀྱི་སྡོམ་པ་ལྟ་བུ་དང་། གཉིས་ཀ་མིན་པ་ནི་ཉིན་ཞག་ཕྱེད་པའི་བསྙེན་གནས་ལྟ་བུ་དང་། སོ་ཐར་གྱི་སྡོམ་པ་དང་མི་ལྡན་པས་ཕོག་པའི་བསྙེན་གནས་ལྟ་བུ་དང་། ཉིན་ཞག་གཅིག་ཏུ་སྲོག་གཅོད་རྐྱང་པ་སྤོང་བའི་བསྙེན་གནས་ལྟ་བུ་ཡིན་པའི་ཕྱིར། ཞེས་དང་། པཎ་ཆེན་ཤཱཀ་མཆོག་གིས་ཡོངས་རྫོགས་དང་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ལ་གནས་པས་གནས་འཇོག་གི་མདོ་དང་། དགེ་བསྙེན་གྱི་སྡོམ་བརྒྱད་དང་། དོན་ཡོད་ཞགས་པའི་ཆོ་ག་ལས་ཇི་ལྟར་གསུངས་པ་བཞིན་དུ་བསྙེན་གནས་ཡན་ལག་བརྒྱད་པ་ཚང་མར་ནོད་དུ་རུང་བ་མ་ཡིན་ཏེ། རྩ་བ་བཞི་ཇི་སྲིད་འཚོའི་བར་དུ་བསྲུང་བའི་སྡོམ་པ་ལ་གནས་བཞིན་དུ། རྩ་བ་བཞི་ཉིན་ཞག་གཅིག་ཏུ་བསྲུང་བར་ཁས་བླངས་པ་ལ་དགོས་པ་མེད་པར་མ་ཟད། དེ་ལྟར་ལེན་པ་དེ་སྡོམ་པ་སྔ་མའི་གཏོང་རྒྱུར་སོང་བའི་ཉེས་དམིགས་ཡོད་པའི་ཕྱིར། ཞེས་འབྱུང་ལ། ཀླུ་སྒྲུབ་རྗེའི་སྡོམ་གསུམ་འགྲེལ་པར། ཁྱེད་རང་གིས་ཁྱིམ་པའི་གསོ་སྦྱོང་དང་བསྙེན་གནས་ཀྱི་སྡོམ་པ་ལ་མུ་བཞི་བཤད་ཅིང་། བསྙེན་གནས་ཀྱི་སྡོམ་པ་ཡིན་ལ་གསོ་སྦྱོང་མ་ཡིན་པ་ནི་དགེ་བསྙེན་གྱི་སྡོམ་པ་དང་མི་ལྡན་པས་བླངས་པའི་བསྙེན་གནས་ཀྱི་སྡོམ་པ་ལྟ་བུ་གསོ་སྦྱོང་ཡིན་ལ། བསྙེན་གནས་ཀྱི་སྡོམ་པ་མ་ཡིན་པ་ནི་ཡོངས་རྫོགས་(༢༤༨ན)


GLG014_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་གྱི་ཉིན་ཞག་གཅིག་པའི་གསོ་སྦྱོང་གཞན་ལ་མ་བལྟོས་པར་རང་གིས་བླངས་པ་ལྟ་བུ། གཉིས་ཀ་ཡིན་པ་ནི་ཡོངས་རྫོགས་དགེ་བསྙེན་གྱིས་ཉིན་ཞག་གཅིག་པའི་གསོ་སྦྱོང་བླངས་པ་ལྟ་བུ།གཉིས་ཀ་མིན་པ་ནི་ཉིན་ཞག་ཕྱེད་པའི་བསྙེན་གནས་ལྟ་བུའོ། །ཞེས་བཤད་པ་དེ་ཐུགས་ལ་ཨེ་གསལ། དེ་ཐུགས་ལ་གསལ་ན་ཉིན་ཞག་གཅིག་པའི་བསྙེན་གནས་ཀྱི་སྡོམ་པ་བླངས་མ་ཐག་པའི་ཡོངས་རྫོགས་དགེ་བསྙེན་ཆོས་ཅན། ཁྱོད་ཀྱི་རྩ་བཞི་ཇི་སྲིད་འཚོའི་བར་དུ་སྤོང་བའི་སྡོམ་པ་དེ་བཏང་བར་ཐལ། ཁྱོད་དེ་ལྟ་བུའི་སྡོམ་པ་ཡོད་བཞིན་དུ་རྩ་བ་བཞི་ཉིན་ཞག་གཅིག་གི་མཐའ་ཅན་དུ་སྤོང་བའི་སྡོམ་པ་ཁས་བླངས་མ་ཐག་པ་ཡིན་པ་གང་ཞིག །དེ་དེའི་གཏོང་རྒྱུ་ཡིན་པའི་ཕྱིར། འཁོར་གསུམ་ཨེ་དྲན། དེ་ལ་མཁས་པ་ན་རེ། ཡོངས་རྫོགས་དགེ་བསྙེན་དེས་བསྙེན་གནས་པར་ཁས་བླངས་ནས་ཡན་ལག་ལྷག་མ་བསྲུངས་པ་ཙམ་གྱིས་གསོ་སྦྱོང་ལ་གནས་པར་འགྱུར་རོ། །ཞེས་ཁས་བླངས་ཀྱིས། བསྙེན་གནས་ཡན་ལག་བརྒྱད་ཚང་བར་ནོད་པར་ཁས་མ་བླངས་པས་སྐྱོན་མེད་ཅེ་ན། ཤིན་ཏུ་ཡང་མི་རིགས་ཏེ། མཛོད་འགྲེལ་ལས། ཡན་ལག་བརྒྱད་ཚང་བར་ནོད་བར་བྱའི། མ་ཚང་བར་ནི་མ་ཡིན་ནོ། །ཞེས་བཤད་པས། ཡན་ལག་བརྒྱད་ཚང་བར་མ་ནོད་པའི་བསྙེན་གནས་སྡོམ་པ། མཁས་པ་དགྱེས་པའི་དགའ་སྟོན་མ་ཡིན་པའི་ཕྱིར་དང་། དགེ་ཚུལ་གྱིས་བསྙེན་གནས་པར་ཁས་བླངས་ན་དགེ་ཚུལ་སྡོམ་པའི་གཏོང་རྒྱུར་འགྱུར་ན། ཡོངས་རྫོགས་དགེ་བསྙེན་གྱིས་བསྙེན་གནས་པར་ཁས་བླངས་ན་དགེ་བསྙེན་(༢༤༨བ)


GLG014_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པའི་གཏོང་རྒྱུར་མཚུངས་པའི་ཕྱིར་རོ། །ཞེས་དང་། གསལ་བའི་སྒྲོན་མེར། མཁས་པ་ཤཱཀྱ་མཆོག་ལྡན་སོགས་འགའ་ཞིག་དགེ་ཚུལ་ཕ་མ་ཡན་ཆད་ཀྱི་རབ་ཏུ་བྱུང་བས་འདི་བླང་དུ་མི་རུང་སྟེ། རྩ་བཞི་ཇི་སྲིད་འཚོའི་མཐའ་ཅན་དུ་བསྲུང་བའི་སྡོམ་པ་ཡོད་བཞིན་དུ་རྩ་བཞི་ཉིན་ཞག་གཅིག་གི་མཐའ་ཅན་དུ་ཁས་བླངས་ན། སྡོམ་པ་སྔ་མ་དེའི་གཏོང་རྒྱུར་ཐལ་བའི་སྐྱོན་ཡོད་གསུང་བ་ནི་རིགས་པ་ཚིག་ལ་ཤོར་བ་སྟེ། དེ་ལྟར་ན་ཡོངས་རྫོགས་དགེ་བསྙེན་གྱིས་ཀྱང་དེ་བླང་དུ་མི་རུང་བར་འགྱུར་ཏེ། རྒྱུ་མཚན་ཁྱེད་རང་གིས་བཀོད་པ་དེའི་ཕྱིར་རོ། །དེས་ན་ཁྱིམ་པ། དགེ་བསྙེན། དགེ་ཚུལ། དགེ་སློང་སོགས་གང་གིས་ཀྱང་བླངས་ཆོག་སྟེ། སྨན་བླའི་མདོ་ཆོག་སོགས་ལས་དེ་ལྟར་བཤད་པས་སོ། །ཞེས་པའང་བྱུང་པས། པཎ་ཆེན་རྣམ་གཉིས་ཀྱི་དགེ་བསྙེན་དང་བསྙེན་གནས་ལ་མུ་གསུམ་དང་བཞིར་དབྱེ་བ་ནི་ན་ཡམས་ཙམ་ལས་རང་ཚིག་དང་མི་འགལ་བའི་ཚིག་དོན་དཔྱད་པའི་མཛུབ་བཙུགས་མི་སྣང་ཞིང་། ཀུན་མཁྱེན་ཀླུ་སྒྲུབ་རྗེའི་གསུང་འདི་སྐོར་ནུས་པ་ཆེ་བར་མ་ཟད་དགེ་བསྙེན་གྱི་སྤང་བྱ་ལྔ་པོ་ཉིན་ཞག་གཅིག་པའི་མཐའ་ཅན་དུ་ཁས་མ་བླངས་ཤིང་། གླུ་གར་སོགས་ཁས་བླངས་པའི་དབྱེ་ཚུལ་ཤིན་ཏུ་དཀའ་ལ། ཉན་ཐོས་ཀྱི་བསྙེན་གནས། དགེ་ཚུལ་སློང་གིས་བླངས་པ་ཚད་ཐུབ་གྱི་རིགས་ལ་བྱུང་ཚོད་མི་འདུག་པས་པཎ་ཆེན་བསོད་གྲགས་པའི་གསུང་དེ་ཡང་པཎ་ཤཱཀ་པ་ལྟར་དོན་ཞགས་སོགས་ནས་བཤད་པའི་བསྙེན་གནས་ལ་དགོངས་པ་འདྲ། སྡོམ་པ་དང་མི་ལྡན་པའི་ཁྱིམ་པས་བསྙེན་གནས་བླངས་པ་བསྙེན་གནས་ཡིན་ལ་གསོ་སྦྱོང་མིན་པ་མི་འཐད་རྒྱུ་མེད་ཀྱང་ཡོངས་རྫོགས་དགེ་(༢༤༩ན)


GLG014_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གྱིས་གསོ་སྦྱོང་བླངས་པ་དེ་གང་ཟག་གམ་རྟེན་གྱི་དྲུང་དུ་བླངས་ན་ཆོ་ག་གཅིག་པས་བསྙེན་གནས་མ་ཡིན་པའི་མུར་འགྲོ་དོན་མེད་པས་ཆོ་ག་མེད་པར་ཡན་ལག་བརྒྱད་སྤོང་སྙམ་ཙམ་གྱིས་ནི་གོ་ཆོད་ན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྤོང་སྙམ་པ་ཙམ་གྱིས་དེ་དགེ་སློང་དུ་ཐལ་བའི་སྐྱོན་ཡོད་ཅིང་། སྡོམ་པ་གཟུགས་ཅན་དུ་འདོད་པའི་ལུགས་ཀྱི་ཡོངས་རྫོགས་དགེ་བསྙེན་གྱིས་ཉན་ཐོས་ལུགས་ཀྱི་གསོ་སྦྱོང་བླངས་ན་གཉིས་ཀ་གཟུགས་ཅན་ཡིན་པས།པཎ་ཆེན་གཉིས་ཀ་ཞབས་འདྲེད་ལྷན་ཅིག་ཏུ་ཤོར།ཐེག་ཆེན་ལུགས་ལ་བསྙེགས་ན་དགེ་བསྙེན་གྱི་སྡོམ་པ་གཟུགས་ཅན་ཐེག་ཆེན་གྱི་བསྙེན་གནས་ཤེས་པར་འདོད་པས། ཤེས་པའི་སྡོམ་པ་བླངས་ནས་ཉིན་ཞག་གཅིག་སྤོང་བར་ཁས་བླངས་པས་གཟུགས་ཅན་གྱི་སྡོམ་པ་མ་ཤི་བར་དུ་ཁས་བླངས་པ་ལ་དང་ལུང་པ་མི་གཅིག་པས་གཏོང་དོན་ཡང་མི་འདུག་ཅིང་། ཞེ་འདོད་དེ་འདྲས་དོན་ཞགས་སོགས་གསུང་རབ་གཞན་གྱི་བཤད་ཁུངས་ལ་ཆུ་བུན་གྱི་ཚོས་རྒྱ་ལས་མ་འདས་པས་མི་གསུང་བར་གསོལ་བ་འདེབས་ཤིང་། བསྙེན་གནས་མ་ཡིན་ལ་ཁྱིམ་པའི་གསོ་སྦྱོང་ཡིན་པའི་ཆོ་ག་ཐེག་པ་གོང་མ་རྣམས་དང་གཏན་ནས་མ་འདྲེས་པའི་ཉན་ཐོས་རང་སྐད་ཅིག་འཆད་རྒྱུ་ཡོད་ན་དགོངས་ཇ་བུ་རམ་དང་བཅས་ཉན་པར་སྤྲོ་བ་ལགས། བྱང་སེམས་དང་སྔགས་སྡོམ་ཐོབ་པས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དེ་གནས་འགྱུར་དུ་འདོད་པའི་ལུགས་ལྟར་ན་ཉན་ཐོས་ཀྱི་བསྙེན་གནས་བླངས་པས་ཁས་བླངས་ཀྱི་ལྡོག་ཆས་དགེ་བསྙེན་གཏོང་ངམ་ཁ་གསོར་འགྲོ་ལ་དཔྱད་རྒྱུ་ཞིག་སྣང་ངོ་། །མི་བསྐྱོད་རྡོ་རྗེའི་ཉི་མ་ཆེན་པོར་བསྙེན་(༢༤༩བ)


GLG014_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དགེ་བསྙེན་གྱི་གསོ་སྦྱོང་ཡིན་གསུང་བ་ཐེག་པ་ཆེ་ཆུང་གི་དབྱེ་བ་དོད་ནས་གསུངས་མ་གསུངས་ལ་ཐེ་ཚོམ་འདུག་ཅིང་། དགས་རྒྱུད་པའི་རིགས་ཀྱིས་ལུང་རིགས་འཕྲོད་པའི་དམ་བཅའ་མེད་པར་ན་ཡམས་ཀྱིས་གཞན་ཟེར་ཚིག་རྗེས་འབྲང་བར་མཐའ་མ་བཀག །ཀུན་མཁྱེན་བུའི་ལས་ཆོག་ཏུ་འདི་དགེ་བསྙེན་རྣམས་ཀྱི་དགེ་བའི་རྩ་བ་གསོ་ཞིང་སྡིག་པ་སྦྱོང་བས་དགེ་བསྙེན་གྱི་ཚེས་བརྒྱད་སོགས་ལ་རྟག་ཏུ་བསྲུང་དགོས་ཤིང་དགེ་བསྙེན་གྱི་གསོ་སྦྱོང་ཡིན་པས་གསོ་སྦྱོང་ཞེས་གསུངས། འོ་ན་དགེ་བསྙེན་མིན་པས་དེ་མི་བྱེད་དམ་ཞེ་ན། མཛོད་དུ། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པས་དགེ་བསྙེན་མ་ཡིན་པ་གཞན་གྱིས་ཀྱང་དཀོན་ཅོག་གསུམ་ལ་སྐྱབས་སུ་སོང་ནས་བསྙེན་གནས་ཀྱི་སྡོམ་པ་འདོད་ན་སྐྱེ། སྐྱབས་སུ་མ་སོང་ན་མི་སྐྱེའོ། །ཞེས་དང་། སློབ་དཔོན་བྱང་ཆུབ་བཟང་པོའི་དགེ་བསྙེན་གྱི་སྡོམ་པའི་བཤད་པའི་གཞུང་ལས་ཀྱང་། དགེ་བསྙེན་གྱི་སྡོམ་པ་དང་སྒྲེལ་ནས་གསུངས་ཏེ། ཇི་སྐད་དུ། དེ་ལྟ་བུ་འདི་ནི་ཡན་ལག་ལྔ་ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་སྡོམ་པར་འགྱུར་རོ། །ཉིན་དང་མཚན་དུ་བསྙེན་གནས་ཀྱི་སྡོམ་པ་བརྒྱད་བླང་བར་འདོད་ན་ཉི་མ་འཆར་བའི་སྔོན་དུ་དེ་བླང་བར་བྱའོ། །ཞེས་དང་། དེས་མཚོན་འདུལ་འཛིན་ལ་ལ་བསྙེན་གནས་དེ་ཁྱིམ་པའི་གསོ་སྦྱོང་ཡིན་པས་དགེ་བསྙེན་གྱི་བླངས་ཆོག་པར་བཞེད་པ་སྔ་རབས་ཀྱི་བཤད་ཚོད་མཐའ་དག་ལ་ཆ་མ་འཚལ་མོད། ཆོས་རྗེ་བུ་སྟོན་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཡོངས་གྲགས་ཡིན་པས་ཉན་ཐོས་རང་སྐད་ལ་དེ་(༢༥༠ན)


GLG014_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བླང་རུང་བའི་ཁུངས་ཤིག་ཡོད་དམ་སྙམ་པས། ཁོ་བོའི་མིག་དཀྱུས་ཐུང་ངུས་མ་བརྙེད་ཀྱང་དཔྱོད་ལྡན་རྣམས་ཀྱིས་སྤྱན་གྱི་ཟུར་མདའ་རྒྱང་རིང་དུ་འཕེན་པར་ཞུ། སོ་ཐར་རིགས་བདུན་གང་ཐོབ་ཀྱང་ཐེག་ཆེན་གྱི་བསྙེན་གནས་ལེན་པར་ཚུལ་ཁྲིམས་ཕུང་པོའི་མདོར། །རིགས་བརྒྱད་སྔོན་དུ་སོང་བ་ཡིས། །ཉིན་བཞིན་དུ་ནི་གསོ་སྦྱོང་བླང་། །འདི་ནི་ཚུལ་ཁྲིམས་རྣམ་དག་འགྱུར། ཞེས་དང་། དོན་ཡོད་ཞགས་པ་ལས། བཅོམ་ལྡན་འདས་གང་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ཕའམ། དགེ་བསྙེན་མའམ། དེ་ལས་གཞན་པའི་སེམས་ཅན་སུ་ཡང་རུང་བས། དོན་ཡོད་ཞགས་པའི་སྙིང་པོའི་ཆེད་དུ་ཡར་ངོའི་ཚེས་བརྒྱད་ལ་སྨྱུང་བར་བགྱིས་ཏེ། གཞན་མི་སྨྲ་བར་དོན་ཡོད་ཞགས་པའི་སྙིང་པོ་ལན་བདུན་བཟླས་བརྗོད་བགྱིད་ན། བཅོམ་ལྡན་འདས་དེས་ཚེ་འདི་ཉིད་ལ་ཕན་ཡོན་ཉི་ཤུ་རྩ་གཅིག་འཐོབ་བར་འགྱུར་ཏེ། ཞེས་དང་། རྗེ་བཙུན་རྩེ་མོའི་གཟུངས་ཆོག་ལས། དེ་ལྟར་མཆོད་པའང་གཏོར་མའི་རྗེས་ལ། འཕགས་པའི་རྗེས་སུ་བཟླས་པ་བྱེད་པར་བསམ་ཞིང་རང་གི་གསོ་སྦྱོང་གི་ཚིག་ལན་གསུམ་བརྗོད་ལ་བདག་སྡོམ་པ་དང་ལྡན་པར་བྱའོ། །འདི་ནི་རབ་ཏུ་བྱུང་བའི་ཕྱོགས་ལའང་བྱ་དགོས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་ལུགས་ཡིན་པའི་ཕྱིར་རོ། །ཞེས་དང་། སྨན་བླའི་མདོ་ཆོག་ལས། འཇམ་དཔལ་གཞན་ཡང་འཁོར་གྱི་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་དང་། གཞན་ཡང་དད་པའི་རིགས་ཀྱི་(༢༥༠བ)


GLG014_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བུའམ་རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ། ལོ་གཅིག་གམ་ཟླ་བ་གསུམ་དུ་བསླབ་པའི་གཞི་རྣམས་འཛིན། ཞེས་སོགས་གསུངས་པས་ཀྱང་ཤེས་ནུས་སོ། །གཉིས་པ་ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་ལ། གནས་ཁང་བྱི་དོར་བྱས། མེ་ཏོག་ཕྲེང་རྒྱུད་ལས། དགའ་སྟོན་དུས་ཚེ་སྐུ་གཟུགས་ནི། །རྒན་པོའི་གོང་དུ་རྟག་ཏུ་བཞུགས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །འཇིག་རྟེན་གསུམ་སྣང་ཁྱབ་བདག་ཡིན། །ཞེས་སློབ་དཔོན་གྱི་མཐའ་ལོགས་སུ་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་ཅི་འབྱོར་བ་བཤམས། མཛོད་ལས། དམའ་བར་འདུག་སྨྲ་བཟླས་པ་ཡིས། །མི་བརྒྱན་ནམ་ནི་ནང་པར་རུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། ཞེས་བསྒྲུབ་བྱ་གྲངས་སུ་མ་བཅད་པ་ཇི་ཙམ་ཚོགས་པ་དག་ཁྲུས་བྱས་གོས་རྒྱན་གསར་མཆོད་མི་བྱ་ཞིང་། སྐྱ་རེངས་མཐའ་མ་ཤར་བའི་ལག་རིས་མཐོང་དུས་འཚོགས་ཏེ་ཕྱག་ལན་གསུམ་བཙལ། སྟན་མེད་པའམ་དམའ་བར་ལུས་ཀྱི་སྤྱོད་ལམ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་། ནད་པ་ཡིན་ན་སྤྱོད་ལམ་གང་བདེ་བྱས་ཐལ་མོ་སྦྱར་ནས་འདུག་པར་བྱའོ། །གཉིས་པ་དངོས་གཞི་ནི། མདོ་ལས། མིར་གྱུར་པ་ཡང་རྙེད་པར་དཀའ། དལ་བ་འབྱོར་པ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ། ཞེས་གསུངས་པ་ལྟར་སྤྱིར་མིའི་ལུས་དང་། དེའི་ནང་ནས་ཀྱང་མི་ཁོམ་པའི་གནས་བརྒྱད་སྤང་ཞིང་། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མིའི་(༢༥༡ན)


GLG014_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྣམ་པར་དག་པ་འདི། བཤེས་སྤྲིང་ལས། རྒྱ་མཚོ་གཅིག་ན་གཉའ་ཤིང་བུག་པ་དང་། རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། དམ་ཆོས་སྤྱོད་པས་དེ་འདྲས་འཆིས་པར་མཛོད། །ཅེས་རྒྱ་མཚོ་ཆེན་པོ་ན་གསེར་གྱི་གཉའ་ཤིང་བུག་པ་གཅིག་པ་དང་། རུས་སྦལ་ལོང་བ་ཞིག་ཡོད་པ་ལོ་བརྒྱ་ཙམ་ན་ཆུའི་རླབས་ཀྱིས་གཉའ་ཤིང་དེ་ཆུའི་ཁར་གཡེང་བ་དང་། རུས་སྦལ་དེ་ཡང་སྟེང་དུ་འོང་བ་གཉིས་འཕྲད་དེ་ཕུག་པར་མགྲིན་པ་ཆུད་པ་དཔེར་བཟུང་ནས་མི་ཁོམ་པའི་གནས་རྣམས་སུ་ལུས་གྲངས་མེད་པ་བླངས་པའི་མཐར། དལ་འབྱོར་གྱི་མི་ལུས་ལན་རེ་ཙམ་བརྙེད་པ་འདི་ཆུད་མ་ཟོས་པར་གཏན་གྱི་བདེ་འབྲས་བསྒྲུབས་ནས་སྙིང་པོ་ཞིག་ལེན་དགོས་ཏེ། ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། གྲུ་འདི་ཕྱིས་ནས་རྙེད་དཀའ་བས། རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་འཁོར་བ་གཏིང་མཐའ་མེད་པ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་བྱེད་པའི་ཐབས་རྫིངས་ལྟ་བུ་ནི་མི་ལུས་ཏེ། དེ་ལ་བརྟེན་ནས་ཐར་པ་རིན་པོ་ཆེའི་གླིང་དུ་བགྲོད་པར་བྱེད་པ་ཡིན་ལ། དལ་འབྱོར་གྱི་མི་ལུས་ཐོབ་པ་ཙམ་གྱིས་ཆོག་གམ་སྙམ་ན། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་རླུང་གིས་བསྐྱོད་པའི་ཆུའི་ལྦུ་བ་ནི་སྐད་ཅིག་ལ་འཇིག་པ་ལྟར་ཚེ་ལ་སྣོན་པ་ཉུང་ཞིང་འགྲིབ་བྱེད་བར་མ་ཆད་དུ་ཡོད་པ། (༢༥༢ན)


GLG014_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཁྱིམ་གྲུ་རྫིངས། ཟས་སོགས་གསོན་རྐྱེན་རྣམས་ཀྱང་འགྱེལ་བ། རྡིབ་པ། མི་འཕྲོད་པ་སྟེ་འཆི་རྐྱེན་དུ་སོང་བས་མཚོན། དབུགས་འབྱུང་རྔུབ་དང་གཉིད་ལོག་པའི་བར་དུ་མི་འཆི་བར་སད་རྒྱུ་ཡོད་པ་ངོ་མཚར་ཆེ་བར་གསུངས་ཤིང་། རྒྱལ་བ་བཙོང་ཁ་པ་ཆེན་པོས་མཛད་པའི་ཚངས་ཅོད་མ་ལས། རྙེད་དཀའ་དོན་ཆེའི་དལ་འབྱོར་ཐོབ་པ་ཡང་། །སྟོབས་ཀྱིས་མི་བཟློག་འབྲོས་པར་མི་ནུས་པའི། །སྟོབས་ལྡན་འཆི་བདག་ཕོ་ཉ་བཀྱེ་བ་དང་། ན་དང་རྒ་བས་ཟིན་པར་མཐོང་ན་ཡང་། །ནམ་འཆི་ངེས་མེད་འཆི་བའི་དུས་ཀྱི་ཚེ། །ཐམས་ཅད་དོར་ནས་འགྲོ་བ་ཤེས་བཞིན་དུ། །ལོ་ཟླ་ཞག་རྣམས་དོན་མེད་འདའ་བྱེད་པའི། །རབ་རྨོངས་བདག་ལ་བརྩེ་བའི་དུས་ལ་བབ། །ཅེས་གསུངས་པ་ལྟར་ཡིན་ཞིང་། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། ཞེས་ད་ལྟ་གཞོན་པའི་དུས་ཚེ་འདིའི་མདུན་བཤོམས་བྱས་ནས་ནམ་ཕུགས་ཕྱི་མའི་བདེ་བ་སྒྲུབ་སྙམ་ན་དེ་འདྲ་ཕར་བཞག །དོ་ནུབ་ལྟ་བུ་གཟའ་གདོང་ཐུག་པ་འམ། གཡང་དུ་ལྷུང་བ་ལྟ་བུ་གློ་བུར་བའི་རྐྱེན་ཞིག་གིས་ཚེའི་དུས་བྱས་ནས་སང་གི་གནས་སྐབས་སུ་བར་དོའམ། ད་ལྟའི་ལུས་འདི་དང་དབྱིབས་མི་འདྲ་བ་ཞིག་ཏུ་མི་སྐྱེ་བའི་ངེས་པ་མེད་པས་ཕྱི་བཤོལ་གྱི་དབང་དུ་མ་སོང་བར་དལ་བ་དོན་ལྡན་དུ་བསྒྲུབ་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་ལ་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་ཚེ་འདིར་གཅེས་སྤྲས་སུ་བྱ་ཡུལ་ནི་ལུས་ཡིན་ལ། དེ་ལ་གནོད་པའི་མེ་མགོ་(༢༥༢ན)


GLG014_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོས་སོགས་ལ་འབར་ན་དེ་ཞི་བར་བྱེད་པའི་ཐབས་ལ་སྤྱིར་རིགས་མེད། བྱེ་བྲག་ཏུ་ཆོས་བསྒྲུབ་པའི་བགེགས་སུ་འགྲོ་བ་ཞིག་འདུག་ན་ལྡོག་བྱེད་དེ་ཡང་བཤོལ་ཏེ་བརྩོན་པ་ཆེན་པོས་བསྒྲུབ་དགོས་པར་གསུངས་ཤིང་། བསྒྲུབ་བྱ་དམ་པའི་ཆོས་དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དེ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ཡིན་ཞིང་། དེའི་ནང་ནས་ཀྱང་ཚུལ་ཁྲིམས་ནི། སོ་སོ་སྐྱེ་བོ་རྣམས་དང་གསུང་སྐྱེས་དང་། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང་། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུའི་གཙོ་བོ་ཚུལ་ཁྲིམས་བསྲུང་བ་ལ་རག་ལུས་ཤིང་། དེ་ཉིད་ལས། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་། །སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལས་འབྱུང་། །ཞེས་ཚེ་རབས་སྔ་མ་རྣམས་སུ་རྒྱ་ཆེར་བཏང་བས་མཚོན། བཟོད་པ་བསྒོམ་པ་སོགས་ཕར་ཕྱིན་གཞན་གྱི་ཚོགས་ཇི་ཙམ་བསགས་པའི་འབྲས་བུ་ལྷ་མིའི་རྟེན་ལ་ལོངས་སྤྱོད་པའང་ཚུལ་ཁྲིམས་ཀྱི་རྗེས་སུ་འགྲོ་ཞིང་། ཚུལ་ཁྲིམས་མ་བསྲུངས་བ་དང་། ཉམས་ན་འབྲས་བུ་དུད་འགྲོ་སོགས་འགྲོ་བ་གཞན་གྱི་རྟེན་ལ་ལོངས་སྤྱོད་དགོས་པས་བསླབ་ཁྲིམས་ལ་གནས་པར་རག་ལུས་ལ། དེ་ལའང་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ཁྱིམ་པའི་སྡོམ་པ་དང་པོ་གསུམ། །ཞེས་པའི་(༢༥༢བ)


GLG014_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཚན་ཇི་སྲིད་འཚོ་བར་དུ་བསྲུང་བ་དགེ་བསྙེན་ཕ་མའི་ཁྲིམས། ཉིན་ཞག་གཅིག་གི་བར་དུ་བསྲུང་བ་ཡན་ལག་བརྒྱད་པའི་ཁྲིམས་དང་གསུམ་ལས། བསྙེན་གནས་ཀྱི་སྡོམ་པ་ནི་བྱ་སླ་ཞིང་ཕན་ཡོན་ཤིན་ཏུ་ཆེ་བ། གནས་འཇོག་གི་མདོ་ལས། གདྒཱ་ལ་སོགས་པའི་ཆུ་ཀླུང་ཆེན་པོ་ལྔ་དང་། རྒྱ་མཚོ་ཆེན་པོའི་ཆུ་བུམ་པའི་གྲངས་ཀྱིས་བཟུང་བར་ནུས་ཀྱི། བསྙེན་གནས་ཀྱི་ཕན་ཡོན་གྱི་ཚད་བཟུང་བར་མི་ནུས་ཤིང་། འཛམ་བུའི་གླིང་གང་བའི་དགྲ་བཅོམ་པ་ལ་རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཐམས་ཅད་སྦྱིན་པའི་བསོད་ནམས་ཀྱིས་བསྙེན་གནས་ཀྱི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་འགྲོ། སྟོང་གི་ཆར་ཡང་མི་འགྲོ། ཞེས་ཁྲིམས་ལན་ཅིག་བླངས་ནས་བསྲུངས་པའི་བསོད་ནམས་ཀྱི་ཚད་གཞལ་མི་ནུས་པར་མ་ཟད། འབྲས་བུ་གནས་སྐབས་སུ་ལྷ་མིའི་རྟེན་བཟང་པོ་རྒྱུད་མར་འབྱུང་ཞིང་འོ་སྐོལ་གྱི་སྟོན་པའི་བསྟན་པ་ལ་བསྙེན་གནས་ཀྱི་ཁྲིམས་བསྲུངས་པ་ལ་བརྟེན་ནས་བསྐལ་བཟང་གི་སངས་རྒྱས་ལྔ་པ་མ་ཕམ་མགོན་པོས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་འདུས་པ་དང་པོར་སྐྱེས་ནས་གྲོལ་བ་ཐོབ་བར་གསུངས་པ། བྱམས་པ་ལུང་བསྟན་པའི་མདོ་ལས། བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཟླ་གཅིག་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །ཡན་ལག་བརྒྱད་ལེགས་མཉམ་གཞག་ཅིང་། །བསྙེན་གནས་གསོ་སྦྱོང་བྱས་ནས་ནི། །ང་ཡི་བསྟན་ལ་ལྷགས་སོ་ཞེས། །དོན་འདི་རབ་ཏུ་གསུང་བར་འབྱུང་། ཞེས་བྱུང་ལ། དེ་བས་ཀྱང་ཆེས་ལྷག་པ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་མཚན་བརྒྱ་བྱིན་གྱིས། །ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། (༢༥༣ན)


GLG014_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ང་དང་ང་འདྲར་འགྱུར། །ཞེས་སྨྲས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་དེ་སྐད་མ་ཟེར་ཅིག །ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་ང་འདྲར་འགྱུར། །ཞེས་གསུངས་ཤིང་། གནས་སྐབས་སུ་ཡང་སྡོམ་པ་དང་མི་ལྡན་པ་དག་གིས་རྒྱ་མཚོ་ཙམ་གྱི་མར་ཁུ་ལ་རི་རབ་དང་མཉམ་པའི་སྡོང་བུ་བཙུགས་ཏེ་མར་མེ་སྤར་ཏེ་ཕྱོགས་བཅུའི་སངས་རྒྱས་མཆོད་པ་བས་སྡོམ་ལྡན་ཞིག་གིས་མར་མེ་ཆུང་ངུ་སྦར་ཏེ་མཆོད་པ་བསོད་ནམས་ཆེ་བས་མཚོན་ཏེ་རྣམ་དཀར་གྱི་ལས་བྱས་སོ་ཅོག་གི་འབྲས་བུ་འཕེལ་ཆེ་བ་སོགས་རྒྱུ་མཚན་སྒོ་དུ་མས་ཚུལ་འདི་ལ་འབད་པར་རིགས་ཤིང་། ཕན་ཡོན་དེ་ལྡན་གྱི་སྡོམ་པ་ལེན་པར་བྱེད་པ་ལ། མདོ་རྩ་བར། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སོ་སོ་ཐར་པའི་སྡོམ་པ་མི་སྐྱེའོ། །ཞེས་སྡོམ་པ་སྐྱེ་བའི་རྒྱུའི་གཙོ་བོ་ངེས་འབྱུང་གི་བསམ་པ་ཡིན། དེ་གང་གི་སྒོ་ནས་བརྡ་སྤྲོད་པ། མདོ་སྡེ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། ལུང་གཞིར། གང་ན་མི་གནས་ལྷ་རྣམས་མི་བཟང་ངོ་། །གང་ན་ཞི་མེད་སྲིད་པ་མི་བཟང་སྟེ། །འཚོ་བ་ཐུངས་པའི་མི་རྣམས་མི་བཟང་ངོ་། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་ཁམས་གསུམ་གྱི་འཁོར་(༢༥༣བ)


GLG014_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྡུག་བསྔལ་གྱི་རང་བཞིན་ཏེ་ངན་སོང་གསུམ་གྱི་ནང་ནས་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་གྱི་དམྱལ་བ་སོགས་བཟོད་དཀའ་ཤིན་ཏུ་མང་བས། བཤེས་སྤྲིང་ལས། སེམས་ཅན་ཉེས་པར་སྤྱོད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། ཞེས་དང་། ཚངས་ཅོད་མར། རབ་འབར་ལྕགས་ཀྱིས་ས་གཞིར་མེ་ལྕེས་བསྲེག་ཅིང་ལུས་ལ་མཚོན་ཆས་ཆར་པ་འབབ། །གཤིན་རྗེའི་སྐྱེས་བུས་གསལ་ཞིང་ལ་བསྐྱོན་ཟངས་ཞུན་ལྡུད་ཅིང་ཕུར་བུས་ལྕེ་ལ་འདེབས། །གངས་རིས་བསྐོར་བའི་འཁྱགས་པའི་སྦུབས་ཆུད་བུ་ཡུག་འཚུབས་པའི་རླུང་གིས་བཏབ་པ་ཡིས། །ལ་ལ་ཆུ་བུར་བརྒྱ་བྱུང་ལ་ལར་རྡོལ་ཞིང་ལུས་ནི་ཚལ་པ་དུམ་བུར་གས། །ཞེས་ཚ་གྲང་གི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་ཞིང་མྱོང་བྱའི་སྡུག་བསྔལ་དེ་ཡང་། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལ། །འོལ་ཡང་མི་འགྲོ་ཆར་ཡང་མི་ཕོད་དོ། །ཞེས་མི་ཞིག་གི་ལུས་ལ་མདུང་ཐུང་སུམ་བརྒྱ་དུས་གཅིག་ལ་བཏབ་པའི་སྡུག་བསྔལ་གྱིས་དམྱལ་བའི་སྡུག་བསྔལ་གྱི་ཆར་ཡང་མི་ཕོད་ལ། སྡུག་བསྔལ་དེ་ནི་ཡུད་ཙམ་ལ་ཚེའི་དུས་བྱེད་པས་ཡུན་རིང་མྱོང་མི་དགོས་ཤིང་། དམྱལ་བའི་སྡུག་བསྔལ་ནི་ཆེ་ཡང་ཡུན་རིང་པོའི་བར་དུ་མྱོང་དགོས་པ་ཡང་སོས་ལྟ་བུར་མི་ལོ་ཁྲག་ཁྲིག་ཆེན་པོ་གཅིག་དང་། ཁྲག་ཁྲིག་དྲུག་དང་། ཐེར་འབུམ་ཆེན་པོ་གཉིས་ཡོད་པས་མཚོན་ཏེ། ཚ་དམྱལ་རྣམས་ལ་རིམ་(༢༥༤ན)


GLG014_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལོག་པོར་འཕེལ་ཞིང་། གྲང་དམྱལ་ཡང་མཛོད་ལས། ཏིལ་རྗང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། ཞེས་ཚེ་ཚད་ལ་བསམས་ན་སྙིང་འགས་པར་འགྱུར་ཞིང་། ཞི་བ་ལྷས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་གང་ལས་བྱུང་། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པ་ཐུབ་པས་གསུངས། །ཞེས་དམྱལ་བའི་སྡུག་བསྔལ་ཐམས་ཅད་སྔོན་བསགས་ཀྱི་སྡིག་པའི་ལས་ཀྱི་འཁྲུལ་སྣང་དུ་གསུངས་པས། བཤེས་སྤྲིང་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་སྔོན་བསགས་ཀྱི་སྡིག་པའི་ལས་དེ་མ་ཟད་ཀྱི་བར་དུ་སྡུག་བསྔལ་མྱོང་དགོས་པར་གསུངས་པས། སྣང་ཚུལ་དེ་དག་ལ་དཔགས་ན། དེ་ཉིད་ལས། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་གནམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་གྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་གསུངས། དེ་ལས་ཡི་དྭགས་ཀྱི་སྡུག་བསྔལ་ཆུང་ཡང་། ཡང་དེ་ཉིད་ལས། ཡི་དྭགས་དག་ནའང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་(༢༥༤བ)


GLG014_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་འཚལ་ལོ། །ཞེས་དང་། ཚངས་ཅོད་མར། གདོང་ནི་སྐྲས་ཁེབས་ཁ་ནི་སྐམས་ཤིང་ཆུ་ཀླུང་མཐོང་སྟེ་བཏུང་ཕྱིར་བརྒྱུགས་པ་ན། །རལ་གྲི་མདུང་རྣམས་ཐོགས་པའི་སྐྱེས་བུས་འགེགས་ཤིང་ཆུ་ཡང་རྣག་ཁྲག་ཉིད་དུ་མཐོང་། ཁ་ནི་ཁབ་ཀྱི་མིག་ཙམ་ལྦ་བས་མགྲིན་འགགས་ཟས་སྐོམ་རྙེད་ཀྱང་སྤྱོད་མི་ནུས། །ཟོས་ཤིང་འཐུངས་རྣམས་འབར་ནས་ཚིག་ཅིང་བཤང་གཅིས་འཚོ་ལ་རང་ཤ་བཅད་དེ་ཟ། །ཞེས་ཕྱི་ནང་གི་སྒྲིབ་པ་ཅན་བཀྲེས་སྐོམ་ལ་བརྟེན་པའི་སྡུག་བསྔལ་ཤིན་ཏུ་ཆེ་ཞིང་ལས་ཀྱི་འཁྲུལ་སྣང་གིས་མངོན་སུམ་གྱིས་གྲུབ་པ་རྣམས་ཀྱངགོ་ལྡོག་པས། བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མ་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པར་འགྱུར། ཞེས་གསུངས་ཤིང་། སྡུག་བསྔལ་ཡུན་རིང་དུ་མྱོང་དགོས་པའང་། མཛོད་ལས། ཡི་དྭགས་རྣམས། ཟླ་བ་ཉིན་ཞག་གི་ལྔ་བརྒྱ། ཞེས་གསུངས་ཤིང་། བཤེས་སྤྲིང་ལས། བར་བཅད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱོད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་གསུངས།དེ་ལས་ཅུང་ཟད་ཆུང་བའི་དུད་འགྲོ་ཡང་། དེ་ཉིད་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་གསོད་པར་འགྱུར། །དབང་མེད་གཞན་དག་(༢༥༥ན)


GLG014_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྡོག་པ་ལག་པ་དང་། ལྕག་དང་ལྕགས་ཀྱུས་བཏབ་པས་བཏབ་སྟེ་བཀོལ། །ཞེས་དང་། ཚངས་ཅོད་མར། རྨོངས་པའི་མུན་ཆེན་འཐིབས་པས་ལམ་དང་ལམ་མིན་འབྱེད་ལ་བློ་ཡི་ནུས་པ་བྲལ། །གཅིག་ལ་གཅིག་གསོད་ལྷ་མིའི་གཞན་དབང་གྱུར་པས་བརྡེག་དང་བཀོལ་བའི་སྡུག་བསྔལ་འབབ། །ཅེས་དུད་འགྲོ་ལ་བྱིངས་ན་གནས་པ་དང་། ཁ་འཐོར་བ་རྣམས་བསྲན་པར་དཀའ་བའི་སྡུག་བསྔལ་ཤིན་ཏུ་མང་ཞིང་ཚེ་ཚད་ཀྱང་། མཛོད་ལས། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། ཞེས་རིང་ཚད་དང་། ཐུང་བར་ངེས་པ་མེད་པར་ཉིན་རེ་ཙམ་ལའང་སྐྱེ་འཆི་བྱེད་པ་ཡོད། དེ་ལྟར་ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ་དེ་ལས་བཞལ་ཚེ་བདེ་འགྲོ་རྣམས་མིང་དང་དོན་མཐུན་པའི་བདེ་བ་ལ་སྤྱོད་པ་ཡིན་ནའང་མི་རྣམས་ལ། ཚངས་ཅོད་མ་ལས། མི་ཡི་གནས་ནའང་ལོངས་སྤྱོད་དབང་ཕྱུག་གིས། །མངོན་པར་མཐོ་ན་ཉམས་ཀྱི་དོགས་པ་དང་། །མཐོ་རིས་ཡོན་ཏན་འབྱོར་བས་ཕོངས་པ་ན། །འདོད་བདེ་འཚོལ་བར་འགྱུར་བས་ཤ་ཐང་ངོ་། །བདེ་བར་འདོད་ནས་དེ་ཡི་ཐབས་བསྒྲུབས་པས། །བདེ་བ་ཐོབ་པ་དེ་ལས་ཆེས་ལྷག་པའི། །ལུས་ཀྱི་སྡུག་བསྔལ་སེམས་ཀྱི་ཡིད་མི་བདེ། །རྣམ་པ་དུ་མས་ཀུན་ནས་མནར་བར་འགྱུར། །ཞེས་མི་རྣམས་ལ་ཡང་དགྲ་སྡང་བ་དང་འཕྲད་ཀྱིས་དོགས་པ། གཉེན་སྡུག་པ་དང་བྲལ་གྱིས་དོགས་པ། ཡོད་པ་གསོག་བསྲུང་། མེད་པ་འཚོལ་འགྲོ། ཁས་དྲག་པོ་དམའ་པོར་སོང་བ། ཕྱུག་པོ་དབུལ་པོར་གྱུར་པ། གཙོ་བོ་དམངས་སུ་འབབ་པ་སོགས་སྡུག་བསྔལ་མཐའ་ཡས་ཤིང་། དེ་(༢༥༥བ)


GLG014_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྣམས། མཛོད་ལས། འདི་ན་མ་ངེས་ཐ་མ་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། ཅེས་གསུངས།ལྷ་མ་ཡིན་ནི། བཤེས་སྤྲིང་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་དང་། ཚངས་ཅོད་མར། ལྷ་རྣམས་དཔལ་ལ་འཁྲུག་པའི་ཕྲག་དོག་མེ་ཆེན་འབར་བས་ཡིད་བདེའི་གོ་སྐབས་བཅོམ། །འཐབ་རྩོད་ལས་བྱུང་ལུས་བཅད་དྲལ་ཞིང་གཡོ་སྒྱུས་བསླད་པས་བདེན་མཐོང་སྐལ་མེད། །ཅེས་ལམ་རྒྱུད་ལྔའི་སྐབས་ལྷ་མིན་རྣམས་དུད་འགྲོ་དང་ལྷར་འདྲེན་པའི་ལུགས་གཉིས་ཡོད་ནའང་། མི་ཤིན་ཏུ་མི་སྲུན་པ་ལ་མི་མ་ཡིན་ཟེར་བ་ལྟར་ལྷའི་ནང་ཚན་ནས་བདེན་པ་མཐོང་བའི་སྐལ་བ་མེད་པ་སོགས་སྒོ་དུ་མ་ནས་ལྷ་མ་ཡིན་དུ་བཏགས་ཤིང་། ཕྲག་དོག་གི་དབང་གིས་འཐབ་རྩོད་ལ་བརྟེན་ནས་ལུས་བཅད་དྲལ་གཏུབས་སོགས་བརྗོད་ཀྱིས་མི་ལང་ཞིང་། འདོད་པའི་ལྷ་རྣམས་ཀྱང་བཤེས་སྤྲིང་ལས། །ལུས་ཀྱི་ཁ་དོག་མི་སྡུག་གྱུར་པ་དང་། །སྟན་ལ་མི་དགའ་མེ་ཏོག་འཕྲེང་རྙིངས་དང་། །གོས་ལ་དྲི་མ་འཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བགྱིད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། ཞེས་དང་། ཚངས་ཅོད་མར། ལུས་མཛེས་རིན་ཅེན་རྒྱན་གྱིས་རབ་བརྒྱན་ནས། ཁང་བཟང་དགའ་བའི་ཚལ་དུ་གནས་བཅས་ཤིང་། །ཡུན་རིང་འདོད་པའི་བདེ་ལ་ལོངས་སྤྱོད་པ། །མཐོ་རིས་དཔལ་ལ་རོལ་(༢༥༦ན)


GLG014_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་རྣམས་ཀྱང་། །མི་འདོད་འཆི་བའི་ལྟས་ཀྱིས་ཟིན་པ་ན། ཡིད་འཕྲོག་སྙིང་ལ་བཅགས་པར་གྱུར་པ་ཡི། །ལྷ་ཡི་མཛེས་མ་ཡིད་འོང་སྐྱེད་མོས་ཚལ། །བདུད་རྩི་ཁ་ཟས་གོས་བཟང་མཛེས་པའི་རྒྱན། །ལྷ་བུ་གཞོན་ནུ་རྣམས་དང་མྱུར་དུ་བདག །མི་འདོད་བཞིན་དུ་འབྲལ་བར་མཐོང་བའི་ཚེ། །གནས་དེར་སྐྱེས་པའི་ལུས་ཀྱི་བདེ་བ་ལས། །ཆེས་ཆེར་ལྷག་པའི་ཡིད་ཀྱི་སྡུག་བསྔལ་གྱིས། །བསྐྱེད་པའི་མྱ་ངན་མེ་ལྕེ་འབར་བས་བསྲེག །ཚེ་རབས་མང་པོར་ལེགས་པར་སྤྱད་པའི་ལས། །འབད་པས་བསྒྲུབས་པའི་འབྲས་བུ་སྤྱད་པས་ཟད། །བག་མེད་དབང་གིས་ངན་འགྲོའི་རྒྱུ་བསྒྲུབས་པས། །སླར་ཡང་ངན་སོང་གནས་སུ་ལྟུང་བར་འགྱུར། །ཞེས་འདོད་ལྷ་རྣམས་ལྷའི་བདེ་བ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་ཀྱང་། འཆི་ལྟས་ལྔ་དང་ཉེ་བའི་འཆི་ལྟས་ལྔ་ཤར་བའི་ཚེ་ངན་སོང་གི་གནས་གཞན་དག་ཏུ་སྐྱེ་ཚེ་མ་སྐྱེས་གོང་ནས་སྡུག་བསྔལ་ཉམས་སུ་མྱོང་ཟིན་པ་ལྟ་བུའི་ཚོར་བ་དྲག་པོས་མནར་བར་འགྱུར་བས། མདོ་ལས། ལྷ་རྣམས་འཆི་བར་གྱུར་པའི་ཚེ། །སྡུག་བསྔལ་འབྱུང་བ་ཇི་སྙེད་པ། །མནར་མེད་སེམས་ཅན་དམྱལ་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་བདེ་འགྲོ་བ་རྣམས་ཀྱང་ཟག་བཅས་ཀྱི་བདེ་བ་འགྱུར་བའི་སྡུག་བསྔལ་ཁོ་ན་ལས་མ་འདས། གཟུགས་གཟུགས་མེད་ཀྱི་ལྷ་རྣམས་ལ་སྡུག་བསྔལ་མངོན་འགྱུར་བ་དེ་ལྟ་བུ་མེད་ཀྱང་། ཚངས་ཅོད་མ་ལས། འདོད་ལ་འདུན་པའི་རྣམ་རྟོག་གནོད་སེམས་མེད། གཉིད་དང་ཡིད་ལ་གདུངས་པའི་སྤྱོད་པ་སྤང་། ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་བྲལ། ཏིང་འཛིན་སྟོབས་ཀྱིས་ཡུན་རིང་བདེར་གནས་(༢༥༦བ)


GLG014_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གཟུགས་དང་གཟུགས་མེད་ལྷ་ཡི་གནས་ཐོབ་ཀྱང་། །འདུ་བྱེད་སྡུག་བསྔལ་འཆིང་ལས་མ་གྲོལ་བས། །སྔོན་གྱི་ཏིང་འཛིན་འཕེན་པ་ཟད་པ་ན། །ཕྱིར་ཡང་འོག་ཏུ་ལྷུང་ནས་རྒྱུད་མར་འཁོར། །ཅེས་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་གྱི་བདེ་བ་ཁོ་ནར་འབྱམས་ཀླས་ཀྱང་སྔོན་གྱི་འཕེན་པ་ཟད་པ་ན། ཟོ་ཆུན་གྱི་འཁྱུད་མོ་ལྟར་གནས་འོག་མར་འཁོར་ཞིང་སྡུག་བསྔལ་ཉམས་སུ་མྱོང་སྟེ། མདོར་ན་ལྷ་མིའི་དབང་ཕྱུག་རྣམས་དང་ཉི་ཟླ་ལ་སོགས་པའང་འགྱུར་བའི་རང་བཞིན་ཤ་སྟག་ཡིན་པའི་ཕྱིར།བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ནི། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་དང་། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་བའང་མི་མཐོང་འགྱུར། །ཞེས་གསུངས་ཤིང་དོན་ཧྲིལ་གྱིས་བསྒྲིལ་ན་ཁམས་གསུམ་འཁོར་བ་འདི་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ཟད་མི་ཤེས་པ། གཏིང་མི་དཔོགས་པ། གནོད་པ་དང་འཇིགས་པ་ཡ་ང་བའི་གནས་དེ་ལས་ཕ་རོལ་ཏུ་བརྒལ་དཀའ་བས་རྒྱ་མཚོ་དང་ཆོས་མཚུངས་པ་སྟེ། སྡུག་བསྔལ་གྱི་རང་བཞིན་ཅན། སྡུག་བསྔལ་གྱི་ཁོང་འཚངས་ཅན་ཡིན་པས་འཁོར་བ་ནས་ཅིས་ཀྱང་ཐར་(༢༥༧ན)


GLG014_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་སྙམ་པའི་ངེས་འབྱུང་གི་བསམ་པ་ཐེབས་པ་གལ་ཆེ། དེ་ལྟར་བསམ་པ་བསྐྱེད་ནས་སྡོམ་པ་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་ཁས་ལེན་དགོས་པས་སྐྱབས་སུ་འགྲོ་བའི་ཡུལ་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་ཚངས་པ་དབང་ཕྱུག་ཁྱབ་འཇུག་སོགས་གཙོ་བོ་གསུམ་གྱིས་ཐོག་དྲངས་འཇིག་རྟེན་པའི་ལྷ་རྣམས་རང་ཉིད་འཁོར་བ་ལས་མ་གྲོལ་བས་གཏན་གྱི་སྐྱབས་སུ་མི་རུང་ལ། གཏན་གྱི་སྐྱབས་སུ་འོས་པ་ནི། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་ཡུལ་དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པས། ཆོ་ག་ཐད་སོ་ལ་བསམ་པ་ཡར་ལྡན་དུ་བྱས་ནས་འཁོར་བའི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་སྲིད་པའི་ཉེས་བརྒྱ་ལས་སྐྱོབ་པར་བྱེད་པའི་སྐྱབས། སངས་རྒྱས་ལ་སྐྱབས་སྟོན་པ་པོ། ཆོས་མི་གནས་པའི་མྱ་ངན་ལས་འདས་པ་འགོག་པའི་བདེན་པ་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྟོན་པའི་ཟླ་གྲོགས་ཞུ། བདག་དུས་འདི་ནས་བཟུང་སྟེ། སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཀྱི་སྡོམ་པ་ལེན། སྤང་བྱ་ཡན་ལག་བརྒྱད་སྤོང་བའི་བསྙེན་གནས་པར་གཟུང་དུ་གསོལ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་(༢༥༧བ)
སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་གཟུང་དུ་གསོལ། ལན་གསུམ་བཟླ་བ་དང་སྡོམ་པ་སྐྱེ་བའི་བརྡ་སྤྲོད་པ་སོགས་དགེ་བསྙེན་ཀྱི་སྐབས་ལྟར་བྱ། འདི་ནི་བྱེ་བྲག་སྨྲ་བ་རང་ལུགས་ཀྱི་སྡོམ་པ་ལེན་ཚུལ་དངོས་བསྟན་ཡིན་ཞིང་། ལན་ཅིག་སྡོམ་པ་བླངས་ནས་རྗེས་མ་ལ་བརྗེད་དེ་ཟས་ཟོས་ཟིན་ནས་དགེ་སློང་ཞིག་གི་དྲུང་དུ་སྡོམ་པ་བླངས་ན་སྐྱེ་བའི་ཆེད་དུ་དུས་འདི་ནས་བཟུང་སྟེ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་། བཅོ་ལྔ་དང་། གནམ་གང་ལ་བསྙེན་གནས་ཡན་ལག་བརྒྱད་པར་ཞེས་ཆོ་ག་བསྒྱུར་ནས་ལེན། དེང་སང་སྡོམ་པ་ལན་ཅིག་འདི་ལྟར་ཕབ་ནས་རྟིང་མ་རྣམས་ལ་རང་ཉིད་ཀྱིས་སྟོན་པའི་སྐུ་གཟུགས་ཀྱི་དྲུང་དུ་ལེན་པ་མདོ་སྡེ་པའི་ལུགས་ཡིན་ཞིང་། དུས་རྟག་ཏུ་སྡོམ་པ་ལེན་ཡུལ་གྱི་གང་ཟག་རྙེད་དཀའ་ཞིང་དེ་ལྟར་བླངས་པ་ལ་ཕན་ཡོན་ཆེན་པོ་འབྱུང་བས་གུ་ཡངས་པའི་དབང་དུ་བྱས་ནས་འདུལ་འཛིན་རྣམས་ཕྱག་ལེན་དུ་མཛད་དོ། །


previousཉིན་ཞག་གཅིག་ཏུ་བསྲུང་བའི་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་སོགས་བཤད་པ།next