Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
collapse section
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
ཡན་ལག་བརྒྱད་པའི་ཆོ་གའི་ལག་ལེན་གྱི་སྙིང་པོ་བསྡུས་པ་གསལ་བྱེད་ནོར་བུའི་འཕྲེང་བ།
 expand section


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousཡན་ལག་བརྒྱད་པའི་ཆོ་གའི་ལག་ལེན་གྱི་སྙིང་པོ་བསྡུས་པ་གསལ་བྱེད་ནོར་བུའི་འཕྲེང་བ།next

ཡན་ལག་བརྒྱད་པའི་ཆོ་གའི་ལག་ལེན་གྱི་སྙིང་པོ་བསྡུས་པ་གསལ་བྱེད་ནོར་བུའི་འཕྲེང་བ།


GLG014_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་པའི་ཆོ་གའི་ལག་ལེན་གྱི་སྙིང་པོ་བསྡུས་པ་གསལ་བྱེད་ནོར་བུའི་འཕྲེང་བ་བཞུགས། ན་མཿསརྦ་ཛྙཱ་ཡ། གསེར་སྦྱངས་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །མཚན་དཔེའི་རི་མོ་བཀྲ་བའི་མཛེས་སྡུག་གིས། །མིག་གི་བདུད་རྩིར་མཚར་དུ་དངར་བ་ཡི། །འགྲོ་བའི་བླ་མ་ཤཱཀྱ་སེང་གེ་རྒྱལ། །གང་དེའི་རྗེས་འབྲང་གནས་བརྟན་འདུལ་བ་འཛིན། །བྲམ་ཟེའི་བཙུན་པ་ཡོན་ཏན་འོད་ལ་སོགས། །རྣམ་དག་ཚུལ་ཁྲིམས་ཙན་དན་དྲི་བསུང་གིས། །ཉོན་མོངས་ཚ་གདུང་སེལ་བའི་ཚོགས་སྤྱི་དང་། ཁྱད་པར་ཚུལ་ཁྲིམས་ཆུ་གཏེར་དབུས་གནས་ཤིང་། །སྡེ་སྣོད་ནོར་བུས་གཙུག་རྒྱན་གདེངས་ཅན་དབང་། །ལུགས་འཛིན་དཀོན་མཆོག་ཆོས་འཕེལ་བཀའ་དྲིན་དག །དྲན་ཚེ་སྙིང་ཁར་ལག་པའི་པདྨོ་ཟུམ། །ཡན་ལག་བརྒྱད་པའི་ཆོ་གའི་འཁྲིད་རིམ་གྱི། །ལག་ལེན་གསལ་བྱེད་ནོར་བུའི་འཕྲེང་བ་འདི། །རྣམ་དཔྱོད་ཚིག་གི་སྲད་བུ་ལ་བརྒྱུས་ནས། །བློ་ལྡན་སུ་དག་མགྲིན་པའི་རྒྱན་དུ་ལོང་། །དེ་ཡང་བསྙེན་གནས་ཀྱི་སྡོམ་པ་ནི། ཟླ་བ་རེ་རེ་བཞིན་གྱི་ཉ་སྟོང་ཚེས་བརྒྱད་གསུམ་གའམ་གང་རུང་ཞིག་ལ་སྲུང་ཡང་། ཚེས་གྲངས་དེའི་ནམ་ལངས་ཀྱི་དུས་གང་ཟག་གམ་རྟེན་ལྟ་བུ་ཞིག་གི་དྲུང་དུ། ཆོ་ག་ཚད་ལྡན་གྱི་སྒོ་ནས་བླངས་པ་ཞིག་དགོས་ཏེ། མཛོད་ལས། བསྙེན་གནས་ཡན་ལག་ཚང་བར་ན། ནངས་པར་གཞན་ལས་ནོད་པར་བྱ། ཞེས་སོ། །ཐོག་མར་རབ་ཏུ་བྱུང་བའམ་


GLG014_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པ་གསོ་སྦྱོང་ལ་གནས་པ་ཞིག་ལ། ཇི་སྲིད་འཚོ་བར་གྱི་ཉ་སྟོང་བརྒྱད་གསུམ་གའི་བསྙེན་གནས་ཀྱི་སྡོམ་པ་དུས་གཅིག་ལ་བླངས་ནས། དེ་ཕྱིན་ཆད་ནས་སྡོམ་པ་ལེན་ཡུལ་གྱི་གང་ཟག་མ་རྙེད་ན། རང་ཉིད་ཀྱིས་དེ་བཞིན་གཤེགས་པའི་རྟེན་གྱི་དྲུང་དུ་ལེན་པ་ཡིན་གྱི། སྔར་གང་ཟག་ལ་ལེན་མ་མྱོང་བ་ཞིག་གིས་རྟེན་གྱི་དྲུང་དུ་བླངས་ཀྱང་སྡོམ་པ་མི་སྐྱེ་ལ། སྔར་གང་ཟག་ལ་ལེན་མྱོང་ཡང་བསྲུང་རྒྱུའི་ཚེས་གྲངས་ཀྱི་ཉིན་རང་གིས་རྟེན་གི་དྲུང་དུ་མ་བླངས་ན་མི་སྐྱེའོ། །རྣམ་པར་དག་པ་མཚན་ཉིད་དང་ལྡན་པ་ཞིག་བྱེད་ན། གང་བསྲུང་རྒྱུའི་ཚེས་གྲངས་རེ་རེ་ཞིང་གང་ཟག་ལ་བླངས་པ། ཆོ་གའི་ཚིག་ཀྱང་། དུས་འདི་ནས་བཟུང་སྟེ་སང་ཉི་མ་ཤར་གྱི་བར་དུ་ཞེས་མཚམས་བཅད་པ་ཞིག་དགོས། འོན་ཀྱང་ཇོ་བོ་ཆེན་པོའི་ཕྱག་ལེན་དུ་གྲགས་པའི་དིང་སང་སྡོམ་པ་རྣམས་དུས་གཅིག་ལ་བོག་ནས་སླར་རང་གིས་ལེན་པ་འདི་ཉིད་བྱ་མི་རིགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀླུ་དང་གནོད་སྦྱིན་ལ་བསླབ་པའི་གཞི་ལྔ་ལེན་དུ་བཅུག་པ་དང་། འཕགས་པ་ཀ་ཏྱཱ་ཡ་ནས། བཤན་པ་དང་བྱི་བྱེད་པ་གཉིས་ལ་ཉིན་མཚན་གྱི་བསྙེན་གནས་སྲུང་བཅུག་པ་ལྟ་བུའོ། །ལུགས་སྔ་མ་ལྟར་ན། ཟས་མ་ཟོས་པའི་གོང་དུ་ངེས་པར་ལེན་དགོས་ལ། ལུགས་ཕྱི་མ་ལྟར་ན། ཉི་མ་མ་ཤར་གོང་དུ་བླངས་ཕྱིན་ཟས་ཟོས་ཀྱང་ཉེས་པ་མེད་དེ། མཛོད་འགྲེལ་ལས། གང་གིས་ཚེས་བརྒྱད་ལ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་སྔོན་ཡང་དག་པར་བླངས་པ་བྱས་པ་དེས་ནི་ཟས་ཟོས་ནས་ཀྱང་ནོད་པར་བྱའོ། །གཞན་ལས་ནོད་པར་བྱ་ཡི། བདག་ཉིད་ལས་ནི་མ་ཡིན་ཏེ། ཞེས་བཤད་དོ། །དེ་ཡང་ལེན་པའི་ཡུལ་ལས་རང་ཉིད་སྟན་མཐོ་བ་དང་། ལེན་ཡུལ་ལ་མ་གུས་པ་དང་། རྗེས་ཟློས་མ་བྱས་པར་མཉམ་པོར་སྨྲས་པ་དང་། ཉི་མ་ཤར་བ་དང་། རྒྱན་གསར་དུ་འདོགས་པ་རྣམས་ཀྱི་སྡོམ་པ་སྐྱེ་བའི་གེགས་བྱེད་ཡིན་ལ། སང་གི་ཉི་མ་ཤར་


GLG014_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཉི་མ་མ་ཤར་གོང་དུ་ཤི་བ། ལོག་ལྟ་སྐྱེས་པ། ཕུལ་བ་རྣམས་ནི་སྡོམ་པ་གཏོང་བའི་རྒྱུ་ཡིན་ནོ། །སྡོམ་པ་སྐྱེ་བའི་རྒྱུ་ནི། ངེས་འབྱུང་གི་བསམ་པ་ཡིན་པས། དེ་ནི། བཤེས་སྤྲིང་ལས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་འཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་པ་ལྟར། དལ་འབྱོར་གྱི་མི་ལུས་རྙེད་དཀའ་ཞིང་། ཡུན་རིང་དུ་མི་གནས་པ་གློག་འོད་ལྟ་བུར་འཆི་བའི་རྐྱེན་མང་བ་རླུང་ནང་གི་མར་མེ་ལྟ་བུ། རྐྱེན་ཆུང་ངུས་འཇིག་པ་ཆུའི་ལྦུ་བ་ལྟ་བུ། འཚོ་བའི་རྐྱེན་ཉུང་བ་དགུན་དུས་ཀྱི་ལྟེང་ཀ་ལྟ་བུ། རྙེད་པར་དཀའ་ཞིང་དོན་ཆེན་པོ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི། དུས་ད་རེས་ཐོབ་པའི་སྐབས་འདིར་འཁོར་བ་ལས་ཐར་བ་ཞིག་བྱེད་དགོས་ཏེ། འཁོར་བ་ནི་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པར་གསུངས། ཇི་སྐད་དུ། དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །སྡུག་བསྔལ་དེ་ལས་ཐར་པའི་ཕྱིར་དུ་བསྙེན་གནས་ཀྱི་སྡོམ་པ་ལེན་པ་ལ་དཀོན་མཆོག་ལ་སྐྱབས་སུ་འགྲོ་དགོས་ཏེ། མཛོད་ལས། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། ཅེས་སོ། །སྐྱབས་སུ་འགྲོ་བའི་ཡུལ་ཡང་། མི་སློབ་པའི་ལམ་བདེན་སངས་རྒྱས་དཀོན་མཆོག་ལ་སྐྱབས་སྟོན་པ་པོ། ཆོས་མྱ་ངན་ལས་འདས་པ་འགོག་པའི་བདེན་པ་ལ་སྐྱབས་དངོས། སློབ་མི་སློབ་ཀྱི་ལམ་བདེན་དགེ་འདུན་དཀོན་མཆོག་ལ་སྐྱབས་སྟོན་པ་པོའི་གྲོགས་ཞུས་ཏེ། ཇི་


GLG014_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མ་ཤི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་པ་སྙིང་ཐག་པ་ནས་བྱེད་དགོས་ཏེ། དཀོན་མཆོག་གསུམ་གྱིས་གཏན་གྱི་སྐྱབས་སུ་རུང་ལ། དེ་མ་ཡིན་པའི་སྐྱབས་ཀྱིས་གཏན་གྱི་སྐྱབས་སུ་མི་རུང་བའི་ཕྱིར། མདོ་སྡེ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་ཐར་མི་འགྱུར། །གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་འགྲོ་བ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འགགས་པ་དང་། །བདེ་གཞི་མྱ་ངན་འདས་བྱས་ནས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། ཞེས་དང་། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །ཞེས་པ་ལྟར་རོ། །སྐྱབས་འགྲོའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས། །ལྷ་གཞན་ལ་ཕྱག་མཆོད་མི་བྱེད། སངས་རྒྱས་ཀྱི་སྐུ་གཟུགས་བཤིག་པ་སོགས་སངས་རྒྱས་སྤོང་བའི་ལས་མི་བྱ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤོང་། ཆོས་སྤོང་གི་ལས་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་པ་དང་མི་འགྲོགས། དགེ་འདུན་ལ་ལོག་སྒྲུབ་མི་བྱ་བ་སོ་སོའི་བསླབ་བྱ་དང་། ཐུན་མོང་དུ་སྐྱེས་བུ་དམ་པ་ལ་བརྟེན་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱ་བ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་སྟེ་བཞི། དབང་པོ་མི་རྒོད་པ། སྡོམ་པ་ཅི་ནུས་སུ་ལེན་པ། སེམས་ཅན་ལ་སྙིང་བརྩེ་བ། དཀོན་མཆོག་མཆོད་པ་ལ་བརྩོན་པ་སྟེ་བཞི་ལ་བསླབ་དགོས་སོ། །བསྙེན་གནས་ཀྱི་ཕན་ཡོན་ནི། བྱམས་པ་ལུང་བསྟན་པའི་མདོ་ལས། བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཟླ་གཅིག་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་


GLG014_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། །ཡན་ལག་བརྒྱད་ལེགས་མཉམ་གཞག་ཅིང་། །བསྙེན་གནས་གསོ་སྦྱོང་བྱས་ན་ནི། །ང་ཡི་བསྟན་ལ་ལྷགས་སོ་ཞེས། །དོན་འདི་རབ་ཏུ་གསུང་བར་འགྱུར། །ཞེས། སངས་རྒྱས་བྱམས་པའི་བསྟན་པ་ལ་འབྲས་བུ་འཐོབ་པར་གསུངས་ཤིང་། གནས་འཇོག་གི་མདོ་ལས། གངྒཱ་ལ་སོགས་པའི་ཆུ་ཀླུང་ཆེན་པོ་ལྔ་དང་། རྒྱ་མཚོ་ཆེན་པོའི་ཆུ་བུམ་པའི་གྲངས་ཀྱིས་བཟུང་བར་ནུས་ཀྱི། བསྙེན་གནས་ཀྱི་ཕན་ཡོན་གྱི་ཚད་བཟུང་བར་མི་ནུས་ཤིང་། འཛམ་བུ་གླིང་གང་བའི་དགྲ་བཅོམ་པ་ལ་རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཐམས་ཅད་བྱིན་པའི་བསོད་ནམས་ཀྱིས། བསྙེན་གནས་ཀྱི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་འགྲོ །སྟོང་གི་ཆར་ཡང་མི་འགྲོ་བར་གསུངས་ཤིང་། ཀུན་དུ་རྒྱུ་སེན་རིང་གིས་ཞུས་པའི་མདོ་ལས། སྲོག་གཅོད་སྤངས་པས་རྡོ་རྗེའི་ལུས་དང་ལྡན་པར་འགྱུར། མ་བྱིན་ལེན་སྤངས་པས་སེན་མོ་རིང་ཞིང་དྲ་བས་འབྲེལ། འདོད་ལོག་སྤངས་པས་དབང་པོ་ཚང་ཞིང་ལུས་རྒྱས། རྫུན་དུ་སྨྲ་བ་སྤངས་པས་ལྕེས་གདོང་པ་ཁེབས། ཆང་སྤངས་པས་སེང་གེའི་སྟབས་ཀྱིས་གཤེགས། དུས་མིན་གྱི་ཟས་སྤངས་པས་ཚེམས་བཞི་བཅུ་མཉམ་ཞིང་དཀར། ཕྲེང་སོགས་སྤངས་པས་ལུས་ལ་ཚུལ་ཁྲིམས་ཀྱི་སྤོས་ཀྱིས་བྱུགས། གར་སོགས་སྤངས་པས་ལུས་མཚན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར། ཁྲི་སྟན་ཆེ་མཐོ་སྤངས་པས་སྟན་གསུམ་ལ་སྦྱོར་བར་འགྱུར། དཀོན་མཆོག་གསུམ་དང་། མཁན་སློབ་ལ་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་བྱས་པས་དབུ་གཙུག་ཏོར་དང་ལྡན་པར་བཤད་དོ། །དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་པའི་བསྙེན་གནས་ཀྱི་སྡོམ་པ་འདི་ནི། རབ་ཟླ་རེ་བཞིན་སློབ་དཔོན་ལས་ལེན་པ་དང་། དེ་ལྟར་མི་ནུས་པ་རྣམས་ཀྱིས་ཐོག་མར་སྡེབས་སུ་བླངས་ནས་སླར་རང་ཉིད་ཀྱི་ལེན་པ་དང་། ཉིན་ཞག་


GLG014_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་དུ་སྲུང་མི་ནུས་པ་རྣམས་ལ། ཉིན་མོ་ཙམ་དུ་ཡང་དག་པར་ལེན་ན། དུས་འདི་ནས་བཟུང་ནས་ཇི་སྲིད་ཉི་མ་ནུབ་ཀྱི་བར་དུ་ཞེས་དུས་ཚོད་ཡོངས་སུ་བཅད་པར་བྱའོ། །ཞེས་བཤད་པ་བཞིན་དུ་མཚན་མོ་ལེན་ནའང་། ཐུན་མཚམས་ཀྱི་དུས་སུ། དུས་འདི་ནས་བཟུང་ནས་ཇི་སྲིད་ནམ་ལངས་ཀྱི་བར་དུ་ཞེས་བྱ། ཆོ་འཕྲུལ་གྱི་ཚེས་གཅིག་ནས་བཅོ་ལྔ་འམ་ཟླ་བ་རིལ་བུའི་བར་སྲུང་ན། ཆོ་འཕྲུལ་ཆེན་པོའི་ཚེས་གྲངས་རེ་རེ་ཞིང་གི་ནངས་པར་ལེན་དགོས་སྤང་བྱ་ནི། མིའི་སྲོག་མི་གཅོད་པའི་ཤུགས་ལ་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ལ་གནོད་འཚེ་སྤོང་། གསེར་ཞོ་ཕྱེད་ཀྱི་རིན་ལོངས་པའི་དངོས་པོ་མི་རྐུ་བའི་ཤུགས་ལ། བཞད་གད་དང་རྩེད་མོའི་ཕྱིར་ཙམ་དུ་དངོས་པོ་ཆུང་ངུ་ཙམ་ཡང་མ་བྱིན་པར་མི་ལེན། ཕོ་མོ་ཕན་ཚུན་མི་ཚངས་པར་མི་སྤྱད་པའི་ཤུགས་ལ། ཆགས་སེམས་ཀྱིས་གཅིག་གིས་གཅིག་གི་ལུས་ལ་རེག་པ་ཙམ་ཡང་མི་བྱ། མིའི་ཆོས་ལས་འདས་པའི་ཡོན་ཏན་མ་ཐོབ་པ་ཐོབ་བོ་ཞེས་རྫུན་མི་སྨྲ་བའི་ཤུགས་ལ། རྩེད་མོའི་ཆེད་དུ་རྫུན་ཕྲ་མོ་གཏོང་བ་ཙམ་ཡང་སྤོང་། འདི་བཞི་རྩ་བ་དང་། ཆང་མི་འཐུང་བའི་ཤུགས་ལ། ཡིད་མྱོས་པ་ལ་བརྟེན་པའི་བག་མེད་ཀྱི་གནས་ཐམས་ཅད་སྤོང་། ལུས་ཀྱིས་གར་མི་བྱེད་པའི་ཤུགས་ལ། གླུ་དབྱངས་ལེན་པ། རོལ་མོ་དཀྲོལ་བ། ལུས་ལ་རྒྱན་ཕྲེང་བྱུག་པ་བྱེད་པ་སོགས་སེམས་རྒོད་པ་དང་། ལུས་ཀྱི་ཆས་སྒེག་པ་སོགས་བརྟུལ་ཞུགས་ཉམས་པའི་རིགས་རྣམས་སྤངས་རིན་པོ་ཆེའི་ཁྲི་དང་ཁྲི་མཐོན་པོ་གཉིས་དང་། ཉི་མའི་གུང་ཕན་ཆད་དུ་དུས་རུང་གི་སྨན་བཟའ་བ་བཞི་པོ་འདི་ཡན་ལག་ཡིན་ནོ། །དེ་ལྟར་སྤངས་བྱ་རྣམས་ཚུལ་བཞིན་དུ་མ་སྤངས་ན། སྡོམ་པ་བླངས་ཀྱང་ཕན་ཡོན་མི་འབྱུང་བ་མ་ཟད། སྟོན་པའི་བཅས་པ་དང་འགལ་བ་ལ་བརྟེན་ནས་ངན་སོང་དུ་སྐྱེ་བའི་ཉེས་དམིགས་མཐའ་ཡས་པ་འབྱུང་སྟེ།


GLG014_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རྣམ་འབྱེད་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལ་རྒྱལ་པོའི་ཚིག་ཆེན་ཡང་། །ལན་འགར་འདས་ན་ཆད་པ་ཐོབ་མི་འགྱུར། །ཐུབ་བའི་བཀའ་ལུང་ཚུལ་མིན་འདའ་བྱེད་པ། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། ཞེས་སོ། །ཚུལ་བཞིན་བསྲུངས་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། འདུལ་བ་རྒྱ་མཚོའི་སྙིང་པོ་ལས། གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །ཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །དཔྱོད་ལྡན་རྣམས་ཀྱིས་སོ་སོ་ཐར། །རྟག་ཏུ་གུས་པས་འབད་དེ་སྲུངས། ཞེས་དང་། སོ་ཐར་གྱི་མདོ་ལས། འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། ཞེས་གསུངས་པ་ལྟར། གནས་སྐབས་དང་མཐར་ཐུག་ཀུན་དུ་ཕན་པ་དང་བདེ་བ་འབྱུང་བའི་ཐབས་དམ་པའོ། །དེ་ལྟར་དུས་ཁྲིམས་རྟ་ལྗང་དབང་པོ་ཅན། ཤར་ཚེ་རྒུད་པའི་མུན་ཚོགས་འཇོམས་པ་དང་། །མངོན་མཐོ་ངེས་ལེགས་རབ་གསལ་སྣང་བའི་འོད། །རྒྱས་པར་བྱེད་འདི་བློ་གྲོས་མཁའ་ལས་འཕགས། །ཡན་ལག་བརྒྱད་པའི་ཆོ་གའི་ལག་ལེན་གྱི། །སྙིང་པོ་བསྡུས་པའི་གསལ་བྱེད་ནོར་བུའི་འཕྲེང་། །སྙིང་ནས་དལ་བའི་རྟེན་བཟང་དོན་ལྡན་དུ། །སྒྲུབ་འདོད་མང་པོར་ཕན་པས་ཡིད་དྲངས་ཏེ། །འཇམ་དབྱངས་བླ་མའི་གསུང་རྒྱུན་ཉམས་མེད་དུ། །མ་བརྗེད་ཡིད་ཀྱི་ཡོལ་གོར་རྟག་འཁྱིལ་བའི། །ཟ་ཧོར་རིགས་ཀྱི་བཙུན་པ་ལྡུམ་བུ་བས། །རྣམ་པར་རྒྱལ་བའི་ལོ་ལ་འདི་རྒྱ་ནག་གི་རྒྱལ་ཁམས་ཉུལ་བའི་དུས་སུ་སྦྱར་རོ། །མངྒ་ལཾ། ཤིང་རྟ་ལོར་གོང་ས་ལྔ་བ་ཆེན་པོའི་གསུང་བར་ཉམས་གསོས་སྐབས་གསར་བརྐོས།


previousཡན་ལག་བརྒྱད་པའི་ཆོ་གའི་ལག་ལེན་གྱི་སྙིང་པོ་བསྡུས་པ་གསལ་བྱེད་ནོར་བུའི་འཕྲེང་བ།next