Nitartha Digital Library
Tibetan
 
previousམཇུག་གི་ཆོ་ག་བཤད་པ།next

མཇུག་གི་ཆོ་ག་བཤད་པ།


GLG014_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འཇུག་གི་ཆོ་ག་ནི། དེ་ལྟར་སྡོམ་པ་ཐོབ་པ་ཙམ་གྱིས་ཀྱང་མི་ཆོག་པར་བསྲུང་དགོས་ཏེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་དུཿ ཁ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་དུཿ ཁ་ཡིན། །ཞེས་དང་། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་བླ་ཡི། ཚུལ་ཁྲིམས་ཉམས་ཤིང་(༢༥༨ན)


GLG014_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཉམས་པ་ལ་བརྟེན་ནས་མངོན་མཐོ་དང་ངེས་ལེགས་ལ་རྒྱབ་ཀྱིས་ཕྱོགས་ཏེ་རྩ་བའི་ལྟུང་བ་བྱུང་ན་དམྱལ་བ་དང་། ཡན་ལག་གི་ལྟུང་བས་ཡི་དྭགས་དང་དུད་འགྲོར་སྐྱེ་བ་སོགས་བརྣག་པར་དཀའ་བའི་སྡུག་བསྔལ་སྐྱེ་བ་འབུམ་ཕྲག་ཏུ་མྱོང་བར་གསུངས་ཤིང་། ཚུལ་བཞིན་བསྲུངས་ན་ལྷ་དང་མིའི་སྲིད་པ་རྒྱུན་མར་འཛིན་ཞིང་དེའི་རྟེན་ལ་ལེགས་པར་སྤྱད་པའི་མཐུས། མགོན་པོ་ཀླུ་སྒུབ་ཀྱིས། མི་ཡི་ཆོས་ལུགས་ལེགས་སྤྱད་པས། །ལྷ་ཡུལ་བགྲོད་པར་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་རིང་པོར་མི་ཐོགས་པར་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། དེ་ལྟར་ཚུལ་བཞིན་དུ་བསྲུང་བར་རིགས་པའི་དབང་ཕྱུག་གིས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། ཞེས་ལག་ཏུ་བསྟར་རྒྱུ་དེ་རང་ལ་ལྐོག་ཏུ་གྱུར་ན་བླང་དོར་བྱ་མི་ནུས་པས། ཇི་ལྟར་ངོས་འཛིན་ན་ཚུལ་ཁྲིམས་ཀྱི་ཡན་ལག །བག་ཡོད་པའི་ཡན་ལག །བརྟུལ་ཞུགས་ཀྱི་ཡན་ལག་དང་གསུམ་དུ་འདུས། དང་པོ་ནི་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། བརྫུན་དེ་བཞི་སྤོང་བའི་བསླབ་བྱ་ལས། གཙོ་བོར་ཞེ་སྡང་གིས་བསྐྱེད་(༢༥༨བ)


GLG014_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྲོག་གཅོད་པ་ནི་རང་ལས་རྒྱུད་ཐ་དད་པའི་མིའམ་མིར་ཆགས་པ་རང་ཉིད་ཀྱིས་དུག་དང་རིག་སྔགས་དང་། མཚོན་གྱིས་བསད་པའམ། གཞན་གསོད་དུ་བཅུག་ན་སྡོམ་པ་འདི་རྩ་བ་ནས་འཇིག་པས་རྩ་ལྟུང་ཡིན་ཞིང་། དེའི་ཆར་གཏོགས་པ་སྲོག་ཆགས་གྲོག་སྦུར་ཡན་ཆོད། སྲོག་དང་ཕྲལ་ན། མི་དགེ་བ་བཅུའི་ནང་ཚན་གྱི་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་རྫོགས་པས་དེ་བྱས་ན། སྡོམ་པ་དེའི་བསླབ་བྱ་དང་འགལ་བའི་ཡན་ལག་གི་ཉེས་པ་ཙམ་ཡིན་པས་སྲོག་གཅོད་ཀྱི་མི་དགེ་བ་མཐའ་དག་བསྲུང་། ཡོ་བྱད་ལ་ཆགས་པས་བསྐྱེད་པ། མ་བྱིན་པར་ལེན་པ་ནི་གཞན་གྱི་བདག་ཏུ་བཟུང་བའི་གསེར་སེ་བ་བཅུ་འམ་དེའི་དོད་ཐུག་གི་དངོས་པོ་རྐུ་འཕྲོག་ཐབས་ཀྱིས་ཕྲལ་བ་སོགས་བྱས་ན་རྩ་ལྟུང་དུ་འགྱུར་ཞིང་། དེའི་ཆར་གཏོགས་པ་ཁབ་སྐུད་ཙམ་ཡང་བརྐུས་ནས་ཐོབ་བློ་སྐྱེས་ན། མི་དགེ་བ་བཅུའི་ནང་གི་མ་བྱིན་ལེན་བསླབ་བྱ་དང་འགལ་བའི་ཡན་ལག་གི་ཉེས་པ་ཡིན་པས་སྤང་། སེམས་ཅན་ལ་ཆགས་པས་བསྐྱེད་པ་མི་ཚངས་པར་སྤྱོད་པ་ནི་རང་གི་མཆིས་བྲང་སོགས་ཀྱི་རྨའི་སྒོ་གསུམ་གང་རུང་དུ་བཅུག་རེག་ཉམས་སུ་མྱོང་བ་དང་། རང་གི་ཁྱིམ་ཐབ་ཏུ་བླངས་པ་མིན་པ་ལ་བགྲོད་པ་ནི་བགྲོད་བྱ་མ་ཡིན་པ་ལ་བགྲོད་པ་དེ་ཡིན་ཀྱང་། སྦྲུམ་མ་དང་ན་བ་དང་སྣེང་བ་དང་བཅས་པར་བགྲོད་པ་ལྟ་བུ་དུས་མ་ཡིན་པར་བགྲོད་པ། དཀོན་ཅོག་གི་རྟེན་སོགས་ཀྱི་དྲུང་དུ་བགྲོད་པ་ནི་གནས་མ་ཡིན་པར་བགྲོད་པ། ཁ་དང་བཤང་ལམ་སོགས་སུ་བགྲོད་པ་ཡན་ལག་མ་ཡིན་པར་བགྲོད་པ་སྟེ། ལོག་གཡེམ་(༢༥༩ན)


GLG014_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་དེ་ནི་མི་དགེ་བ་བཅུའི་ནང་ཚན་གྱི་སྡོམ་པ་གཏོང་བའི་རྩ་ལྟུང་ཡིན་པས། ངེས་པར་བསྲུང་ཞིང་ཐ་ན་ཆགས་སེམས་ཀྱིས་ལྟ་རེག་ཀྱང་སྤང་། གཙོ་བོར་གཏི་མུག་གིས་བསྐྱེད་པ་འདུ་ཤེས་བསྒྱུར་ཏེ། རྫུན་དུ་སྨྲ་བ་ནི་མིའི་ཆོས། བླ་མ་ཞེས་པ་ལྷ་ཀླུ་གནོད་སྦྱིན་སོགས་མ་མཐོང་བཞིན་དུ་མཐོང་བ་དང་། གཏམ་འདྲེས་པར་སྨྲ་བ་དང་། བསམ་གཏན་གྱི་མཉམ་གཞག་ལ་བརྟེན་པའི་མངོན་ཤེས་རྫུ་འཕྲུལ་མེད་ཀྱང་ཡོད་དོ་ཞེས་སྨྲ་བ། རྒྱུན་ཞུགས། ལན་ཅིག་ཕྱིར་འོང་། ཕྱིར་མི་འོང་བ། དགྲ་བཅོམ་པའི་འབྲས་བུས་མཚོན་ཏེ་ཡོན་ཏན་ཁྱད་པར་ཅན་མ་ཐོབ་བཞིན་དུ་ཐོབ་པར་སྨྲས་པས་གཞན་གྱི་དོན་གོ་བ་ན་རྩ་ལྟུང་དུ་འགྱུར་ཞིང་། དེའི་ཆར་གཏོགས་པ་གཞན་བསླུ་བའི་རྫུན་ཚིག་ཆེ་ཕྲ་གང་སྨྲས་ཀྱང་མི་དགེ་བ་བཅུའི་ནང་ཚན་གྱི་རྫུན་དུ་འབྱུང་བས་སྤང་དགོས། གཉིས་པ་བག་ཡོད་ཀྱི་ཡན་ལག་ནི། མྱོས་འགྱུར་ཆང་སྤོང་བ་སྟེ། དེ་ལ་འདུལ་བ་སུམ་བརྒྱ་པ་ལྟར་ན། སྦྱར་བའི་ཆང་དང་། བཅོས་པའི་ཆང་གཉིས། དང་པོ་ནི། ཚན་བཏགས་མནན་པར་བྱས་པ་སྦྱར་བའི་ཆང་། ཞེས་པ་ལྟར། ནས་དང་འབྲས་སོགས་བཙོས་ཕབས་བཏབ་བསྙལ་བ་ལས་བྱུང་བའི་ཆང་ནི་སྦྱར་བའི་ཆང་ཞེས་བྱ། གཉིས་པ་ནི། འབྲས་བུ་ལ་སོགས་ཁུ་བར་བཅོས་པ་ནི། བཅོས་ཆང་རྒུན་ཆང་བུ་རམ་ཆང་འདྲར་བསྟན། ཅེས་པ་ལྟར། རྒུན་ཆང་བུར་ཆང་ལ་སོགས་པ་སེམས་མྱོས་པར་བྱེད་པ་ནི་བཅོས་པའི་ཆང་ཞེས་བྱའོ། །ཡང་མཛོད་འགྲེལ་ལས། འབྲུའི་ཆང་ནི་ཟས་ལས་སྦྱར་བའི་བཏུང་བའོ། །སྦྱར་བའི་ཆང་ནི་རྫས་ལས་སྦྱར་བའི་(༢༥༩བ)


GLG014_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བའོ་ཞེས་འབྲུའི་ཆང་ནས་དང་འབྲས་སོགས་ཀྱི་ཆང་བུ་རམ་ཤིང་གི་ཆང་སོགས་ལ་བཤད་པ་མི་མཐུན་པ་གཉིས་འབྱུང་བ་བཤད་ཚུལ་ཐ་དད་པས་འདུལ་བར་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སོ་སོར་བྱས་ཏེ་རྩྭའི་རྩེ་མོ་ཙམ་ཡང་འཐུང་མི་རུང་བར་གསུངས་ལ། མངོན་པར་རང་གི་གཉེན་པོས་སེམས་དབང་དུ་འདུ་ན་སེམས་མ་མྱོས་ཀྱི་བར་དུ་བཏུངས་ཀྱང་འགལ་བ་མེད་པར་བཤད་པ་གཉིས་ཕྱོགས་འདི་ལ་ལུགས་སྔ་མ་གཉིས་གཙོ་ཆེ་ཞིང་དེས་མཚོན་དུ་བ་རྔུབ་པ་སོགས་བག་མེད་པའི་སྤྱོད་ལམ་མཐའ་དག་སྤོང་དགོས། གསུམ་པ་བརྟུལ་ཞུགས་ཀྱི་ཡན་ལག་ནི་གར་སོགས་ཕྲེང་སོགས་ཀྱི་ཡན་ལག །མལ་ཆེ་མཐོའི་ཡན་ལག །ཕྱི་དྲོའི་ཁ་ཟས་སྤོང་བའི་ཡན་ལག་དང་གསུམ་གྱི་དང་པོ་ཉོན་མོངས་པས་ཀུན་ནས་བསླངས་ཏེ་གླུ་ལེན་གར་བརྩེ་བ་རྒྱུན་གྱི་འདོགས་གྱོན་བྱེད་བཞིན་པ་མིན་པའི་རྒྱན་གོས་གསར་པ་དང་མཛེས་ཆེད་དུ་དྲི་བཟང་ལུས་ལ་བྱུག་མེ་ཏོག་དང་རིན་པོ་ཆེའི་ཕྲེང་བ་སོགས་སྒེག་ཆོས་རྣམས་བསྲུང་། གཉིས་པ་ནི་གསེར་དངུལ་སོགས་རིན་པོ་ཆེའི་ཁྲི་ཆེན་པོ་དང་ཁྲུ་གང་ཡན་ཆད་ཀྱི་ཁྲི་མཐོན་པོས་ཆགས་སེམས་ཀྱིས་འདུག་ཉལ་སྤོང་། གསུམ་པ་ནི། ཟན་དྲོན། འབྲས་ཆན། ཤ །ཉ་ཤ །སྣུམ་འཁུར་ཏེ། བཟའ་བ་ལྔ་ཆར་གཏོགས་སྐྱོ་མ། ལྡེ་གུ། ཐུག་པ་སོགས་དང་། ལ་ཕུག་དང་ཉུང་མ་ལྟ་བུ་རྩ་བ། བུ་རམ་ཤིང་ལྟ་བུ་སྡོང་པོ། ལ་ཕུག་ཡུངས་ཀར་གྱི་ལོ་མ་ལྟ་བུ་འདབ་མ། པདྨ་ཨུཏྤལ་སོགས་མེ་ཏོག །རྒུན་འབྲུམ་ཁམ་སྟར་སོགས་འབྲས་བུ་སྟེ། བཤད་མ་ཐག་པ་རྣམས་ཕྱི་དྲོའི་ཁ་ཟས་ཡིན་པས་སྤང་དགོས་ཏེ་ཇི་སྐད་(༢༦༠ན)


GLG014_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དུ། རང་གླིང་སྐྱ་རེངས་དང་པོ་སོགས་བཟུང་ནས། །ཉི་མ་ཕྱེད་བར་འདི་ནི་དུས་ཡིན་ཏེ། །དེ་ཡོལ་གང་ཞིག་དུས་རུང་ཟ་བྱེད་དེ། །ཉེས་བྱས་ལྕགས་གི་གོང་བུའི་ཟས་རྣམས་ཟ། །ཞེས་འབྱུང་བས་གླིང་ནི་གནས་པ་དང་སྐྱེས་པ་གཉིས་ལས། གནས་པ་གཙོ་ཆེ་སྟེ་དཔེར་ན་ནུབ་གླིང་ལྟ་བུར་ཕྱིན་ཚེ་དེའི་ཉི་མའི་ཕྱེད་ཡོལ་ན་ཟ་མི་རུང་བས་ཤེས་ནུས་ཤིང་། དུས་ཡོལ་ནས་ཀྱང་ཟ་རུང་བ་འབྲུ་མར་དང་ཞུན་མར་དང་སྦྲང་བུར་བསྒར་བ་ཀ་ར་ལྟ་བུས་ནི་ཞག་བདུན་པའི་སྨན་ཡིན་པས་བསྟེན་རུང་། ཞེས་དང་ཡན་ལག་བརྒྱད་པོ་འདི་སྤངས་པའི་ཕན་ཡོན་ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པའི་མདོ་ལས། སྲོག་གཅོད་སྤངས་པས་རྡོ་རྗེའི་ལུས་དང་ལྡན་པར་འགྱུར། མ་བྱིན་ལེན་སྤངས་པས་སེན་མོ་རིང་ཞིང་དྲ་བས་འབྲེལ། འདོད་ལོག་སྤངས་པས་དབང་པོ་ཚང་ཞིང་ལུས་རྒྱས། རྫུན་དུ་སྨྲ་བ་སྤངས་པས་ལྕེས་གདོང་པ་ཁེབས་པ། ཆང་སྤངས་པས་སེང་གེའི་སྟབས་ཀྱིས་གཤེགས་པ། དུས་མ་ཡིན་པའི་ཟས་སྤངས་པས་ཚེམས་བཞི་བཅུ་མ་ཉམས་ཤིང་དཀར་བ། ཕྲེང་སོགས་སྤངས་པས་ལུས་ལ་ཚུལ་ཁྲིམས་ཀྱི་སྤོས་ཀྱིས་བྱུགས། གར་སོགས་སྤངས་པས་ལུས་མཚན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར། ཁྲི་སྟན་ཆེ་མཐོ་སྤངས་པས་སྟན་གསུམ་ལ་སྦྱོར་བར་འགྱུར། དཀོན་ཅོག་གསུམ་དང་མཁན་སློབ་ལ་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་བྱས་པས་དབུའི་གཙུག་ཏོར་དང་ལྡན་པར་བཤད་པས། དེ་ལྟར་དགྲ་བཅོམ་པ་རྣམས་ཀྱིས་སྤང་(༢༦༠བ)


GLG014_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བརྒྱད་པོ་འདི་ཡིད་ཀྱི་སྒོ་ནས་སྤངས། ལུས་ངག་གིས་སླར་ལོག་པ་བཞིན་དུ་བདག་གིས་ཀྱང་སང་ཉི་མ་མ་ཤར་གྱི་བར་དུ་བསྙེན་གནས་ཀྱི་སྤང་བྱ་བརྒྱད་ཆར་གཏོགས་དང་བཅས་པ་ཡིད་ཀྱིས་སྤངས་ཏེ། ལུས་ངག་གིས་སླར་ལྡོག་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས། །དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་། མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་(༢༦༡ན)


GLG014_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཟས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད། ཕྱག་གསུམ་འཚལ་དུ་བཅུག་ལ་རང་གནས་སུ་བཏང་ངོ་། །རིང་ནས་ཚོགས་གཉིས་སྤྲིན་གྱི་ཟེགས་རྡུལ་ཉེར་བརྩེགས་ཆོས་གཟུགས་གངས་ཅན་ས་འཛིན་ལས། །མ་སྨད་ཐུགས་རྗེའི་ཆུ་ཀླུང་རྣམ་བཞི་ཆད་མེད་འགྲོ་བློའི་དད་མཚོར་ལེགས་བབས་པས། །ཡིད་སྲུབས་སྡེར་བཅས་སྙིང་དབུས་རབ་འབར་བྱིན་ཟའི་རྩེ་མོ་ལྷ་ཡི་ལམ་བསྙེག་ཀྱང་། །མྱང་འདས་བསིལ་བའི་བདེ་བར་སྦྱར་ཚེ་ཁྱོད་ཞབས་རིས་བྲལ་གཙུག་བསྟེན་ཤཱཀྱའི་རྒྱལ། གང་གིས་ལྗགས་ཡངས་མ་ལ་ཡ་ནས་ཚུལ་གནས་བསླབ་པའི་ཙན་དན་ངད། །འཕགས་བོད་ཀུན་ཏུ་འདྲེན་མཁས་དྲི་བཞོན་འདུལ་འཛིན་རིམ་པར་བྱོན་རྣམས་ཀྱིས། །སྐལ་བཟང་འགྲོ་མཁར་འཕྲིན་ལས་ཉིན་འབྱེད་ཁྲིམས་ཀྱི་ལག་ལེན་འོད་ཟེར་གྱིས། བསྟན་པའི་པད་ཚལ་རྣམ་པར་བཞད་ལས་རྒྱལ་རྣམས་དགྱེས་མཆོད་སྦྲང་རྩི་དངར། །སཱ་ལའི་ལྗོངས་འདིར་སྔ་ཕྱི་བར་དར་སོ་ཐར་ཆོ་ག་ཡི། །ཕྱག་(༢༦༡བ)


GLG014_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་འཁྲུལ་མེད་བདུད་རྩི་དཔང་གྱུར་མཁས་མང་ཐུགས་མཚོ་ནས། །ཉེར་འཐོན་ཐར་འདོད་ལྷ་ཡི་བཅུད་ལེན་བརླང་སྤྱོད་སྒྲ་གཅན་ཚོགས། གཏན་བདེའི་མགྲིན་པ་ཆད་ཀྱང་མཐོ་རིས་སྲོག་གི་ཟུངས་སུ་གྱུར། ཁྱད་པར་ཁ་ཆེའི་པཎ་ཆེན་བསོད་སྙོམས་པའི། །བཞེད་སྲོལ་ཆུ་ཀླུང་ལོག་རྟོག་རྙོག་མའི་དྲིས། །སྦགས་རྣམས་རྣམ་དག་ཆོ་ག་ཀེ་ཏ་ཀས། །བགྲུངས་ཚེ་མྱང་འདས་བཞིན་རས་ཅི་ཡང་གསལ། །བློས་བྱས་ར་གན་ཉེས་བཤད་གསེར་ཆུ་ཡིས། །ཉེར་སྦགས་རྨོངས་པའི་ཚོང་འདུས་གཞི་མདོ་རུ། །བཀྲམ་ནས་ཕན་བདེའི་ནོར་འཕྲོག་ཆོམ་རྐུན་དིང་། །དབྱར་གྱི་སྲིན་བུའི་གྲངས་འཁུར་མཆི་མ་བཀུ། །བདག་བདེ་ན་བུན་ཡོངས་བྲལ་ལྷག་བསམ་གངས། །དཀར་མིན་རང་འདོད་རྫ་རི་བསྙིལ་བའི་ཁྲོད། །སྡིག་འབྲས་རྔ་མ་གྱེན་སློང་འབྲོང་གཡག་རྭ། །གནས་ངན་ལེན་སྒོ་འབིགས་ལ་གདེངས་པ་བཞིན། །ལྔ་ཕྲག་དྲུག་པར་ཐུབ་བསྟན་སླེབས་པའི་གཏམ། །སྙན་གྱི་བུ་རམ་དངར་ཡང་སོ་ཐར་སྡོམ། །འབོགས་བྱེད་ཆོ་ག་བམ་མྱག་རུལ་བའི་དྲིས། །དད་དུང་སེམས་ཀྱི་སྣ་སྒོར་འཁུན་དེས་ནོངས། །བདེན་ཚིག་དབྱར་རྔ་འཁྱོག་པོའི་སྤྲིན་རུམ་ནས། །བསྒྲག་ཚེ་གཞན་སེམས་བསྲུང་ནུས་རྨ་བྱའི་མངལ། །འཛིན་ཡང་སྡིག་ལྟའི་ངན་སྤྱོད་སྐྱིན་ཐང་གིས། །འདུལ་བསྟན་ལོ་ཏོག་རྩད་ནས་ཕྱུང་གིས་དོགས། །ཕ་མེས་ཕོར་གཙང་མས་བཅག་རྫ་རུའི་སྣོད། །བཟང་འཛིན་བློ་ཡི་དྲི་མ་དབྱངས་ཅན་ཆུས། །བཀྲུས་པས་ལུང་དོན་རིགས་ལམ་ནས་(༢༦༢ན)


GLG014_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པར། །རྗེས་སུ་འབྲང་པ་གཟུར་གནས་རངས་པའི་ཡུལ། །ཀུན་མཁྱེན་བུས་ཀྱང་ཐམས་ཅད་མགུ་བའི་ཐབས། ཤེས་པའི་བློ་གྲོས་ཕྲ་ཞེས་ཐུགས་འབྱུང་ན། །རྨོངས་བདག་མི་སྨྲའི་བརྟུལ་ཞུགས་མ་བཟུང་བས། །ཙུ་ཏའི་ཡུལ་གྱི་རྐང་གཉིས་བསྒྲུབ་པ་བཞིན། །རྣམ་དག་ཁྲིམས་འཛིན་མཁས་ཆེ་གླང་པོའི་སྣར། །བག་ཡོད་ལྕགས་ཀྱུས་རབ་བཏབ་གོམ་འགྲོས་ཀྱིས། །ངེས་ལེགས་ལམ་བགྲོད་མྱང་འདས་ཤཱ་ལིའི་ཚལ། །ཡངས་པོར་སྤྱོད་པའི་ས་མཁན་གཅིག་ཏུ་རྨད། །ཟང་ཟིང་འཁོར་དང་སྙན་གྲགས་ཆེད་མིན་པར། །ཐུབ་དབང་རིང་ལུགས་བྱི་དོར་བྱར་སེམས་བློ། །རྡུལ་བྲལ་སྟོན་གྱི་བཅོ་ལྔའི་ཟླ་བའི་ངོས། །རི་དྭགས་གཟུགས་ཤར་མིག་གསུམ་པས་མི་ཁེབས། །བསོད་ནམས་བྱས་པའི་ས་བོན་ལྷག་བསམ་ཆུས། །སྐྱེད་དུ་བསྲིངས་པ་རྣམ་མཁྱེན་ཡོངས་འདུའི་ལྗོན། །བདེ་སྐྱིད་རོ་བདར་སྤྱོད་ལ་ལུས་ཅན་ཀུན། །ལེགས་བྲིས་ཚོགས་བཤུལ་རྐང་རྗེས་གསལ་ནུས་ཤོག །བསྐལ་བཟང་འདྲེན་པ་བཞི་པའི་ལུང་རྟོགས་བསྟན། །འཛམ་གླིང་སྐྱེ་རྒུའི་ལེགས་བྱས་མཆོད་སྡོང་ཆེར། །ནམ་མཁའི་མཐའ་འཚོལ་མིག་གི་མངོན་པར་ཤེས། །སྔ་ནས་མ་བརྙེད་བར་དུ་གཡོ་མེད་ཤོག །དྲས་དྲུབས་གོས་སོགས་ཕྲ་མོའི་བཅས་པས་ཀྱང་། །ཤཱཀ་ཐུབ་ཚེམས་དཀར་འཕྲེང་མཛེས་སྟོན་བྱེད་པ། །བློ་བཟང་གྲགས་པའི་རིང་ལུགས་ཡིད་བཞིན་ནོར། །སྲིད་ཞིའི་རྒྱལ་མཚན་ཏོག་ཏུ་འབར་བར་ཤོག །རྒྱུད་དུལ་ནང་རྟགས་ཕྱིར་ཤར་ངུར་སྨྲིག་གིས། །ངེས་པར་ཀླུབས་པས་རྣམ་དག་(༢༦༢བ)


GLG014_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ཡི། བསླབ་གཞིར་འགྲོ་མང་བཀོད་པ་ཀུན་བཟོད་མའི། །དཔལ་མོའི་མངལ་ཁུར་བརྗིད་དང་ལྡན་པར་ཤོག །ཆོས་ལ་དབང་ཟ་མགྲིན་བཟང་གཟིག་ཤུན་ཅན། །མ་ཡིན་ཐུབ་གསུང་སྙིང་གི་གཅེས་ནོར་དུ། །འཆང་བའི་བསྟན་འཛིན་དབྱར་མཚོ་ལྟར་འཕེལ་ཞིང་། །གཡུང་དྲུང་སྲོག་གི་ཀ་བ་ཚུགས་པར་ཤོག །ཁྲིམས་གཉིས་གསེར་ཤིང་མཆོག་དམན་གཉའ་བ་རུ། །རབ་ལྕི་གནམ་བསྐོས་མི་བདག་སྐུ་ཚེ་དང་། །ཆབ་སྲིད་དགའ་བ་བརྒྱ་བའི་དཔལ་ལྡན་པ། །ཕོ་བྲང་ཆེན་པོའི་འདུན་སར་དར་དྲག་ཤོག །འཇིག་རྟེན་གསུམ་གྱི་རྒུད་མུན་ཉེར་སངས་མཐར། །ཕན་བདེའི་ཉི་མ་བོད་ཡུལ་དགུང་སྔོན་ནས། །ཤར་བའི་དགེ་ལེགས་སྣང་བ་འོད་པོ་ཆེ། །སུམ་རྩེན་ཡོངས་དབང་དཔལ་ལ་འགྲན་ནུས་ཤོག །གྲགས་སྐམ་སྨིག་མའི་ཚལ་དུ་སྐྱེས་ཙམ་མ་ཡིན་པར། རྣམ་དཔྱོད་མེས་སྨིན་གཞོན་ནུའི་ལུས་ཅན་རྒན་པོའི་བློ། །མཁས་མང་འཆི་མེད་འདུན་སར་བགྲོད་ལ་སྤོབས་མཐོ་བས། །སྲིད་ཞིའི་ལེགས་པའི་ཆ་ཀུན་དིང་བསགས་དངོམ་པར་ཤོག །ཐུབ་གཞུང་ཐིག་ལེ་མཆོག་མར་རྗེས་ཆགས་སྡེ་བཞིའི་ཞལ་སྒོའི་རིགས་བྱེད་ལས། །རྒྱལ་བསྟན་འཇིག་རྟེན་གསུམ་དུ་སྣང་སྤྲུལ་ཕན་བདེའི་འོད་ཀྱིས་མུ་བཞིའི་ལྷ། །རགས་པའི་གཟུགས་སུ་མངོན་སུམ་མཐོང་ལ་མྱ་ངན་མེད་དང་མེས་དབོན་གྱི། །རྣམ་ཐར་དཀོན་ཅོག་མཐུས་སྦྱོན་སྙན་གྲགས་སྲིད་པའི་ཁོངས་ལས་བརྒལ་བར་ཤོག །ཅེས་འོ་སྐོལ་གྱི་སྟོན་པ་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེའི་རྩ་བར་གྱུར་པ་དམ་པའི་ཆོས་འདུལ་བའི་སྡོམ་པ་རབ་ཏུ་བྱུང་བ་དང་ཁྱིམ་པ་རྣམས་ཀྱིས་ཐོབ་པར་བྱེད་པའི་ཆ་ོག་འཁྲུལ་སྤོང་རྣམ་རྒྱལ་གསེར་(༢༦༣ན)


GLG014_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅེས་བྱ་བ་འདི་ནི་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་གདན་ས་ཞེ་གསུམ་པ་ཡོངས་རྫོགས་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ་བློ་བཟང་བསྟན་འཛིན་གྱིས་བཀའ་བསྩལ་ཞིང་། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་པའི་སྐུ་ངག་དབང་དཀོན་ཅོག་ཉི་མ། རྒྱལ་བའི་སྲས་པོ་ཤེས་རབ་འཕེལ་བའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན། གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་ཀྱི་རྣམ་སྤྲུལ་ངག་དབང་ཀུན་དགའ་བདེ་ལེགས། ཤར་པ་ཆོས་རྗེ་དགེ་འདུན་གྲགས་པ། བྱང་པ་ཆོས་རྗེ་བློ་གྲོས་རྒྱ་མཚོ། རྒྱལ་ལེགས་བཤད་གླིང་དང་ཁྱབ་བདག་བླ་མ་ཕ་བོང་ཁ་པའི་གདན་ས་པ་ངག་དབང་བསྟན་འཛིན། ཁལ་ཁ་ཛ་ཡ་པཎྜི་ཏ་ཁུ་ཐུག་ཐུ། སྐྱིད་ཤོད་ཆོས་རྗེའི་སྐུ་སྐྱེ་ངག་དབང་བསྟན་འཛིན་འཕྲིན་ལས། སྣར་ཐང་མཁན་པོ་ཀོང་པོ་ངག་དབང་བཀྲ་ཤིས་སོགས་དོན་གཉེར་ཅན་མང་པོས་འབད་པ་ཆེན་པོས་བསྐུལ་བ་དང་། སྡོམ་གསུམ་ལས། བླུན་པོ་སྦྱངས་པ་ཆུང་བ་རྣམས། །འདི་འདྲ་སྤྱོད་པ་བདེན་མོད་ཀྱི། །མཁས་པ་སྦྱངས་པར་རློམ་པ་ཡང་། །རི་བོང་འཆལ་བཞིན་འདི་ལ་སྤྱོད། །འདི་འདྲའི་རིགས་ཅན་འཕེལ་གྱུར་ན། །སངས་རྒྱས་བསྟན་ལ་གནོད་མི་གནོད། །མཁས་པ་རྣམས་ཀྱིས་དཔྱོད་ལ་སྨྲོས། །གལ་ཏེ་འདི་འདྲའི་ཆོས་ལོག་གིས། །སངས་རྒྱས་བསྟན་ལ་མི་གནོད་ན། །མུ་སྟེགས་སོགས་ཀྱི་ཆོས་ལོག་ཀྱང་། །སངས་རྒྱས་བསྟན་ལ་ཅི་སྟེ་གནོད། །ཅེས་དབང་རྟུལ་དད་པའི་རྗེས་སུ་འབྲངས་པས་བསྟན་པ་ལ་མི་ཕན་པར་མ་ཟད་བསྟན་པ་དྲི་བཅས་སུ་བྱེད་ལ། དབང་རྣོན་ཆོས་(༢༦༣བ)


GLG014_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་སུ་འབྲངས་ཏེ། བསྲེགས་བཅད་བརྡར་བའི་གསེར་བཞིན་ལེགས་པར་དཔྱད་ནས་ཡིད་གཏན་དུ་བྱེད་དགོས་པའི་ཕྱིར། དེ་ཉིད་ལས། བདག་ནི་སངས་རྒྱས་བསྟན་པ་ལ། །མི་ཕྱེད་པ་ཡི་དད་པ་ཡོད། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །འཁྲུལ་པར་སྤྱོད་ལ་བདག་མ་དད། ཅེས་གསུངས་པ་ལྟར། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་ལྷག་བསམ་གྱི་ཀུན་ནས་བླངས་ཏེ་ཆོ་ག་གཅིག་པུར་མ་བལྟོས་པར་རིགས་བྲལ་མཁས་པ་མང་པོའི་གསུང་རབ་ལ་དཔྱད་དེ་བློ་གསལ་རྣམས་གོ་བ་བསྐྱེད་པའི་ཆེད་དུ་མཐའ་གཅོད་དང་བཅས་ཏེ་འཇམ་དབྱངས་གཞོན་ནུ་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་རྗེ་བཙུན་དཀོན་ཅོག་ཆོས་འཕེལ་གྱི་བཀའ་དྲིན་ལ་བརྟེན་ནས་གཞུང་ལུགས་འདི་ལ་ཐོས་བསམ་ཅུང་ཟད་བགྱིས་ཤིང་། འཕགས་པའི་གནས་བརྟན་ཉེ་བར་འཁོར་གཉིས་པ་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་བསྟན་པ་རིན་པོ་ཆེར་ཡོངས་སུ་ཞུགས་ལ་བཀའ་དྲིན་ནོས་པ་ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའམ་མིང་གཞན་ཚངས་སྲས་བཞད་པའི་རྡོ་རྗེར་འབོད་པས་འོ་སྐོལ་གྱི་སྟོན་པ་ཟས་གཙང་གི་སྲས་གཙང་གི་སྲས་པོ། དྲག་པོ་ཞེས་པ་ལྕགས་སྤྲེལ་ལ་སྐུ་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་སོ་དགུར་སླེབས་པ་སྟོད་འགྲེལ་བའི་ལུགས་ལ་ཨརྠསིདྦྷུ་ཞེས་པ་ཕྱོགས་འདིར་དབང་ཐང་དང་བསྟུན་པ་གྱི་ཡི་ཞེས་པ་ས་མོ་ལུག་གི་ལོ། དམ་པའི་ཆོས་འདུལ་བའི་དབང་དུ་བྱས་ན་སྦལ་ཏི་དགྲ་བཅོམ་པ་དང་། འདུལ་འཛིན་(༢༦༤ན)


GLG014_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོར་མོ་ལུང་པ་རྣམས་རྟེན་འབྲེལ་མདོ་འགྲེལ་གྱི་རྗེས་སུ་འབྲངས་ནས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ལ་ལོ་འགོ །ཁ་ཆེ་པཎྜིཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་རྗེས་འབྲངས་ཇོ་བོ་སྟན་གཅིག་པ་རྣམས་མདོ་ཉི་སྙིང་གི་རྗེས་སུ་འབྲངས་ནས་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ལ་ལོ་འགོ །རྗེ་བཙུན་ས་སྐྱ་པ་དང་། མཉམ་མེད་རི་བོ་དགའ་ལྡན་པ་སོགས་འདུལ་འཛིན་ཕྱི་མ་མང་པོ་ཞིག་མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་ནས་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ལ་ལོ་འགོར་མཛད་པའི་ལུགས་གསུམ་ལས་ཕྱི་མ་ཉིད་གྲགས་ཆེ་བས། འདུལ་མངོན་པ་ལུགས་ཀྱི་ལོ་འགོ་ཐོག་མར་ཚེས་ཤིང་དུས་གསུམ་རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པ་ཟུང་འཇུག་གི་གོ་འཕངས་མངོན་དུ་མཛད་པའི་དུས་དྲན་གྱི་ཚེ་གངས་ཅན་གྱི་ལྟེ་བ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་དཔལ་གྲོང་སྔགས་རམ་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སོ་སོ་ཐར་པ་རིགས་བརྒྱད་ཀྱི་རིང་ལུགས་དྲི་མ་མེད་པ་སྲིད་མཐའི་བར་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousམཇུག་གི་ཆོ་ག་བཤད་པ།next