Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
collapse section
  
  
 
གངས་ཅན་ལྗོངས་སུ་འདུལ་བའི་བསྟན་པ་ཇི་ལྟར་དར་ཚུལ།
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 expand section


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousགངས་ཅན་ལྗོངས་སུ་འདུལ་བའི་བསྟན་པ་ཇི་ལྟར་དར་ཚུལ།next

གངས་ཅན་ལྗོངས་སུ་འདུལ་བའི་བསྟན་པ་ཇི་ལྟར་དར་ཚུལ།


GLG014_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་གཱ་རྫུ་ནས། མ་དྲོས་པའི་མཚོ་ལས་ཆུ་བོ་བཞི་ལྟར་ཕྱོགས་ཀུན་ཏུ་ཁྱབ་པ། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོས། སྒྲ་གཅན་འཛིན་བཟང་སྤྲིན་གྱི་བཅུད་། །འཐུང་མཁས་ཀླུ་སྒྲུབ་མ་དྲོས་མཚོ། །བྷོ་ཊའི་ལྗོངས་འདིར་བསྙེན་རྫོགས་ཀྱི། །ཆུ་ཀླུང་མཐའ་དག་འདི་ལས་བབ། ཅེས་གསུངས། ཁྱད་པར་གངས་ཅན་གྱི་ལྗོངས་འདིའི་སྡོམ་རྒྱུན་སྔ་ཕྱི་མཐའ་དག་ཤིང་རྟ་ཆེན་པོ་འདི་ཉིད་ལས་བརྒྱུད་པའི་བོད་ཡུལ་འདིར་བསྟན་པ་དབུ་བརྙེས་དར་རྒྱས་སུ་བྱུང་བའི་ཕྱི་མའི་ཚེ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་ཧོར་གྱི་རྒྱལ་རིགས་ལས་སྡོམ་བརྩོན་དམ་པ་ཞི་བ་འཚོ་སྤྱན་དྲངས། ཐམས་ཅད་ཡོད་པར་སྨྲ་བའི་གནས་བརྟན་བཅུ་གཉིས་དང་བཅས་མེ་མོ་ལུག་གི་ལོ་ལ་སད་མི་མི་བདུན་བྱུང་བ་རྦ་བཞེད་ལས། བཙན་པོའི་ཞལ་ནས་སློབ་དཔོན་ངའི་བོད་ལ་དགེ་སློང་མེད་པས་ངའི་ཞང་བློན་(༡༤ན)


GLG014_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་དགེ་སློང་བཏུབ་བམ་ཞེས་ཞུས་པའི་ལན་དུ། བཏུབ་བམ་སད་པར་བྱ་གསུངས་ནས་སྐད་ལབས་པ་ཚོ་ལས་ཐོག་མར་བོད་ལ་དད་པ་ཆེ་བའི་རྦ་ཁྲི་གཟིགས་དགེ་སློང་བྱས་མ་ཐག་ཏུ་མཚན་རྦ་དཔལ་དབྱངས་སུ་བཏགས། ལྔའི་མངོན་པར་ཤེས་པ་དང་ལྡན་པས་བཙན་པོ་དགྱེས་ཏེ། དེའི་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རིན་པོ་ཆེ་ཡིན་ནོ་ཞེས་བཀའ་སྩལ་ནས་མཚན་ཡང་རྦ་རཏྣ་ཞེས་བཏགས་ཏེ། བོད་ཀྱི་རབ་ཏུ་བྱུང་བ་ལ་སྔ་བ་དེ་ཡིན་ནོ། །བཙན་པོ་ན་རེ། སློབ་དཔོན་གྱིས་ངའི་ཞང་བློན་དད་པ་ཅན་ད་རུང་རབ་ཏུ་ཕྱུང་ཞིག་ཅེས་ཞུས་པས། སད་ཅིག་གསུངས་ནས་རྦ་གསལ་སྣང་དང་། །རྦ་ཁྲི་བཞེར་གྱི་བུ་སད་ཤི་ཏི་དང་། པ་གོར་ཧེ་འདོད་ཀྱི་བུ་བཻ་རོ་ཙ་ན་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། རྨ་ཨ་ཙ་ར་རིན་ཅེན་མཆོག་དང་། ལ་གསུམ་རྒྱལ་བའི་བྱང་ཆུབ་དང་དྲུག་དགེ་སློང་བྱས་ཏེ། མིང་ཡང་ཡེ་ཤེས་དབང་པོ་དང་། སྐྱ་བོའི་དུས་ན་རྦ་གསལ་སྣང་ཟེར། སེམས་བསྐྱེད་ཞུས་ནས་རབ་ཏུ་བྱུང་བའི་མིང་། སློབ་དཔོན་བོ་དྷི་ས་ཏྭར་བཏགས། རྦ་དཔལ་དབྱངས་ལ་རྒྱ་ནག་སྐད་སང་ཤི་ཏ་ཟེར། ལ་ལ་རྦ་ཁྲི་བཞེར་གྱི་བུ་སང་ཤི་ཏ་ཟེར། དེ་ལ་སོགས་པར་བཏགས་ནས་སད་མི་མི་དྲུག་རབ་ཏུ་བྱུང་ངོ་། །ཞེས་པ་ལྟར་བསྟན་པ་སྔ་དར་ལ་དགེ་འདུན་གྱི་སྡེ་རྒྱ་ཆེར་འཕེལ་ནས་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་སྟེ། ཀླུ་སྒྲུབ་རྗེས། དྷཱིཿཡིག་འོད་ཕྲེང་ཐིག་པ་ལས་སྨིན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེས། །ཐུབ་པའི་བསྟན་ལ་ལྷག་བསམ་བརྟན་པོས་ཞི་འཚོ་རྒྱལ་བཤེས་ཚུལ་(༡༤བ)


GLG014_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་སྦྱིན། །མཁན་སློབ་ཚོགས་ལས་བོད་ཀྱི་བློ་གསལ་སད་མི་བདུན་ཞེས་བསྙེན་པར་རྫོགས། །གངས་རིའི་ལྗོངས་འདིར་རབ་བྱུང་འདུལ་བའི་བསྟན་པ་རྨ་མེད་དེ་ནས་བྱུང་། ཞེས་གསུངས། རྒྱལ་པོ་དར་མས་བསྟན་པ་བསྣུབས་པའི་གཏམ་གསན་པས། ཆུ་བོ་རིའི་སྒོམ་གྲྭ་ནས་སྟོད་ལུང་དམར་ཤཱཀྱ་མུ་ནེ་དང་། བོ་དོང་པ་གཡོ་དགེ་འབྱུང་དང་། བཞད་ཀྱི་གཙང་རབ་གསལ་དང་གསུམ་གྱིས་འདུལ་མངོན་གྱི་དཔེ་ཆ་དྲེའུ་གཅིག་གི་རྒྱབ་ཁལ་དང་བཅས་གསང་ཐབས་ཀྱིས་མངའ་རིས་སུ་བྲོས། དེར་ཡང་བཞུགས་མ་ནུས་པར་བྱང་ལམ་བརྒྱུད་ནས་མདོ་སྨད་རྨ་ལུང་དུ་རྡོ་རྗེའི་བྲག་ར་ཨན་ཆུང་གནམ་རྫོང་དན་ཏིག་ཤེལ་གྱི་ཡང་དགོན་དུ་བསྒོམ་གྱིན་བཞུགས་པ། དེའི་ཚེ་འགྲོ་སྟག་སྣང་ཁྲི་ཞེས་པའི་རྒྱལ་པོའི་བློན་པོ་ཞིག་གིས་ལོ་སུམ་ཅུ་རྩ་ལྔ་པ་ལ་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས་བཙོང་ཁ་བདེ་ཁམས་སུ་ཆུ་བྱིར་བོན་པོའི་བུ་ཤེས་རབ་ཅན་ཞིག་ཏུ་འཁྲུངས་པས་མུ་ཟུ་གསལ་འབར་དུ་བཏགས། ནར་སོན་ནས་ནོན་འཇམ་དཔལ། ཁང་རིན་ཅེན་རྡོ་རྗེ། སྐྱི་རྒྱལ་བའི་གཙུག་ཏོར། ནམ་དགའ་ལྡན་བྱང་ཆུབ་སོགས་བླ་མ་བསྟེན་ནས་མདོ་སྔགས་ཀྱི་ཆོས་དུ་མ་ནོས། འཁོར་བའི་སྡུག་བསྔལ་བསལ་ནས་ཐར་པ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོར་བདག་གིས་རབ་ཏུ་བྱུང་བར་བྱ། །ཞེས་གསུངས་ནས། གཙང་གི་མཁན་པོ་དང་གཡོས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་བའི་མཚན་དགེ་བ་རབ་གསལ་དུ་བཏགས། དེ་ནས་རིང་ཞིག་ལོན་པ་ན་གོང་(༡༥ན)


GLG014_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཁན་སློབ་གཉིས་དམར་གྱིས་གསང་སྟོན་རྒྱའི་ཧྭ་ཤང་ཀེ་དབང་དང་འབག་གིས་ཁ་སྐོང་མཛད་ནས་བསྙེན་པར་རྫོགས་ཤིང་ཕྱིས་ཐུགས་རབ་ཤིན་ཏུ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། མི་ཉག་གྷའི་ཡུལ་དུ་གོ་རོང་སེང་གེ་གྲགས་ལ་འདུལ་བ་གསན། ཀྭ་འོད་མཆོག་གྲགས་ཞེས་ལྷོ་བལ་ནས་ཆོས་མང་པོར་སྦྱངས་པ་ཞིག་ཁམས་སུ་བྱོན་པར་འབུམ་ཊཱིཀ་སོགས་ཞུས། རི་དནྟིག་ཏུ་བཞུགས་པའི་ཚེ་སྤ་གོར་ཡེ་ཤེས་གཡུང་དྲུང་དང་བར་གནས་བརྟན་གྲགས་གཉིས་རབ་ཏུ་བྱུང་བས་སྤ་བར་གཉིས། ཇ་ཅོག་གཉིས། བཞད་སྲགས་གཉིས། འལ་གནུབས་གཉིས། ཟོང་མཚུར་གཉིས་སོགས་འདུལ་འཛིན་མང་དུ་བྱོན། དེ་དག་གི་སྐབས་ཡུམ་བརྟན་དང་། འོད་སྲུངས་ནས་རྒྱལ་རབས་གསུམ་གྱི་བར་ལ་བོད་དབུས་གཙང་ན་སྡོམ་པ་འབོགས་ལེན་ལྟ་ཞོག་རབ་བྱུང་གི་གཟུགས་བརྙན་ཚང་བ་ཡང་མེད། ཉན་བཤད་ལྟ་ཞོག་ནད་པའི་རིམ་གྲོ་ལ་ཀློག་འདོན་རེ་ཙམ་བྱེད་པ་ན་དམར་པོ་འདི་རྣམས་ནག་པོ་འདི་རྣམས་ཀྱིས་འཆད་པ་འདྲ་ཞེས་པ་ལས་མེད་པ་ལོ་བདུན་ཅུ་བྱུང་ངོ་། །དེ་རྗེས་སྨད་ན་བསྟན་པ་ཅུང་ཟད་ཚུགས་པའི་སྐད་ཆ་དབུས་གཙང་དུ་སླེབས། མངའ་བདག་ཚལ་ནས་ཡབ་སྲས་སོགས་ལ་སངས་རྒྱས་ཀྱི་འཕྲིན་ལས་ཅུང་ཟད་ཞུགས་ནས། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་སྟོན། རྦ་ཚུལ་ཁྲིམས་བློ་གྲོས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་ཏེ་དབུས་པ་ལྔ་མདོ་སྨད་དུ་བརྫངས། དེའི་སྐད་གཙང་གི་བཙན་པོ་རྣམས་ཀྱིས་ཀྱང་གསན་ཏེ། ལོ་སྟོན་རྡོ་རྗེ་དབང་ཕྱུག །ཆང་བཙུན་ཡེ་ཤེས་(༡༥བ)


GLG014_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ །མངའ་རིས་འོད་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་ཀར་རྣམས་ཀྱང་བརྫངས། གཙང་གཡོ་དམར་གསུམ་བགྲེས་པས་མཁན་པོ་མི་འཁྱོངས་གསུངས་ནས་སློབ་དཔོན་དང་བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་མཛད་དེ་རབ་བྱུང་བསྙེན་རྫོགས་གནང་། འདུལ་བ་བསླབས་ཏེ་ཡར་ཕེབས་ནས་དབུས་གཙང་གི་མི་བཅུ་བཙན་པོ་རྣམས་ཀྱི་བླ་མཆོད་དུ་གྱུར། ཀླུ་མེས་ལ་གནས་གཞི་འཛིན་པའི་སློབ་མ་ཀ་བ་བཞི་གདུང་དྲུག་སོགས་གྲགས་པའི་ཀ་བ་བཞི་ནི། གྲུ་མེར་ཚུལ་བྱུང་། ཞང་སྣ་ནམ་རྡོར་དབང་། རྔོག་བྱང་འབྱུང་། གླན་ཡེ་ཤེས་རབ་བོ། །དེ་བཞིས་རིམ་བཞིན་གསོལ་ནག་ཐང་ཆེན། སྟོད་ལུང་ར་ཙག །ཡེར་པ་བ་རང་། རྒྱ་གསེར་སྒང་སོགས་བརྩིགས་ནས་མང་དུ་མཆེད་པས་རང་སྡེ། ཞང་སྐོར། རྔོག་ཚོ་གླན་སྐོར་དུ་གྲགས་སོ། །འབྲིང་གིས་ངན་ལམ་སྤྱི་མོ་བརྩིགས་པ་ནས་མཆེད་པ་འབྲིང་ཚོ་ཟེར་ཏེ། གསང་ཕུ་སྙེ་ཐང་སོགས་ཀྱང་དེ་བཞིན་ནོ། །རྦས་ལུང་གྱུར་ལྷ་ཁང་བརྩིགས་ནས་མཆེད་པ་ལ་རྦ་ཚོ་ཟེར་ཏེ། རག་ཤིས་ཀ་ཚལ་བཟུང་བ་ནས་མཆེད་པ་ལ་རག་ཚོའོ། །གཙང་དུ་ལོ་སྟོན་གྱིས་ཞ་ལུ་རྒྱན་གོང་བརྩིགས་པ་ནས་མཆེད་པ་ལ་ལོ་ཚོ། ཚོང་བཙུན་གྱིས་རྩིས་ཀྱི་ཡང་དབེན་བཟུང་བ་ནས་མཆེད་པ་ལ་ཚོང་ཚོ་སྟེ་དེ་གཉིས་ཤིན་ཏུ་མང་། གཙང་པ་གཞན་གསུམ་དང་སུམ་པ་ལས་མཆེད་མ་ཐུབ་པས་དབུས་གཙང་གི་མི་དྲུག་ཏུའང་བྱེད་དོ། །འ་ཞ་ཡེ་ཤེས་གཡུང་དྲུང་གིས་བླ་ཆེན་གྱི་མཁན་བུ་ཏྲེ་བོ་མཆོག་བླ་ལ་བཀའ་དྲིན་ཞུས་པས་ངས་ཆབ་གཏོར་བཏང་ལ་འོང་གིས་གསུང་བའི་བར་དེར་(༡༦ན)


GLG014_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་གྲོངས་པས་དེ་ག་སྡོམ་པར་ངོས་བཟུང་ནས་དེའི་རྒྱུན་སྤེལ་བ་ལ་དགེ་ཚུལ་ཆུ་གཏོར་མར་གྲགས། འབྲེ་གཞོན་ཚུལ་གྱིས་བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་ལ་སྡོམ་པ་ཞུས་པས། དེར་བས་ཟེར་བའི་ངང་ལས་འདས་པས་སྡོམ་པ་ཐོབ་པར་བརྩིས་པས་སྡོམ་པ་དེར་བས་མར་གྲགས། འ་འབྲེ་གཉིས་ནས་གཙང་གི་ཕྱོགས་སུ་གནས་གཞི་དང་སྡེ་རྒྱ་ཆེར་འཕེལ་ཚུལ་ཀུན་མཁྱེན་བུའི་ཆོས་འབྱུང་དང་སྟག་ཚང་ལོ་ཙཱ་བའི་སྡོམ་གསུམ་འགྲེལ་པར་འབྱུང་ཞིང་། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་རྣམ་ཐར་དུ་འ་ཞའི་སྡོམ་རྒྱུན་དེར་བས་མ་ཡིན་ཚུལ་བྱུང་བ་སྔོན་གྱི་ཡིག་ཚང་སོ་སོར་བརྟེན་པས་ཁུངས་ཆེའམ་སྙམ་ཀྱང་དཔྱད་དོ། །དེ་དག་གི་ནང་ནས་གཙོ་ཆེར་ཀླུ་མེས་ནས་གྱེས་པ་ནི། དངོས་སློབ་ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན་ལ་འདུལ་བའི་བཀའ་བབས། དེ་ལ་བུ་བཞི་སྟེ། གླན་ཚུལ་བྱང་། ཀ་ཆུ་བ་ཚུལ་འབྱུང་། སྣེ་པོ་གྲགས་རྒྱལ། འཛིམ་པ་ཤེར་འོད་དོ། །ཕྱི་མ་གསུམ་ལ་རིམ་བཞིན། ཉང་མཚམ་པ་རིན་ཅེན་བླ་མ། སོག་ཚུལ་ཁྲིམས་བླ་མ། ཀོ་ཁྱིམ་པ་ཡེ་ཤེས་བླ་མའོ། །དེ་གསུམ་དང་འཛིམ་པ་ལས་གཞན་གསུམ་ལ་རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་ཀྱི་གསན་ནས་དམ་ཆོས་འདུལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛད་དེ། སྔ་ཚར་ཕྱི་ཚར་བར་ཚར་གྱི་སློབ་མ་བྱུང་། །སྔ་ཚར་ལ་དབུས་ཀྱི་ཀ་བ་རྨ་ཚོ་བྱང་རྡོར་དང་ནག་པོ་དར་ཚུལ། གཙང་གི་ཀ་བ་མཐའ་བཞི་བརྩོན་འགྲུས་འབར་དང་འདར་འདུལ་འཛིན། བར་ཚར་གྱི་གསོ་ཚུལ་འཕགས། ཕྱི་ཚར་ས་སྐྱའི་བྲག་དམར་(༡༦བ)


GLG014_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་བུ་སྟེ། རྨ་ཚོ་ནས་བྱ་འདུལ་སོགས་དང་། འདར་འདུལ་ནས་ཤ་མི་སོགས་དང་། ཀྱི་པོ་རྣམས་ལ་བྱ་ཀྱི་ཤ་གསུམ་ལ་འདུལ་བ་འཆད་ཅེས་གྲགས་སོ། །བསྟན་པ་ཕྱི་དར་གྱི་ལོ་ཆེན་རིན་བཟང་སོགས་སྔ་རབས་པའི་སྡོམ་བརྩོན་ཕལ་ཆེར་དང་། བཀའ་གདམས་ཀྱི་བཤེས་གཉེན་རྣམས་བླ་ཆེན་གྱི་སྡོམ་རྒྱུན་འདི་ལ་བརྟེན་ནས་སྡོམ་བརྩོན་མཛད་པས་རྣམ་པར་མ་དག་གོ་ཞེས་སྐུར་པ་བཏབ་ན་ཆོས་སྤོང་གི་སྒྲིབ་པ་ཆེན་པོ་གསོག་ལ། བླ་ཆེན་པོས་བསྙེན་རྫོགས་མཛད་པའི་ཚེ་ཁ་སྐོང་བའི་དགེ་འདུན་ལ་རྒྱ་བན་དེ་བྱུང་བ་སོམ་ཉིར་བྱུང་བ་དང་། ཆབ་གཏོར་མ་དང་དེར་བས་མའི་རྒྱུན་ཡང་མང་གཤིས་ཉེས་མེད་ཕུན་ཚོགས་ལ་ཡང་ཤེས་ལྡན་རྣམས་དཔྱད་པ་མཛད་པར་སྣང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ངྷརྨཱ་པཱ་ལ་སྤྱན་དྲངས། འདུལ་བའི་བཤད་པ་དང་ལག་ལེན་མཛད་པའི་སློབ་མའི་གཙོ་བོ་སཱ་ངྷུ་པཱ་ལ། གུ་ཎ་པཱ་ལ། པྲཛྙཱ་པ་ལ་སྟེ། པཱ་ལ་གསུམ་ལ་སོགས་པའི་སློབ་མ་མང་དུ་བྱུང་སྟེ། དེ་རྣམས་ལས་བརྒྱུད་པ་ལ་སྟོད་འདུལ་པར་གྲགས་ཤིང་། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོས། ཀླུ་སྒྲུབ་ཞལ་གྱི་པདྨ་ལས་འཁྱུད་རྒྱ་གར་ཤར་ཕྱོགས་མཁས་པའི་གཙོ། །དྷཱརྨ་པཱ་ལ་དེ་སློབ་མཁན་བུ་ཚུལ་ཁྲིམས་དྲི་ལྡན་པཱ་ལ་གསུམ། །ཞང་ཞུང་འདུལ་འཛིན་རྒྱལ་བ་ཤེས་རབ་པྲ་ཛྙ་པཱ་ལའི་མཁན་བུ་སྟེ། །སྟོད་ལུགས་འདུལ་བ་བརྒྱུད་པ་གཉིས་ལྡན་གཞན་ལས་ལྷག་ཅེས་རང་གིས་བསྟོད། །དེ་ཡང་སྒྲུབ་པ་ཉམས་ལེན་དང་། །བཤད་པའི་རྒྱུད་དང་གཉིས་ཡིན་ཟེར། །ཕྱག་ལེན་བཤད་པ་རང་བཟོ་ཞེས། །གཞན་ལ་བརྣག་དཀའི་ཚིག་མདའ་(༡༧ན)


GLG014_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་ཞེས་གསུང་། ཁ་ཆེའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་བོད་ཡུལ་དུ་སྤྱན་དྲངས། ཆུ་ཤུལ་སྲོག་མ་དགོན་པར་ཉིན་གཅིག་ལ་མི་བཅུ་གཅིག་བསྙེན་པར་རྫོགས་པའི་ནང་ནས་གྲོ་ཤུལ་བ་ཁེར་གད་བྱང་ཆུབ་དཔལ་དང་། གཙང་པ་རྡོ་རྗེ་དཔལ་གཉིས་མཁན་པོའི་གཙོ་བོར་གྱུར། པཎ་ཆེན་ལ་སྟོད་ནས་ཕེབས་པའི་ཚེ་གཙང་སོ་བ་བསོད་ནམས་མཛེས་བྱ་བས་ཁོ་བོ་དགེ་སློང་གི་བསླབ་པ་བླངས་ནས་ལྟུང་བས་སྐད་ཅིག་ཀྱང་མ་གོས་པའི་དགེ་བ་དེ་རྫོགས་བྱང་དུ་བསྔོ་བ་ཞུ་ཞུས་པས་ཤིན་ཏུ་མཉེས་ནས་ཐུགས་ཀར་ཐལ་མོ་སྦྱར་ཏེ་བསྔོ་རྒྱུ་ཤིན་ཏུ་བཟང་། ངའི་མཆོད་གནས་བྱེད་གསུངས་ནས་ཞམ་རིང་དུ་འཁྲིད་པ་དེ་བྱང་རྡོར་གཉིས་ཀྱི་གྲོགས་སུ་བཏང་ནས་ཟུལ་ཕུའི་ན་བཟའ་འཕྲེང་གསོལ་ལ་འདུལ་བ་སློབ་པར་བཏང་། པཎ་ཆེན་རྒྱ་གར་དུ་ཐེག་སྐབས་བྱང་རྡོར་གཉིས་ཀྱིས་ཕྱགས་ཕྱིར་འགྲོ་བར་ཞུས་པས་ཚད་པ་མི་ཐུབ་གསུངས་ནས་མ་གནང་བར་གཙང་སོ་བ་ལ་བརྟེན་ནས་འདུལ་བ་སྤེལ། དགེ་འདུན་བཞི་སྡེ་དང་མ་བྲལ་བ་གྱིས་གསུངས། རྡོ་རྗེ་དཔལ་བས་སྙེ་མོ་ཚག་མིག་ཚོགས་པ་བཙུགས། སློབ་མ་གཞུ་བ་དཔལ་དཀོན་ཅོག་རྒྱལ་མཚན་གྱིས་བྱེ་རྫིང་ཚོགས་བཙུགས། བྱང་ཆུབ་དཔལ་གྱིས་ཚོགས་དགེ་འདུན་སྒང་བཙུགས། དེའི་སློབ་མ་དབུ་མཛད་བསོད་ནམས་སྟོབས་ཀྱིས་ཆོས་ལུང་ཚོགས་པ་བཙུགས་པས་ཚོགས་སྡེ་བཞིར་གྲགས། ཉང་སྟོད་རྒྱན་གོང་གི་གཙུག་ལག་ཁང་དུ་འཇམ་མགོན་ས་སྐྱ་པཎྜི་ཏས་ཁ་ཆེ་པཎ་ཆེན་ལ་བསྙེན་པར་རྫོགས་པས་བྱང་རྡོར་གཉིས་དང་ས་ལོ་ནས་འཕེལ་བར་པཎ་ཆེན་(༡༧བ)


GLG014_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པར་གྲགས་པས། ཀླུ་སྒྲུབ་རྗེས། འཛམ་གླིང་ཡོངས་ལ་སྙན་གྲགས་མཁན། ཁ་ཆེའི་མཁན་པོ་ཤཱཀྱ་ཤྲཱི། ཁྲོ་ལོ་དད་པའི་ལྕགས་ཀྱུ་ཡིས། །བསྟན་འགྲོའི་དཔལ་དུ་སྤྱན་དྲངས་ཚེ། །མཁན་བུའི་གཙུག་རྒྱན་ལྔ་རིག་དབང་། །ཞི་དུལ་གཙང་མཁས་ས་ལོ་ཙཱ། །རྡོར་བྱང་ལ་སོགས་བསམ་མི་ཁྱབ། །དེང་སང་འདི་ན་བསྟན་པའི་གཞི་མ་བསྙེན་རྫོགས་སྡོམ་པ་ཆུ་བོའི་རྒྱུན། །ས་ལེ་རྡོར་བྱང་ཞལ་ལས་འཐུང་ཡིན་སྟོད་སྨད་ལ་སོགས་ཆུའི་གད་མོ། །འཐུངས་པས་མི་ངོམས་རེག་ན་འཇིག་ཅེས་འདུལ་འཛིན་འགའ་ཞིག་ཐུགས་མི་ཚིམ། །སྡོམ་པའི་རྒྱུན་དང་སྡོམ་པའི་རྒྱུ་ཚོགས་གཟུ་ལུམ་མ་བྱེད་བརྟགས་པས་འཆོང་། ཞེས་གསུངས། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཀུན་མཁྱེན་བུ། རྒྱལ་སྲས་ཐོགས་མེད་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་སོགས་ཕྱིས་ཀྱི་མཁས་གྲུབ་ཕལ་ཆེར་པཎ་ཆེན་བརྒྱུད་ལས་སྡོམ་པ་བཞེས་པ་མང་ཞིང་། པཎ་ཆེན་བྱམས་པ་གླིང་པས་གསང་སྔགས་མཁར་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཁན་པོ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་ལས་སློབ་མཛད་ནས་བསྙེན་པར་རྫོགས། དེའི་མཁན་བུ་ཀུན་མཁྱེན་རྡོ་རྗེ་གདན་པ་ཡིན་པས་སྡོམ་རྒྱུན་འདི་རྣམ་པར་དག་ཀྱང་རྒྱལ་ཚབ་རྗེ་སྟོད་འདུལ་བའི་བརྒྱུད་པར་སོང་གཤིས། པཎ་ཆེན་བརྒྱུད་འཕེལ་ལ་རེའི་ཐུགས་ཞེན་གྱིས་བསྙེན་རྫོགས་ཀྱི་མཁན་པོ་མ་མཛད་སྐད་དོ། །ཐམས་ཅད་མཁྱེན་པ་ཡེ་བཟང་རྩེ་བའི་ཞལ་སྔ་ནས་ཀྱིས་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་སྐབས་(༡༨ན)


GLG014_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གཉལ་གྱི་མོ་ལའི་རྩར་ཞག་ས་མཛད་པས། ཁྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བ་ཞིག་འོང་བར་ཤེས་པར་གྱིས་ཤིག །ཅེས་པའི་ལུང་བསྟན་པ་བརྙེས། ཡི་དམ་གྱིས་ཀྱང་འདུལ་བའི་བསླབ་པ་ལ་བརྟེན་ནས་གཞན་ལ་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས་ཐོག་མར་དཔོན་སློབ་རྣམས་ཀྱི་བླ་གོས་དྲས་ཤིང་དྲུབས་པ་དང་ལྷུང་བཟེད་དང་གདིང་བ་ལ་སོགས་པའི་ཡོ་བྱད་རྣམས་བསྣམས་ནས་གཞན་དག་གིས་མཐོང་ན་རབ་ཏུ་བྱུང་བའི་ཚུལ་འདི་ལྟ་བུ་ཞིག་ཁོ་ནའོ། །ཞེས་ཡིད་ཆེས་པར་འགྱུར་བར་མཛད་ནས་ཕྱིས་ནི་ལོ་རེའམ་ཟླ་རེ་ཙམ་ཆོས་ཉན་པར་རྩོལ་བའི་སློབ་མ་དག་ཀྱང་འདུལ་བའི་ཀུན་ཏུ་སྤྱོད་པ་ལ་བཀོད་པས་མངོན་སུམ་དུ་གྱུར་བ་ལྟ་ཞོག །རྒྱང་རིང་པོ་ནས་ཐོས་པ་དག་ཀྱང་སྤུ་ལོང་གཡོ་བས་ཕྱོགས་ཐམས་ཅད་དུ་སྙན་པས་ཁྱབ་སྟེ་འགྲན་ཟླ་མེད་པར་གྱུར་ཞེས་དང་། རྗེ་བཙུན་དེའི་བཀའ་དྲིན་ལས་ཞལ་མ་མཐོང་ཞིང་ས་ཕྱོགས་རིང་ན་གནས་པའི་རབ་ཏུ་བྱུང་བ་དག་ཀྱང་དྲས་དྲུབས་མ་དང་གདིང་ལྷུང་ལ་སོགས་པའི་ཡོ་བྱད་བསྲེལ་བ་དང་ཕྱི་རོལ་ཡང་སྡུད་མ་སྤངས་ཏེ་ཟླ་གམ་གྱོན་པ་དང་ཞྭའི་མདོག་ཀྱང་གསེར་མདོག་ཏུ་བྱེད་པ་འདི་ཡིན་ནོ། །འདི་དག་ནི་ཐུན་མོང་དུ་སྣང་བའི་ཆེ་བ་ཙམ་ཞིག་བརྗོད་པ་སྟེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་མཁན་ཆེན་ལས་ཀྱི་རྡོ་རྗེ་ལ་བཀའ་སྩལ་པའི་ཡི་གེ་ལས། ང་ལག་ན་རྡོ་རྗེས་ཀྱང་མ་ཏི་བྷ་དྲ་ཀཱིརྟི་ཤྲཱིའི་ཡོན་ཏན་གྱི་མཐའ་རྟོགས་པར་མི་ནུས་སོ་གསུང་། ཚད་མ་ལས་ནི་འདིའི་ཕྱི་མ་ལ་དགའ་ལྡན་དུ་བྱང་ཆུབ་སེམས་དཔལ་འཇམ་དཔལ་སྙིང་པོར་གྱུར་རོ་ཞེས་བྱ་བ་དང་། (༡༨བ)


GLG014_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ་ན་དེ་བཞིན་གཤེགས་པ་སེང་གེའི་ང་རོར་འགྱུར་རོ་ཞེས་བྱ་བ་དག་ལ་ཡིད་འཁྱོག་པ་མེད་ཅིང་ཤིན་ཏུ་མཐོ་བའི་ས་ལ་བཞུགས་པ་ཞིག་འདིར་སེམས་ཅན་གྱི་དོན་དུ་བྱོན་ནོ་ཞེས་རྒྱ་ཆེར་བསྔགས་པའི་ཡུལ་གངས་རིའི་ལྗོངས་འདིའི་བསྟན་པའི་ཉི་མ་གཅིག་པུ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཀྱང་ཡར་ཀླུངས་རྣམ་རྒྱལ་དུ་ཚག་མིག་མཁན་ཆེན་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས་པར་མཛད་དོ། །པཎ་ཆེན་བརྒྱུད་པར་རྣམ་གྲངས་མང་ན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས། ཡོན་ཏན་བཤེས་གཉེན། རིན་ཅེན་བཤེས་གཉེན། ཆོས་ཀྱི་བཟང་པོ། གུ་ཎ་པ་ཏི། ཆོས་ཀྱི་ཕྲེང་བ། འབྱུང་གནས་སྦས་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི། འཇམ་དབྱངས་ས་སྐྱ་པཎ་ཆེན། ཁང་སྟོན་འོད་ཟེར་རྒྱལ་མཚན། མཉམ་མེད་གྲགས་པ་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། བོ་དོང་དགེ་ལེགས་བཟང་པོ། སྔགས་འཆང་ཨཱ་ནནྟ་པ། སྒྱེ་ཆུ་བ་བྱམས་པ་ཆོས་རིན་ཅེན། སྒྱེ་ཆུ་བ་བརྩོན་འགྲུས་རྒྱ་མཚོ། སྒྱེ་ཆུ་བ་ཆོས་རྒྱལ་དཔལ་འབྱོར། སྒྱེ་ཆུ་བ་ནམ་མཁའ་རྒྱལ་མཚན། སྒྱེ་ཆུ་བ་ནམ་མཁའ་དབང་ཕྱུག །རྗེ་སངས་རྒྱས་འོད་ཟེར། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ། འཇམ་དབྱངས་དགའ་བའི་བཤེས་གཉེན། འདིར་སྐྱིད་གཤོངས་རྗེ་དཔོན་མང་ཐོས་གྲགས་པ་རྣམ་རྒྱལ། ལྷ་ཁང་མཁན་ཆེན་བྱམས་པ་བསོད་ནམས་བཀྲ་ཤིས། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་རིན་པོ་ཆེ་གནས་བརྟན་ཉེ་བར་འཁོར་གཉིས་པ་རིན་ཅེན་བསོད་ནམས་(༡༩ན)


GLG014_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སླར་ཡང་ཕྱོགས་ཀུན་ཏུ་དར་རྒྱས་སུ་མཛད་དོ། །གཉིས་པ་དེ་དག་གི་དོགས་གནས་ལ་མཐའ་དཔྱད་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་དུས་བསྒོའི་མཇུག་ཏུ། ཀྱེ་མ་གངས་ཅན་ཁྲོད་འདི་ན། །མཁན་སློབ་ཁྱིམ་པས་བྱེད་པ་དང་། །སྡོམ་པ་གཏོར་མས་ལེན་པ་དང་། །དུས་བསྒོ་ཧོར་ཟླས་བྱེད་པ་མང་། །མདོ་དང་ཀརྨ་ཤ་ཏམ་དུ། །ལོ་ཟླ་ཚེས་གྲངས་བཤད་པ་མེད། །ཟླ་བ་བདུན་པའམ་བརྒྱད་པ་ནས། །ལོ་འགོ་འཛིན་པའང་མདོ་དང་འགལ། །མང་དུ་སྨྲས་ན་དགྲ་སོགས་སྡང་། །མ་སྨྲས་ལག་ལེན་འཆོལ་པར་སྤྱོད། །འདི་འདྲའི་དུས་ལ་བབ་པ་ན། །བདག་ལྟ་བུ་ལ་ཅི་བྱ་ཡོད། ཅེས་དང་། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ་གྱི་ཞུ་ཡིག་ཐུགས་རྗེ་བསྐུལ་བ་ལས། ཁྱིམ་པ་རྣམས་ཀྱིས་མཁན་སློབ་བྱེད་ཅིང་ཧོར་འདྲས་ཁ་བསྐོང་སྡོམ་པ་གཏོར་མས་ལེན་པར་བྱེད་ཅིང་བསྒྲུབ་བྱ་ཐག་རྒྱས་འཇལ་བར་བྱེད། སྲོག་གཅོད་རྫུན་སྨྲ་མ་བྱིན་ལེན་སོགས་ཕམ་པས་དཀྲིས་ཀྱང་མཁན་སློབ་བྱེད་ཅིང་སྡོམ་བརྩོན་གཞན་ལ་རྣམ་པ་སྣ་ཚོགས་ཀྱིས་སྐུར་བ་འདེབས། རྩ་བཞི་སྡོམ་ཀྱང་ལྷག་མ་ལ་སོགས་བག་ཡངས་སྤྱོད་ཅིང་བླང་དང་དོར་བར་བྱ་བ་མི་ཤེས་དགེ་སློང་ཡིན་ཞེས་བདག་ལ་བསྟོད། ཅེས་སོགས་གསུངས་པ་ལྟར། བསྟན་པའི་འཕེལ་འགྲིབ་ཀྱི་དབང་གིས་ལག་ལེན་འཆོལ་བར་སྤྱོད་པ་སྣ་ཚོགས་ཤིག་འབྱུང་བའི་མཁན་པོ་ཁྱིམ་པས་བྱེད་པ་ནི། རྭ་ལོ་ཆེན་པོར། སྐྱོ་འདུལ་འཛིན་ན་རེ། ཁྱེད་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་ལ་མཁན་པོར་འོས་པའི་(༡༩ན)


GLG014_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མ་ཚང་སྟེ། མཁན་པོ་བྱ་བ་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའི་དགེ་སློང་འདུལ་བའི་སྡེ་སྣོད་ཤེས་པ་དགོས་པ་ལ། ཁྱེད་ནུབ་ཀྱི་རིགས་སུ་ཤ་ཆང་ལ་ལོངས་སྤྱོད། སྐབས་སུ་མི་ལ་མཐུ་གཏད་བཏང་ནས་གསོད། ལྐོག་ཏུ་བུད་མེད་བསྟེན་པས་གཞན་གྱི་མཁན་པོ་བྱས་ན་བསྟན་པ་ལ་གནོད་ཟེར་ཞིང་། གཞན་ཡང་མང་པོའི་གསེབ་ཏུ་ཆོས་གཏམ་ལ་བསྙད་བཏགས་ནས་ངན་སྨྲས་མང་དུ་བྱས་པ་ན། དེར་རྭ་ཆེན་ཐུགས་ཅུང་ཟད་ཁྲོས་པའི་རྣམ་པས་འདི་སྐད་གསུངས་ཏེ། ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། །དམ་ཉམས་གསོད་པ་སྔགས་ཀྱི་དམ་ཚིག་ཡིན། །བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ང་ཡིས་དེ་ལྟར་ཤེས་པའི་གནས་སྐབས་ན། །འདུལ་འཛིན་དགེ་སློང་དག་དང་འགལ་བ་མེད། །དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་ཀྱང་། །ཞག་བདུན་ཐོ་རངས་གཤེགས་སུ་གསོལ་བར་བྱ། གསུངས་པས། མཁན་པོ་དེ་ཞག་བདུན་ན་ལུས་ངག་ཡིད་གསུམ་རེངས་ནས་འདས་པས་རྭ་ཆེན་རིག་པ་འཛིན་པ་ཆེན་པོ་ལ་ལས་རྒྱ་བསྟེན་པ་སོགས་གྲོགས་སུ་འགྱུར་ནའང་། དེ་རྒྱུ་མཚན་དུ་བྱས་ནས་མཁན་པོ་མཛད་མི་རིགས་པར་མངོན་ཏེ། ཤྲཱི་ནཱ་ལནྡའི་མཁན་པོ་གནས་བརྟན་ཆེན་པོ་དཔལ་ལྡན་ཆོས་སྐྱོང་ལྟ་བུའང་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ནས་བིརླ་བར་གྲགས་པའི་ཚེ་མཁན་པོ་མ་མཛད་ཅིང་། དེས་མཚོན་ནཱ་རོ་ཏ་པ་སོགས་གྲུབ་ཆེན་མང་པོའང་སྐུ་ཚེའི་སྟོད་སྨད་ཀྱི་མཛད་འཕྲིན་མི་གཅིག་པ་སོ་སོར་ཡོད་ཅིང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གདུལ་བྱའི་རང་སྣང་དུ་ཡོན་ཏན་(༢༠ན)


GLG014_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་སངས་རྒྱས་གཞན་ལས་ཁྱད་ཞུགས་པ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་དེས་ཀྱང་བོད་དུ་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལས་རབ་བྱུང་གི་མཁན་སློབ་མ་མཛད། དེར་མ་ཟད་འོ་སྐོལ་གྱི་སྟོན་པས་ཀྱང་རྡོ་རྗེ་འཆང་གི་སྐུའི་རྣམ་པས་གཞན་ལ་ཉན་ཐོས་ལུགས་ཀྱི་སོ་ཐར་གྱི་སྡོམ་པ་ཕོག་པ་མེད་པས། ཚད་ཐུབ་ཀྱི་དཔང་པོ་རྣམས་ལ་འཐད་མི་འཐད་ཀྱི་རྣམ་དབྱེ་ཡོད་མོད། བོ་དོང་པཎ་ཆེན་འཇིགས་བྲལ་གྱིས་ཤེལ་དཀར་རྡོར་འཛོམ་གསང་ཡུམ་དུ་བསྟེན་པའང་རྭ་ལོའི་རྣམ་ཐར་དང་མཚུངས་པར་མངོན་ཞིང་། དུས་ཕྱིས་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོ་དང་། ཟལ་མོ་བྲག་སྐུ་སྐྱེ་སྔ་རྟིང་འཇམ་མགོན་སྐུ་སྐྱེ་སོགས་ཀྱིས་མི་ཚངས་པར་སྤྱོད་པ་ལ་འཛེམ་བག་མེད་བཞིན་དུ་མཁན་པོའི་བྱ་བ་མཛད་ཅིང་། གསེར་མདོག་ཅན་པའི་དགེ་བཤེས་སུ་རློམ་པ་འདྲ་ཡང་མིག་ཅན་གཡང་མཆོངས་ཀྱི་རྣམ་པས་དེ་དག་ལས་སྡོམ་པ་ལེན་པར་གྲགས་ཤིང་། ཀར་འབྲུག་རྣམས་ནི་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ལ་བརྟེན་ནས་བླ་མའི་བྱིན་རླབས་སེམས་ལ་ཞུགས་དྲགས་པས་གླེང་གཞི་བྱ་བའི་ཡུལ་མ་ཡིན་པར་སེམས། སྡོམ་པ་གཏོར་མས་ལེན་པར་འགའ་ཞིག་སྔགས་རྙིང་མའི་མདོ་དབང་གི་ཉན་ཐོས་སྐབས་ལ་ཟུར་ཟ་བར་འཆད་ཀྱང་། མདོ་དབང་དུ་མ་ཟད་སྔ་འགྱུར་བཀའ་གཏེར་མང་པོར་ཐེག་པ་རིམ་པ་དགུའི་དབང་རིམ་བཞིན་བསྐུར་བའི་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་གཞི་རྟེན་དུ་དགོངས་པའི་ཉན་ཐོས་དང་འབྲེལ་བའི་དབང་གི་བརྡ་ཆད་ཙམ་དུ་སོ་ཐར་ཕྱོགས་མཚུངས་ཙམ་ལས་ཆོ་ག་མཚན་ཉིད་པའི་སྒོ་ནས་སྡོམ་པ་འབོགས་པ་(༢༠བ)


GLG014_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཞིང་། བསྐུར་ཡུལ་ཀྱང་རབ་བྱུང་དང་ཁྱིམ་པ་ལ་ངེས་པ་མེད་པས་སྔགས་གསར་མའི་སྐབས་སུ་ཡང་སྡོམ་པ་དང་མི་ལྡན་པའི་ཁྱིམ་པ་ལ་དབང་བསྐུར་བའི་སྔོན་དང་དེའི་གཞི་རྟེན་དུ་གྱུར་པའི་མི་དགེ་བཅུ་སྤོང་གི་ཁྲིམས་ཤིག་དགོས་པ་དང་ཕྱོགས་མཚུངས་པས། དེ་ཉན་ཐོས་ཀྱི་སོ་ཐར་མཚན་ཉིད་པའི་དབང་དུ་བྱས་ན་དབང་གི་སྣོད་དུ་རུང་བ་ལ་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཟ་མ་དང་མཚན་ཉིད་པ་མ་ཡིན་པ་ཞིག་དགོས་པར་འགྱུར་བས་ཤེས་བྱ་མཐའ་བཀག་པའི་གོ་ཡུལ་ཤིན་ཏུ་དོག་ལ། ཁོ་ན་རེ། དེ་ལྟར་ཡིན་དུ་ཆུག་ཀྱང་། མདོ་དབང་ལ་གསོལ་བཞིའི་རྣམ་གཞག་ཀྱང་ཕྱོགས་འདྲ་ཙམ་འདུག་པས་མི་འཐད་དོ་ཞེ་ན། སྡོམ་གསུམ་ལས། །ཐེག་པ་ཆེན་པོ་ལས་བྱུང་བའི། །སོ་སོར་ཐར་པ་བཤད་ཀྱིས་ཉོན། །བྱང་ཆུབ་སེམས་དཔའ་ཉིད་ལ་ཡང་། །སོ་སོར་ཐར་པ་འབོགས་པ་ཡི། །ཆོ་ག་འགའ་ཞིག་ཡོད་མོད་ཀྱི། །དེ་ཡི་ཆོ་ག་ཕལ་ཆེར་ནུབ། །ཅེས་ཐེག་ཆེན་ལུགས་ཀྱི་སོ་ཐར་གྱི་འབོགས་ཆོག་གི་ལག་ལེན་ཕལ་ཆེར་ནུབ་པར་གསུངས་ཤིང་དཀོན་ཅོག་བརྩེགས་པའི་དྲག་ཤུལ་ཅན་གྱིས་ཞུས་པར། བྱམས་འཇམ་དབྱངས་ལོངས་སྐུའི་ཆ་བྱད་ཅན་གྱིས་ཁྱིམ་བདག་དགུ་སྟོང་དང་བདུན་སྟོང་གཟུགས་མ་བསྒྱུར་བར་བསྙེན་པར་རྫོགས་པར་མཛད་པ། སྡོམ་གསུམ་ལས། རྒྱལ་སྲས་བྱམས་པ་འཇམ་དབྱངས་སོགས། །བདག་ཉིད་ཆེན་པོ་འགའ་ཞིག་གིས། །མཁན་པོ་མཛད་ནས་འགྲོ་མང་ལ། །བསྙེན་པར་རྫོགས་པར་མཛད་དོ་ཞེས། །ཚིག་འབྲུ་ཙམ་ཞིག་གསུངས་མོད་ཀྱི། །འོན་ཀྱང་དེ་ཡི་ཆོ་ག་ནི། །མདོ་ལས་གསུངས་པ་ངས་མ་མཐོང་། །ཞེས་བསྟན་པ་ཕྱི་(༢༡ན)


GLG014_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དར་ལ་བཤད་སྲོལ་འདི་དག་མཁས་པ་རྣམས་ཀྱིས་མ་གཟིགས་ཀྱང་སྔ་འགྱུར་གྱི་སྐབས་རྫུ་འཕྲུལ་ཐོགས་མེད་མངའ་བའི་པཎ་གྲུབ་རྣམས་ཀྱིས་མཁའ་སྤྱོད་ཨོ་རྒྱན་གྱི་ཡུལ་སོགས་སོ་སྐྱེས་བགྲོད་པར་མི་ནུས་པའི་ཞིང་ཁམས་སུ་བཞུགས་པ་གཟིགས་པར་བརྟེན་ལོ་པཎ་རྣམས་ཀྱིས་མདོ་དབང་གི་སྐབས་ཐེག་པ་ཆེན་པོ་དང་འབྲེལ་བའི་ཕྱག་ལེན་རྒྱས་པ་མ་མཛད་པའི་ངེས་པ་མེད་ཅིང་། སློབ་དཔོན་དང་སློབ་མའང་རབ་བྱུང་དང་ཁྱིམ་པ་གོས་དཀར་ཅན་ལ་མཐའ་མ་བཀག་པས་བཤད་མ་ཐག་པའི་ལུགས་སྲོལ་དེ་དག་གི་རྗེས་སུ་ཞུགས་པར་མངོན་པས། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་དགེ་སློང་རྣམ་པ་བཞི་ཡོད་དེ། བཞི་གང་ཞེ་ན། དོན་དམ་པའི་དགེ་སློང་དང་། ཀུན་རྫོབ་ཀྱི་དགེ་སློང་དང་། ལུག་ལྐུགས་པ་ལྟ་བུའི་དགེ་སློང་དང་། ཁྲེལ་བ་དང་ངོ་ཚ་མེད་པའི་དགེ་སློང་ངོ་། །དེ་ལ་ཇི་ལྟར་ན་དོན་དམ་པའི་དགེ་སློང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་སམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་ཡོན་ཏན་ཆེན་པོ་དང་ལྡན་པ་ཆོས་ཐམས་ཅད་ལ་དབང་དུ་གྱུར་བའམ། རང་སངས་རྒྱས་ཀྱི་བྱང་ཆུབ་བམ། དགྲ་བཅོམ་པའམ། ཕྱིར་མི་འོང་བའམ། ལན་གཅིག་ཕྱིར་འོངས་པའམ། རྒྱུན་དུ་ཞུགས་པ་སྟེ། གང་ཟག་རྣམ་པ་བདུན་པོ་འདི་དག་གི་དོན་དམ་པའི་དགེ་སློང་དུ་བསྡུ་བ་དང་། སྐྱེ་བོ་གང་ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་ཡང་མ་བྲེགས། ཆོས་གོས་ཀྱང་མི་གོན། རབ་ཏུ་བྱུང་བས་སོ་སོ་ཐར་པའི་ཚུལ་ཁྲིམས་ཐམས་ཅད་ཀྱང་མ་ནོས། གསོལ་བ་དང་། ཞུ་བའི་ལས་དང་། གསོ་སྦྱིན་དང་། ཚུལ་གྱི་ལས་(༢༡བ)


GLG014_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ནང་དུ་མི་ཆུད་མོད་ཀྱི། འཕགས་པའི་ཆོས་དང་ལྡན་ལ་འཕགས་པའི་འབྲས་བུ་ཐོབ་པས་ན་དེ་ཡང་དོན་དམ་པའི་དགེ་སློང་དུ་བསྡུས་ཏེ། དེ་དག་ནི་དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་གསུངས་པས་ཤེས་ནུས་ཤིང་། དེང་སང་གི་མདོ་དབང་འཆད་ཉན་བྱེད་པ་རྣམས་བྱམས་འཇམ་དབྱངས་སོགས་གང་ཟག་ཁྱད་པར་ཅན་རྣམས་དང་འདྲ་བ་མ་ཡིན་ཀྱང་། དེ་དག་ལ་མིག་ཡར་ལྟའི་ཚུལ་གྱིས་རྗེས་སུ་འཇུག་པ་སྟེ། དེང་སང་གི་རབ་ཏུ་བྱུང་བར་ཁས་འཆེ་བ་རྣམས་ཀྱང་འོད་སྲུངས་ཆེན་པོ་དང་ཤཱ་རིའི་བུ་སོགས་ཀྱི་ངང་ཚུལ་ལ་འཇུག་པར་མོས་པ་ལྟ་བུའོ། །གོང་དུ་བཤད་པ་དེ་ཇི་ལྟར་ཡིན་སྙམ་ན་ཕྱོགས་འདི་ལ་ཞལ་འདྲིས་ཆུང་བའི་དྭགས་ཤངས་ཞི་གཅོད་སོགས་སུ་མ་ཟད། ས་དགེའི་ལུགས་འཛིན་གྱི་བླ་མ་དང་འབུལ་སྡུད་པ་ཐོས་པ་ཆུང་ཞིང་སྙིང་ཁམ་ཆེ་བ་འགའ་ཞིག་གིས་ཁམས་སོག་མོན་ཀོང་སོགས་ཀྱི་དབང་རྟུལ་འདྲ་ལ། ཆོས་གོས་གསུམ་དང་ལྷུང་བཟེད་གདིང་བ་གཏད་རྗེས་སོ་སོའི་ཆོས་སྐྱོང་གང་ཡིན་གྱི་གཏོར་མ་མགོ་ཐོག་ཏུ་བཞག་ནས་བཀའ་བསྒོས་པའི་རྗེས་སུ་ཁྱོད་ཆོས་སྐྱོང་ཆེ་གེ་མོ་འདིའི་སྒོ་ནས་བསྙེན་པར་རྫོགས་སོ་ཞེས་བརྡ་སྤྲད་པའི་གཏམ་རྣ་བར་ཐོས་སུ་མ་ཟད་ཕྱིས་ཀྱང་ཐོར་བུ་བྱུང་བ་མིག་མཐོང་ལག་ཟིན་གྱི་ངག་རྒྱུན་སྣང་བས་སྔ་དུས་ཀྱང་བསྟན་པ་ལ་དབང་ཟ་བ་འདྲ་བྱུང་བར་བུ་སྟོན་ཡབ་སྲས་ཐུགས་མ་རངས་བའི་ཟུར་མདའ་འཕེན་པར་ཐལ་མོ་སྦྱོར་བ་ལས་ཞུ་ལན་འབུལ་ཅི་འཚལ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཉི་མའི་དཀྱིལ་འཁོར་དུ་ཐག་རྒྱ་མ་རུང་བའི་གསལ་ག་དངོས་བསྟན་ལ་མེད་འདུག་པ་དེ་ལ་(༢༢ན)


GLG014_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་གཞན་དག་གིས་རྩོད་པ་བྱུང་གི་དོགས་ནས་འཛམ་གླིང་རྒྱན་གཅིག་གི་སྦུབས་བཟང་མཛད་པ་འདྲ། ཀམ་ཚང་པ་རྣམས་སྔོན་གྱི་འདུལ་བ་འཛིན་པ་རྡོ་རྗེ་གཞོན་ནུའི་ཕྱག་ལེན་ཡིན་ཟེར་ནས་བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་བཅུའམ་ཉི་ཤུའམ་སུམ་ཅུ་ལ་སོགས་པ་ཇི་ཙམ་ཚོགས་པ་ལ་མཁན་པོའི་བྱ་བ་དུས་ཅིག་ཅར་དུ་མཛད་ནས། ལས་དངོས་གཞི་ལ་བསྒྲུབ་བྱ་དུ་ཡོད་སྲད་བུས་བསྐོར་བའི་མཚམས་ཐ་དད་དུ་བཅད་ནས་བཞག །མཚམས་དེ་ཐམས་ཅད་ཐག་པ་ལྟ་བུས་ནོན་པར་བྱས་པའི་སྣེ་རིང་དུ་བརྐྱངས་བའི་ཁ་ན་ཕར་གདན་བཤམས་ལ་དེར་ལས་གྲལ་གྱི་དགེ་འདུན་གྲངས་ཚང་བཞུགས་ནས་ལས་ཀྱི་ཆོ་ག་བརྡ་སྤྲོད་པར་བྱེད་ཅིང་། དེའི་ཚེ་ན་བསྒྲུབ་བྱ་དུ་ཡོད་པ་ལ་ལས་ཀྱི་ཆོ་ག་གཅིག་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཅིག་ཅར་དུ་སྐྱེ་བར་འདོད་པར་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། འདི་རུང་བ་ཙམ་ཡིན་ཞེས་གསུངས། ཁོང་པ་འདུལ་འཛིན་ཆེན་པོར་འདུག་པས་མ་དགོངས་པ་ག་ལ་ཡིན་ཀྱང་རིན་སྤུངས་དོན་ཡོད་རྡོ་རྗེ་སོགས་ཀྱི་ཐུགས་ལ་མི་འཐད་པ་བྱུང་གི་དོགས་པའི་བསྟན་པ་དང་ཆེན་པོའི་ངོ་འཛིན་ཚོང་རྒྱབ་པར་མཆིས། པཎ་ཆེན་དང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དུས་མཚུངས་པས་ཕྱག་ལེན་འདི་ཀར་ལུགས་ལ་རྣམ་རྟོག་ཆོས་སྐུའི་ཀློང་ནས་དུས་རེ་སྔ་ཞིག་ཤར་བར་མངོན། སྨན་ཐང་པ་དཀོན་ཅོག་ལྷུན་གྲུབ་ཀྱི་དྲིས་ལན་ཞྭ་དམར་བ་དྲུག་པས་མཛད་པར་སྡོམ་པ་ཐག་རྒྱ་མར་གྲགས་པ་འདི་ལ་སྔོན་གྱི་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱིས་རྩོད་པའི་ཡུལ་དུ་མཛད་པ་མིན་ཀྱང་། ཕྱིས་མི་མཁས་པ་མཁས་(༢༢བ)


GLG014_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲགས་པ་འདོད་པ་རྣམས་ཀྱིས། ཇི་སྐད་དུ། སྟོང་གི་འཁོར་ལོས་སྒྱུར་རྒྱལ་ལ། །སློང་པོ་རྣམས་ཀྱི་དབྱུག་པས་འགྲན། ཞེས་པ་ལྟར་གཞི་མེད་པའི་སྐུར་བ་དང་། རྒྱུ་མེད་པའི་རྩོད་པ་སྨྲ་བ་དག་ཡོད་མོད། དེ་ལ་འཐད་པ་འདི་ལྟ་བུ་དག་ཡོད་དེ། བཅོམ་ལྡན་འདས་ཀྱི་ལུང་ལས། ཡིད་འོང་ཨུཏྤ་ལི། དགེ་སློང་གང་དག་དགྲ་བཅོམ་པའི་ཕྱིར་རམ། འབྲས་བུའི་ཕྱིར་དགེ་སློང་དེ་དག་གིས་ཁྱིམ་པ་བརྒྱན་པ་ལྟ་བུའམ་བར་དུ་རབ་ཏུ་བྱུང་བ་རྣམས་བསྙེན་པར་རྫོགས་པར་བྱ་སྟེ། དེ་ཡུལ་ནཱ་ལི་ཏ་ལྟ་བུར་མི་གནོད་བཞིན་རྒྱལ་པོའི་འཁོར་མཐའ་དག་རབ་ཏུ་བསྙེན་པར་རྫོགས་པར་བྱེད་ན། ར་བའི་བར་རམ། རེ་ཁཱའམ། མཐའི་ལོ་མའམ། རས་བྱེད་ཀྱི་སྐུད་པའམ། སྲོ་མ་ནཱི་ལ་སོགས་པ་དག་གིས་བར་བྱས་པ་ལ་བློ་མཐུན་པ་གྲངས་ཅན་དག་གནས་པ་ལ་སྡོམ་པ་སྟེར་བར་བྱེད་དམ། འབོགས་པར་བྱེད་དམ། སྦྱིན་པར་བྱེད་དམ། གསལ་བར་བྱེད་ན་དེ་ནི་རུང་བ་སྟེ། གཞི་རྣམ་པར་དག་པའོ། །ཞེས་དང་། ཡང་ལུང་ལས། བཟང་པོ་དང་། པདྨ་གྲགས་དང་། དགེ་བྱེད་དང་། དེ་ནི་དཀྱིལ་འཁོར་གཅིག་ཏུ་བྱའོ། །དེས་ན་ནཱ་མི་ལཱི་ཞེས་པས་འདི་སྐད་གསོལ་ཏོ། །གལ་ཏེ་བཟང་པོ་དང་། པདྨ་གྲགས་དང་། དགེ་བྱེད་དང་། དབང་པོ་དང་། བྱུང་བ་དང་། གནག་སྐྱེས་དག་བཅོམ་ལྡན་འདས་ལ་གཅིག་གིས་བསྙེན་པར་རྫོགས་པར་བགྱིད་ན། སྐབས་འགར་རམ། འདི་ཉིད་ཁོ་ནར་ཡིན། བཀའ་སྩལ་པ། རྟགས་ཙམ་དང་མཚན་མ་ཙམ་གྱིས་གང་ལ་བར་ཆོད་པར་བགྱི། ཞེས་པ་འདི་ངའི་ཉན་ཐོས་རྣམས་ཀྱིས་ལན་ཅིག་མ་ཡིན་གཉིས་(༢༣ན)


GLG014_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། དུས་རེ་བ་མ་ཡིན་ཏེ་རྣམ་པ་ཀུན་དུ་རུང་བས་སྤྱད་པའོ། །ཞེས་དང་། མ་ག་དྷ་དང་། ཨཱ་སི་པཪྤ་ཏའི་གནས་སུ་རྒྱལ་པོ་གྲགས་ཆེན་བུ་ལྔ་བརྒྱ་འཁོར་ཁྲི་ཕྲག་བདུན། བློན་པོ་བརྒྱ་ཉེར་ལྔ་ཉུག་རུམ་པ་སྟོང་གི་ཚོགས་དང་བཅས་པ་བཅོམ་ལྡན་འདས་ལ་བསྙེན་པར་རྫོགས་པར་གསོལ་བའི་ཚེ། དགེ་སློང་བསྟན་སྐྱོང་ལ་བཀའ་སྩལ་བ། ཨུ་པ་ལ་མོ་ཏ་ལྟར་མང་དུ་ཡོད་ཀྱང་གྲངས་ཀྱང་བྱས་པའོ། །འདི་ལྟ་སྟེ་དཔེར་ན། ཨུ་པ་ལ་མོ་ཏ་ནི་ཁ་དོག་སྣ་ཚོགས་པ། འདི་ལྟ་སྟེ། དམར་པོ་དང་། དཀར་པོ་དང་། སེར་པོ་དང་། ནག་པོ་དང་། ཁྲ་བོ་དང་། སྐྱ་བོ་དང་། ཟས་པ་དང་། ནཱ་ཚོ་དང་། སྔོན་པོ་དང་། རམས་དང་། ལྗང་གུ་དང་། ལྗང་གུ་མང་པོ་དག་ཡོད་དེ། དེ་གཉིས་རེ་ལ་ཡང་ནམ་མཁའི་མདོག་གིས་བར་ཆོད་པས་མ་འདྲེས་པར་སྣང་ངོ་། །དེ་བཞིན་དུ་དགེ་སློང་འདོད་པ་ཡོད་པ། དགེ་སློང་བྱེད་པ་ཡོད་པ། དགེ་སློང་གཉན་པ་ཡོད་པ་དུ་མ་ལས་ཀྱང་གྲངས་རེར་རེ་ཁཱ་ཡོད་དམ། ཚིགས་པ་ཡོད་དམ། རྟགས་ཀྱི་དཀྱིལ་འཁོར་མང་པོ་ཡོད་ན་འདི་རུང་བ་སྟེ། དེའི་ཕྱིར་རྒྱལ་པོ་འདི་རབ་ཏུ་དབྱུང་སྟེ། སང་ནང་པར་སྔ་བར་བྱི་དོར་བྱོས་ཤིག །དེར་འདི་གསུམ་དག་གི་གྲངས་ལྡན་གྱི་རེ་ཁཱ་ས་དམར་པོ་དག་གིས་བཀོད་པར་གྱིས་ཤིག །གལ་ཏེ་རལ་པ་ཅན་དང་ནཱ་ལི་ན་ལ་སོགས་པ་དག་གིས་ཀྱང་ངོ་། །སྨིན་པར་བྱ་བའི་ཕྱིར། དཀྱིལ་འཁོར་དེར་བཀོད་པ་ལ་ལས་ཀྱི་དངོས་པོ་སྦྱིན། དགེ་སློང་དག་ལོངས་ཤིག །ཅེས་སྨྲོས་ཤིག་ཅེས་སོགས་དང་། གཞན་ཡང་སྤོང་བ་དང་བཅས་པ་དང་། ལྟུང་བ་དང་བཅས་པར་མི་(༢༣བ)


GLG014_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ལ་དགེ་སློང་གིས་ཚད་མ་ཅན་གྱི་སེམས་བཟུང་ལ་བསླབ་པ་ཐུབ་པ་ལ་གྲངས་མང་དུ་བྱའོ། །ཞེས་སོགས་དང་། གང་འདི་འདི་ལྟར་ངེས་པར་དག་པར་བྱེད་པའི་ཕྱིར་རེ་རེ་བཞིན་དཀྱིལ་འཁོར་བྱས་ན་སྐྱོན་མེད་དོ། །ཞེས་པ་རྣམས་ཀྱིས་བསྟན་པ་ཡིན། གཞན་ཡང་བདེ་བར་གཤེགས་པའི་བཀའ་ལས་མང་དུ་འབྱུང་བ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་བསླབ་པ་བརྟག་པ་དང་། བསྟན་པ་རྨད་དུ་བྱུང་བའི་ཚོགས་སོགས་ལས་གསུངས། ཟླ་བ་གྲགས་པས་ཀྱང་བཤད། བུ་སྟོན་དང་བཅོམ་རལ་སོགས་ཀྱི་དགོངས་གཞི་ལྟར་མཛད་ཀྱང་ཞེ་འདོད་འདི་ཁོ་ན་ལྟར་མཛད་པ་ཡིན། ཞེས་གསུང་པའི་ཐོག་མའི་ལུང་འདི་འདུལ་བ་ལུང་དང་ཀརྨ་ཤ་ཏམ་དུ། མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་སེང་ལྡེང་གི་ཕུར་པ་གདབ་པའམ། སྲད་བུ་བྲེས་པའམ། རྡོ་བཞག་པའམ། སྲོལ་གཏོད་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུག་པར་བྱའོ། །དེའི་འོག་ཏུ་ཞེས་པ་དང་ཕྱོགས་འདྲ་ཙམ་ལས་ཞུས་དག་མ་འཕེར་ཞིང་། ཚིག་གཅིག་པ་ལུང་ལས་མ་རྙེད་མོད། ལུང་ཁུངས་རྣམ་དག་ཏུ་བྱས་ཀྱང་བསྙེན་རྫོགས་དང་གསོ་སྦྱོང་སོགས་ཀྱི་དུས་དཀྱིལ་འཁོར་པའི་ལས་ཀྱི་ཁུངས་མ་གཏོགས་བསྙེན་རྫོགས་དུས་གཅིག་ཏུ་སྒྲུབ་པའི་ཁུངས་སུ་མི་འགྲོ། གལ་ཏེ་འགྲོ་བའི་དབང་དུ་བྱས་ན། ལུང་ལས། གང་ཟག་ལྔ་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བདག་གི་མིང་མ་བརྗོད་པ་དང་། མཁན་པོའི་མིང་མ་བརྗོད་པ་དང་། གསོལ་བ་ཆད་པ་དང་། བརྗོད་པ་ཆད་པ་དང་། བསྙེན་པར་རྫོགས་པར་མི་ཤེས་པའོ། །(༢༤ན)


GLG014_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། ལས་མཁན་གྱི་བསྒྲུབ་བྱའི་མིང་དང་། མཁན་པོའི་མིང་དང་། དགེ་འདུན་གྱི་མིང་རྣམས་མ་བརྗོད་པའམ། གསོལ་བ་དང་བརྗོད་པ་གང་རུང་ཆད་ནས་མི་སྐྱེ་བར་བཤད་པས་བསྒྲུབ་བྱ་བརྒྱར་ལོངས་པ་ཙམ་གྱི་མིང་ཅིག་ཅར་དུ་ལས་སློབ་ཀྱི་བློ་ནས་མི་ཐོན་པ་མངོན་སུམ་དུ་གྲུབ་ཅིང་གོང་གི་མཚམས་གཅོད་ལུགས་དེ་རྩིག་པས་མ་བསྐོར་བའི་ཐང་སྟོངས་ལྟ་བུར་དཀྱིལ་འཁོར་པའི་ལས་ལ་དགོངས་པ་ཁྱེད་རྣམས་ཁང་པའི་ནང་དུ་མཛད་པ་དཀྱིལ་འཁོར་གཅིག་གི་ནང་དུ་དཀྱིལ་འཁོར་ཐ་དད་པ་དུ་མ་མི་རུང་བས་སོ། །རྗེས་འབྲངས་ཀྱི་དཔྱོད་ལྡན་འདྲ་དང་མོལ་བའི་ཚེ་རྒྱལ་བ་ཡབ་སྲས་ཀྱིས་སྐུ་གལ་ཆེ་བའི་རིགས་ལ་གཅིག་གམ་གསུམ་ཚུན་ཆད་བསྒྲུབ་པ་གནང་། གཞན་འཕྲིན་ལས་ཆེ་དྲགས་པས་དམངས་ལ་སྐབས་སུ་གང་བབས་མཛད་ཟེར་བས། སངས་རྒྱས་ཀྱིས་སོ་ཐར་གྱི་སྡོམ་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ལ་རྒྱས་པ་དང་། མུ་ཏོ་བ་སོགས་ལ་ཉུང་ངུར་བྱ་ཞེས་པའི་ཆོ་གའི་ཚིག་ལ་རྒྱས་བསྡུས་མ་གསུངས་པས་བོན་ནམ་ཁོམ་གྱི་སྐར་མ་ལས་མ་འདས་ཤིང་། འཕྲིན་ལས་ཆེ་ཆེ་མོའི་རིགས་ཀྱིས་ལོང་མེད་པ་དང་འདིའི་ཚབ་འདིས་ཡོང་འདིའི་དོད་འདིས་བྱེད་ཟེར་ནས་དེ་བཞིན་གཤེགས་པ་ལ་དགྲ་ཤ་ལེན་པ་མང་བར་སྣང་། ཞྭ་དམར་བ་དྲུག་པས་ལུང་འདྲེན་མཛད་པ་དེ་རྣམས་ལུང་དུ་ཡོད་མེད་བརྟག་ཕྱིར་སྨན་ཐང་ནས་ཀྱིས་བཀྲ་ཤིས་ལྷུན་པོའི་དགེ་བཤེས་ཡིག་རྩལ་ཅན་བཅུ་བཞི་ལ་འདུལ་ལུང་པོ་ཏི་རེ་གཏད་དེ་ཞིབ་མོར་འཚོལ་བཅུག་པས་ཡེ་མ་རྙེད་གཤིས་སྨན་ཐང་པ། (༢༤བ)


GLG014_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་དམར་དཀོན་ཅོག་ཡན་ལག་ལ་བསྙེན་རྫོགས་བསྒྲུབས་པའི་དད་ཞེན་ཅན་གྱི་ལུགས་ལ་དཔོན་སློབ་ཐམས་ཅད་མཁྱེན་པ་ནི་གནང་རྒྱུ་མང་ཞེས་སྐུར་བ་གདབ་སྐད། སླར་ལུང་སྡེ་བཞི་ནས་བཙལ་ཀྱང་མ་བརྙེད་པས་རྒྱ་ནག་མདོ་རྩོམ་པའི་ཕྱག་ལེན་དེ་སླེབས་པ་འདྲའོ། །སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ཏུ། མཚམས་གཉིས་ཀྱི་བར་དུ་བསྡད་ནས་གཅིག་ཏུ་སོགས་དང་། མཚམས་བཞིའི་བར་དུ་ཤིང་ལེབ་ལྟ་བུའི་སྟེང་དུ་ཐམས་ཅད་སོགས་ཏེ། དེས་ཁ་སྐོང་ཡང་རུང་བ་ལས་བྱས་ནའང་དུས་རེ་ལ་འགྲུབ་ཅེས་པ་སྟེ། སྔོན་དཔལ་ཆེན་རྡོར་གཞོན་གྱིས་འབྲི་གུང་དུ་མཛད་པ་ཕྱིས་ཕྱག་ལེན་ཉམས་ནས་ཐག་རྒྱ་མར་གྲགས་སོ། །དེ་བཞིན་དུ་གནས་དུ་མར་དབྱར་གནས་པར་ཁས་བླང་སོགས་མདོ་གསུམ་ནི་རྟོགས་སླ་སྟེ། དེ་དག་གིས་ནི་ལས་ཀྱི་ཁ་སྐོང་བྱེད་པ་ལ་མཚམས་གཞན་མ་ཡིན་པ་དགོས་པར་བསྟན་ནོ། །ཞེས་ཚིག་ཉུང་ཞིང་དོན་ཆེས་གསལ་ལ་རྡོ་རྗེ་གཞོན་ནུ་ཟེར་བའང་འབྲི་གུང་ཕྱོགས་ནས་བྱུང་བ་ཞིག་ཡིན་ཡང་སྐྱོབ་པ་དང་མི་གཅིག་པས་བླུན་པོ་སྙིང་ཁམས་ཅན་གྱི་བསྙགས་ས་དེ་མིན་པ་འདུག་གོ །གསུམ་དུ་གཅོད་དགོས་པ་ནི། དགྲ་བཅོམ་པ་ས་ག་ལྷས། དགེ་སློང་རྣམས་ཀྱི་ལས་གཅིག་གིས། །བཞི་ནི་བསྙེན་པར་རྫོགས་མི་བྱ། །ཚོགས་དག་ལ་ནི་ཚོགས་ཉིད་ཀྱིས། །ལས་ནི་གང་དུའང་ཅུང་ཟད་མེད། ཅེས་དང་། མདོ་རྩ་ལས། དུ་མ་མཁན་པོ་གཅིག་པས་གསུམ་མན་ཆད་ཚིགས་གཅིག་གིས་བསྙེན་པར་རྫོགས་པར་བྱར་རུང་ངོ་། །ཞེས་པར་རང་འགྲེལ་ལས། དུ་མ་ཞེས་བྱ་བ་ནི་གཉིས་ལ་སོགས་པའོ། །མཁན་པོ་གཅིག་པ་འདི་(༢༥ན)


GLG014_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་པས་ན་མཁན་པོ་གཅིག་པ་སྟེ་དེ་ལའོ། །ཚིགས་གཅིག་གིས་ཞེས་བྱ་བ་ནི་གསོལ་བ་གཅིག་གིས་སོ། །དུ་མ་ཇི་ཙམ་གྱིས་ཤེས་ཤེ་ན། འདིར་གསུམ་མན་ཆད་ཅེས་སྨོས་ཏེ། གསུམ་མན་ཆད་རིགས་པ་ཡིན་གྱིས། གཞན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པས་མཁན་པོ་གཅིག་གིས་བསྒྲུབ་བྱ་གསུམ་ལས་མང་བ་དུས་གཅིག་ལ་བསྙེན་པར་རྫོགས་མི་རུང་བ་དངོས་སུ་གསལ་ཞིང་། ཉེ་བར་འཁོར་གྱིས་ཞུས་པ་ལས། བཙུན་པ་དུས་གཅིག་དང་སྐད་ཅིག་ཉིད་ལ་ལས་བྱེད་པ་པོ་གཅིག་གིས་ལས་གཉིས་བགྱི་བ་དང་བགྱིས་པར་བརྗོད་པ་དང་། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ། ཉེ་བར་འཁོར་ཡོད་དེ། ལས་བྱེད་པ་པོའི་དགེ་སློང་སྟོབས་དང་ལྡན་པར་གྱུར་ན་མཁན་པོ་རྣམས་དང་། བསྙེན་པར་རྫོགས་པར་འདོད་པ་རྣམས་ཀྱི་མིང་ཡོངས་སུ་བརྗོད་ནུས་ཤིང་གསོལ་པ་ཉམས་པར་མི་འགྱུར་ལ་ལས་ཀྱང་བྱེད་ནའོ་ཞེས་པའི་དོན་མཁན་པོ་དེས་བསྒྲུབ་བྱ་གཅིག་བསྙེན་པར་རྫོགས་པར་མ་ཟད་བསྒྲུབ་བྱ་གཉིས་སམ་གསུམ་གྱི་མིང་དུས་གཅིག་ལ་འདོན་པར་ནུས་ན་དུ་མ་བསྙེན་པར་རྫོགས་ཆོག་པའི་ཁུངས་ཏེ་བཞིར་ལོངས་པ་མི་ཆོག་པའི་རྒྱུ་མཚན། ལུང་ཕྲན་ཚེགས་ལས། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་དགེ་ཚུལ་གཉིས་པོ་བྲན་ཅན་དང་། སྐྱོང་བ་སྟེ། དེ་དག་ཕན་ཚུན་གཏམ་འདྲེས་པ། ཕེབས་པར་སྨྲ་བ་སྨོས་མགྲིན། འགྲོགས་ཤེས་ཡིན་ནོ། །དེ་གཉིས་ལས་གཅིག་གིས་ཁྱོད་བསྙེན་པར་རྫོགས་ཤིག་དང་ངས་མཁན་པོ་དང་ཁྱོད་ཀྱི་རིམ་གྲོ་བྱའོ་ཞེས་སྨྲས་པ་(༢༥བ)


GLG014_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཅིག་ཤོས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་སྨྲས་ཏེ། དེ་དག་ཕན་ཚུན་སྟབས་བྱེད་པས་གཉིས་ཀ་བསྙེན་པར་མ་རྫོགས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མཁན་པོ་གཅིག་དང་། སློབ་དཔོན་གཅིག་དང་། གསོལ་བའི་ལས་གཅིག་གིས་གཉིས་བསྙེན་པར་རྫོགས་སུ་རུང་ལགས་སམ། ཉེ་བར་འཁོར་རུང་ངོ་། །དེ་གཉིས་གང་རྒན་པ་ལགས། གང་ཡང་མ་ཡིན་ནོ། །བཙུན་པ་མཁན་པོ་གཅིག་དང་། སློབ་དཔོན་གཅིག་དང་། གསོལ་བའི་ལས་གཅིག་གིས་བཞི་བསྙེན་པར་རྫོགས་སུ་རུང་ལགས་སམ། ཉེ་བར་འཁོར་རུང་ངོ་། །དེ་དག་ལས་གང་རྒན་པ་ལགས། གང་ཡང་མ་ཡིན་ནོ། །བཙུན་པ་མཁན་པོ་གཅིག་དང་། སློབ་དཔོན་གཅིག་དང་། གསོལ་བའི་ལས་གཅིག་གིས་བཞི་བསྙེན་པར་རྫོགས་རུང་ལགས་སམ། ཉེ་བར་འཁོར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་ཚོགས་ཀྱིས་ཚོགས་ཀྱི་ལས་དག་མི་བྱ་བས་དགེ་འདུན་གྱིས་དགེ་འདུན་བསྙེན་པར་རྫོགས་པར་འགལ་ཏེ། དགེ་འདུན་གྱིས་དགེ་འདུན་བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་པས་ཤེས་ནུས། བུ་སྟོན་རིན་པོ་ཆེས་མཛད་པའི་འདུལ་བའི་ལག་ལེན་གྱི་ཆོ་ག་དྲི་མ་མེད་པའི་འཕྲེང་བ་ལས། ཁྱེད་རང་གསུམ་མན་ཆད་དུ་གནས་ཤིང་། སྔར་དགེ་ཚུལ་མ་(༢༦ན)


GLG014_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་ད་ཕྱིས་ནས་རབ་ཏུ་བྱུང་བ་བྱས་མ་ཐག་མ་ཉམས་པ་ཡིན་པས་ཞེས་གསུངས་པས། དགེ་ཚུལ་གྱི་སྐབས་སུའང་ཚོགས་སུ་མ་ཚང་བ་དགོས་པར་བཞེད། སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ལས། བསྒྲུབ་བྱ་དུ་མ་མཁན་པོ་གཅིག་པ་གྲངས་གསུམ་མན་ཆོད་ཆོ་གའི་ཚིག་གཅིག་གིས་རབ་བྱུང་དང་བསྙེན་པར་རྫོགས་པར་བྱར་རུང་སྟེ་དགག་བྱ་མེད་ཅིང་དགོས་པ་གཟིགས་ནས་དེ་བཅས་པའོ། །ཤུགས་ལ་རྒྱུད་མཐུན་པའི་རྐྱེན་དུ་རྒྱུད་བཞི་མན་ཆད་ཀྱི་ཚོགས་སུ་མ་ཚང་བ་དགོས་ཏེ། དེ་ལྟར་བྱས་ན་ལས་མི་ཆགས་པས་སྡོམ་པ་མི་སྐྱེ་བས་སོ། །སྐྱེད་ཚལ་མཁན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་མཛད་པའི་འདུལ་བའི་སྤྱི་དོན་ལུང་རིགས་གཏེར་མཛོད་ལས། བསྒྲུབ་བྱ་ལ་དགེ་བསྙེན། བར་མ་རབ་བྱུང་། དགེ་ཚུལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་པ་ལ་གསུམ་མན་ཆད་དུ་གནས་པ་དགོས་ཀྱི། དེ་ལས་ལྷག་པ་ལ་ལྷན་ཅིག་ཏུ་སྡོམ་པ་ཕོག་ཀྱང་མི་སྐྱེ་སྟེ། ཚོགས་ཀྱིས་ཚོགས་ལས་ལས་དག་མི་འཆགས་སོ། །ཞེས་མཁས་པ་ཐམས་ཅད་ཞལ་མཐུན་པས། བཅོམ་ལྡན་རལ་གྲི་དང་བུ་སྟོན་སོགས་ལ་རྫུན་ཁུངས་མི་སྐྱེལ་བ་ཞུ། འདིས་མཚོན་ཏེ་བསྙེན་རྫོགས་ལོ་གྲངས་དང་ཟླ་གྲངས་སུ་བཅད་ནས་བསྒྲུབ་པ་དང་། ཤ་སྤོང་བ་འདུལ་བའི་བཅས་པར་གོ་བའི་བསྙེན་རྫོགས་བསྒྲུབས་ནས་ལོ་གཅིག་དང་གཉིས་ཀྱི་བར་སོགས་སྡོར་དཀར་བྱས་ཟེར་བའི་བླུན་པོ་ངོ་མཚར་བསྐྱེད་པའི་གཏམ་ལ་དགའ་བར་མ་བྱེད་ཅིག །མི་བསྐྱོད་རྡོ་རྗེའི་ཉི་དཀྱིལ་དུ་དྲངས་པའི་ཞུ་བའི་ལུང་ནི། བཙུན་པ་ལས་བགྱིས་པ་ཕྱོགས་གཅིག་ཏུ་མཆིས་ལ། གནས་བཞིར་གང་ཟག་བཞི་(༢༦བ)


GLG014_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པར་བགྱིད་དུ་གནང་ངམ། གནང་སྟེ་འདི་ལྟར་ལས་བྱེད་པའི་དགེ་སློང་གནས་བཞི་ཆར་གྱི་མཚམས་སུ་ཤིང་ངམ་འཁར་བའམ་རེ་ལྡེ་རྣམས་ཀྱིས་མནན་ཏེ་རེ་རེ་ནས་སམ། གཉིས་གཉིས་ནས་སམ་གསུམ་གསུམ་ནས་བསྙེན་པར་རྫོགས་པར་བྱ་སྟེ་བཞིར་མ་ཚང་ནའོ། །ཞེས་པའི་ཚིག་དེ་དངོས་བསྟན་གྱི་དབང་དུ་བྱས་ཀྱང་། ལུང་ཞུ་བའི་འགྲེལ་པར། བྲམ་ཟེ་རྒྱལ་པོ་རྒྱལ་བཤེས་ཞེས་བྱ་བ་བསྟན་པ་ལ་སྡང་བ་ཞིག་བྱུང་བར་གྱུར་ནས་དེས་བསྟན་པ་ལ་གནོད་པ་མང་པོ་བྱས་པར་གྱུར་ཏེ་མཆོད་རྟེན་དག་ཀྱང་བཤིག །དགེ་འདུན་གྱི་ཀུན་དགའ་ར་བ་དག་ཀྱང་བསྲེགས། དགེ་སློང་རྣམས་ཀྱང་བསད། སངས་རྒྱས་ཀྱི་བཀའི་གླེགས་བམ་རྣམས་ཀྱང་ཕུང་པོར་བཅེར་ནས་བསྲེགས་སོ། །དེ་ནས་རིམ་གྱིས་དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྡེ་སྣོད་གསུམ་གྱི་གླེགས་བམ་ཐམས་ཅད་བསྡུས་ནས་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བ་བྱས་ཏེ་གཞུང་བླ་མའི་གླེགས་བམ་ནི་མ་རྙེད་དོ་ཞེས་བསྟན་པའི་འཕེལ་འགྲིབ་ཀྱི་དབང་གིས་དག་མི་དག་དང་། རྩ་བའི་སྡེ་པ་བཞི་ལ་ལུང་མི་འདྲ་བ་བཞི་ཡོད་པ་སོགས་ནས་ཚད་མར་གྱུར་པའི་ཕྱག་ལེན་དང་མི་མཐུན་པའི་ལུང་ཁུངས་ཙམ་ལ་ཡིད་བརྟན་ཡང་དཀའ། ལུང་འདི་གའི་བརྗོད་དོན་ལ་དཔགས་ན་བླ་གབ་མེད་པའི་ས་ཡུལ་དོག་པ་ཞིག་ཏུ་དགེ་འདུན་གྲངས་ཚང་བ་སྡེ་ཚན་བཞིས་སོ་སོར་དཀྱིལ་འཁོར་པའི་ལས་བྱས་ནས་ཐག་ཉེས་པས་མཐོང་ཐོས་བྱུང་བར་ཕན་ཚུན་འདུན་པ་ཕུལ་ནས་བྱར་རུང་བའི་དམིགས་བསལ་གྱི་ཁུངས་མིན་པའི་ངེས་པ་མི་འདུག་ཅིང་། འཕགས་ཡུལ་གྱི་ཀླུ་སྒྲུབ་ཞབས་(༢༧ན)


GLG014_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡོངས་གྲགས་ཀྱི་འདུལ་འཛིན་རྣམས་དང་། བོད་ཀྱི་འདུལ་བསྟན་སྔ་ཕྱི་བར་གསུམ་དུ་བྱུང་བའི་དཔང་གྱུར་རྣམས་ལ་མ་གྲགས་པའི་ལུང་ཁུངས་འཁྱར་བ་དང་རེ་གཉིས་ཀྱི་འདོད་མོས་བྱས་པ་སྤྱིར་བཏང་ལ་འཁྱེར་མི་རུང་བ་བྲམ་ཟེའི་ཁྱེའུ་ཀརྨ་ལ་མི་ཚངས་སྤྱོད་གནང་བ་ལྟ་བུས་ཀྱང་ཤེས་ནུས། གོང་གི་ལུང་དེ་ལ། མཚོ་སྣ་པ་ཆེན་པོས། བཅུ་གཉིས་ལས་བྱེད་པའི་ཚིག་གཅིག་གིས་རྫོགས་པར་བྱེད་པའི་ཚེ་ཡང་ཕྱོགས་བཞིར་འབོགས་པ་པོའི་དགེ་འདུན་སྡེ་བཞི་བཀོད་དགོས་པར་གསུང་བ་ཞིབ་ཏུ་དཔྱད་ན། བླ་གབ་མེད་པ་ཞིག་ཏུ་ཕྱོགས་བཞིར་རེ་ཁཱས་བཅད་པར་བསྒྲུབ་བྱ་གཅིག་ནས་གསུམ་གྱི་བར་གང་ཡང་རུང་བ་བྱས་པ་ཁྱོན་བསྡོམས་མང་མཐའ་བཅུ་གཉིས་བྱུང་། དེ་དག་ལ་མཁན་སློབ་གཉིས་བཞི་ག་ལ་གཅིག་གིས་གོ་བཅད། སོ་སོར་ཁ་སྐོང་གི་དགེ་འདུན་བཞི་རེ་ཚང་བ་ཕྱེད་པའི་ལུགས་དམིགས་བསལ་ཀྱི་ཁུངས་ཙམ་བྱུང་ཡང་། བོད་དུ་བྱར་མི་རུང་བ་གཉགས་དབོན་གྱིས་ལུང་ལས་དེ་ལྟར་གསུངས་ཀྱང་དེའི་ཆོ་ག་ཞིབ་མོ་འདིར་མི་འབྱུང་བའི་ཕྱིར་སྔོན་བྱུང་གི་འདུལ་འཛིན་ཆེན་པོ་རྣམས་དེ་ལྟར་ལ་ཕྱག་ལེན་མཛད་པའི་སྲོལ་མ་བྱུང་བ་ཡིན་ནོ། །དེས་ན་བྱེད་ཚུལ་གྱི་ཆོ་ག་རྒྱས་པར་མ་བསྟན་པའི་བྱེད་རུང་གི་སྒྲ་ཙམ་གྱིས་བྱེད་པའི་གོ་རིམ་བྱ་བ་ཡང་མི་ཤེས་པའི་ཕྱིར། དེ་ལྟ་བུའི་འབོགས་ཆོག་ད་ལྟ་བྱེད་མི་རུང་ཞེས་པའང་བསྟན་པ་སྤྱི་སྐད་དང་མཐུན་ཞིང་། བཤད་མ་ཐག་པའི་ལུགས་དེ་མཚོ་སྣ་བས་ཚིག་འབྲུ་བསྣོན་རྒྱུ་ཞིག་གཙོ་བོར་མཛད་པ་འདྲ་ཡང་རྣམ་དག་ཏུ་བྱས་ཀྱང་ཐག་རྒྱ་མའི་(༢༧བ)


GLG014_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཆོས་སུ་འགྲོ་ན་ཀར་ལུགས་ཀྱི་ཕྱག་ལེན་དེར་བསྒྲུབ་བྱ་ཇི་ཙམ་ཤོང་བ་ལས་གྲངས་མེད་ཅིང་། བརྒྱ་ཐམ་པར་མཚོན་ན་བསྒྲུབ་གྲ་སུམ་ཚན་དུ་བཅད་པར་སུམ་ཅུ་སོ་གསུམ་དང་ཉག་མ་གཅིག་བྱུང་བ་རེ་ཁཱས་བཅད་པར་དེར་གྲངས་དང་མཉམ་པའི་ཁ་སྐོང་གི་དགེ་འདུན་བཞི་སྡེ་ངེས་པར་དགོས་རྒྱུ་ལ་དེང་སང་དངོས་སུ་མི་མཛད་པས་གྲུབ། སྙིང་པོར་བསྒྲིལ་ན་གོང་དུ་བརྗོད་པ་མཐའ་དག་གི་དོན་ཡངས་ཅན་མཁན་པོ་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་གྲུབ་མཐའི་བཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འགྲེལ་པའི་གཏམ་སྐྱེལ་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཅེན་མཛེས་པའི་ཕྲ་ཚོམ་བཀོད་པ་ལས། འདི་སྐོར་གྱི་དོགས་གཅོད་རྣམས་ཚིག་དོན་གཉིས་ཀ་བཟང་བས་འཕྲི་སྣོན་མེད་པར་བཀོད་པ་ནི། དེ་ལ་འདུ་ཁང་ལྟ་བུའི་གནས་ཡངས་པ་གཅིག་ཏུ་བསྒྲུབ་བྱ་བཅུ་ལ་སོགས་པའམ་བརྒྱ་ཕྲག་ཏུ་ལོངས་པ་དུས་གཅིག་ལ་བསྙེན་པར་རྫོགས་པ་དེ་མཚམས་ནང་གཅིག་ཏུ་ཡིན་ནམ་ཐ་དད་དུ་ཡིན། དང་པོ་ལྟར་ན་སྐུད་པའམ་ཐག་པས་བཅད་ནས་མཚམས་ཐ་དད་དུ་གནས་པར་འདོད་པ་དང་འགལ། ཐ་དད་དུ་ཡིན་ན་གཙུག་ལག་ཁང་གཅིག་གི་ནང་དུ་མཚམས་ཐ་དད་པ་དུ་མ་མ་བཤད་དེ། གཙུག་ལག་ཁང་དེའི་རྩིག་ནང་ཚུན་མཚམས་ནང་གཅིག་ཏུ་བཤད་པའི་ཕྱིར་ཏེ། དེ་སྐད་དུ། ལས་ལ་རྩིག་པ་མཚམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དབྱར་གནས་ཀྱི་གཞིའི་ཐད་ཀྱི་མདོ་རྩར། ཐམས་ཅད་གནོན་པ་ལ་གནས་ན་ནོན་པ་ཉིད་དོ། །ཞེས་གསུངས་པ་ནི་དབྱར་གནས་ཁས་ལེན་དགོས་པའི་ཚེ་དམིགས་(༢༨ན)


GLG014_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་གསུངས་པ་ཡིན་གྱིས། དེ་ལས་གཞན་ལ་སྦྱར་བར་མི་བྱ་སྟེ་ཕན་ཚུན་གཅིག་གི་དམིགས་བསལ་གཅིག་ལ་སྦྱར་ན་ཐམས་ཅད་འཆོལ་པར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས། ཁྱད་པར་མདོ་རྩར། དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིགས་གཅིག་གིས་བསྙེན་པར་རྫོགས་པར་བྱ་རུང་ངོ་ཞེས་དང་། དེའི་རྒྱ་ཆེར་འགྲེལ་ལས། གསུམ་མན་ཆད་ཅེས་བྱ་བ་སྨྲས་ཏེ། གསུམ་མན་ཆད་ཚིགས་གཅིག་གིས་བསྙེན་པར་རྫོགས་པར་བྱར་རུང་གིས། དེ་ལས་ལྷག་པ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པས་བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་གསུམ་ཚན་དུ་མ་མཁན་པོ་གཅིག་ཡིན་པ་ཡང་ཚོགས་པ་དེ་རྣམས་ལ་གསོལ་བཞིའི་ལས་ཀྱི་ཆོ་ག་གཅིག་གིས་དུས་གཅིག་ལ་བསྙེན་པར་རྫོགས་པར་བྱར་མི་རུང་བ་དངོས་སུ་བསྟན་ལ། ཁྱོད་ཅག་གི་སངས་རྒྱས་ཀྱིས་གསུངས་པའི་འདུལ་བའི་ཆོ་ག་ལ་འདི་ལ་མགོ་སྐོར་གྱི་ཚུལ་བཞིན་དུ་ནང་གཅིག་ཏུ་བསྒྲུབ་བྱ་གསུམ་ཚན་པ་དུ་མ་ལ་སྐུད་པའམ་ཐག་པས་བསྐོར་ཙམ་གྱི་བརྫུན་རིབ་བྱས་ནས་གྲལ་དེར་གནས་ཀྱི་ལས་སློབ་ཀྱི་གསོལ་བཞིའི་ཆོ་ག་གཅིག་གི་གསུམ་ཚན་པ་དུ་མ་ལ་དུས་གཅིག་ལ་བསྙེན་རྫོགས་འབོགས་པ་འདི་འདུལ་བའི་གཞུང་དང་དངོས་སུ་འགལ་བ་བསྙོན་མེད་དུ་གསལ། དེས་ན་བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་བརྒྱ་ལ་སོགས་ ཇིཙམཡོད next hit་ཀྱང་བརྫུན་གྱི་ཐག་རྒྱ་དེ་འདྲ་བྱེད་པ་ལས་རིམ་པ་བཞིན་གསུམ་ཚན་རེས་སུ་ཚོ་བཅད་ནས་བྱས་ན་སྡོམ་པ་སྐྱེ་བས་རང་གཞན་ལ་ཕན་པར་འགྱུར་བ་འདི་མཛད་རིགས་སོ་ཞེས་(༢༨བ)


GLG014_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ནན་གྱིས་གསོལ་འདེབས་ཐལ་མོ་སྦྱར་ན་གསན་དགོངས་ཇི་ལྟར་མཛད། བསྒྲུབ་བྱ་དུ་ཡོད་དེ་ལ་ཐག་རྒྱ་མར་མིང་བཏགས་ནས་དུས་གཅིག་རང་ལ་ཆོ་ག་བྱེད་དགོས་པའི་གཏུགས་དྲག་དེ་འདྲ་ག་ནས་བྱུང་། གནད་ཀྱི་དོན་ནི་དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིགས་གཅིག་གི་ཞེས་གསུངས་པ་ལ་གོ་ནུས་ཀྱི་ཁྱད་པར་སོ་སོར་འཆད་དགོས་ཏེ། དེ་ཡང་དུ་མ་ཞེས་པ་ནི་གནས་སྐབས་གང་ཡིན་པ་དེའི་དུས་སུ་བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་གསུམ་ཚན་པ་གཅིག་གིས་མི་ཆོག་པར་ཉུང་མཐའ་བསྒྲུབ་བྱ་བཞིའམ་ལྔ་ནས་མང་མཐའ་བརྒྱ་ལ་སོགས་པའི་བར་ལ་བྱ་དགོས་ཏེ་དུ་མ་ཞེས་སྤྱིར་བཏང་ནས་དེ་དག་གི་ནང་ན་མཁན་པོ་གཅིག་པ་དང་མི་གཅིག་པ་འགའ་ཡོང་སྲིད་པས་དེའི་ཞིབ་ཆ་དཔྱོད་པ་ལ་མཁན་པོ་གཅིག་ཅེས་པའི་ཚིག་འདི་སྨོས་དགོས་བྱུང་བ་ཡིན། དེ་ཡང་དིང་སང་བྱེད་པའི་ཆོ་གའི་དཀྱུས་ཐོག་འདི་ལ་བསྙེན་རྫོགས་ཀྱི་སྦྱོར་བའི་ཆོ་ག་ནས་བཟུང་དུས་བསྒོའི་བར་སྡེབས་གཅིག་ལ་སྔར་གྱི་མཁན་པོ་དངོས་སུ་བྱོན་ཡོད་པའམ་མེད་ཀྱང་རུང་དགེ་སློང་ལྔ་ཚང་བ་ཡན་ཆད་ཀྱི་དགེ་འདུན་ལས་བསྙེན་པར་རྫོགས་པ་ཡོད་ཅིང་། དེའི་ཚེ་ན་བསྒྲུབ་བྱ་གསུམ་ཚན་གཅིག་ལས་ལྷག་པ་དུ་མ་ཚོགས་པ་དེ་ལ་མཁན་པོ་མི་གཅིག་པ་རྣམས་ལ་ཐ་དད་དུ་བྱ་དགོས་ཏེ། མཁན་(༢༩ན)


GLG014_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མི་གཅིག་ན་བསྒྲུབ་བྱས་བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་དང་། བར་ཆད་དྲི་བའི་སྔོན་གྱི་གསོལ་བ་འབའ་ཞིག་པའི་ལས་དང་། གསོལ་བཞིའི་ལས་ཀྱི་ཆོ་ག་རྣམས་བརྗོད་མི་བདེ་བའི་ཕྱིར་ཏེ། མཁན་པོ་གཅིག་གི་མཚན་ནས་སྨོས་པས་མི་ཆོག་པར་བསྒྲུབ་བྱ་རང་རང་གི་མཁན་པོ་ཐ་དད་པ་དུ་མའི་མཚན་ནས་ཡང་བརྗོད་དགོས་པར་འགྱུར་ལ། དེ་འདྲ་ནི་བརྗོད་ཐུབ་མི་ཐུབ་གང་ཡིན་ཀྱང་སངས་རྒྱས་ཀྱིས་མ་གསུངས་པས་མི་འཐད། དེའི་ཕྱིར་ན་མཁན་པོ་གཅིག་པ་ཞེས་པའི་གཞུང་འདི་གསུངས་པ་ཡིན། གལ་ཏེ་མཁན་པོ་གཅིག་པའི་བསྒྲུབ་བྱ་གསུམ་ལས་ལྷག་པ་དུ་མ་ལ་བསྙེན་རྫོགས་དུས་གཅིག་ལ་བྱར་རུང་ངམ་ཞེ་ན། དེ་མི་རུང་ཞེས་པ་ལ། གསུམ་མན་ཆད་ཚིགས་གཅིག་གི་ཞེས་པ་འདི་བྱུང་། དེ་ཡང་མཁན་པོ་གཅིག་ཀྱང་བསྙེན་རྫོགས་དངོས་གཞིའི་ཚེ་བསྒྲུབ་བྱ་གསུམ་མན་ཆད་དུ་གནས་པ་ལ་གསོལ་བཞིའི་ལས་ཀྱི་ཆོ་ག་གཅིག་གིས་དུས་གཅིག་བསྙེན་པར་རྫོགས་བྱར་རུང་གི །དེ་ལས་ལྷག་པ་ལ་མི་རུང་ངོ་ཞེས་བཀས་བཅད་ཀྱི་ཁྲིམས་འདི་སངས་རྒྱས་རང་དང་། སངས་རྒྱས་གཉིས་པ་ཡོན་ཏན་འོད་དང་། ཆོས་ཀྱི་བཤེས་གཉེན་སོགས་ཀྱིས་གསལ་བར་གསུངས་པ་འདི་ལ་བརྩི་དོན་ཡོད་པ་ཞིག་གི་ཆ་ཆོད་རས་བོར་མི་གནང་བ་དགོངས་འཚལ་ལགས། རང་བཟོའི་ཆོ་གས་རང་དང་བསྟན་ལ་གནོད། །དེ་བས་གསུམ་ཚན་དུ་མར་ཐག་རྒྱ་ནི། །ཀུན་དང་མི་མཐུན་འབད་ཀྱང་ངལ་བ་ཙམ། །རིམ་བཞིན་གསུམ་ཚན་རེ་རེར་འབོགས་ཆོག་གིས། །སྡོམ་པ་སྐྱེ་ངེས་ངལ་བ་(༢༩བ)


GLG014_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྡན་ཞིང་། །འདུལ་བའི་གཞུང་དང་མཐུན་པས་རྣམ་དཔྱོད་ཀྱི། །སྤྱན་རས་ཡངས་པའི་མཁས་ཀུན་དགའ་བསྐྱེད་ཅིང་། །བརྒྱུད་འཛིན་ཀུན་ཀྱང་སྡོམ་རྒྱུན་རྒྱན་གྱིས་མཛེས། །ཐག་པས་བཅད་ཀྱང་སུམ་ཚན་དུ་མར་ནི། །དུས་གཅིག་བསྙེན་རྫོགས་ཆོ་ག་ཁྱེད་བྱེད་ན། །སྟོན་པས་ཚོགས་ཀྱིས་ཚོགས་ལ་ལས་མི་བྱ། །གསུངས་ལ་ཆེད་དུ་སྙིང་ནང་འདི་ཅི་ཞིག །བསྒྲུབ་ཚོ་སོ་སོའི་ཐག་སྣེ་སྒྲུབ་བྱེད་ཀྱི། །གདན་འོག་བཅུག་པས་དེ་དང་མཚམས་གཅིག་ན། བསྒྲུབ་ཚོ་ཀུན་ཀྱང་མཚམས་ནང་གཅིག་འགྱུར་ཏེ། །དེ་ཀུན་སྒྲུབ་བྱེད་ཚོགས་དང་མཚམས་གཅིག་ཕྱིར། །ཀུན་ལ་མེད་པའི་ཁྱད་ཆོས་ཐག་རྒྱ་མ། །འཕགས་པའི་ཡུལ་དུ་མ་བྱུང་གངས་ཅན་དུའང་། །མཚན་ལྡན་ཀུན་གྱིས་མ་མཛད་བཤོལ་ན་ལེགས། །དེ་སྐད་རྒྱང་ནས་སྙན་འབུལ་འདི་གསན་རིགས། རིགས་པའི་གནད་ནི་འདི་ཡིན་ཏེ། ཐག་པས་བསྐོར་པའི་བསྒྲུབ་ཚོ་དང་པོ་དང་། གཉིས་པ་ལ་སོགས་པ་སྐབས་དེར་previous hit ཇིཙམཡོད next hit་དེ་ཀུན་མཚམས་ནང་གཅིག་ཏུ་གནས་པར་གསལ་ཏེ། དེ་ཀུན་སྐབས་དེའི་སྒྲུབ་བྱེད་དགེ་འདུན་གྱི་ཚོགས་དང་མཚམས་ནང་གཅིག་ཏུ་གནས་པའི་ཕྱིར། ཁྱབ་པ་མངོན་སུམ་ཚད་མའི་རིགས་པས་འགྲུབ། དཔེར་ན། བུམ་པའི་ཆུ་ཀུན་གོ་ས་གཅིག་ཏུ་གནས་པར་ཐལ། དེ་ཀུན་བུམ་པའི་ནང་དུ་གོ་ས་གཅིག་ཏུ་གནས་པའི་ཕྱིར་ཞེས་པ་ལྟ་བུ་ལ་སོགས་པའི་རིགས་ལ་ཁྱབ་པ་མེད་ཟེར་ན། མངོན་སུམ་དུ་སྙན་བརྡུང་བར་སོང་བས་མཁས་པའི་མདུན་སར་དེ་ལས་ངོ་ཚ་བ་ཅི་ཡོད། གོང་དུ་འདོད་ན། དེ་ཀུན་མཚམས་ནང་མི་(༣༠ན)


GLG014_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པར་ཁས་བླངས་པ་དང་འགལ་ཞིང་། ཐག་པའམ་སྐུད་པས་བསྐོར་བ་དགོས་མེད་དུ་སོང་། རྟགས་མ་གྲུབ་ན། ཐག་སྣེ་ཀུན་བསྒྲུབ་བྱའི་གདན་འོག་ཏུ་བཅུག་པ་དགོས་མེད་དུ་སོང་། འདི་རིགས་ཀྱི་ཆོ་ག་བྱ་དཀའ་ལ་སྒྲུབ་བྱེད་མེད་པ་དགོས་པ་བསྐྱེད་མི་ནུས་པ་འདི་འདྲས་ཅི་བྱེད་སོམས་མཛོད། ཅེས་གསུངས་པའི་གནམ་ལྕགས་ཀྱི་ཐོག་ལྟར་འཕངས་པ་འདི་ལ་རྗེས་སུ་ཡི་རང་ངོ་། །ས་སྐྱ་པའི་ཡིག་ཆ་མང་པོར་སྭསྟི་སིདྡྷཾ་ཞེས་པ་བདེ་ལེགས་གྲུབ་པའི་སཾ་སྐྲྀ་ཏའི་སྐད་ཡིན་པ་མ་གོ་བར་ས་ས་དེ་ས་སྐྱ་པའི་ཆེ་བ་ལྟ་བུར་གོ་ནས་ངེད་རང་འབྲི་གུང་པ་ཚོ་ཡང་འབྲིསྟི་འབྲིདྡྷཾ་བྱེད་ཟེར་བའི་ལོ་རྒྱུས་ལྟར་ཕྱོགས་དེར་རྣམ་པར་མ་དག་པའི་སྒྲོས་མང་ཡང་ལ་ལ་ཐག་རྒྱ་མ་ནི་རྗེ་འབྲི་གུང་པས་མཛད་ཟེར་བ། སྡོམ་གསུམ་དུ། བླུན་པོ་སྙིང་ཕོད་ཅན་གྱིས་ཀྱང་། །འདུལ་བའི་ཆོ་ག་བརྒལ་མ་ནུས། ཞེས་གསུངས་པས། འབྲི་སྟག་སྒམ་འབྲུག་རྣམས་ཀྱིས་ཀར་ལུགས་ཀྱི་བློ་གཤེད་དེ་འདྲ་མ་ནུས་པར་སྣང་མོད། འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོས་དགུང་ལོ་བཅུ་བདུན་གྱི་སྟེང་བསྙེན་པར་རྫོགས་པ་དང་སྟག་ལུང་ཞབས་དྲུང་རྣམ་རྒྱལ་བཀྲ་ཤིས་ཀྱིས་བདག་ཆེན་ངག་གི་དབང་པོ་ལ་མཁན་པོ་དང་རྗེ་གྲོལ་མཆོག་ལ་ལས་སློབ་ཞུས་པའི་ལས་སློབ་ཀྱི་སྡོམ་རྒྱུན་ཡང་འདྲེན་གྱི་ཡོད་འདུག་པ་གོང་གི་བཞུགས་གྲལ་ལ་ཚུད་ན་མ་ཚུད་ན་ཡོད་པ་འདྲ། མཁས་པ་ལ་ལའི་བསྟན་བཅོས་སུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་སུམ་ཚན་དུ་མ་བཅད་ཀྱང་སྐྱེ་ལ་ཉེས་བྱས་འབྱུང་བར་འཆད་པ་དགེ་བསྙེན་ལ་(༣༠བ)


GLG014_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡིན་དུ་ཆུག་ཀྱང་། དགེ་ཚུལ་ལ་ནི་འཆད་པའི་དོགས་པ་ཙམ་ཡང་མེད་ཅིང་ལ་ལ་ཚོགས་ཀྱི་ཚོགས་ལ་ལས་མི་བྱ་བ་ལ་བློ་རྩེ་བསྟད་ནས་དགེ་ཚུལ་ལ་ཁ་སྐོང་གི་དགེ་འདུན་མེད་ཀྱང་ཆོག་པས་སོ་ཟེར་མོད་ཚོགས་དང་ལས་གཉིས་པོ་དགེ་འདུན་དུ་ལོངས་པ་དང་གསོལ་བ་དང་བཞིའི་ལས་སམ་འབའ་ཞིག་པའི་ལས་ཡིན་པས་གསུམ་དུ་གཅོད་དགོས་པར་མ་ཟད་དེའི་བརྟེན་བཞིར་གྱུར་པའི་ཚིགས་སྔ་མ་གཉིས་ལའང་གསུམ་ཚན་དུ་གཅོད་དགོས་པ་དོན་གྱིས་ཐོབ་པས་ཆོས་ཀྱི་རྒྱལ་པོ་འཕགས་པ་དང་ཀུན་མཁྱེན་བུ་སོགས་ཚད་ཐུབ་རྣམས་ཀྱིས་ལས་ཆོག་ཏུའང་རྒྱ་གར་གྱི་མཁས་པ་ཡོན་ཏན་འོད་ཀྱི་རྗེས་སུ་འབྲངས་པས་དེ་དག་ལ་འབྲུ་ལོག་པར་བརྒྱབ་ནས་རང་ཉིད་སྤྱོད་ཡུལ་ཡངས་པ་སྒྲུབ་ཐབས་ནི་རྣམ་དག་བསྟན་པའི་བགྲང་བྱར་མིན་ནོ། །གསོལ་བཞིའི་ལས་དངོས་གཞི་གསུམ་ཚན་དུ་བཅད་ཕྱིན། དེ་ཕྱིན་ཆད་བསྒྲུབ་བྱ་མང་ཉུང་ཇི་ཙམ་ཚོགས་པར་ཅིག་ཅར་དུ་བྱེད་པའང་དགེ་ཚུལ་སོགས་ལ་མཁས་པ་རྣམས་མི་བཞེད་ན་ལྟ་ཅི་སྨོས། རབ་བྱུང་གི་ཚེ་བསྒྲུབ་བྱ་རྣམས་དབང་གྲལ་ལྟར་བཀོད་ནས་བླ་གོས་སོགས་ཚིག་དང་བསྟུན་ནས་ལག་པར་རེག་ཙམ་གྱི་འགྲོ་གང་ཆེ་ཁྲོམ་དབང་ལ་ཚེ་རྫས་སྟེར་བ་ལྟ་བུའང་མི་རིགས་པ་སྒྲུབ་གྲ་རེ་ལ་གོས་གཏོད་པའི་ཚིག་ཚང་བ་རེ་བརྗོད་ནས་གཏོད་དགོས། བསྙེན་རྫོགས་ཀྱི་སྐབས་ཁ་སྐོང་གི་དགེ་འདུན་རྣམས་ཀྱིས་ཀྱང་གོས་བྱིན་གྱིས་བརླབས་ནས་གཏོད་པའང་གཟུ་ལུམས་ཏེ། འདུལ་བའི་ལག་ལེན་གྱི་ཆོ་ག་དྲི་མ་མེད་པའི་འཕྲེང་བ་ལས། ཡོ་བྱད་མངོན་དུ་གྱུར་པ་ལ། གོས་ཀྱི་རྟགས་(༣༡ན)


GLG014_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་གསུམ་དྲས་ཤིང་དྲུབས་པའམ། རྒྱུ་རུང་བ་ལ་མཁན་པོ་རང་གིས་བྱིན་གྱིས་བརླབས་ཏེ་གནང་བ། འདི་ལ་ཆུ་ཚགས་རུང་བ་ཚད་ལྡན་མཁན་པོའི་ཚིག་གིས་གནང་བ། སྣོད་སྤྱད་ཀྱི་རྟགས་ལྷུང་བཟེད་རུང་བ་ཚད་ལྡན་དགེ་འདུན་ལ་བསྟན། དགེ་འདུན་གྱིས་གནང་། མཁན་པོ་རང་གི་བྱིན་གྱིས་བརླབས་ཏེ་གནང་བ་དགོས་ཞེས་གསུངས་པས་རྟོགས་ནུས། གསང་སྟོན་བསྐོ་བ་དང་བར་ཆད་འདྲི་བའི་ལས་ཀྱང་གཅིག་གི་མིང་ནས་སྨོས་ཏེ་སོགས་ཁོངས་ནས་བཞིར་ལོངས་པ་ཡན་ཆད་ལ་སྡེབས་སུ་བྱས་པས་ལས་མི་ཆགས་ཤིང་། དེའི་སྐྱོན་གྱིས་བསྐོ་ཡུལ་དེ་ཡང་གསང་སྟོན་པར་མི་འགྱུར་བ་སོགས་ཀྱི་ཉེས་པ་དུ་མ་འབྱུང་། དེང་སང་རྣམ་པར་དག་པའི་ཕྱག་ལེན་སྣར་ཐང་པ་ནས་བླ་ཆེན་བརྒྱུད་འཛིན་ཚོར་དར་བ་དང་། སྤོས་ཁང་ཚོགས་པའི་ཕྱག་ལེན་པཎ་ཆེན་རྒྱུན་འཛིན་ཚོར་དར་བ་གཉིས་ལས། སྔ་མ་ལ་བསྒྲུབ་བྱ་ཉི་ཤུ་སྐོར་སོགས་མང་ཉུང་ཙམ་ཡོད་མཚམས་ཁང་དེར་འཚོགས་པར་མཁན་པོས་རབ་བྱུང་གི་བར་ཆད་དྲིས་ཤིང་། དགེ་བསྙེན་དུ་བསྒྲུབ་པ་ཉེས་བྱས་ཙམ་ལས་མི་རུང་བ་མ་ཡིན་ཀྱང་ཉེས་མེད་ཕུན་ཚོགས་ལ་གནོད་པས་རྩིང་སྤྱོད་དུ་སོང་། བར་མའི་མཁན་པོར་གསོལ་གདབ་ཀྱི་བཤད་པ་རྣམས་སྤྱི་ཐོག་ཏུ་བཏང་ནས་དཔེར་ན་སྒྲུབ་གྲ་ལྔ་ཡོད་ན་གསུམ་གསུམ་དུ་གསོལ་བ་གདབ་པས་མཚོན་ཏེ་གསོལ་བཞིའི་ལས་ཀྱི་བར་ཐམས་ཅད་རིམ་པ་བཞིན་དུ་མཛད་པ་བརྡ་སྤྲོད་པ་རྣམས་གཅིག་གིས་ཆོག་པས་ཟོར་ཡང་བར་བཞེད་རུང་། བཤད་པ་རྒྱས་བསྡུས་ལོང་སྐབས་དང་བསྟུན་ཆོག་པས་ངེས་པ་མེད། (༣༡བ)


GLG014_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་བཀའ་བློ་མི་བདེ་བའི་རིགས་རྣམས་ཚུར་ཤོག་ཕར་སོང་ལ་ཡང་དུས་ཐོག་ཏུ་མི་འགྲིག་པའི་འགོར་གཞི་དང་། བསྒྲུབ་བྱའི་གོ་རིམ་ཀྱང་མ་འཁྲུགས་པར་ཡོང་བའི་ངེས་པ་མེད། གསང་སྟོན་བསྐོ་བའི་ལས་བརྗོད་པའི་སྐབས་སུམ་ཚན་དུ་གཅོད་པའི་ཚེ་མི་མངས་ཀྱི་མིང་ཐམས་ཅད་ནི་བློར་མི་ཟིན། དྲི་བའི་ཚེ་སྐད་བརྡ་ཇི་བཞིན་མི་གཅིག་པའི་རིགས་ཀྱིས་ལན་ཀྱང་དུས་སུ་མི་འཇལ་བས་ཉག་ཉོག་གི་ངང་ལ་ཟད་པ་ཞིག་འོང་། དུས་བསྒོ་མཐར་གཅིག་ལས་མི་མཛད་པ་སྔ་དྲོ་སྡོམ་པ་ཐོབ་པའི་བསྒྲུབ་བྱ་གཅིག་དང་ཕྱི་དྲོ་ཐོབ་པ་ཞིག་ལ་བསླབ་པ་རྒན་གཞོན་མེད་པའི་རྩིང་སྐྱོན་དུ་འདུག །མཐར་གདམས་ངག་བསླབ་པ་བརྗོད་པ་འཕྲལ་དུ་མ་གྲུབ་ན་སང་ཉིན་བརྗོད་སྲོལ་ཡང་། མདོ་ལས། བསྙེན་པར་རྫོགས་མ་ཐག་པ་ལ་མི་བརྗོད་པར་མི་བྱའོ། །ཞེས་དེ་མ་ཐག་བརྗོད་དགོས་པར་བཤད་པས་འགྲུབ་ཅིང་། འཇམ་དབྱངས་བླ་མ་དཀོན་ཅོག་ཆོས་འཕེལ་གྱིས་མཁན་པོ་གནང་བའི་སྐབས་ཁ་སྐོང་ལ་ཕྱིན་པའི་ཚེ། ཕྱག་ལེན་རྒྱས་དྲགས་པའི་མུན་རུབ་ནས་མར་མེའི་མདངས་ལ་གདམས་ངག་བརྗོད་པ་ལྗགས་ཀློག་གནང་བ་མཐོང་ཞིང་། ཨཻ་ཝཾ་ཆོས་ལྡན་དུ་ཡང་དེ་ལྟར་ཡོད་འདུག་གཤིས་མཚན་མོ་ཡི་གེ་ལ་བརྟེན་པར་ཐུགས་སུན་པའི་ངོར་ཆེན་དཀོན་ཅོག་ལྷུན་གྲུབ་སོགས་ཀྱིས་ཐུགས་བློར་བཟུང་ནས་གསུངས་པར་གྲགས། སྤོས་ཁང་པ་སོགས་ཕྱག་ལེན་ཕྱི་མར་རབ་བྱུང་གི་བར་ཆད་དྲི་བ་ནས་བསྙེན་རྫོགས་ཀྱི་དུས་བསྒོའི་བར་སྒྲུབ་གྲ་གཅིག་ཁོ་ནར་མཛད་ནས་ཚད་ཟིན་དང་བསྟུན་ནས་ཕྱི་མ་རྣམས་སྒྲུབ་པ་དངོས་གཙང་བས་རྫོགས་བྱེད་(༣༢ན)


GLG014_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནག་ལྷས་སོགས་ཀྱི་རིང་ལུགས་ལ་མ་ཞུགས་པ་མཐའ་དག་ཤཱཀྱ་སེང་གེའི་བསྟན་པ་ལ་དགོངས་ནས་མཛད་པ་ཅི་གནང་ཞེས་ཐལ་མོ་སྦྱར་ནས་ཞུ་བ་འབུལ་ལོ། །སོ་ཐར་གྱི་སྡོམ་པ་འབོགས་པ་ལ་སྐྱེ་བའི་རྟེན་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོས་འདུལ་བ་རྒྱ་མཚོའི་སྙིང་པོར། དེ་ལྟར་སོ་ཐར་རིགས་བརྒྱད་པོ། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང་། །མ་ནིང་མཚན་གཉིས་སོགས་ལ་མིན། །ཅེས་གསུངས་པས་རྟེན་དེ་ལ་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པའི་སྔོན་འགྲོར་རབ་ཏུ་བྱུང་བར་རུང་མི་རུང་བརྟག་པའི་ཕྱིར་བར་ཆད་འདྲི་བ་ལ། མདོ་རྩ། རྒྱ་ཆེར་འགྲེལ། ལས་བརྒྱ་དང་བཅས་པར་གོ་རིམ་ཐོར་བུར་གསུངས་པ། ལུང་རིགས་གཏེར་མཛོད་དུ་འཁྲུགས་སྡེབས་མཛད་པའི་དགོངས་དོན་སྙིང་པོར་བསྒྲིལ་བ་ལ། །སྤྱིར་སྡོམ་པ་སྐྱེ་བའི་བར་ཆད། སྐྱེ་བ་གནས་པའི། གནས་པ་ཁྱད་པར་ཅན་དུ་གྱུར་པའི། རྟེན་མཛེས་པའི་བར་ཆད་དང་བཞི་ལས། དང་པོ་མི་མ་ཡིན་པའི་འགྲོ་བ་པ་ལྟ་བུ་རྣམ་སྨིན་གྱི་བར་ཆད་འགྲོ་བ་ཉམས་པ། བྱང་གི་སྒྲ་མི་སྙན་པ་ལྟ་བུ་རྣམ་སྨིན་ཀྱི་བར་ཆད་གནས་རིགས་ཉམས་པ། མ་ནིང་རིགས་ལྔ་ལྟ་བུ་རྣམ་སྨིན་གྱི་བར་ཆད་མཚན་ཉམས་པ། མུ་སྟེགས་ཅན་ཞུགས་པ། རྐུ་ཐབས་སུ་གནས་པ། བསམས་བཞིན་དུ་མཚམས་མེད་དང་ཉེ་བའི་མཚམས་མེད་བྱས་པ། ཕམ་པ་འཆབ་བཅས་ཀྱིས་རྒྱུད་གོས་པ་རྣམས་ལས་ཀྱི་བར་ཆད། རྒྱུད་དུག་གསུམ་ཤས་ཤིན་ཏུ་ཆེ་བས་དགེ་བ་ལ་སྦྱོར་མི་བཟོད་པ་ལྟ་བུ་ཉོན་(༣༢བ)


GLG014_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་སྒྲིབ་པ་ཤས་ཆེ་བའི་བར་ཆད། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འདོར་བར་མི་བྱེད་པ་སོགས་རྟགས་གཞན་དུ་གྱུར་པའི་བར་ཆད། འདི་དག་ནི་སྡོམ་པ་སྐྱེ་བའི་བར་ཆད་ཅན་ཡིན་པས་སྡོམ་སྐྱེའི་སྐལ་བ་མེད་པར་བཞེད། གཉིས་པ། རྒྱལ་པོས་བཀྲབས་པ་བློན་པོའི་མཆོག་གམ་རུ་དཔོན་ལྟ་བུ། བྲན་ལ་སོགས་པ་གཞན་གྱི་དབང་དུ་གྱུར་པས། བུ་ལོན་ཆགས་པ་སོགས་ནི་གནས་པའི་བར་དུ་གཅོད་པ་སྟེ། དེ་དག་སྡོམ་པ་སྐྱེས་སུ་ཟིན་ཀྱང་བར་ཆད་དེ་དག་གི་དབང་གིས་ཡུན་རིང་དུ་མི་གནས་པར་དབབ་དགོས་པ་སོགས་ཀྱི་རྒྱུ་བྱེད་པའི་ཕྱིར། གསུམ་པ་ནི། ནད་ཀྱིས་གཟིར་པ་སོགས་གནས་པ་ཁྱད་པར་དུ་འགྱུར་བའི་བར་ཆད་དོ། །སྡོམ་པ་སྐྱེས་སུ་ཟིན་ཀྱང་ནད་ཀྱི་དབང་གིས་བསླབ་པ་སོགས་ལ་སྦྱོར་མི་བཟོད་པས་ཡོན་ཏན་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའི་གེགས་བྱེད་པའི་ཕྱིར། བཞི་པ་ལ། གདོལ་པ་དང་གཡུང་པོ་སོགས་ཀྱི་རིགས་ལ་སྐྱོན་ཆགས་པའི་བར་ཆད། སྐྲ་སེར་དང་ལག་རྡུམ་སོགས་ལུས་ལ་སྐྱོན་ཆགས་པའི་བར་ཆད་དེ་འདི་དག་ནི་རྟེན་མཛེས་པའི་བར་ཆད་ཡིན་པས་སྡོམ་པ་སྐྱེས་སུ་ཟིན་ཀྱང་རྐྱེན་དེ་ལྟ་བུ་ཁྱིམ་པ་དག་བསྟན་པ་ལ་མ་དད་པའི་རྒྱུ་བྱེད་པའི་ཕྱིར། འོན་ཀྱང་ཕྱི་མ་གཉིས་བསྟན་པ་ལ་ཕན་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་ན་རབ་ཏུ་འབྱིན་པར་ཉེས་པ་མེད་དེ། མེ་ཏོག་འཕྲེང་རྒྱུད་ལས། དེ་དག་དགེ་རྒྱུན་མེད་མིན་ཞིང་། །ཐར་པའང་མི་འདོད་མ་ཡིན་མོད། །གཅིག་ཏུ་བསྟན་ལ་སྐྱེ་བོ་ཡི། །ཐོས་ན་སྐྱོན་དུ་བལྟ་ཕྱིར་བཀག །བསམ་དང་རྗེས་གྱི་བསམ་ཤེས་ཤིང་། །མངོན་ཤེས་ཏིང་(༣༣ན)


GLG014_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཐོབ་པ་ནི། །མཐུ་ཡིས་འཇིག་རྟེན་ཚིམ་བྱེད་ཕྱིར། །རབ་ཏུ་འབྱིན་པ་ཉེས་པ་མེད། །ཅེས་གསུངས། འོན་ཀྱང་འདི་དང་བསྙེན་རྫོགས་ཀྱི་བར་ཆད་སྐོར་ལ་སྟག་ཚང་ལོ་ཆེན་གྱི་འདུལ་ཊཱིཀ་ཏུ་མེ་ལོང་གི་བྱད་བཞིན་ལྟར་ལེགས་པར་བཀྲོལ་བ་དབྲི་བསྣན་མེད་པ་འདི་ལྟ་སྟེ། སྡོམ་པ་སྐྱེ་བའི་དང་། གནས་པའི་དང་། ཁྱད་པར་དུ་འགྱུར་བའི་བར་ཆད་དང་། སྐྱེ་བའི་བར་ཆད་གཞན་བཤད་པ་དང་། མཛེས་པའི་བར་ཆད་བཤད་པའོ། །དང་པོ་ལ་བསམ་རྟེན་ལ་དང་། ལུས་རྟེན་ལ་སྐྱོན་ཆགས་པའི་བར་ཆད་དོ། །དང་པོ་ལ། དོར་བྱའི་བར་ཆད་མདོར་བསྟན། ཞར་ལ་ཚིག་གི་ཚེགས་སྐྱུང་། མགུ་བར་གྱུར་པ་རྒྱས་པར་བཤད་པའོ། །དང་པོ་ནི། རབ་ཏུ་སོགས་ནས། ངག་གིས་ཀྱང་དྲི་བར་བྱ་སྟེ། མུ་སྟེགས་ཅན་དེ་འདིར་བསྟན་གྱི་བར་ཆད་ཅན་ཡིན་པའི་ཕྱིར། དེས་ན་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པའི་མུ་སྟེགས་ཅན་ཆོས་ཅན། ཁྱོད་རབ་ཏུ་སོགས་ནས་མི་བྱ་སྟེ། ཁྱོད་ལ་སྡོམ་པ་མི་སྐྱེ་བའི་ཕྱིར་ཏེ། སངས་རྒྱས་ལ་ཞེ་འགྲས་པའི་སེམས་དང་ལྡན་པའི་ཕྱིར་རོ། །རྒྱུ་མཚན་འདི་དང་ལྡན་པ་མུ་སྟེགས་ཅན་དངོས་མ་ཡིན་པ་གཞན་འདིས་མཚོན་ནོ། །དེས་ན་སྔོན་གྱི་འདུལ་འཛིན་རྣམས་ཀྱིས་བར་ཆད་འདི་དག་ལ་མཚན་ཉིད་དང་། དབྱེ་བ་དང་། དགག་བྱ་དང་། མཚོན་དོན་ཏེ་བཞི་བཞིས་བཤད་པ་རྣམས་ཀྱིས་དང་པོ་གསུམ་རིམ་པ་ལྟར་ཆོས་ཅན་དང་། སྒྲུབ་ཆོས་དང་། རྟགས་སུ་བྱས་པ་སྟེ་ཕྱི་མ་རྣམས་ལའང་དེ་བཞིན་ནོ། །འོ་ན་མུ་སྟེགས་ཅན་དུ་གྲགས་པ་མཐའ་དག་མི་རུང་ངམ་ཞེ་ན། མ་(༣༣བ)


GLG014_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཉེ་དུ་ལ་གདུངས་ཤིང་རིགས་མི་བསླུ་བའི་ཤཱཀྱ་དང་། ལས་དང་བརྩོན་འགྲུས་ཆོས་སུ་སྨྲ་ཞིང་ཆོས་འདི་ལ་དད་པ་མ་སྤངས་པ་མེ་པ་རལ་པ་ཅན་མ་གཏོགས་པའི་ཕྱིར་རོ། །དེར་ཡང་མ་ཟད་དེ། སྔོན་མུ་སྟེགས་ཅན་ཡིན་ཡང་ཆོས་འདི་ལ་སེམས་མགུ་བར་འགྱུར་ན་རུང་བས། དེར་ཡང་མ་གྱུར་པས་མུ་སྟེགས་མཚན་ཉིད་པ་རྣམས་མི་རུང་ཞེས་པའོ། །གཉིས་པ་ནི། འདིར་འོག་མ་རྣམས་སུ་ཚིག་ཚོགས་སྐྱུང་བའི་ཕྱིར་དུ་བཀོལ་བ་ཞེས་པའི་ཐ་སྙད་མཛད་དོ། །མིང་དེ་ནི་ཆོས་ཅན། ཁྱོད་འཇུག་པའི་གཞི་ཡོད་དེ། མདོ་སྔ་མའི་མུ་སྟེགས་ཅན་དང་། ཕྱི་མའི་ཤཱཀྱ་ལ་སོགས་པའི་འཇུག་གི་མུ་སྟེགས་ཅན་ཞེས་པ་ཡན་ཆོད་ཟུར་དུ་བཀོལ་ཞིང་ཕུད་པའི་མདོ་ཚིག་རྣམས་ཁྱོད་འཇུག་པའི་གཞི་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མདོ་ཚིག་དེ་རྣམས་འོག་གི་བར་ཆད་རེ་རེ་ལ་སྦྱར་དགོས་པས་འཁྲིས་བཀོལ་ཞེས་བྱ་ཞིང་། ཕུད་པ་དེ་རྣམས་ལ་བོར་བཀོལ་ཞེས་བྱ་སྟེ། འོག་གི་བཀོལ་བ་བྲན་ནོ་ཞེས་པ་ལྟ་བུ་ལ། བཀོལ་བ་ཞེས་པ་འཁྲིས་ཞེས་པ་བཀོལ་ཡིན་ལ། བྲན་ཞེས་པ་འདིར་བོར་བའི་མུ་སྟེགས་ཅན་ཞེས་པའི་དོད་དུ་ཤེས་པར་བྱའོ། །གསུམ་པ་ལ་མགུ་བར་གྱུར་པའི་ཚད། མགུ་བར་གྱུར་པའི་ཐབས། དེ་ལ་ཇི་ལྟར་བསྐྱེད་ཚུལ་ལོ། །དང་པོ་ནི། ཡོན་ཏན་དང་སྐྱོན་ཇི་ལྟར་གནས་པ་བཞིན་དུ་བརྗོད་པའི་སྒོ་ནས་དཀོན་ཅོག་རྣམས་སོགས་ནས་བརྗོད་པ་མ། སྔོན་གྱི་ཞེན་པའི་སྒོ་ནས་སེམས་མི་གཡོ་སོགས་ནས་ཉིད་ཡིན་པས་དེ་རབ་བྱུང་བྱའོ། །གཉིས་པ་ནི། མགུ་བ་དེའི་དོན་དུ་ད་ལྟ་མགུ་བ་དེ་དང་མི་ལྡན་པའི་མུ་སྟེགས་དེ་དགེ་བསྙེན་(༣༤ན)


GLG014_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བྱས་པའི་ལས་ཀྱི་མཐའ་དེ་ལ། དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་ཟླ་བ་བཞིའི་བར་དུ་རབ་བྱུང་གི་ཁྲོད་དུ་གནས་སུ་གཞུག་པར་བྱ་སྟེ། དེའི་བར་དུ་མགུ་བ་སྐྱེ་བར་འགྱུར་སྲིད་པའི་ཕྱིར་རོ། །གསུམ་པ་ནི། དེའི་སོགས་ཏེ། ལས་སུ་བསྐོ་བའི་བྱེད་པ་པོ་ནི་དེ་ཉིད་ཡིན་ནོ། །གཉིས་པ་ལ། དངོས་དང་། ཞར་བྱུང་ངོ་། །དང་པོ་ནི། འདི་ལོན་ནམ་ཞེས་སྒྲུབ་པའི་རྣམ་ལྡན་དུ་དྲིས་པས་ན་བཀོལ་པ་མ་སྦྱར་བར། རབ་ཏུ་སོགས་ནས་མི་བྱ་སྟེ། ཁྱོད་ལ་སྡོམ་པ་མི་སྐྱེ་བའི་ཕྱིར་ཏེ། དེ་ལུས་ཀྱི་ན་ཚོད་མ་སྨིན་པས་བསྟན་པའི་ཁུར་འཁྱེར་མི་ནུས་པའི་ཕྱིར་རོ། །རྒྱུ་མཚན་དེ་དང་མཐུན་པ་གཞན་ཡང་མཚོན་ནོ། །བར་ཆད་དྲི་བའི་རྒྱུ་མཚན་ཡང་སྔར་བཞིན་སྦྱར་རོ། །གཉིས་པ་ནི། དགེ་སློང་བཞིན་དུ་དགེ་ཚུལ་གཅིག་ལས་ལྷག་པ་གནས་གཅིག་ཏུ་སོགས་ཏེ། དགེ་ཚུལ་ནི་རྒྱུད་ཉེ་བར་མ་ཞི་བ་ཤས་ཆེ་བའི་ཕྱིར་ཏེ། བསྟན་པ་ལ་ཞུགས་ཀྱང་ཡོངས་སུ་མ་རྫོགས་པས་སོ། །དེས་ན་སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན་ལྷན་ཅིག་རབ་ཏུ་བྱུང་ནས་ལོ་ལོན་ན་རྒན་པ་སོགས་སོ། །ལོ་མ་ལོན་ན་གཞན་ལ་གནས་པའི་སོགས་སོ། །གཏད་པ་དེས་དགེ་ཚུལ་དེ་སོགས་སོ། །ལོ་ལོན་ནས་བསྙེན་པར་སོགས་སོ། །གཏད་པ་དེས་མི་སྟེར་ན་དབང་དང་ཤེད་ལ་སོགས་པའི་མཐུས་དགུག་པར་བྱ་སྟེ། རང་གིས་བདག་གིར་བཟུང་བའི་སློབ་མ་རང་ཉིད་ཀྱིས་ཆོས་ལ་སྦྱར་དགོས་པས་སོ། །གཉིས་པ་ལ་བྲན་རྗེ་དཔོན་གྱི་དང་། བུ་ལོན་ཅན་བདག་པོའི་དང་། བུ་ཚ་བདག་པོའི་དབང་དུ་གྱུར་པ་གསུམ་མོ། །དང་པོ་ནི། བཀོལ་པ་རབ་ཏུ་བྱུང་(༣༤བ)


GLG014_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཉེ་བར་འོངས་པ་ལ་བྲན་མ་ཡིན་ནམ་ཞེས་དྲི་བར་སོགས་ནས། བདག་གིས་ཀྱང་དྲི་དགོས་ཏེ། དེར་བར་ཆད་ཅན་ཡིན་པས་སོ། །རྗེ་དཔོན་གྱི་དབང་དུ་གྱུར་པའི་བྲན་ཆོས་ཅན། དེ་གཉིས་བྱར་མི་རུང་སྟེ། སྡོམ་པ་སྐྱེ་ཡང་ཉེས་བྱས་མཁན་སློབ་སོགས་ལ་འབྱུང་བའི་ཕྱིར་ཏེ། སྡོམ་པ་རྒྱུན་མི་གནས་པའི་དགག་བྱས་གཞན་གྱིས་སྨོད་པ་སོགས་འབྱུང་བས་སོ། །གཉིས་པ་ནི། ལོ་བཅོ་ལྔ་ལོན་པ་ཡིན་ནམ། ཞེས་པ་ལྟ་བུའི་ཡིན་ནམ་གྱི་ཚིག་བོར་ཞིང་བཏང་ལ། དེའི་གནས་སུ་ཁྱོད་ལ་ལ་ལའི་སོགས་ནས་མེད་དམ་ཞེས་བཅུག་ནས་དྲི་བར་བྱ་སྟེ། བུ་ལོན་ཅན་དེ་ཡང་བར་ཆད་ཅན་ཡིན་པས་སོ། །བདག་པོའི་དབང་དུ་གྱུར་པའི་བུ་ལོན་ཅན་ཆོས་ཅན། ཆོས་རྟགས་སྔ་མ་བཞིན་ནོ། །དེ་གཉིས་ལའང་དགག་བྱ་དེ་ལྡན་གཞན་ཡང་མཚོན་ཏེ་འོག་མ་རྣམས་ལའང་དེ་བཞིན་ནོ། །གསུམ་པ་ནི། རབ་ཏུ་སོགས་ནས་ཞག་བདུན་རབ་བྱུང་མི་བྱེད་པར་རང་དགར་བཞག་ནས་བསྲེལ་བར་བྱའོ། །ཐག་ཉེ་བར་མ་ཟད་དེ་ཡུལ་ཐག་རིང་བ་ཡིན་ན་ཡང་སོགས་ཏེ། གཞུང་འདིས་ཐག་རིང་ན་བསྲེལ་མི་དགོས་པར་བསྟན་ནོ། །ཞེས་གཞི་འགྲེལ་མཁན་པོ་དགེ་ལེགས་བཤེས་གཉེན་གྱིས་བཤད་པ་ནི་ལེགས་པར་བཤད་པའོ། །ཇི་ལྟར་བསྐྱང་བ་ནི། རབ་ཏུ་སོགས་སོ། །གསུམ་པ་ནི། རབ་ཏུ་བྱུང་བའི་ཕྱིར་དུ་ཉེ་བར་སོགས་ཏེ་རྒྱུ་མཚན་སྔར་བཞིན། བསྙེན་པར་རྫོགས་པར་བྱེད་པ་དག་གི་མཛེ་དང་འབྲས་དང་ཞེས་སོགས་ཁྱད་པར་ཞིབ་ཏུ་དྲི་དགོས་ཏེ། སྡོམ་པ་མཆོག་ལ་ལུས་ཀྱང་མཆོག་དགོས་པས་སོ། །ལུས་ནད་ཀྱིས་གཟིར་བའི་ནད་པ་ཆོས་ཅན། (༣༥ན)


GLG014_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྟགས་སྔར་བཞིན་ལ། རྟགས་བསྒྲུབ་དགེ་བ་ལ་སྦྱོར་མི་བཟོད་པས་སོ། །བཞི་པ་ལ་དབང་དུ་བྱ་བའི་མདོ་དང་། དེའི་མཚན་གཞི་རྒྱས་པར་བཤད་པའོ། །དང་པོ་ནི། བཀོལ་བའི་མིང་དོན་རྒྱུ་ལས་བཟློག་པའི་ཆད་པ་ཞེས་པའི་གོང་ཡན་ཆད་ལ་སྦྱར་རོ། སྤྲུལ་པ་ནས་དེའི་བར་འདི་རྣམས་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲ་སྟེ། སྐྱེ་བའི་བར་ཆད་ཅན་དུ་མཚུངས་པས་སོ། །མ་སྐྱེས་ཀྱང་རབ་བྱུང་སོགས་བྱས་པ་དེ་ལྟ་བུའི་རྟགས་ཅན་ནི་ཆོས་ཅན། བསྙིལ་ཞིང་བསྐྲད་པར་བྱ་བ་ཡིན་ཏེ། རྟགས་ཅན་སྡོམ་མེད་ཡིན་པས་སོ། །གཉིས་པ་ལ་རྣམ་སྨིན་གྱི་དང་། ལས་ཀྱི་སྒྲིབ་པས་སྐྱེ་བའི་བར་ཆད་གཉིས་སོ། །དང་པོ་ལ་འགྲོ་བ་ཉམས་པ་ནི་མི་མ་ཡིན་མིར་སྤྲུལ་པ་ཆོས་ཅན། ཆོས་རྟགས་མུ་སྟེགས་ཅན་དང་འདྲ་བ་ལས་རྟགས་བསྒྲུབ་རྣམ་སྨིན་གྱི་སྒྲིབ་པས་སྡོམ་པ་སྐྱེ་བའི་རྟེན་དུ་མི་རུང་བའི་ཕྱིར་རོ། །ལུས་ཉམས་པ་ནི་མ་ནིང་སྟེ། དེ་ལའང་དེ་བཞིན་ནོ། །མ་ནིང་དེ་རྣམ་པ་ལྔ་ཡོད་དོ། སྐྱེས་ཙམ་ནས་ཕོ་མོ་གཉིས་ཀའི་མཚན་ཡོད་པ་དང་། ཟླ་བའི་སྟོད་སྨད་ལ་ཕོ་མོའི་འདོད་ཆགས་སོ་སོར་སྐྱེ་བ་ཟླ་བ་ཕྱེད་པ་དང་། ཕོ་མོ་གང་རུང་གིས་རང་ལ་མ་འཁྱུད་བར་དུ་ཆགས་པ་མི་སྐྱེ་བའི་འཁྱུད་ནས་ལྡང་བ་དང་། དེ་གཉིས་ཆགས་པའི་སྦྱོར་བ་བྱེད་པ་མ་མཐོང་བར་དུ་མི་སྐྱེ་བ་ཕྲག་དོག་ཅན་དང་། མཚན་མ་མཚོན་གྱིས་བཅད་པ་སོགས་ཀྱིས་ཉམས་པའོ། །འདི་རྣམས་ལས་ཐ་མ་ནི་ཕོ་མོའི་ཆགས་སོགས་ཀྱི་ཉེས་པ་བསྟེན་ན་སོགས་སོ། །གཉིས་པ་ནི། རྐུ་ཐབས་སོགས་ཏེ། དེའི་(༣༥བ)


GLG014_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ནི། རང་ཉིད་བསྙེན་པར་རྫོགས་པའི་སྡོམ་པ་ལེན་ཆོག་མ་བྱས་པ་ཉིད་དམ་བྱས་ཀྱང་ལས་མ་ཆགས་པ་ཉིད་དུ་ཤེས་པའི་རབ་བྱུང་། ཡུལ་དགེ་འདུན་མཚན་ཉིད་ཚང་བ་དང་གནས་ལྷན་ཅིག་མཚམས་ནང་གཅིག་ཏུ་དུས་ལན་ཅིག་གཉིས་ཡན་ཆོད་དུ་དངོས་པོ་འདུལ་བའི་ལས་བརྒྱ་རྩ་གང་རུང་སེམས་བསྟད་ནས་ཉམས་སུ་མྱོང་བར་བྱས་པ་ནི་རྐུ་ཐབས་སུ་གནས་པ་ཡིན་ལ། དེ་ཆོས་ཅན། ཆོས་རྟགས་འདྲ། རྒྱུ་མཚན་བསྟན་པའི་གསང་བ་ཟབ་མོ་ལ་ལོངས་སྤྱོད་དུ་མི་དབང་བཞིན་དུ་སྤྱད་པའི་ལས་སྒྲིབ་ཀྱིས་སྡོམ་པའི་རྟེན་དུ་མི་རུང་བས་སོ། །མུ་སྟེགས་ཅན་ཞུགས་པ་ཡང་ཆོས་རྟགས་འདྲ། རྟགས་བསྒྲུབ་ལས་ལོག་དྲུག་གང་རུང་བྱས་པའི་ལས་སྒྲིབ་ཀྱིས་སོགས་སོ། །དེའི་མཚན་ཉིད་ནི། ལས་ལོག་དྲུག་ནི། ཆོས་འདི་པའི་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ། མུ་སྟེགས་ཀྱི་ལྟ་བ་དེ་དང་ལྡན་པ། སངས་རྒྱས་ཀྱི་ཆོས་གོས་འདི་བོར་ཏེ་མུ་སྟེགས་ཀྱི་རྒྱལ་མཚན་དེས་མུ་སྟེགས་ཀྱི་འདུག་གནས་དེར་བསྡད་ནས་སྐྱ་རེངས་ཤར་བ་སྟེ་ལྔ་དང་། མུ་སྟེགས་ཅན་ཡིན་ཅིང་ལྔ་པོ་དེ་མ་བྱས་ཀྱང་རྐུ་ཐབས་སུ་གནས་པའི་ལས་རྣམས་བྱས་པ་ཡང་དེ་དང་འདྲ་བར་སྡོམ་པ་མི་སྐྱེ་ཞིང་། དེ་ཡང་མུ་སྟེགས་ཅན་ཞུགས་པར་འགྱུར་བའི་སྒོ་ཡིན་ནོ། །མ་བསད་པ་ནས་ཁྲག་ཕྱུང་བའི་བར་མཚམས་མེད་ལྔ་སྟེ། དེ་རྣམས་གང་རུང་བྱས་པ་ཆོས་ཅན། སྒྲུབ་བྱེད་ལས་སྒྲིབ་ཁྱད་པར་ཅན་གྱིས་རྒྱུད་ཉམས་པའི་སྒོ་ནས་སྡོམ་པའི་རྟེན་དུ་མི་རུང་བས་སོ། །འོག་ནས་འཆད་པའི་མཚན་ཉིད་ཅན་གྱི་དགེ་སློང་མ་སུན་ཕྱུང་བ་དང་ཕམ་པར་འགྱུར་བ་ཐུན་མོང་བ་བཞི་ལས་(༣༦ན)


GLG014_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་རུང་བ་བྱུང་བ་རྣམས་མ་ཡིན་ནམ་ཞེས་དྲི་དགོས་པའི་རྒྱུ་མཚན་དང་། རབ་བྱུང་སོགས་མི་རུང་བའི་རྒྱུ་མཚན་རྟགས་བསྒྲུབ་ཀྱང་མཚམས་མེད་དང་འདྲའོ། །ལྔ་པ་ལ། སྤྱོད་པ་ལ་དང་། ལུས་ལ་སྐྱོན་ཆགས་པས་མཛེས་པའི་བར་ཆད་དོ། །དང་པོ་ནི། རྒྱུ་འཐབ་ཀྲོལ་སོགས་ལས་བཟློག་པའི་ཆད་པ་བསྡིགས་པ་ནན་ཏུར་སོགས་བྱས་ན་དེ་དག་ཁས་མ་བླངས་པར་བསླབ་པ་བབས་ཤིང་རྒྱུ་འཐབ་ཀྲོལ་སོགས་ནི་གཏོང་བ་ལ་ཆད་པ་ནན་ཏུར་ཁས་མི་ལེན་པའི་དགེ་ཚུལ་ལམ། ཁྱིམ་པ་ཆོས་ཅན། རབ་ཏུ་སོགས་ཏེ། སྐྱེ་ཡང་ཉེས་བྱས་འབྱུང་བའི་ཕྱིར་ཏེ། བྱ་བ་ངན་པ་ཆེན་པོ་ནི་འཕྲོ་གཅོད་ལ་གཞན་གྱི་དམིགས་རྐྱེན་སོགས་སུ་མཛེས་པའི་ཆད་པ་ཁས་མི་ལེན་པའི་ཕྱིར་རོ། །འོག་ཞུ་བའི་སྐབས་ནས་མི་སྐྱེ་བར་བཤད་པ་དང་འདིར་སྐྱེ་ལ་ཉེས་བྱས་སུ་གསུངས་པའི་ཁྱད་པར་ལ། སྔོན་གྱི་ཆེན་པོ་ཁ་ཅིག །ཆད་པ་གཅོད་མཁན་མ་ཡིན་པའི་དགེ་འདུན་གཞན་གྱི་སར་མི་སྐྱེ་ཞིང་དེ་དག་གི་སར་སྐྱེ་བ་ལ་དགོངས་ཏེ། དེ་གཉིས་ལ་བཟོད་གསོལ་མི་འཆགས་པ་དང་འཆགས་པས་སོ། །ཞེས་གསུངས་པ་ནི་མི་རིགས་ཏེ། བཟོད་གསོལ་འཆགས་པ་སྡོམ་པའི་སྐྱེ་རྒྱུར་གང་དུའང་མ་བཤད་པས་སོ། །ཕྱི་རབས་པ་དག་ངག་ཏུ་ཁས་མི་ལེན་པ་འདྲ་ཡང་། རྒྱུ་ལས་བཟློག་པར་ཞེ་བས་ཀྱང་ཁས་མི་ལེན་པ་དང་། ཞེ་བས་ཁས་ལེན་པ་ཁྱད་པར་ཡིན་ནོ། །ཞེས་ཟེར་བའང་ཤེས་བྱེད་ཀྱི་ཁུངས་ཅུང་ཟད་ཀྱང་མ་དམིགས་པས་རང་བློས་སྦྱར་བ་ཁོ་ནར་ཟད་དོ། །དེས་ན་གཞུང་འདི་ཉིད་ཀྱི་སྡོད་ལུགས་དང་། ཁྱད་པར་རྒྱ་དཔེ་ལས་(༣༦བ)


GLG014_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་ཁས་མི་ལེན་པ་བསྙེན་པར་རྫོགས་པར་མི་བྱ་ཞེས་སོགས་སུ་ཡོད་གསུང་བ་དང་། གོང་དུ་བཀོལ་བ་ཆད་པ་ཡན་ཆད་དོ། །ཞེས་པའི་གཞུང་དང་འདིའི་འགྲེལ་པས་ཀྱང་འདིར་སྐྱེ་བར་ནི་བཤད་ལ་འོག་ཏུ་མི་སྐྱེ་བའི་རྒྱུ་མཚན་བྱ་བ་ངན་པ་འཕྲོ་མི་གཅོད་པས་ཡན་ལག་ངེས་པའི་སྒོ་ནས་ངེས་པ་ལྔ་བྲལ་མ་ཚང་བ་ཉིད་དུ་རིགས་པས་འདིར་དེ་དང་འབྱེད་དགོས་པའི་ཕྱིར་བཤད་པ་དང་པོ་ཉིད་རིགས་སོ། །འོ་ན་རྒྱ་ཆེ་འགྲེལ་སོགས་སུ་འདི་ཡང་རྒྱུ་མི་གཏོང་བ་ལྟ་བུར་གསུངས་པ་ཅི་ཞེ་ན། རྩ་བས་བསྟན་པའི་ཆད་པ་ཁས་མི་ལེན་པ་ཙམ་ཡང་རབ་བྱུང་སོགས་མི་རུང་ན་རྒྱུ་མི་གཏོང་བ་ལྟ་ཅི་སྨོས་ཞེས་པའི་དོན་དུ་གསལ་ལོ། །དེ་ལྟ་མ་ཡིན་ན། འགྲེལ་པ་མཁན་པོ་ཉིད་ཚིག་སྔ་ཕྱི་འགལ་བ་ཁོ་ནར་འགྱུར་རོ། །དེའི་ཕྱིར་གང་དག་འདིར་ནན་ཏུར་བཞི་དང་། འོག་མ་གནས་དབྱུང་བདུན་གྱི་དབང་དུ་བྱས་སོ། །ཞེས་པའང་འགྲེལ་པ་རྣམས་དང་འགལ་ཞིང་ཤེས་བྱེད་ཀྱང་མེད་དོ། །གོང་གི་ཆོས་ཅན་དུ་བཟུང་བའི་གང་ཟག་དེས་བཟོད་གསོལ་གྱི་ཆོ་ག་ཟུར་དུ་མི་དགོས་ཏེ། དེ་བསྙེན་སོགས་ནས་ཡིན་པའི་ཕྱིར་རོ། །གལ་ཏེ་བསྙེན་པར་རྫོགས་ཟིན་ནས་རྒྱུ་གཏོང་བར་ཁས་མི་ལེན་པ་ནི་ལས་འཆགས་པའི་དགེ་འདུན་ཚོགས་པ་ཡོད་ན་སླར་ཡང་ཆད་པས་བཅད་པར་བྱའོ། །གལ་ཏེ་འཐབ་ཀྲོལ་སོགས་བྱེད་པའི་ལྟུང་བ་ཡོད་བཞིན་དུ་དེ་མ་མཐོང་ངོ་ཞེས་རྫུན་ཟེར་བ་ཆོས་ཅན། ལྟུང་བྱེད་དོ་ཞེས་བརྗོད་པར་རིགས་ཏེ། ངན་སོང་དུ་ལྟུང་བའི་བྱེད་ལས་དང་ལྡན་པའི་གཞིས་བསྡུས་ཀྱི་ཉེས་པ་ཡིན་པས་སོ། །མདོ་འདི་གཉིས་གླེང་གཞི་ནས་བསྡུས་པའོ། །གཉིས་པ་ནི། མཁྲིག་མ་དང་ལོང་(༣༧ན)


GLG014_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ནས་ཆད་པའི་ལག་རྡུམ་དང་རྐང་རྡུམ་སོར་མོ་སྦྲུལ་མགོ་ལྟ་བུར་གཅིག་ཏུ་འགྱུར་པའི་ལག་སོར་སོགས་དང་། ཁ་ལ་མཆུ་མེད་པ་དང་། ལུས་ལ་སྣག་ཚའི་རི་མོ་སོགས་ཀྱི་རྨ་མཚན་ཅན་དང་། བདུན་ཅུ་ཡན་དང་། བདུན་ལོན་ཀྱང་བྱ་རོག་སྐྲོད་མི་ནུས་པའི་རྒན་ཕྱེ་སོགས་དང་། རྐང་པ་འཐེང་པོ་དང་། བརླའི་ཕྱོགས་རླུང་གིས་ཉམས་པའི་སྨད་འཁྱལ་དང་། མིག་ཡ་གཅིག་ཞར་བ་དང་། མཁྲིག་མའི་མགོ་ནས་སོར་མོའི་རྣམ་པ་དོད་ཙམ་ཡོད་པ་ལག་སོར་ཟླུམ་པོ་དང་། བྲང་དང་སྒལ་ཚིགས་ཞོམ་པ་སྒུར་པོ་དང་ལུས་དང་ཡན་ལག་ལྷུ་མ་ཚང་བ་མིའུ་ཐུང་དང་། སྐེ་ལ་ལྦ་བ་ཡོད་པ་དང་། སྨྲ་མི་ཤེས་པ་ལྐུགས་པ་དང་། རྣ་བས་མི་ཐོས་པ་འོན་པ་དང་། སུག་བཞི་ཀ་ལ་བརྟེན་ཏེ་འཕྱེ་ཞིང་འགྲོ་བ་དང་། རྐང་པ་ལ་ནད་རྐང་བམ་ཡོད་པ་དང་། ཟོས་མ་ཐག་ཏུ་ཐུར་དུ་འབྱུང་བ་ཡ་ཟ་མ་ལུག་དང་། རྒས་མ་རན་པར་རྒས་པ་སྟ་གམ་དང་། ཚུལ་དེ་འདྲ་བ་མི་མཛེས་པའི་མི་རྣམས་ནི་ཆོས་ཅན། དྲང་སྲོང་ཆེན་པོ་སངས་རྒྱས་ཀྱིས་ཁྱོད་འདྲ་བའི་བར་ཆད་ཅན་རབ་ཏུ་འབྱུང་བ་སོགས་མི་རུང་ངོ་ཞེས་དགག་པ་མཛད་པའི་རྒྱུ་མཚན་ཡོད་དེ། ལུས་མཛེས་པ་རབ་ཏུ་བྱུང་བ་དང་། མཚམས་མེད་སོགས་ཀྱི་བར་ཆད་ཀྱིས་ཡོངས་སུ་སོགས་ནས་རབ་མཁྱེན་ཏེ། དྲང་པོ་གསུང་བ་བདེན་པའི་གསུང་དབྱངས་ཀྱི་མཚན་དང་ལྡན་པས་བཀའ་སྩལ་བའི་ཕྱིར་རོ། །བར་ཆད་ཀྱི་སྐོར་རྣམས་རབ་བྱུང་སོགས་ཀྱི་སྒོ་ནས་བསྡུ་བར་བྱ་བའི་སྐབས་ཡིན་པ་རྣམས་རྫོགས་ཏེ། དེ་ཡན་ཆད་གཞིའི་སྐབས་ནས་བྱུང་བའི་རབ་ཏུ་བྱུང་བའི་གཞི་རྫོགས་སོ། །(༣༧བ)


GLG014_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་ཐུན་མོང་བ་ཕ་ཆོག་གི་དང་། ཐུན་མོང་མ་ཡིན་པ་མ་ཆོག་གི་སྤྲོས་པའོ། །དང་པོ་ལ་ཐོབ་བྱེད་ཆོ་གའི་དང་། སྲུང་བྱེད་ཚུལ་ཁྲིམས་ཀྱི་སྤྲོས་པའོ། །དང་པོ་ལ་འགལ་རྐྱེན་སྤང་བ་དང་། མཐུན་རྐྱེན་སྒྲུབ་པ་གཉིས་ལས། དང་པོ་ལ་མ་བྱུང་བ་དགག་པ་དང་། བྱུང་བ་འཁོར་དུ་མི་བཞག་པ་གཉིས་ལས། དང་པོ་ལ་གཞིའི་བུ་ཚས་མཚོན་པའི་དོན་ནི། རབ་ཏུ་འབྱུང་བའི་ཕྱིར་ཞེས་སོགས་མཁྲིས་བཀོལ་དུ་གྲགས་པའི་མདོ་ཚིག་དང་སྦྱར་བྱའི་བོར་བཀོལ་ནི། རྒྱལ་པོས་མང་པོའི་ཁྲོད་ནས་ཡིད་བརྟན་པའི་གནས་སུ་བཀྲབས་པ་ཡིན་ལ། དེ་ཡང་རྒྱལ་པོས་མ་གནང་བ་དང་དེའི་ཚིག་འདར་མི་རུང་བའི་ཡུལ་སོགས་སོ། །བུ་ལོན་ཅན་གྱི་མཚོན་དོན་ནི། སྔར་བཞིན་དུ་བཀོལ་པ་ཕྱོགས་དེ་ན་ཆོམ་རྐུན་པར་གྲགས་པའོ། །བྲན་གྱི་མཚོན་དོན་ནི། ཀོ་ལྤགས་བཟོ་བའི་ལྷམ་མཁན་དང་། རིགས་ངན་པའི་གཡུང་པོ་དང་། ཀླ་ཀློར་སྐྱེས་པ་གདོལ་པ་དང་། དེ་ལྟ་བུ་གང་ལས་ཟན་བཟའ་བར་མི་བྱ་བ་རྣམས་རབ་ཏུ་སོགས་ཏེ། རྒྱུ་མཚན་སྔ་མ་བཞིན་ནོ། །ལག་རྡུམ་སོགས་ཀྱི་མཚོན་དོན་ལ་མདོར་བསྟན་ནི། གཞིའི་སྐབས་སུ་བཤད་པའི་ལག་རྡུམ་ཞེས་པ་ལ་སོགས་ཞེས་སོགས་ནས་ཡིན་ཏེ། ལུས་སོགས་ལ་སྐྱོན་ཆགས་པ་གཞན་ཡང་དེས་བསྟན་པའི་ཕྱིར་རོ། །རྒྱས་བཤད་ལ། སྐྲ་དང་། མགོ་དང་། མིག་དང་། རྣ་བ་དང་། སྣ་དང་། ཀོས་ཀོ་དང་། སོ་དང་། ལུས་གཞན་ལ་སྐྱོན་ཆགས་པ་རྣམས་སོ། །དང་པོ་ནི། སྐྲ་ཡུང་བའི་མདོག་ལྟར་སེར་བ་དང་། སེང་གེའི་སྐྲ་ལྟར་སེར་སྐྱ་དང་། རམས་ཀྱིས་བསྒྱུར་བ་ལྟར་ལྗང་གུ་ཁ་དང་། མི་རྣམས་(༣༨ན)


GLG014_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཙམ་ནས་སྐྲ་དཀར་བ་དང་། གླང་ཆེན་གྱི་སྐྲ་དང་འདྲ་བ་ཐེར་ཚོམས་སུ་ཡོད་པ་དང་། སྐྲ་མེད་ཟངས་ལྟར་དམར་བའོ། །གཉིས་པ་ནི། སུལ་གཉིས་གསུམ་ཡོད་པའི་མགོ་འབར་འབུར་ཅན་དང་། ཚད་ལས་ཆེ་བའི་ཀླད་པོ་ཆེ་དང་། ལུས་ཧ་ཅང་སྦོམ་ནས་སྦྱོར་མི་བཟོད་པ་དང་། ལུས་འབྲས་ཀྱི་སྲུས་གླེབས་པ་འདྲ་བ་དང་། མགོ་བོ་བོང་བུ་དང་། ཕག་གི་མགོ་ལྟ་བུ་དང་། མགོ་བོ་གཉིས་ཡོད་པ་དང་། མཚོགས་མ་མེད་པ་ལྟར་མགོ་ཆུང་དང་། གསུམ་པ་ནི། ཙནྡན་ལྟར་མིག་དམར་བ་དང་། དབང་རྟེན་གྱི་ཤའི་གོང་བུའི་མིག་ཧ་ཅང་ཆེ་བ་དང་། ཚད་ལས་མིག་ཆུང་བ་དང་། མིག་ཧ་ཅང་མདོག་སེར་བ་དང་། མིག་ཤེལ་ལྟར་འཚེར་བ་དང་། མིག་ཆུ་བུར་ལྟ་བུར་ཕྱིར་གློ་བ་དང་། མིག་ཡ་གཅིག་ལས་མེད་པ་དང་། གཏན་མེད་པ་རྣམས་སོ། །བཞི་པ། ལྔ་པ། དྲུག་པ། བདུན་པ་རྣམས་ནི་དེ་དག་སྲོག་ཆགས་དྲུག་གི་དང་འདྲ་བ་དང་། རེ་རེ་ལས་མེད་པ་དང་། གཏན་མེད་པ་ཡིན་ལ། ཀོས་སྙུང་ཡང་ཀོས་ཀོ་ཕྱོགས་གཅིག་ལས་མེད་པ་ལ་བཤད་དོ། །སོ་གཅིག་པ་ནི། བར་ཆད་མེད་པར་འཁོར་བའམ། གཅིག་པུ་ཀོ་རེ་བའོ། །བརྒྱད་པ་ནི། མགུལ་པ་རིངས་ཆེས་ནས་ཚད་ལས་ལྷག་པ་དང་། མགོ་ཐལ་གོང་ལ་འབྱར་བ་མཇིང་ནུབ་དང་། མགོ་མདུན་དུ་དགུ་ཆེས་ཏེ་ཕྲག་པ་དང་མིག་ཐད་མཉམ་དུ་ཡོད་པ་དང་། ལུས་ཆེས་ཆེར་སྒུར་བ་དང་། ལུས་ཧ་ཅང་རིང་ཐུང་དང་། ཤ་སྐམ་པོ་རང་དང་། མ་འོས་པར་ངལ་སྐྱེན་པ་དང་། ཤ་མདོག་དཀར་སེར་དམར་ནག་གི་ཁ་དོག་རྣམ་པ་བཞི་(༣༨བ)


GLG014_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་དུ་གསལ་ཆེས་པ་དང་། རྐང་པ་འཕྱལ་ཞིང་འགྲོ་བ་གྱོལ་པོ་དང་། རྐང་པ་གཅིག་སྟེང་དུ་གཅིག་འདོར་ལུས་ཉམས་པའོ། །དེ་ལྟར་སྨོས་པ་དང་མ་སྨོས་ཀྱང་དེ་ལྟ་བུ་དེ་དག་སྐྱོན་ཅན་རབ་བྱུང་སོགས་དགག་པ་དེ་ཡང་བསྒྲིམས་ནས་རབ་ཏུ་བཟུང་བར་བྱ་སྟེ། སྡོམ་པ་སྐྱེ་ཡང་ཉེས་བྱས་འབྱུང་བའི་ཕྱིར་ཏེ། སྐྱེ་ཡང་བསྟན་པ་མི་མཛེས་པས་གཞན་གྱི་ཕྱར་ཁ་འབྱུང་བས་སོ། །གཉིས་པ་ནི། བྲན་དང་གདོལ་པ་སོགས་རིགས་དང་མདོག་དབྱིབས་ཀྱི་སྒོ་ནས་ལུས་ལ་སྐྱོན་ཆགས་པ་དེ་རྣམས་རབ་ཏུ་བྱུང་ཟིན་པ་ཡང་འཁོར་དུ་ཉེ་བར་བཞག་པར་མི་བྱ་སྟེ། འཁོར་མི་མཛེས་པ་གནས་སྦྱིན་པར་མ་ཟད་ཕྱི་བཞིན་འབྲང་བའི་འཁོར་དུ་ཡང་བཀག་པས་སོ། །ཞེས་དང་། གསུམ་པ་ཞུ་བའི་སྐབས་བྱུང་ལ་གཉིས། སྡོམ་པ་སྐྱེ་མི་སྐྱེའི་སྤྲོས་པ་དང་། བར་ཆད་ཀྱི་སྤྲོས་པ་གཞན་བཤད་པའོ། །དང་པོ་ལ་བཞི། རྒྱུད་ཀྱི་དང་། ཡུལ་གྱི་དང་། ཆོ་གའི་དང་། རྟགས་ཀྱི་ཁྱད་པར་གྱིས་མི་སྐྱེ་བའོ། །དང་པོ་ནི། ལྷ་ལ་སོགས་པ་མི་མ་ཡིན་པའི་འགྲོ་བ་པ་དང་། བྱང་གི་སྒྲ་མི་སྙན་པའི་མི་གཉིས་ནི་ཆོས་ཅན། སོ་ཐར་གྱི་སྡོམ་པ་སྐྱེས་བའི་བར་ཆད་ཡིན་ཏེ་དེ་སྐྱེ་བའི་ཞིང་ཉིད་མ་ཡིན་པའི་ཕྱིར་ཏེ། སྡིག་པ་སྤོང་བ་དང་དགེ་བ་ལ་འཇུག་པའི་བསམ་པ་ཤུགས་ཆུང་བ་ཡིན་པའི་ཕྱིར། མཚན་ལན་གསུམ་དུ་གྱུར་པ་ཡང་ཆོས་ཅན། དེ་སྐྱེ་བའི་ཞིང་མ་ཡིན་ཏེ། མ་ནིང་གི་རིགས་ཡིན་པའི་ཕྱིར། དང་པོ་གཉིས་ལ་ནི་མི་ཉམས་སོ་ཞེས་པ་གསུམ་གྱུར་ན་སྐྱེས་ཟིན་ཉམས་པར་ཡང་བསྟན་ནོ། །སྡོམ་པ་ལེན་པའི་ཚེ་ཉིད་ན་མཚན་འགྱུར་ན་ཡང་སྐྱེ་སྟེ། དགེ་(༣༩ན)


GLG014_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མའི་སྡོམ་པ་ནི་སྐྱེས་པ་ལས་ལེན་དགོས་པའི་ཤེས་བྱེད་དང་བཅས་ནས་སྐྱེ་བར་གསུངས་པས་སོ། །གཉིས་པ་ནི། སྔར་མཁན་པོ་ཉིད་དུ་གནས་པ་ལ་སྡོམ་པ་ཡོད་ཀྱི། དེ་མེད་ན་མེད་ཅེས་མཁན་པོ་མེད་ན་སྡོམ་པ་མི་སྐྱེ་བར་དང་། འདིར་སྐྱེ་བར་བཤད་པའི་དོན་ལ། ཁ་ཅིག །སྔ་མ་དགེ་སློང་དང་འདི་དགེ་ཚུལ་གྱི་སྡོམ་པའི་དབང་དུ་བྱས་ཞེས་དང་། ཁ་ཅིག །དེ་ལས་ལོག་སྟེ་སྨྲ་བ་གཉིས་ལ་ནི་རྒྱུ་མཚན་མེད་ལ། སྲོག་དེ་དགེ་སློང་མ་ཡིན་པར་ཤེས་ན་མི་སྐྱེ་ཞེས་སོགས་བཤད་པས་བསམ་ངོ་ལ་མེད་ན་མི་སྐྱེ་བ་གཞིའི་དོན་དང་། བསམ་ངོ་ལ་ཡོད་ན་དོན་ལ་མེད་ཀྱང་སྐྱེ་བ་འདིའི་དོན་ཡིན་ཞེས་ཟེར་ལ། རྒྱ་ན་རེ། སྐབས་འདིའི་ལུང་དང་བསྟན་བཅོས་སུ་མི་སྐྱེ་བར་བཤད་པ་རྣམས་ཀྱང་མཁན་པོ་དང་ལྡན་པའི་སྡོམ་པ་ལ་དགོངས་པར་ཊཱིཀྐས་བཤད་པས། སྡོམ་པ་ལ་མཁན་པོ་དང་ལྡན་པའི་དང་། མི་ལྡན་པའི་སྡོམ་པ་གཉིས་སུ་བྱས་པའི་སྔ་མ་མཁན་པོ་མེད་ན་མི་སྐྱེ་བ་དང་། ཕྱི་མ་མཁན་པོ་མེད་ཀྱང་སྐྱེ་བ་ལུང་སྔ་ཕྱིའི་དོན་ཡིན་ལ། མཁན་པོ་དེ་སྡོམ་པའི་མེད་ན་མི་འབྱུང་བའི་རྒྱུ་མ་ཡིན་པས་མཁན་པོ་དང་མི་ལྡན་པའི་སྡོམ་པ་གྲུབ་ཀྱང་གྲུབ་བོ། །ཞེས་ཟེར་ཞིང་ཤ་མི་སོགས་ཀྱང་དེ་བཞིན་དུ་སྨྲའོ། །བྱ་འདུལ་སོགས་ནི། དེ་དགེ་སློང་མ་ཡིན་པར་ཤེས་པ་དང་། རྐུ་ཐབས་སུ་གནས་པ་དང་། སྔོན་ལྟུང་བ་བྱུང་བར་ཤེས་པ་དང་། ཕྱིར་སྤོང་བ་དང་། དེའི་མིང་མ་བརྗོད་ན་མི་སྐྱེ་བར་ཞུ་བ་ནས་དང་། མཁན་པོ་ཚུལ་ཁྲིམས་འཆལ་བ་ལ་སོགས་པའི་སྟོབས་ཀྱིས་སྡོམ་པ་མ་སྐྱེས་པར་འགྲེལ་(༣༩བ)


GLG014_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་སྐབས་གཞན་དུ་བཤད་པའི་ཕྱིར་དང་། དེ་མེད་ན་ངོ་ཚ་ཁྲེལ་ཡོད་སྐྱེ་བའི་རྟེན་མེད་པའི་ཕྱིར་དང་། ལས་མཁན་ཚུལ་ཁྲིམས་འཆལ་ན་སྡོམ་པ་མི་སྐྱེ་བར་བཤད་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་ན་མཁན་པོ་གཏན་མེད་པར་སྡོམ་པ་སྐྱེ་མི་སྲིད་པ་དང་། སྡོམ་ལྡན་ཡིན་ན་མཚན་ཉིད་མ་ཚང་ཡང་སྐྱེ་བ་ལུང་སྔ་ཕྱིའི་དོན་དུ་བཞེད་དེ། དེ་རྣམས་ཀྱི་སྒྲུབ་བྱེད་སོ་སོར་རྒྱས་པར་ནི་རང་རང་གི་ཊཱིཀྐ་རྣམས་སུ་བལྟའོ། ཁོ་བོ་ནི་འདི་ལྟར་སེམས་ཏེ། གཞིའི་རྣམ་གཞག་ནི་སྔོན་དང་ད་ལྟར་གྱི་ཆོ་ག་སོ་སོར་ཕྱེ་བའི་ད་ལྟར་གྱི་སྐབས་ཡིན་ལ། ཞུ་བའི་སྐབས་འདིར་ནི་མ་ཕྱེ་བར་སྡོམ་པའི་སྐྱེ་ཚུལ་སྤྱི་ལ་ཉེ་བར་འཁོར་ཀྱིས་དོགས་གཅོད་ཞུས་པ་ཡིན་པས། གཞིར་ནི་ད་ལྟར་གྱི་ཆོ་ག་ལ་མཁན་པོ་དགོས་པར་ནན་གྱིས་བསྒྲུབས་ལ། འདིར་ནི། སྤྱིར་དེ་ཡོད་མེད་ལ་སྐྱེ་མི་སྐྱེ་གཉིས་ཀར་ཡོད་པར་གཏན་ལ་ཕབ་བོ། །དེ་ལྟར་ན་ད་ལྟར་ནི་དགོས་པའི་སྒྲུབ་བྱེད་བྱ་འདུལ་གྱིས་བཀོད་པའི་སྟེང་དུ། གཞིའི་འགྲེལ་ཆེན་དུ། ད་ལྟར་གྱི་སྡོམ་པ་སྤྱིར་གང་ཟག་གཞན་ལ་རག་ལས་ཤིང་། ཁྱད་པར་མཁན་པོ་དང་འབྲེལ་བར་བཤད་པ་དང་། སྐབས་འདིའི་འགྲེལ་ཆེན་དུ། ཡང་དག་པར་ལེན་པར་བྱེད་པ་གང་ལ་མཁན་པོ་མེད་པ་དེ་ནི་མཁན་པོ་མེད་པའོ། །ཞེས་པའི་ཚིག་ཟུར་ཀྱིས་སྡོམ་པ་ལེན་པའི་ཆོ་ག་ལ་མཁན་པོ་ཡོད་མེད་གཉིས་ཡོད་པར་བསྟན་པ་ཡང་ཆོ་གའི་རིགས་གཉིས་ལ་དགོངས་པར་གསལ་བ་དང་། སྐབས་འདིར་ལྡན་པའི་དང་མི་ལྡན་པའི་ཞེས་པའང་དེ་ལ་དགོངས་པ་དང་། མ་མོ་ལས་ཀྱང་མཁན་པོ་མེད་(༤༠ན)


GLG014_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཀྱི་གང་ཟག་བཅུ་བསྙེན་པར་རྫོགས་པར་གསུངས་པའི་ཕྱིར་དང་། མཁན་པོ་ནི་ད་ལྟར་གྱི་ཆོ་གའི་མཐུན་རྐྱེན་གྱི་གཙོ་བོ་ཡིན་པས་རྒྱལ་བས་ནན་གྱིས་བཅས་པའི་ཕྱིར་རོ། །དེ་ལྟར་ཤེས་ན་འགལ་བའི་ཚོགས་མཐའ་དག་ལས་བདེ་བླག་ཏུ་གྲོལ་ལོ། །འོན་ཀྱང་མཁན་པོ་བསྙེན་པར་མ་རྫོགས་པ་ཡིན་ཀྱང་དེ་དང་ལྡན་པའི་སྡོམ་པ་སྐྱེ་བར་གསུངས་པ་ནི་ས་གཞན་ན་གནས་པ་ལྟ་བུའི་མཚན་ཉིད་དང་མི་ལྡན་པ་ལ་དགོངས་སོ། །དེ་ལྟར་ན་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེ་བ་ཡོད་དེ་སྡོམ་པའི་སྐྱེ་རྒྱུ་མ་ཡིན་པའི་ཕྱིར། དཔེར་ན། དེ་དང་ལྡན་པའི་སྡོམ་པ་མཁན་པོ་ལས་སྐྱེ་བ་ལྟར་རོ། །མཁན་པོ་དེ་དང་ལྡན་པ་ད་ལྟར་གྱི་རབ་བྱུང་སྡོམ་པ་ཆོས་ཅན། ཁྱོད་མཁན་པོ་མཚན་ཉིད་དང་ལྡན་པ་ཁོ་ན་ལ་རག་མ་ལས་ཏེ། དེ་བསྙེན་པར་མ་རྫོགས་པའི་མིང་ཅན་ཉིད་ཡིན་ན་ཡང་ཁྱོད་སྐྱེ་སྲིད་པའི་ཕྱིར། དེ་ཆོས་ཅན། ཁྱོད་བསྒྲུབ་བྱས་མཁན་པོ་དགེ་སློང་མ་ཡིན་པར་ཤེས་པ་དང་དེ་མི་འདོད་ནས་ཕྱིར་སྤོང་བ་ལ་མི་སྐྱེ་སྟེ། དེ་ལྟར་བྱས་ན་ཁྱོད་ཀྱི་ཡུལ་གྱི་སྒོ་ནས་སྐྱེ་རྒྱུའི་གཙོ་བོར་མ་ཚང་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། ཆོས་ཅན། བསྒྲུབ་བྱ་དང་མཁན་པོ་དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་ཁྱོད་མི་སྐྱེ་སྟེ། དེ་ལྟར་ན་ཆོ་གའི་སྒོ་ནས་སྐྱེ་རྒྱུ་མ་ཚང་བར་འགྱུར་བའི་ཕྱིར། །ད་ལྟར་ཆོ་གའི་དགེ་འདུན་དེའི་སྐྱེ་གནས་ཀྱི་སྡོམ་པ་བསྙེན་རྫོགས་དང་དགེ་སློབ་མ་ཆོས་ཅན། དགེ་འདུན་གྱི་མིང་མ་བརྗོད་ན་ཁྱོད་མི་སྐྱེ་སྟེ། རྟགས་སྔ་མ་ཉིད་དོ། །བཞི་པ་ནི། ཁྱིམ་པའི་རྒྱལ་མཚན་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཏེ། དེ་གཉིས་མཚོན་ནུས་པའི་རྟགས་སྲེད་པས་(༤༠ན)


GLG014_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ་དང་། འཁོར་གསུམ་གོས་ཀྱིས་མ་གཡོགས་པའི་སྒྲེན་མོ་དང་། བསམ་པ་རང་བཞིན་དུ་མི་གནས་པའི་འཁྲུགས་པ་དང་། འགྲོགས་ན་སྐྱེས་པ་འཆི་བའི་མཚན་དུག་མ་རྣམས་ལ་ཡང་རབ་བྱུང་གི་སྡོམ་པ་མི་སྐྱེ་སྟེ། རྟགས་ཁྱད་པར་ཅན་ཉམས་པ་སོགས་ཀྱི་སྒོ་ནས་སྐྱེ་རྒྱུ་མ་ཚང་བའི་ཕྱིར། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་སྡིག་བསམ་མ་ལོག་པ་ལ་ཡང་མི་སྐྱེ་སྟེ། བསམ་པ་ཉམས་པས་སོ། །དགེ་ཚུལ་སོགས་ཀྱི་ཚིགས་སྔ་མ་མེད་པ་དང་། མཁན་པོར་ཚིག་མ་གསོལ་བ་དང་། བར་ཆད་མ་དྲིས་པར་ཡང་དང་བར་ཆད་དེ་མེད་བཞིན་པར་ཡོད་ཅེས་ཁས་ལེན་པ་ལ་སྦྱིན་པ་རྣམས་ལ་སྐྱེ་ལ་ཉེས་བྱས་ཙམ་དུ་ཟད་དེ། ཆོ་ག་ཁྱད་པར་ཅན་མ་ཉམས་པས་སོ། །གཉིས་པ་ལ། བར་ཆད་ཀྱི་མཚོན་དོན་དང་། མཚན་ཉིད་དོ། །དང་པོ་ལ་བཞི་ལས་ལག་རྡུམ་གྱི་དང་། ནད་པའི་དང་། རྐུན་པོའི་དང་། བུ་ཚའི་མཚོན་དོན་ནོ། །དང་པོ་ནི། སྐྱེས་པ་འདྲ་བའི་སོགས་ཏེ། ཚུལ་བྱད་འདྲ་བ་ནི་གླིང་གཞན་གསུམ་ན་སྐྱེས་པ་ཡང་བྱར་རུང་ངོ་། །ལག་པ་དང་དཔུང་པ་སྤྲིང་ཡིག་རྒྱས་བཏབ་པ་བཞིན་དུ་ལེབ་མོར་འཇས་པ་དང་། ཕོ་མཚན་ལྟ་བུའི་མགོ་སྙུང་དང་། སྨྱོན་ཐབས་མཁན་གྱི་སྐྲ་བཞིན་དུ་སྒྲ་སྒྲེ་དང་། མདུན་དུ་སྒུར་པོ་དང་། རྒྱབ་ཏུ་སྒྱེ་བོ་དང་། གཉིས་ཀར་སྒྱེ་སྒུར་གྱུར་པ་དང་། སོར་མོའི་སྒྲ་དྲུག་པ་སོགས་ལ་སྦྱར་བ་དང་། མིག་གི་སྒྲ་རྫི་མ་སོགས་ནས་འབྲུམ་ཅན་གྱི་བར་ལ་སྦྱར་ཏེ་གྲ་ཟུར་ཕྱིན་ཅི་ལོག་དང་། སྣ་གོང་ཆད་ནས་བར་འཛིངས་པ་དང་། དྲ་བ་བཞིན་དུ་བཞིན་འཕྱང་བ་གློ་བ་(༤༡ན)


GLG014_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྫི་མ་མེད་པའི་ཤ་དམར་པོ་གླེ་བོ་དང་། མིག་ནང་དུ་མཛེར་པ་ལ་སོགས་ཅན་དང་། རྣ་བའི་སྒྲ་སེར་བ་སོགས་བཞི་ལ་སྦྱར་བ་དང་། ཁྱི་རྡོའི་སྒྲ་གཡའ་བ་སོགས་ལ་སྦྱར་བ་དང་རྐང་ལག་གི་སྒྲ་གཅིག་པ་སོགས་གཉིས་ལ་དང་། མགོའི་སྒྲ་གླང་ཆེན་ནས་སྦྲུལ་གྱི་བར་ལ་དང་། མགུལ་གྱི་སྒྲ་ཤིང་ཏ་ལའི་གཉེར་མ་ལྟ་བུ་སོགས་གཉིས་ལ་སྦྱར་བ་སོགས་ལས་མི་ན་བ་རྣམས་ལག་རྡུམ་སོགས་ཀྱིས་འཕངས་སོ། །གཉིས་པ་ནི། དེ་དག་གི་ནང་ན་མི་ན་བ་ལས་གཞན་ན་བ་དག་ནི་ནད་པས་འཕངས་སོ། །གསུམ་པ་ནི། ཕྲན་ཚེགས་སུ་བཤད་པའི་རྐུན་མས་ནི་ཕུང་ཀྲོལ་བ་ཁྲིམས་འཇིག་པར་བྱེད་པ་རྣམས་འཕངས་སོ། །བཞི་པ་ནི། རྒྱལ་པོ་སོགས་སོ། །བསྐྱེད་པའི་ཕ་མ་མ་ཡིན་ཡང་ཡོངས་སུ་འཛིན་པ་སོགས་ཏེ། ཡོངས་སུ་འཛིན་བྱེད་མི་མ་ཡིན་པའི་སོགས་ནི་ཕ་མ་དང་འདྲ་བ་མ་ཡིན་ནོ། །གཉིས་པ་ལ་མཚམས་མེད་ཀྱི་དང་། དགེ་སློང་མ་སུན་ཕྱུང་བའི་དང་། སྔོན་རབ་ཏུ་བྱུང་བའི་དང་། ཕམ་པ་བྱུང་བའི་དང་། རྒྱུད་ལ་བརྟེན་པའི་བར་ཆད་ཀྱི་མཚན་ཉིད་དང་། དང་པོ་ནི། མི་མ་ཡིན་པའི་ཕ་མ་དེ་གཉིས་ལས་མཚམས་མེད་པར་མི་འགྱུར་ཏེ། མཚམས་མེད་དུ་འགྱུར་བའི་ཕ་མ་དེ་ནི་བསྐྱེད་པར་བྱེད་པའི་མིའི་འགྲོ་བ་པ་གཉིས་ལས་བཞག་པས་སོ། །ཕ་བསད་པའི་མཚམས་མེད་འབྱུང་བ་ལ་སྐྱེས་པ་བསད་པས་མ་ཁྱབ་སྟེ། ཕ་མ་མཚན་གྱུར་པ་གཉིས་བསད་པ་ལས་ཀྱང་མཚམས་མེད་དུ་འགྱུར་བས་སོ། །རྒྱས་པར་མཛོད་དུ། མཚམས་མེད་གླིང་གསུམ་དག་ན་ཡོད། །(༤༡བ)


GLG014_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་མ་སོགས་ལ་མི་འདོད་དོ། །ཕན་དང་ངོ་ཚ་ཆུང་བའི་ཕྱིར། །ཞེས་དང་། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །གང་གི་ཟླ་མཚན་ལས་བྱུང་མ། །ཞེས་སོགས་ལྟར་རོ། །གཉིས་པ་ནི། དགེ་སློང་མ་ཕམ་པར་འགྱུར་བ་སྤྱི་སྒོས་མ་བྱུང་བ་ཉིད་ལ་བྱ་བ་མི་ཚངས་པར་སྤྱོད་པ་ཉམས་སུ་མྱོང་བ་ནི་ཆོས་ཅན། དགེ་སློང་མ་སུན་ཕྱུང་བ་ཡིན་ཏེ། དེའི་འཇོག་བྱེད་ཡིན་པས་སོ། །ཕན་ཚུན་ཞེས་པ་ནི། སུན་འབྱིན་བྱེད་དགེ་སློང་ཡིན་ན་དེ་ཡང་ངེས་ཕྱུང་བར་འགྱུར་ཞེས་པའོ། །དགེ་སློང་མ་ནི་མི་ཚངས་སྤྱོད་ཀྱི་སྔོན་དུ་ཕམ་པ་མ་བྱུང་བ་ཞིག་དགོས་སོ། །གསུམ་པ་ནི། བུད་མེད་བསླབ་པ་ཕུལ་ནས་མཚན་གྱུར་ཏེ་སྐྱེས་པ་ཉིད་དུ་གྱུར་པ་ནི་ཆོས་ཅན། སྔོན་རབ་ཏུ་བྱུང་བ་མ་ཡིན་ཏེ། མཚན་དེ་ལ་རབ་བྱུང་གཞན་སྔོན་དུ་མ་སོང་བའི་སྒོ་ནས་རབ་བྱུང་བསྙེན་རྫོགས་བྱར་རུང་བའི་ཕྱིར་རོ། །བཞི་པ་ནི། བུད་མེད་ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་བཞི་ལྷག་པར་སྤྱད་པ་ཅན་མཚན་གྱུར་པ་ཡང་ཆོས་ཅན། ཕམ་པ་བྱུང་བའི་བར་ཆད་ཅན་མ་ཡིན་ཏེ། རབ་བྱུང་སོགས་བྱར་རུང་བའི་ཕྱིར། བུད་མེད་བསྙེན་པར་རྫོགས་པར་བྱ་བའི་ཆོ་ག་ཆོས་ཅན། དགེ་སློང་གློ་བུར་དུ་ལྷགས་པ་རྣམས་ཀྱིས་ཁྱོད་མི་འགྲུབ་སྟེ། དགེ་སློང་གཉུག་མར་གནས་པ་རྣམས་ཁྱོད་ཀྱི་ཡུལ་མཐུན་པའི་རྐྱེན་གྱི་ཡན་ལག་ཏུ་དགོས་པ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། སྡོམ་པ་རྫོགས་པར་ཐོབ་ཐོབ་ཀྱི་བར་དུ་ལུས་སེམས་མ་ཉམས་པ་གལ་ཆེ་བས། སྡོམ་པ་སྐྱེ་བའི་རྒྱུད་རྒྱུའི་ཚེ་ཉིད་ནི་སྡོམ་པ་ཕུལ་ལམ་མ་ནིང་སོགས་སུ་ཉམས་ནའང་དེ་མི་སྐྱེ་བའི་ཕྱིར། (༤༢ན)


GLG014_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱི་ཚེ་ཕུལ་ཉམས་མི་སྲིད་དེ། གང་གིས་ཀྱང་གེགས་བྱ་བར་མི་ནུས་པའི་ཕྱིར། འདིས་ནི་བསམ་པ་དང་རྒྱུད་མཐུན་པའི་རྐྱེན་དངོས་སུ་བསྟན་ཡང་དེའི་ཟློག་ཟླ་སྐྱེ་བའི་བར་ནི་བརྗོད་བྱའི་གཙོ་བོར་བཟུང་ངོ་། །རབ་བྱུང་གི་གཞི་དང་འབྲེལ་བ་ཞུ་བ་རྫོགས་སོ། །ཞེས་གསུངས། དེ་ཡང་ཚིགས་གསུམ་རིམ་གྱིས་ནོས་པའི་དབང་དུ་བྱས་པ་ལས། དགེ་བསྙེན་ཙམ་ལ་བར་ཆད་མི་འདྲི་བར་འདུལ་འཛིན་ཐམས་ཅད་མཐུན་ནའང་། ཁྱོད་ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ་སོགས་དམིགས་བསལ་འགའ་ཞིག་མ་གཏོགས། བར་ཆད་རགས་རིམ་དགེ་བསྙེན་ལ་ཡང་དོན་གྱི་ཐོབ་པར་འདྲི་མི་དགོས་པའི་རྒྱུ་མཚན་ལ་ས་དགེའི་འདུལ་འཛིན་མཁས་པའི་ཁུར་འཛིན་རྣམས་ལྗགས་ཀྱི་དབང་པོ་རྐྱོང་བ་ཞུ། འདུལ་བ་རྒྱ་མཚོའི་སྙིང་པོར། བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དགེ་སློབ་མ། །དགེ་སློང་མ་དང་དགེ་སློང་སྟེ། །སོ་སོར་ཐར་པ་རིགས་བརྒྱད་དོ། ཁྱིམ་པའི་སྡོམ་པ་དང་པོ་གསུམ། །རབ་བྱུང་སྡོམ་པ་ཐ་མ་ལྔ། །ཞེས་དང་། སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། །སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག །རྩ་བ་བཞི་ལས་གཅིག་གཉིས་གསུམ། །འདོད་ལོག་མི་ཚངས་སྤྱོད་སྤོང་དང་། །སྐྱབས་འགྲོ་ཙམ་གྱི་དགེ་བསྙེན་དུ། ཁས་ལེན་རྣམས་དང་གོ་རིམ་བཞིན། །ཞེས་སོ་ཐར་རིགས་བརྒྱད། བྱེ་བྲག་དགེ་བསྙེན་ལ་ཡང་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ནང་གསེས་དྲུག་ཏུ་བྱུང་བའི་སྐབས་(༤༢ན)


GLG014_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱ་བ་ནི་ཡོངས་རྫོགས་དགེ་བསྙེན་ཡིན་ལ། །དེ་ཡང་དར་ཆོག་ལ་ཡུན་རིང་པོར་ཙོག་ཙོག་པུར་འདུག་དགོས་གཤིས་སྟེགས་མེད་ན་ངལ་དུབ་ཀྱིས་མནར་ཏེ་ངེས་འབྱུང་གི་བསམ་པ་དང་། སྡོམ་པའི་ཐོབ་མཚམས་སོགས་ལ་རིག་པ་གཅིག་ཏུ་བསྒྲིམ་མི་ནུས་པའི་སྐྱོན་འབྱུང་བས་ཐོག་མ་ནས་ཕ་གུའི་སྟེགས་བྱས་པ་འཐད་པར་སེམས། ཙོག་ཙོག་པུར་ཐལ་མོ་སྦྱར་དགོས་པ། རྣམ་འབྱེད་འགྲེལ་པ་ལས། ཐལ་མོ་དབུག་དབུག་པོར་སྦྱར་ཏེ་ཞེས་དང་། གཞི་འགྲེལ་ལས། ཐལ་མོ་འཇབ་འཇབ་པོར་སྦྱར་ཏེ་ཞེས་གསུངས་པར། མཚོ་སྣ་པས། ཐལ་མོ་ཅུང་ཟད་ཁོང་སྟོད་དུ་གྱུར་པའི་འཇབ་འཇབ་པོ་ཞེས་དང་། ཐལ་མོ་ཁོང་སྟོད་དུ་སྦྱར་བ་ནི་ཆོས་འདི་པའི་ལུགས་དང་། ཐལ་མོ་ཅར་ལེབ་ཏུ་སྦྱར་བ་ནི་མུ་སྟེགས་པའི་ལུགས་ཡིན་ནོ་ཞེས་པུ་ཎྱ་ཤྲཱི་གསུང་ངོ་། །ཞེས་དྲངས་འདུག་པས་བསྒྲུབ་བྱ་ལས་ཉམས་སུ་མྱོང་བ་པོས་ཐལ་མོ་སྦྱར་ཚུལ་འདི་བཞིན་དང་། ལས་བྱེད་པ་པོ་རྣམས་ཀྱིས་ལུས་དང་སེམས་བཏུད་དོ། །ཐལ་མོ་བསྣོལ་ཏེ་བཅང་ངོ་། །ཞེས་གསུངས་པས། ཐལ་མོ་བསྣོལ་ཏེ་བཅང་བ་འཐད་པར་མངོན། །ཐོག་མ་ནས་ཁྱིམ་པའི་ཆ་ལུགས་སུ་ཡོད་ན་དེས་ཁྱབ། བཙུན་པའི་གཟུགས་བརྙན་ཅན་དང་། དགེ་ཚུལ་སློང་བསྐྱར་ནས་བསྒྲུབ་པ་སོགས་ལ་གོས་དཀར་པོ་ཅན་ཞེས་པའི་ཚིག་གི་ནུས་པས་ཤམ་ཐབས་སོགས་ཕུད་ནས་སྟེང་གཡོགས་དཀར་པོ་ཞིག་གྱོན། དེ་ཡང་སྡོམ་གསུམ་གནས་འགྱུར་པའི་ལུགས་ལྟར་ན། སྡོམ་པ་སྔ་མ་བཏང་ནས་གསར་དུ་སྐྱེ་བར་འདོད་ཚེ་འབུལ་ཆོག་(༤༣ན)


GLG014_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། མ་ཕུལ་ན་ཕྱི་མ་བླངས་པ་སྔ་མའི་གོང་འཕེལ་དུ་འཆད་པ་སྐྱེད་ཚལ་མཁན་པོ་སོགས་ལུགས་འཛིན་འགའ་ཞིག་སྨྲ་བ་ཤེས་པར་འདོད་པའི་ཕྱོགས་ལ་དོན་ལ་གནས་ཤིང་། གོང་དཀར་རྡོ་རྗེ་གདན་གྱི་ཆོས་འཆད་གསང་སྔགས་ལ་མཁས་པ་ཆོས་རྗེ་ཚུལ་ཁྲིམས་བཀྲ་ཤིས་སོགས་འབུལ་ཆོག་མ་བྱས་པར་བླངས་ཀྱང་གསར་དུ་སྐྱེ་རྒྱུ་མེད་པར་འཆད་ཀྱང་གཟུགས་ཅན་དུ་འདོད་པར་ལུང་རིགས་གཉིས་ཀའི་གནོད་པ་འཕོག་སྟེ། འབུལ་ཆོག་ངེས་པར་དགོས་པ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོར། །གང་ཞིག་བསླབ་ལ་མི་གནས་པས། །བདེ་གཤེགས་རྒྱལ་མཚན་འཛིན་པ་ལས། །བསླབ་ལ་མི་གནས་སྐད་ཅིག་ལ། །གཟུགས་བོར་ཁྱིམ་པར་གནས་པ་བཟང་། །ཞེས་དང་། སྡོམ་གསུམ་རབ་དབྱེར། དད་ཟས་ཟ་བའི་ཉེས་མཐོང་ནས། །དགེ་སློང་ལྔ་བརྒྱས་བསླབ་པ་ཕུལ། །དེ་ལ་སྟོན་པས་ལེགས་སོ་གནང་། ཞེས་སོགས་དང་། དུལ་བ་ལྷས། སྡོམ་པ་སྔར་བསྲུངས་པ་ལ་ཕན་ཡོན་འབྱུང་བ། ད་ལྟ་ལྟུང་བ་མི་འབྱུང་བ། ཕྱིས་སྡོམ་པ་སྐྱེ་བའི་ཕན་ཡོན་ཡོད་པར་གསུངས་པ་ལྟར་རྐྱེན་ཁྱད་པར་ཅན་བྱུང་ན་འབུལ་ཆོག་ཤེས་པའི་ཆེད་ཡིན་པས་དེའི་ཆོ་ག་ནི། རྣམ་འབྱེད་ལས། བསླབ་པ་ཉམས་པར་བྱས་པ་ནི། དགེ་སྦྱོང་གི་ཚུལ་གཏོང་འདོད་པ་ན། དགེ་སློང་གི་དྲུང་དུ་སོང་སྟེ་ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བྱ་དཀའོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དྲན་ནོ། །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་བྱ་བ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གཏོང་འདོད་(༤༣བ)


GLG014_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་བརྗོད་པར་བྱེད་པའོ། །ཞེས་གསུངས་ཀྱང་མདོ་རྩ་བར། རང་བཞིན་ཉམས་པར་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ། །དེ་ལམ་ཡིན་ནོ། །ལྐུགས་པ་ལ་མ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་པ་ལ་མ་ཡིན་ནོ། །མ་གོ་པ་ཉིད་ལ་མ་ཡིན་ནོ། །ཞེས་དང་། ས་ག་ལྷས། སྡོམ་གཏོང་རང་བཞིན་གནས་པ་ཡིན། །བརྡ་འཕྲོད་མི་ཡི་དྲུང་དག་ཏུ། །བདག་གིས་གང་བསྲུང་བསླབ་པ་ནི། །གཏོང་ངོ་ཞེས་སོགས་ཚིག་རྣམས་དབུལ། །ཞེས་གསུངས་པ་ལྟར། འབུལ་ཡུལ་སྨྱོན་པ་ལ་སོགས་པ་རང་བཞིན་ཉམས་པ་མ་ཡིན་པ། ལྐུགས་པ་མ་ཡིན་པ། ལྷ་ཀླུ་ལ་སོགས་པ་མི་མ་ཡིན་པའི་འགྲོ་བ་པ་མ་ཡིན་པ། གླེན་པ་དང་འོན་པ་སོགས་མི་གོ་བ་ཉིད་མ་ཡིན་པ་སྨྲ་ཤེས་དོན་གོ་བསམ་པ་རང་བཞིན་དུ་གནས་པ། མ་ནིང་མཚན་གཉིས་མ་ཡིན་པ་སྟེ། ཐ་སྙད་ལྔ་ལྡན། ལུས་ཐ་མལ་དུ་གནས་པ། རང་ལས་རྒྱུད་ཐ་དད་པ་ཡིན་ཕྱིན་དགེ་སློང་ལྟ་བུའི་དམིགས་བསལ་མི་དགོས་པར་བཞེད་པ་མཐུན། འབུལ་ཚུལ་གཞུང་ལས་ཇི་ལྟར་འབྱུང་བ་ལྟར་ཁྱིམ་པ་སོགས་སུ་ཁས་ལེན་པ། དགོས་པ་སླར་གསོ་རུང་། སྔར་བསྲུངས་པར་ཕན་ཡོན་འབྱུང་། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་སྤང་བ་སོགས་ཡིན། མདོ་རྩར། བདག་ཁྱིམ་པའམ་དགེ་ཚུལ་ལམ། ཞེས་གསུངས་པའི་རང་འགྲེལ་དུ། བདག་ཁྱིམ་པའམ་ཞེས་བྱ་ནི་ཁྱིམ་པ་ཉིད་དུ་དམ་བཅས་པ་རབ་ཏུ་བྱུང་བའི་སྡོམ་པ་ཡོད་པའི་དངོས་པོ་མེད་དེ་ཞེས་བྱ་བ་ནི་ཁྱིམ་པ་ཉིད་སོ་སོར་ཤེས་པ་ལ་བསླབ་པ་འབུལ་བ་ཉིད་གོ་བར་བྱེད་པའོ། །དགེ་ཚུལ་ཞེས་བྱ་བ་ནི་བསྙེན་(༤༤ན)


GLG014_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པ་ཉིད་དགེ་ཚུལ་ལ་བརྟེན་པ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། ཞེས་བྱ་བ་དགེ་ཚུལ་ལ་བརྟེན་པ་ཉིད་ཤེས་པ་ལ་བསྙེན་པར་རྫོགས་པ་འབུལ་བ་ལའོ། །ཞེས་དང་། བསྙེན་པར་རྫོགས་པ་ཐམས་ཅད་ལས་འདི་ཐ་དད་པ་གནས་པ་ཞེས་བྱ་བ་འདི་དགེ་ཚུལ་ཉིད་དུ་དམ་བཅའ་བཅས་པ་བཞིན་དུའོ། །ཞེས་དང་། ཊཱིཀ་ཆུང་ཡོན་ཏན་མར། ཁྱིམ་གནས་སུ་བདག་གཟུང་ཞིག་གམ་བདག་ཁྱིམ་པར་གཟུང་ཞིག་ཅེས་བྱ་བས་ཁྱིམ་པ་ལ་ཁྲིམས་མེད་པ་ཡིན་པས་ཁྲིམས་ཕུལ་བར་འགྱུར་རོ། །དགེ་ཚུལ་ལམ་བདག་དགེ་ཚུལ་དུ་གཟུང་ཞིག་བྱས་པས་དགེ་ཚུལ་མ་ཁྲིམས་ཉིས་བརྒྱ་ལྔ་བཅུ་མེད་པས་ཁྲིམས་ཆེན་པོ་ནི་ཕུལ་བར་འགྱུར་ཞེས་གསུངས་ཤིང་། བོད་ཀྱི་འགྲེལ་མཛད་བུ་སྟོན་སོགས་དང་དགོངས་པ་མཐུན་པར་རིན་ཆེན་འཕྲེང་བར། བདག་ཁྱིམ་པར་གཟུང་དུ་གསོལ། ཞེས་པས་ནི་བསླབ་པའི་ས་བཏང་བས་བསླབ་པ་བཏང་བ་ཡིན་ནོ། །དགེ་ཚུལ་དུ་གཟུང་དུ་གསོལ་ཞེས་པས་དགེ་སློང་གི་སྡོམ་པ་གཏོང་ཞིང་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་གཏོང་བར་ནི་མ་ངེས་སོ། །ཞེས་གསུངས་པ་སོགས་ཀྱི་རིགས་པས་དགེ་བསྙེན་དུ་ཁས་བླངས་ན་དགེ་སློང་ལྟ་ཅི་དགེ་ཚུལ་ཡང་གཏོང་བར་འགྱུར་ཞིང་། ཁྱིམ་པར་ཁས་བླངས་པས་ཁྲིམས་མཐའ་དག་གཏོང་བར་འགྱུར་བ་དེ་བཞིན་དུ། ལེགས་བཤད་གསེར་ཐུར་དུའང་དགེ་སློང་གིས་དགེ་ཚུལ་དང་དགེ་བསྙེན་དུ་ཁས་བླངས་པ་བསླབ་པ་འབུལ་ཆོག་ཏུ་བཤད་དོ། །དེར་མ་ཟད་སྨྱུང་གནས་སོགས་ཐེག་པ་ཆེན་པོའི་(༤༤ན)


GLG014_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་ཡང་ཁྱིམ་པས་ལེན་དགོས་ཀྱི། རབ་བྱུང་ལ་མི་དགོས་པ་དང་གལ་ཏེ་བླངས་ན་སོ་ཐར་གྱི་སྡོམ་པ་གཏོང་བའི་ཉེས་དམིགས་ཡོད་ཚུལ་གསུང་བར། ལྕགས་ཐང་ཆོས་རྗེས་གསེར་མདོག་ཅན་པར་སྐྱོན་བརྗོད་མཛད་པ་ཐེག་པ་ཆེ་ཆུང་གི་ཁྱད་པར་ཤེས་ནས་བླངས་ན་སྐྱོན་མེད་པས་དགག་པ་རྣམ་དག་མ་སོང་ཞིང་རྣམ་དབྱེ་མེད་ན་སང་ཉི་མ་མ་ཤར་བར་ཞེས་པའི་ནུས་པའི་ཁས་བླང་གི་བཟློག་ཆས་སོ་ཐར་གཏོང་ཉེན་ཤིན་ཏུ་ཆེ། མདོར་ན་བཅས་ལྡན་དགེ་སློང་ཞིག་གིས་དགག་དགོས། ཁྱད་པར་ཅན་གྱི་ཕྱིར་སླར་ཚིགས་གསུམ་རིམ་ནོད་དུ་བླངས་ཚེ་ཕྱི་མ་དབང་བཙན་པར་བྱེད་ན་དགེ་བསྙེན་གྱི་སྡོམ་པ་སྔ་མ་གཏོང་བྱེད་དམིགས་བསལ་མ་བྱུང་ཡང་དགེ་བསྙེན་དུ་ཡང་དག་པར་ཁས་བླངས་པ་ཙམ་གྱིས་སྡོམ་པ་གོང་མ་གཉིས་གཏོང་བར་འགྱུར་ཏེ། གོང་དུ་དྲངས་པའི་ལུང་དང་རིག་པས་ལེགས་པར་གྲུབ་ཅིང་གཞན་ཡང་ལུང་ཤིན་ཏུ་གསལ་པ་ལུང་སིལ་བུ་ལས་བསྙེན་པར་རྫོགས་ཟིན་ཀྱང་ཁྱིམ་པར་ཁས་བླངས་ན། དེ་ཡང་བསྙེན་པར་མ་རྫོགས་པ་ཞེས་བྱ་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་དང་། མཚོ་སྣ་པས། དེ་ནི་དགེ་སློང་བདག་ཉིད་ཁྱིམ་པ་ཡིན་ནོ་སྙམ་དུ་འདུ་ཤེས་འཁྲུལ་ན་ཞེས་བསྟན་པ་མ་ཡིན་གྱི། དགེ་སློང་བདག་ཉིད་ཁྱིམ་པར་ཁས་བླངས་ན་ཞེས་སོགས་རྒྱས་པར་གསུངས་སོ། །རང་ཕྱོགས་དགེ་ལུགས་དང་ཞ་ལུ་པ་སོགས་སྡོམ་པ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་གཏོང་རྒྱུར་བཤད་པས་འབུལ་ཆོག་མ་བྱས་ཀྱང་དོན་ལ་ཚང་ངོ་། །གོང་དུ་སྨོས་པའི་(༤༥ན)


GLG014_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱེད་ཙམ་དུ་མ་ཟད་རིགས་པས་ཀྱང་འགྲུབ་སྟེ། ཚིགས་གསུམ་རིམ་གྱིས་ནོས་པའི་དགེ་སློང་དེ་ཆོས་ཅན། ཁྱོད་ཀྱིས་དགེ་བསྙེན་དུ་ཁས་བླངས་པ་ན་ཁྱོད་ཁྱིམ་པར་འགྱུར་བར་ཐལ། ཁྱོད་ཀྱིས་དགེ་བསྙེན་དུ་ཁས་བླངས་པ་ནི་གང་ཞིག །དགེ་བསྙེན་དེ་ཁྱིམ་པ་ཡིན་པའི་ཕྱིར། རྟགས་དང་པོ་དངོས། ཕྱི་མ་མ་གྲུབ་ན། དགེ་བསྙེན་ཆོས་ཅན། ཁྱོད་ཁྱིམ་པ་ཡིན་པར་ཐལ། ཁྱིམ་པ་དང་རབ་བྱུང་གང་རུང་གང་ཞིག །རབ་བྱུང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ཁྱིམ་པ་དང་རབ་བྱུང་གང་ཡང་མ་ཡིན་པའི་དགེ་བསྙེན་དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་སྡོམ་པ་དེ་སོ་ཐར་རིགས་བརྒྱད་གང་རུང་དུ་མི་གཏོགས་པར་ཐལ། ཁྱོད་རབ་བྱུང་དང་ཁྱིམ་པ་གང་དུ་ཡང་མི་གཏོགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་སྡོམ་པ་དེ་སོ་ཐར་རིགས་བརྒྱད་པོ་གང་རུང་དུ་གཏོགས་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་སྡོམ་པ་དེ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་གསུམ་པོ་གང་རུང་དུ་གཏོགས་པའི་ཕྱིར། དེ་ཡིན་པར་ཐལ། ཁྱོད་དགེ་བསྙེན་གྱི་སྡོམ་པ་ཡིན་པའི་ཕྱིར། གཞན་ཡང་དགེ་བསྙེན་ཆོས་ཅན། ཁྱོད་དུ་ཁས་བླངས་པ་ན་ཁྱིམ་པར་འགྱུར་བར་ཐལ། ཁྱོད་ཀྱིས་སྡོམ་པ་འབོགས་པའི་རྗེས་ཟློས་གསུམ་པའི་དུས། སྐྱབས་བརྗོད་བདག་བརྗོད་གཉིས་རྫོགས་པ་དང་། དགེ་བསྙེན་དུ་འགྱུར་བ་དུས་མཉམ་ཡིན་པའི་ཕྱིར་རོ། །གཞན་ཡང་བྱེ་བྲག་པ་དགེ་བསྙེན་དུ་ཁས་བླངས་པས། དེའི་སྤྱི་ཁྱིམ་པར་ཁས་བླངས་པར་འགྱུར་བར་ཐལ། རམས་ཀྱི་མདོག་ཅན་ཡིན་པར་ཁས་བླངས་པས་ཁ་(༤༥བ)


GLG014_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དོག་སྔོན་པོ་ཡིན་པར་ཁས་བླངས་པར་འགྲོ་བའི་ཕྱིར། གཞན་ཡང་མདོ་རྩ་བར་ཁྱིམ་པ་ཉིད་དུ་དམ་བཅས་པས་རབ་ཏུ་བྱུང་བའི་དངོས་པོ་མེད་དེ་ཞེས་བཤད་པ་མི་འཐད་པར་ཐལ། དགེ་སློང་གིས་དགེ་བསྙེན་དུ་དམ་བཅས་པས་དགེ་སློང་གི་སྡོམ་པ་གཏོང་བར་མི་འགྱུར་བའི་ཕྱིར། དེ་ལ་སོགས་ཏེ་རིགས་པའི་གནོད་བྱེད་མཐའ་ཡས་སོ། །འདུལ་བ་རང་སྐད་ལ་དེ་ལྟར་ཡིན་དུ་ཆུག་ཀྱང་སྡོམ་གསུམ་གནས་འགྱུར་ལ་མི་འཐད་སྙམ་པའི་ལོག་རྟོག་ནི་ག་ལ་སྲིད་དེ། གནས་འགྱུར་ལ་སོ་ཐར་གྱི་སྡོམ་པའང་ཤེས་པའི་སྟེང་དུ་འཇོག་དགོས་པས་སྔགས་བྱང་སེམས་ལྟར་ལན་བརྒྱ་སྟོང་དུ་བླངས་ཀྱང་གོང་འཕེལ་དང་། ལས་ཆོག་ཏུ་སྡོམ་པ་རྙིང་པས་རྒྱུད་མ་འགགས་པ་ཡོད་སྙམ་ཚེ་ཉན་ཐོས་ལྟར་ན་སྔར་བཤད་པ་ལྟར་ཚིགས་གསུམ་ལྡན་པ་ཞིག་གིས་ཚིགས་སྔ་མ་དགེ་བསྙེན་བླངས་པས་ཕྱི་མ་གཏོང་ཞིང་། གནས་འགྱུར་ལྟར་ན་དེ་འདྲར་མ་བལྟོས་པའི་རྒྱུ་མཚན་པཎ་ཆེན་ངག་དབང་ཆོས་གྲགས་སོགས་མཁས་པ་དུ་མས་མཁྱེན་འདུག་པ་དེར་གཟིགས་འཚལ། སྡོམ་པ་འབོགས་ཚུལ་གྱི་ཁྱད་པར་ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོའི་སྡོམ་གསུམ་རབ་དབྱེའི་དཀའ་འགྲེལ་གནད་ཀྱི་སྙིང་པོ་གསལ་བྱེད་ལས། དེས་ན་འདུལ་བ་ལས་ནི་ཁ་ཆེ་བའི་འདོད་པ་ལྟར་བཤད་ན། མདོ་སྡེ་ལས་ཉི་འོག་པ་དང་མདོ་སྡེ་པའི་འདོད་པ་ལྟར་བཤད་དེ། འདུལ་བ་ལུང་ལས་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་ཁ་ཆེ་བ་ལྟར་བཤད། མིང་ཆེན་གྱི་མདོ་ལས། ཉི་འོག་པ་དང་མདོ་སྡེ་པ་ལྟར་བཤད་པའི་ཕྱིར། གནད་(༤༦ན)


GLG014_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱིས་འདུལ་བ་དང་མདོ་སྡེ་ལ་བརྟེན་པའི་གྲུབ་མཐའ་སོ་སོ་ལ་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་དང་། བླང་བའི་ཡུལ་དང་། ལེན་པའི་རྟེན་གྱི་གང་ཟག །སྡོམ་པའི་ངོ་བོ་རྣམས་ལ་འཇོག་ཚུལ་མི་འདྲ་བ་རེ་རེ་ཡོད་པ་ནི་ཁོ་བོའི་རྣམ་དཔྱོད་ཀྱི་དཔལ་ལས་གྲུབ་པ་ཡིན་ཏེ། ལུང་དང་རྟེན་གྱི་མི་འདྲ་བའི་ཁྱད་པར་ནི། གཞུང་དེ་ཉིད་ལས། བསྙེན་གནས་ལ་དངོས་སུ་བཤད་པའི་ཤུགས་ལས་ཤེས་ལ། འབོགས་པའི་ཆོ་ག་མི་འདྲ་བ་ནི་རྣམ་དཔྱོད་དང་ལྡན་ན་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་བདག་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པ་ལན་གསུམ་བརྗོད་པ་སྡོམ་པ་འབོགས་ཆོག་ཏུ་ཁ་ཆེ་བས་ཁས་ལེན། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་བསླབ་བྱ་གཅིག་གཉིས་སོགས་གང་ལེན་པ་དེ་ལན་གསུམ་བརྗོད་པ་སྡོམ་པ་འབོགས་ཆོག་ཏུ་མིང་ཆེན་མདོ་ལས་བཤད་པ་ལྟར། ཉི་འོག་པ་སོགས་ཁས་ལེན་པའི་ཕྱིར་རོ། །དེས་ན་ཁ་ཅིག་མདོ་སྡེ་པའི་ལུགས་ལ། བདག་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་གཟུང་དུ་གསོལ་དང་། སྣ་གཅིག་སྤྱོད་པ་དང་། ཡོངས་རྫོགས་དགེ་བསྙེན་དུ་གཟུང་དུ་གསོལ། །ལན་གསུམ་གསུམ་བྱེད་པ་སྡོམ་པ་འབོགས་ཆོག་ཏུ་འདོད་པ་ནི་གྲུབ་མཐའི་རྣམ་དབྱེ་མ་ཕྱེད་པ་སྟེ། ཉི་འོག་པ་དང་མདོ་སྡེ་པའི་གྲུབ་མཐའི་གནད་མ་རྟོགས་པར་ཁ་ཆེ་བའི་སྡོམ་པ་འབོགས་པའི་ཆོ་གའི་རིགས་འགྲེ་ཉི་འོག་པ་དང་མདོ་སྡེ་པ་ལ་སྦྱར་འདུག་པའི་ཕྱིར། དེ་ལྟར་ཆོ་ག་མི་འདྲ་(༤༦བ)


GLG014_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་བྱུང་བའི་ལུང་གི་གནད་ནི་འདུལ་བ་དང་མདོ་སྡེ་ལས་བཤད་ཚུལ་མི་འདྲ་བ་གཉིས་བྱུང་བའི་གནད་ཀྱིས་ཡིན་ལ། རིགས་པའི་གནད་ནི་དགེ་བསྙེན་སྡོམ་པ་དང་མི་ལྡན་པའི་དགེ་བསྙེན་མི་འདོད་ཅིང་སོར་སྡོམ་ལ་རྩ་བཞི་ངེས་པར་སྤོང་དགོས་པའི་གནད་ཀྱིས་ཆོ་ག་མི་འདྲ་བ་གཅིག་དང་། དགེ་བསྙེན་གྱི་སྡོམ་པ་དང་མི་ལྡན་པར་སྐྱབས་འགྲོ་ཙམ་གྱིས་དགེ་བསྙེན་དུ་གྱུར་པ་ཞིག་ཡོད་པར་འདོད་པ་དང་། སོར་སྡོམ་ལ་རྩ་བ་བཞི་ངེས་པར་སྤོང་མི་དགོས་ཀྱི་རྩ་བ་གཅིག་གཉིས་སོགས་ཅི་རིགས་པར་སྤངས་པས་ཆོག་པའི་གནད་ཀྱི་ཆོ་ག་མི་འདྲ་བ་ཞིག་བྱུང་བ་ཡིན་ནོ། །ཞེས་སྐལ་ལྡན་ཡོངས་ཀྱི་སྙིང་ལ་བཅང་བར་བྱ་སྟེ། སྔོན་མ་བྱུང་བ་ལེགས་བཤད་ཀྱི་གནད་དམ་པ་ཡིན་པའི་ཕྱིར་རོ། །ཞེས་གསུང་བ་རྣམས་ལ་གནད་འགག་ཆེ་བ་འདུག་པས་ཕལ་ཆེར་སྤྱོད་པའི་དགེ་བསྙེན་སོགས་རྩ་བཞི་མ་ཚང་བ་འདི་ཁ་ཆེ་བ་མ་གཏོགས་ཐམས་ཅད་འདོད་པ་ནི་མིན་ཞིང་། གཞི་ཐམས་ཅད་ཡོད་སྨྲའི་གཞུང་དུ་མི་གསལ་བ་འདུལ་བ་འཛིན་པ་རྣམས་ཀྱི་རིགས་འགྲེ་སྦྱར་བ་ཡིན། སྡོམ་པ་སྐྱེ་བའི་རྒྱུའི་གཙོ་བོ་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །གཞན་གནོད་གཞི་དང་བཅས་པ་ལས། །ལྡོག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང་། །སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །འདོད་པའི་ཚུལ་ནི་རྣམ་པ་གཉིས། །རང་གི་སྡེ་པ་གོང་འོག་སྨྲ། །ཞེས་སྡོམ་པའི་རྒྱུའི་གཙོ་བོ་ངེས་འབྱུང་གི་བསམ་པ་དང་། སྡོམ་པ་སྐྱེ་བའི་(༤༦ན)


GLG014_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བརྡ་འཕྲོད་པ་ཤིན་ཏུ་གལ་ཆེ་བ་ལས་ཆོག་ཚོར་སྐད་གཟེངས་མཐོ་བ་དང་། སེ་གོལ་གྱི་བརྡ་སྤྲོད་ཅེས་པ་ལྟར་མཛད་པ་དབང་རྣོན་གྱི་རིགས་ལ་ངོ་འཕྲོད་ཀྱང་ཕལ་མོ་ཆེས་སྔར་གྱི་བཤད་པ་བརྗེད་ནས་གཡམས་ལ་རྒྱུགས་མང་བས་མཁས་པའི་དབང་པོ་དཀོན་ཅོག་ཆོས་འཕེལ་ཞལ་ནས་ཀྱང་སྡོམ་པ་ཐོབ་བོ་ཞེས་གསུང་བ་ནི། ཤིན་ཏུ་ངོ་འཕྲོད་པས་དགྲ་ཉེན་ཆེ་སར་བོང་སྐད་མ་རྒྱག་པར་དེ་དོན་བཞིན་མཛད་འཚལ། ངེས་འབྱུང་གི་བསམ་པ་དེ་ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཚ་ཁོ་དབོན་པོར་གདམས་པར། དེ་ལྟར་བསྒོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེའི་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་པ་དེ་ངེས་འབྱུང་གི་བསམ་པ་དངོས་བསྟན་ཡིན་ལ། སྡོམ་པ་སྐྱེ་བའི་རྒྱུ་ཙམ་ལ་ལས་མཁན་གྱིས་བརྡ་སྤྲད་པའི་ཚེ་བཅོས་མའི་ངེས་འབྱུང་ལྷང་བ་ཞིག་སྐྱེས་པས་གོ་ཆོད་ཀྱིས། མཚན་ཉིད་པ་སྐྱེ་དགོས་ན་དེང་སང་སྡོམ་ལྡན་ཤིན་ཏུ་ཉུང་བར་འགྱུར་ལ། ལ་ལ་ངེས་འབྱུང་གི་བསམ་པ་མཚན་ཉིད་པ་རྒྱུད་ལ་སྐྱེས་པ་དང་ལམ་དུ་ཞུགས་པ་དུས་མཉམ་པར་སྨྲ་བ་ནི་གཞུང་ལུགས་ལ་མ་འདྲིས་པའི་བཞད་གད་ཀྱི་གནས་སོ། །བསམ་པའི་ཁྱད་པར་འགའ་ཞིག་རྫོགས་བྱང་དུ་སེམས་བསྐྱེད་པ་ཐེག་དམན་གྱི་སྐབས་མི་འཐད་དམ་ཟེར་བ་ནི་མ་གོ་བ་སྟེ། སྟག་ཚང་ལོ་ཙཱ་བའི་སྡོམ་གསུམ་འགྲེལ་པ་ལས། འོ་ན་འདུལ་བའི་སྐབས་སུ་རྫོགས་བྱང་གི་སེམས་བསྐྱེད་ཀྱི་སྡོམ་པ་བླང་དུ་མི་རུང་བར་འགྱུར་ཏེ། (༤༧བ)


GLG014_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཐེག་ཆེན་གྱི་བསམ་པ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ནི་འདུལ་བའི་སྡེ་སྣོད་རྣམས་ཐེག་པ་ཐུན་མོང་བའི་གསུང་རབ་ཏུ་མི་གོ་ཞིང་འདུལ་བ་པ་ཡིན་ན་ཉན་ཐོས་པ་དང་ཐེག་ཆེན་པ་མིན་པས་ཁྱབ་པར་བཟུང་ནས་གནས་ལ་མི་དད་པར་བྱེད་པ་རྣམས་ཀྱི་ལོག་རྟོག་ཆེན་པོ་ཡིན་ཏེ། འདུལ་བ་ལས། རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་དང་། བྱང་ཆུབ་གསུམ་ཆར་དུ་སེམས་བསྐྱེད་པ་དང་འབྲས་བུ་ཐོབ་པའི་རྣམ་གཞག་མང་དུ་བྱུང་ལ། འདུལ་མངོན་གྱི་གདུལ་བྱའི་གཙོ་བོ་ཉན་ཐོས་སྡེ་གཉིས་ཀྱང་ཐེག་ཆེན་བདག་མེད་གཉིས་རང་སྟོང་གསུམ་རྡུལ་ཕྲན་དུ་སྡུད་པ་སོགས་ཀྱི་རྨད་དུ་བྱུང་བའི་སྤྱོད་པའི་གསུང་རབ་བློར་མི་ཤོང་བས་ཐེག་ཆེན་ཁས་མི་ལེན་ཞེས་བྱའི། རྫོགས་པའི་སངས་རྒྱས་དང་དེའི་སེམས་བསྐྱེད་ཕྱིན་དྲུག་བསྡུ་བཞི་སོགས་ནི་ཤིན་ཏུའང་འདོད་ཅིང་ཐེག་ཆེན་ལ་ཅུང་ཟད་སྐྱོན་དུ་བལྟ་བའི་བྱང་སེམས་ཆེན་པོ་དང་རིགས་འཛིན་ཆེན་པོ་དག་གིས་ཀྱང་འདུལ་བ་ལ་གཅེས་སྤྲས་སུ་མཛད་དེ། བྱང་སེམས་ཀྱི་ཚུལ་ཁྲིམས་ལེའུར་བྱང་སེམས་ཀྱི་ལྟུང་བ་མང་པོ་འདུལ་བའི་ནང་ཁྲིམས་བསྲུངས་ན་ཉེས་པ་མེད་དོ་ཞེས་ཡང་ཡང་གསུང་ཞིང་། བླ་མེད་ཀྱི་རྒྱུད་སྡེ་གོང་མའི་གོང་མ་ཀུན་ཏུ། ཉན་ཐོས་སྤྱོད་པ་སྐྱོང་བར་བྱེད་ཅེས་དང་། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །ནང་དུ་གསང་བ་འདུས་པར་དགའ། །ཞེས་སོགས་ཡང་ཡང་གསུངས་པའི་ཕྱིར། ཞེས་གསུངས་པ་འདི་ནུས་པ་ཤིན་ཏུ་ཆེ་བ་འདུག་གོ ། འདུལ་བ་རྒྱ་མཚོའི་སྙིང་པོར། གསོད་རྐུ་སྨྲ་དང་ལོག་པར་གཡེམ། །མྱོས་འགྱུར་(༤༨ན)


GLG014_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་བ་ལྔ་སྤོང་བ། །དགེ་བསྙེན་གྱི་ནི་སྡོམ་པའོ། །ཞེས་སྤང་བྱ་ལྔར་གསུངས་པའི་ཕྱི་མ་ཆང་དང་མི་ཤ་མ་གཏོགས་ནད་པ་བཅས་པ་མཐའ་དག་གིས་བསྐྱང་བར་གསུངས་པའི་སྐོར་ནི་དོགས་གནས་ཆེ་བ། མདོ་རྩ་ལས། མཁུར་བར་བསྲེལ་བ་དང་ལུས་བཀུད་པ་ནི་སྦྱོར་དང་འདྲའོ། །ནད་པ་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་པ་གོང་གི་མྱོས་པར་འགྱུར་བ་འཐུང་ནའོ། །དེ་སྐོལ་ན་ནི་དེ་ཉིད་ལས་ཉམས་པ་ཡིན་ནོ། །སྦང་མ་དང་ཚིགས་མ་ཟ་བ་ལ་ནི་དེའི་འཇུག་པ་ཡོད་དོ། །ཕབ་ཀྱི་ཆང་བུ་ནི་ཕྱེད་ཉིད་དོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །མྱོས་པར་འགྱུར་བའི་དྲི་དང་རོ་བྲོ་བའི་ཐུག་པ་མྱོས་པར་མི་བྱེད་པ་རྣམས་ཀྱང་ངོ་། །མདོག་ཙམ་མྱོས་པར་འགྱུར་བ་དང་འདྲ་བ་ལ་ནི་ཉེས་པ་མེད་དོ། །ཞེས་པ་ཀུན་ལ་ཐ་མའི་གསལ་བྱེད་དུ་མཛད་འདྲ་ཡང་། མདོ་རྩའི་སྨན་གྱི་གཞི་ལས། ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་བཏུང་བར་མི་བྱའོ། །དགེ་བསྙེན་ཡན་ཆད་ཐམས་ཅད་ཀྱིས་མི་བླུད་དོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་ལ་གསོ་བའི་དོན་ཉིད་མ་གཏོགས་སོ། །ཞེས་བྱ་བའི་ལྷག་མའོ། །ཞེས་གསུངས་པས། སྤྱིར་བཅས་པ་མཐའ་དག་ནད་པ་ལ་གནང་ཀྱང་མིའི་ཤ་དང་ཆང་གི་བཏུང་བ་དགག་པ་རྗེས་བཅས་ཀྱི་སྒོ་ནས་བཀག་པ་ཡིན་ཏེ། ལུང་ལས། བཅས་པ་མཐའ་དག་གིས་ནད་པ་བསྐྱང་བར་བྱའོ། །ཞེས་སྤྱིར་བཏང་ནས་ཆང་མ་གཏོགས་སོ་ཞེས་དང་། ང་ལ་སྟོན་པ་ཟེར་བ་ཁྱེད་ཅག་གིས་(༤༨བ)


GLG014_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ནི་རྩྭ་མཆོག་གིས་ཀྱང་བཏུང་བར་མི་བྱའོ། །ཞེས་གསུངས་ཤིང་། དེས་ན་ས་ག་ལྷས། སྨན་པའི་ངག་གིས་བཏུང་བར་ནི། །སྲོག་ལ་བབ་ཀྱང་མ་གནང་སྟེ། ཁ་ཡི་ནད་ལ་མཁུར་ཕུགས་སུ། །བསྲེལ་བ་ཙམ་ལ་ཉེས་པ་མེད། ཅེས་བཤད་པས། ཆང་དངོས་ནི་ནམ་ཡང་བཏུང་དུ་མ་གནང་ཞིང་། ཁའི་ནད་ལ་གོང་གི་ལུང་ལྟར་མཁུར་བར་བསྲེལ་ཏེ་མགུལ་དུ་མ་མིད་པར་ཕྱིར་འབོ་བ་དང་། ཡང་ན། མདོ་རྩ་ལས། ནད་པས་ནི་ཞུན་མར་དང་། འབྲུ་མར་ཆང་དང་འདྲེས་པ་བཏུང་བར་བྱ་བ་ཉིད་དོ། །ཆང་མ་ཡིན་པ་ཉིད་ན་ཉེས་པ་མེད་པ་ཉིད་དོ། །དེ་ནི་སྐོལ་བ་ལས་འགྲུབ་བོ། །ཞེས་སོགས་གསུངས་པས་རྫས་གཞན་དང་བསྲེས་ནས་ཆང་མ་ཡིན་པར་གྱུར་པ་མདོག་དང་དྲི་རོ་ནུས་པ་མཐའ་དག་ཆང་མི་འདྲ་བ་ཞིག་དགོས་ཏེ། འགྲེལ་ཆུང་ཡོན་ཏན་འོད་མར། དགེ་སློང་ནད་པ་ལ་ཕན་པར་བྱ་བའི་ཕྱིར་མར་རམ། ཡུངས་མར་གྱི་ནང་དུ་ཆང་ཉུང་ཟད་ཅིག་བླུག་སྟེ་འཐུངས་ཀྱང་ཉེས་པ་མེད་དེ། ཉེས་པ་མེད་ན་ནི་ཆང་མ་ཡིན་པ་ནའོ། །ལྷག་མ་ལྟར་མར་དང་བསྲེས་པའི་ཆང་ཡང་ཁ་དོག་ཀྱང་ཆང་མི་འདྲ། རོ་དང་བསུང་ཡང་ཆང་མི་འདྲ་ན་བཏུང་དུ་རུང་ངོ་། །སྐོལ་བས་འབྱོར་རོ། །ཆང་ཟངས་གང་ཙམ་སྐོལ་ནས་ཕྱེད་ཙམ་དུ་བསྡུ་བས་བསུང་མི་བྲོ། རོ་དང་ཁ་དོག་ཀྱང་ཆང་མི་འདྲ་ན་འཐུང་དུ་རུང་། འདི་སར་བཅུག་པ་ལ་ནས་བརྔོས་པས་བླུག་སྟེ་ཚར་གྱུར་ནའོ། །ཆང་བུམ་གང་ཙམ་ས་འོག་ཏུ་བཅུག་ལ་ཡོས་ཚིག་པར་བརྔོས་ཏེ། ཆང་གི་ནང་དུ་བླུག་སྟེ་སྦྱིབས་ཏེ་བཞག་ན་ཚར་གྱུར་ཏེ། ཁ་དོག་ཀྱང་(༤༩ན)


GLG014_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་མི་འདྲ་རོ་ཡང་ཆང་མི་བྲོ་ན་ཉེས་མེད། རྒུན་ཆང་སྐོལ་ན་ར་རོ་བར་མི་འགྱུར། རྒུན་ཆང་སྐོལ་ཏེ་འཐུངས་པས་རའང་མི་རོ་ལ། བསུང་ཆང་མི་བྲོ་ན་འཐུངས་ནའང་ཉེས་མེད། ཅེས་གསུངས་པས། སྟག་ཚང་པའི་འདུལ་ཊཱིཀ་ཏུ། ནད་པས་ཆང་ནི་མགུལ་དུ་མིད་པའི་ཚད་དུ་ལོངས་པ་ལྟ་ཅི་སྨོས། རྩྭའི་མཆོག་སྟེ་རྩེ་མོས་བླངས་པས་ཀྱང་མི་བཏུང་སྟེ། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་པ་ལྟར་ཆང་མ་བསྲུངས་ན་ཁ་ན་མ་ཐོ་བ་གཞན་མཐའ་དག་འབྱུང་བའི་ཕྱིར་རོ། །མཆོག་དང་རྩེ་མོ་གཉིས་ཀྱི་སྐད་དོད་ཨ་གྲ་ཞེས་པར་གཅིག་པས་རྩེ་མོའི་དོན་ཡིན་གྱི། མཆོག་མ་ཞེས་སོགས་ཀྱི་བློ་བཟོ་མི་བྱའོ། །རབ་བྱུང་དུ་མ་ཟད་དགེ་བསྙེན་ཡན་ཆོད་སོགས་ཏེ། ཆང་འཐུང་ངུ་འབོད་གནས་སུ་སྐྱེ། །ལྡུད་མཁན་དེ་ཡི་འཁོར་དུ་སྐྱེ། །ཞེས་མདོ་ལས་འབྱུང་ཞེས་ལུང་རིགས་ཀྱི་སྒྲུབ་བྱེད་མཛད་ཅིང་། དེ་ཉིད་ལས། མིའི་ཤ་ནི་ཐ་ཆད་པས་སྨན་དང་སྨན་མིན་པ་ཐམས་ཅད་དུ་མི་རུང་ཞེས་པ་ནད་ཚབས་ཆུང་བ་ལ་དགོངས་ཏེ། ཆང་ལས་གཞན་པའི་བཅས་རྐྱང་ཡིན་པས་སོ། །ཞེས་གསུངས། དེ་ལྟར་ཆང་གིས་མྱོས་པར་འགྱུར་བ་ལ་བརྟེན་ནས་བག་མེད་པའི་གཞི་ཆེན་པོ་བྱེད་པར་དགོངས་པ་ལྟར་ན་དུས་དེར་མ་དར་བས་གསལ་ཁ་མ་བྱུང་བ་མ་གཏོགས་ཐ་མ་ཁར་གྲགས་པའི་སྔོ་འདི་ལོ་བརྒྱ་ལྷག་ཙམ་ནས་རྒྱ་གར་དང་རྒྱ་ནག་ཏུ་བྱུང་ཞིང་། དེ་ཡང་བུད་མེད་ཅིག་གིས་སྨོན་ལམ་ལོག་པར་བཏབ་པའི་ཁྲག་ས་ལ་ལྷུང་བ་ལས་སྐྱེས་ཤིང་། བྱེད་རྐྱེན་(༤༩བ)
གྱིས་འབྱུང་པོ་སྙིང་ལ་ཞུགས་ནས་དུ་བ་རྡུབ་དགོས་པའི་གང་ལ་ཡང་ཕན་པ་ཆུང་ཞིང་ནད་སོགས་མང་དུ་བསྐྱེད་པས་དགག་བྱ་ཆེ་བ་ཁྱད་པར་བག་མེད་གནས་སུ་སྦྱོར་བ་ལ་ཆང་དང་འདྲའོ། །


previousགངས་ཅན་ལྗོངས་སུ་འདུལ་བའི་བསྟན་པ་ཇི་ལྟར་དར་ཚུལ།next