Nitartha Digital Library
Tibetan
 
previousབསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་འབོགས་པའི་ཆོ་ག་ལག་ལེན་སྙིང་པོ་བསྡུས་པ།next

བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་འབོགས་པའི་ཆོ་ག་ལག་ལེན་སྙིང་པོ་བསྡུས་པ།


GLG014_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་འབོགས་པའི་ཆོ་ག་ལག་ལེན་སྙིང་པོ་བསྡུས་པ་བཞུགས། མཆོག་དམན་བར་པའི་འགྲོ་ཀུན་མངོན་མཐོ་དང་། །ངེས་ལེགས་སར་འགོད་རྣམ་


GLG014_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཐམས་ཅད་མཁྱེན། །ཟས་གཙང་སྲས་དང་དེ་ཡི་ལུགས་འཛིན་པའི། །འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གཙུག་ན་རྒྱལ། །བྱ་སླ་ཚེགས་ཆུང་གྲུ་གཟིངས་ལ་བརྟེན་ནས། །མྱང་འདས་རིན་ཆེན་གླིང་དུ་བགྲོད་པའི་ཐབས། །ཡན་ལག་བརྒྱད་པའི་ཁྲིམས་ཀྱི་ཆོ་གའི་རྗེས། །ཕུན་ཚོགས་དགེ་བའི་རབ་དཀར་དར་ཆེན་བསྐྱོད། །ཟླ་བ་གང་གིའང་ཉ་སྟོང་བརྒྱད་གསུམ་མམ་གང་རུང་ལ། ཡན་ལག་བརྒྱད་པའི་ཁྲིམས་བསྲུང་བ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་བཤམས། རང་ཉིད་ཁྲུས་བྱས། མཆིལ་ལྷམ་ཕུད། ནམ་ལངས་ཉི་མ་མ་ཤར་བའི་དུས་དང་སྐུ་གཟུགས་ཀྱི་མདུན་དུ་ཕྱག་གསུམ་བཙལ། པུས་མོ་བཙུགས། ཐལ་མོ་སྦྱར་ཏེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པ་དུང་ངེ་བའི་ངང་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་མོས་ཏེ། སངས་རྒྱས་ཀྱི་སྐུ་གཟུགས་དེ་སངས་རྒྱས་དངོས་སུ་འདུ་ཤེས་པར་བྱས་ནས། དེ་ལས་སྡོམ་པ་ལེན་པའི་བསམ་པས་ཆོ་ག་འདི་ལྟར་བརྗོད་དོ། །གཉིས་པ་དངོས་གཞི་ནི། སྟོན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ། བསྙེན་གནས་ཡན་ལག་བརྒྱད་པར་སྟོན་པས་བཟུང་དུ་གསོལ། འདི་ལན་གསུམ་བརྗོད་པས། གསུམ་པའི་སྐབས་ཀྱི་བསྙེན་གནས་ཡན་ལག་བརྒྱད་པར་ཞེས་པའི་ཚིག་དེ་རྫོགས་པ་དང་མཉམ་དུ་བསྙེན་གནས་ཀྱི་སྡོམ་པ་ཐོབ་


GLG014_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའི་བསམ་པ་འཇོག །དེ་ནས་སྟོན་པས་བཟུང་དུ་གསོལ་བྱས་རྗེས་སྐུ་འདྲས་ཐབས་ཡིན་ནོ་གསུང་བར་མོས་ཏེ། རང་གིས་ལེགས་སོ་ཞེས་ལན་འདེབས་བྱེད། མཇུག་ཆོད་ནི། ཕྱག་གསུམ་བཙལ་ནས། སྤང་བྱ་བརྒྱད་པོ་རྣམས་སྤོང་སྙམ་པའི་བསམ་པ་དང་ལྡན་པའི་སྒོ་ནས། སྟོན་པ་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་འགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ། སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་སྲིད་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་གདན་མཐོན་པོ་དང་། ཁྲི་གདན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། མ་བྱིན་པར་ལེན་པ་ནས་དུས་མིན་པའི་ཁ་ཟས་ཞེས་པའི་བར་སྔར་བཞིན་བརྗོད་རྗེས། སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བརྒྱད་པ་འདིས་བདག་འཕགས་པ། ཞེས་སོགས་སྔར་དང་འདྲ། མཇུག་ཏུ་ཐབས་ལེགས་བརྗོད། ཡན་ལག་བརྒྱད་པའི་སྡོམ་པ་འབོགས་པའི་ཆོ་ག་ཉམས་སུ་བླང་བདེ་བ་འདི་ནི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གསུང་རབ་ཀྱི་དགོངས་དོན་
ལྟར་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་ཕྱག་བཞེས་སུ་གནང་བ་ལ་གཞི་བྱས། ཚིག་དོན་རྣམས་དཀྱུས་སུ་བཤད་ན་རྟོགས་དཀའ་བས་ན། གསལ་བྱེད་ཀྱི་ལྷན་ཐབས་ལོགས་སུ་ཁ་འཕངས་ཏེ། ལག་ལེན་སྙིང་པོ་བསྡུས་པ་འདི་ནི། ཁྱིམ་པ་རྣམས་ཀྱིས་ཉམས་སུ་བླང་བདེ་བའི་སླད་དུ། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་བྱང་ཏལ་ཁར་སྦྱར། །མངྒལཾ།། །།


previousབསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་འབོགས་པའི་ཆོ་ག་ལག་ལེན་སྙིང་པོ་བསྡུས་པ།next