Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  collapse section
   
   
བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་སོགས།
   
  expand section
   
   
   
   
   
   
   


 
previousབླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་སོགས།next

བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་སོགས།


GLG015_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་ཞེས་བྱ་བ་སོགས་བཞུགས། ལེགས་བྱས་རིན་ཆེན་བྱེ་བའི་གཏེར་གྱུར་ཡེ་ཤེས་དབུ་བའི་དོ་ཤལ་ཅན། །སྐུ་གསུམ་གོ་འཕང་རླབས་འཕྲེང་སྩོལ་ལ་ནམ་ཡང་ཡོལ་བ་མེད་པ་ཡི། །རྒྱལ་བ་རྒྱ་མཚོའི་བདག་ཉིད་གཅིག་པུ་རྡོ་རྗེ་སློབ་དཔོན་ཞབས་པད་ཟུང་། །གཙུག་གི་རྒྱན་དུ་འབྲལ་མེད་བསྟེན་ནོ་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །བློ་གྲོས་ཡངས་པའི་དགའ་ཚལ་གསར་པ་ལ། །མཁས་བཙུན་བཟང་པོའི་དཔག་བསམ་ཡོངས་འདུའི་ལྗོན། །གྲགས་སྙན་ལོ་འབྲས་དུད་པའི་རྐང་འཐུང་དབང་། །སླུ་མེད་འདྲེན་པ་ཁྱོད་ནི་གཏན་གྱི་སྐྱབས། རྒྱལ་ཀུན་ཡབ་གཅིག་ཟུར་ཕུད་ལྔ་པ་གང་། །བཤེས་གཉེན་དམ་པར་བསྟན་ལ་ངེས་རྙེད་ཕྱིར། སངས་རྒྱས་རྣམས་ཀྱང་གང་གི་སྐུར་ཚང་བས། ཁྱོད་ཉིད་མཆོད་པ་དངོས་གྲུབ་ཀུན་གྱི་གཞི། །དེ་ཕྱིར་རྡོ་རྗེ་སློབ་དཔོན་ཚུལ་བཞིན་དུ། །མཆོད་པའི་ཆོ་ག་སྔོན་རབས་གསུང་སྒྲོས་དང་། །འགལ་བ་མེད་ཅིང་གཞན་དག་རྒྱས་བསྡུས་ཙམ། །བྱས་ལ་སྦྱར་བྱང་བཀོད་པ་མ་ཡིན་པའི། །རྗོད་བྱེད་ཚིག་གི་སྙན་འགྱུར་རབ་ལྡན་ཞིང་། །དོན་བཟང་སྔོན་མེད་ལེགས་པར་བཤད་པ་ཡི། །ཟུང་འཇུག་སྒྲུབ་པའི་ཤིང་རྟ་ཆེན་པོ་འདི། ཁོ་བོས་ལེགས་བཤད་དོ་རར་འདྲེན་ནོ་ཀྱེ། །ཐོག་མར་གནས་ཡོ་བྱད་བྱིན་རླབས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་ཕྱི་ནང་གི་མཆོད་པ་རྣམས་བླ་མེད་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་བཞིན་བྱིན་གྱིས་བརླབ། དངོས་གཞི་ནི། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སྲ་ཞིང་བརྟན་པའི་རྡོ་རྗེའི་གུར་ཁང་མེ་དང་བཅས་(༧བ)


GLG015_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུས་སུ་བྷྲཱུཾ་ལས་རིན་པོ་ཆེ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། གླང་པོ་ཆེ། སེང་གེ །རྟ་མཆོག །རྨ་བྱ། མཁའ་ལྡིང་གིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སྣ་ཚོགས་པདྨ་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་འཛུམ་པའི་ཞལ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་རྣམས་མཉེས་ཤིང་འགྲོ་བ་ཀུན་གྱི་རེ་བ་ཡོངས་སུ་སྐོང་བ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་མེ་ཏོག་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་། ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཆོས་གོས་རྣམ་པ་གསུམ་དང་། པཎ་ཞྭ་གསེར་གྱི་མདོག་ཅན་གྱིས་མཛེས་པར་བརྒྱན་པ། དགེ་སློང་རྡོ་རྗེ་འཛིན་པའི་བདག་ཉིད་ཅན་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ། སངས་རྒྱས། ཆོས། དགེ་འདུན། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས།དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། མཁའ་ཁྱབ་དོན་དམ་དག་པ་ཆོས་ཀྱི་དབྱིངས། །སྣ་ཚོགས་སྤྲུལ་པའི་དབང་པོའི་གཞུ་རིས་ཅན། །བརྗོད་བྲལ་སྒྱུ་འཕྲུལ་དྲ་བའི་གར་མཁན་མ། ཁྱབ་བདག་འཁོར་ལོའི་དབང་ཕྱུག་གནས་འདིར་གཤེགས། །གསང་གསུམ་ཤེལ་དཀར་དྲི་བྲལ་མེ་ལོང་མ། །མཆོག་གསུམ་དམ་པའི་སྣང་བརྙན་ཀུན་འཆར་བས། །དངོས་གྲུབ་གཟིགས་(༨ན)


GLG015_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མོར་མཚར་བའི་བྱེད་པོ་མཆོག །ཀུན་འདུས་རྡོ་རྗེ་སློབ་དཔོན་འདིར་གཤེགས་ཤིག །མི་ཕྱེད་དད་པའི་ཤིང་རྟ་ཆེན་པོ་ཡིས། །ཡེ་ཤེས་འཁོར་ལོའི་ལྷ་ཚོགས་ཡིད་བཞིན་ནོར། །འགྲོ་བའི་བསོད་ནམས་རྒྱལ་མཚན་རྩེར་འགོད་ཕྱིར། །གནས་འདིར་སྤྱན་འདྲེན་ཐོགས་མེད་ད་ཚུར་སྤྱོན། །ཨོཾ་མཱུ་ལཤྩ་མཱ་ལ་སྱ་ཤྲཱི་མངྒུ་རུ་རཏྣ་སུ་དྷཱི་ཀཱི་རྟི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། བཞུགས་སུ་གསོལ་བ་ནི། གཉིས་འཐུང་སོགས་ཀྱིས་བཏེག་པའི་རིན་ཆེན་ཁྲི། །ཆུ་སྐྱེས་འདབ་སྟོང་བཞད་པའི་གེ་སར་རྩེར། །རྟ་ལྗང་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་སྟེང་། །ཞབས་ཟུང་འཁོར་ལོའི་རི་མོ་རྟག་བཞུགས་གསོལ། །པདྨ་ཀ་མ་ལཱ་ཡེ་སྟཱཾ། ཡན་ལག་བདུན་པ་ལས། ཐོག་མར་ཕྱག་བྱ་བ་ནི། གྲངས་མེད་དཀྱིལ་འཁོར་བྱེ་བའི་གླིང་བཞི་ལ། ཁྱབ་བདག་རིགས་ཀྱི་གསེར་སྦྱངས་འཁོར་ལོ་ཡིས། །དམ་པའི་ཆོས་ཀྱི་སྲིད་ལ་དབང་སྒྱུར་བའི། །དཔལ་ལྡན་བླ་མ་དམ་པར་ཕྱག་འཚལ་ལོ། །མཚན་བཟང་བཅུ་དྲུག་ཆ་ཤས་ཡོངས་རྫོགས་པས། །མཐོང་ན་མི་མཐུན་མེད་པའི་བཤེས་གཉེན་བཞུགས། །འགྲོ་ཀུན་ཐར་པར་འཁྲིད་པའི་ས་མཁན་དུ། །མེས་པོས་སྤྲུལ་ཞེས་འགྲོ་ལ་ངོམ་པ་འདྲ། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལུགས་ཀྱི། །རྩེ་དགའ་ཁོང་ནས་རྒོད་པའི་མཁྱེན་པའི་སྤྱན། །དཀྱུས་རིང་གསུང་རབ་རྒྱ་མཚོར་འཇུག་པའི་རྫས། །ཐམས་ཅད་འཇིགས་པའི་དབང་པོར་ལྷུན་གྱིས་གྲུབ། །བྱམས་ལྡན་མཆུ་སྒྲོས་ཨུཏྤལ་དམར་པོའི་འདབ། །འགྲོ་ལ་རྗེས་སུ་ཆགས་པའི་འཛུམ་རླབས་ཀྱིས། །ཕན་བདེའི་འགྲོན་རྣམས་རིང་ནས་འགུགས་པ་ལ། །ལུང་རྟོགས་ཆོས་ཀྱི་སྒོ་འཕར་ཕྱེ་བ་བཞིན། །སྲིད་པ་བརྒལ་དཀའི་ཆུ་(༨བ)


GLG015_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་བྱིང་བའི་འགྲོ། །སྐད་ཅིག་རྡོ་རྗེ་འཛིན་པའི་ས་ཆེན་པོར། །ཕྲངས་རིང་བགྲོད་དཀར་སྨྲ་བའི་དངུལ་ཆུའི་ཐིགས། །རིག་པའི་སོར་མོས་བཅད་ཚེ་འཇིག་སྙམ་བྱེད། །དྲི་མེད་སྡོམ་གསུམ་ལུས་སྟོབས་རབ་ཏུ་རྒྱས། །རླབས་ཆེན་སྤྱོད་པའི་གསེར་སྦྱངས་དྲ་བས་མཛེས། །སྨིན་གྲོལ་མཚོན་ཆའི་འཁོར་ལོས་བདུད་སྡེའི་གཡུལ། །ཕམ་མཛད་བཤེས་གཉེན་ས་སྲུང་དབང་པོ་ཆེ། །འཁོར་འདས་ཆོས་ཀྱི་ལེགས་པའི་ལམ་ཡངས་པོར། །འབད་མེད་བདེ་བར་འཁྲིད་པའི་ས་མཁན་མཆོག །དངོས་སུ་བརྒྱུད་པའི་བླ་མའི་ཚོགས་རྣམས་ལ། །རྩེ་གཅིག་དད་པའི་ཡིད་ཀྱི་ཕྱག་འཚལ་ལོ། །གཉིས་པ་མཆོད་པ་འབུལ་བ་ལ། །མཎྜལ་ནི། ཕུན་ཚོགས་ཁོད་སྙོམས་ལྟ་ན་སྡུག་པའི་ཞིང་། །ཕུན་ཚོགས་རིན་ཆེན་ལས་གྲུབ་དབྱིག་འཛིན་སྟེང་། །ཕུན་ཚོགས་ཤེལ་དཀར་དབང་སྔོན་པད་རཱག་དང་། །ཕུན་ཚོགས་གསེར་སྦྱངས་ལས་གྲུབ་རི་རབ་རྩེར། །འཆི་མེད་བདག་པོའི་ཁང་བཟང་ཉམས་དགའ་བ། །སྲིད་པའི་འབྱོར་བ་མ་ལུས་བསྡུས་པ་བཞིན། །བང་རིམ་བཞིའི་སྟེང་ལེགས་བྲིས་གྲོང་ཁྱེར་ནི། །བཀོད་པ་རྒྱ་མཚོའི་དགེ་མཚན་ཚར་དུ་དངར། །དགེ་བཅུའི་ཡོན་ཏན་ཚང་བ་ཡུལ་གྱི་ལྗོངས། །ཕྱོགས་མཚམས་འགྱུར་མེད་གླིང་བཞི་གླིང་ཕྲན་བརྒྱད། །གསེར་རི་བདུན་སོགས་གྲངས་མེད་ས་འཛིན་རྣམས། །བྱེད་པོས་མ་བསྐྲུན་སྤེལ་ལེགས་ཕྲེང་བར་བསྒྲིགས། །རོལ་མཚོ་བདུན་དང་ཆུ་གཏེར་ཆེན་པོ་ཡི། །འཛུམ་རླབས་དགའ་སྟོན་བསུ་བའི་ཆོ་ག་མཁན། །རྒྱལ་སྲིད་སྣ་བདུན་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་དང་ཉི་མ་ཟླ་བ་ཟུང་། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་རྣམས། །སྐྱབས་གནས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང་། །བཤེས་གཉེན་གཟུགས་སུ་རྣམ་རོལ་(༩ན)


GLG015_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བརྒྱུད་ཀྱི། །དཔལ་ལྡན་བླ་མ་རྣམས་ལ་དབུལ་བར་བགྱི། །ཆུ་བཞི་འབུལ་བ་ནི། གནམ་སྔོན་ཞུན་མར་འཁྱིལ་འདྲའི་དལ་འགྲོའི་རྒྱུན། །མུ་ཏིག་ལྟར་བཀྲ་དབུ་བའི་འཛུམ་ཕྲེང་ཅན། །དྲི་བཟང་ངད་ལྡན་ཡོལ་མེད་རླབས་ཕྲེང་གཡོ། །རིན་ཆེན་སྣོད་དུ་གཏམས་པའི་མཆོད་ཡོན་འདི། རྒྱལ་བ་ཀུན་དང་དཔལ་ལྡན་བླ་མ་ལ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ལེགས་འབུལ་གྱི། །བརྩེ་ཆེན་ཐུགས་རྗེ་ཆེན་པོས་རབ་བཞེས་ཏེ། །དངོས་གྲུབ་རྣམ་གཉིས་བཀའ་དྲིན་སྩལ་དུ་གསོལ། །ཨོཾ་མཱུ་ལ་སྩམཱ་ལ་སྱ་ཤྲྀ་མངྒུ་རུ་རཏྣ་སུ་དྷཱི་ཀིརྟི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། །ཞབས་བསིལ། ཞལ་བསིལ །བསངས་གཏོར་རྣམས་རིམ་པ་བཞིན་བཅུག་ལ། སྔགས་ཀྱི་གནས་སུ། །པཱ་དྱཾ་ཨཉྩ་མཱ་ནཾ། མོཀྵཎཾཞེས་རིམ་པ་ལྟར་སྦྱོར། །ཉེར་སྤྱོད་ལྔ་རོལ་མོ་དང་བཅས་འབུལ་བ་ནི། །པད་དཀར་ཀུ་མུད་ཨུ་དུམ་ཝ་ར་ལྟར། །འཇའ་ཚོན་ལྟར་བཀྲ་ཆུ་སྐྱེས་སྣ་ཚོགས་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སྔར་གྱི་སྔགས་གཤམ་དུ་པུཥྤེ༝། དྲི་ཞིམ་ངད་ཀྱིས་ཕྱོགས་བྲལ་འཁོར་ལོ་ཀུན། །རབ་འགེངས་བདུག་སྤོས་ཆུ་འཛིན་ལྟར་འཁྲིགས་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དྷཱུཔེ༝། རྨོངས་པའི་མུན་ཚོགས་སེལ་བ་སྣང་བའི་གཏེར། །ཉི་ཟླ་ནོར་བུའི་འོད་ལྡན་སྒྲོན་མེའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཨཱ་ལོ་ཀེ༝། སྣ་ཚོགས་སྨན་གྱི་བཅུད་ལྡན་བདུད་རྩིའི་ཆབ། །རྦ་རླབས་ཆལ་ཆིལ་གཡོ་བའི་དྲི་ཆབ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །གནྡྷེ༝། རོ་བརྒྱའི་ཟས་ཀྱི་བཅུད་ཀུན་མ་ལུས་པ། །གཅིག་ཏུ་བསྡུས་པའི་བཤོས་བཟང་དམ་པ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ནིཝེདྱེ།(༩བ)


GLG015_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་སྙན་རྫ་རྔ་པི་ཝང་གླིང་བུ་སོགས། །སྙན་ཚིག་གླུ་དབྱངས་རོལ་མོར་བཅས་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཤཔྟ༝།འདོད་ཡོན་ལྔའི་མཆོད་པ་ནི། རྐེད་ཕྲ་ལུས་ལྡེམ་འདྲེན་བྱེད་ཡོན་པོར་ལྟ། །རབ་མཛེས་གར་བསྒྱུར་གཟུགས་ཀྱི་མཆོད་པའི་ཚོགས། །རཱུ་པ་ཀཱ་མ་གུ་ཎ་པཱུ་ཛེ་ཏེ་ཨཱཿཧཱུཾ། གྲངས་མེད་ཚིག་གི་ཉམས་ལྡན་རྒྱུད་མང་སྒྲ། །སྙན་འགྱུར་གླུར་ལེན་སྒྲ་ཡི་མཆོད་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཤཔྟ། སྦྲུལ་གྱི་སྙིང་པོའི་དཔལ་ལ་འགྲན་བཟོད་པའི། །མངར་བའི་མདངས་ལྡན་དྲི་ཡི་མཆོད་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། དྷཱུ་པེ༝། སྐབས་གསུམ་དབང་པོའི་ལོངས་སུ་ཉེར་སྤྱོད་པའི། །བདུད་རྩིའི་སྤུན་ཟླ་རོ་ཡི་མཆོད་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ར་ས༝།ལེགས་བྲིས་རྣམས་ཀྱི་གོས་ཟུངས་དར་ཟབ་སོགས། །པད་འདབ་ལྟར་འཇམ་རེག་བྱའི་མཆོད་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། སྤརྴ༝། རྒྱལ་སྲིད་སྣ་བདུན་ནི། ཕུན་ཚོགས་གླིང་བཞིའི་དཔལ་ལ་དབང་བྱེད་པའི། །ཐོགས་མེད་རྩིབས་སྟོང་གསེར་གྱི་འཁོར་ལོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཙཀྲ༝། ཕུལ་བྱུང་འདོད་པའི་རེ་བ་མ་ལུས་པ། །སྐོང་བྱེད་ནོར་བུ་དབང་གི་རྒྱལ་པོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །མ་ཎི༝།ཟག་མེད་བདེ་བའི་མཆོད་སྦྱིན་སྟེར་མཁས་པའི། །མཛེས་སྡུག་ཡིད་འོང་བཙུན་མོ་དམ་པ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སྟྲི༝། བྱམས་བརྩེའི་སྟོབས་ཀྱིས་དབྱིག་འཛིན་མ་ལུས་པ། །བདེ་བར་སྐྱོང་བའི་ནུས་ལྡན་བློན་པོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །པུ་རུ་ཁ༝། ཀཻ་ལ་ཤ་ཡིས་ས་འཛིན་དབང་པོ་ལ། །རིན་ཆེན་རྒྱན་གྱིས་སྤྲས་འདྲའི་གླང་པོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཧསྟི༝། རླུང་གི་ཤུགས་འཆང་སྟོང་གསུམ་སྐད་ཅིག་ལ། །ཐོགས་མེད་མྱུལ་བའི་ཅང་ཤེས་རྟ་མཆོག་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨ་ཤྭ༝།རཱ་མ་ཎ་ལྟར་དཔའ་མཛངས་བརྟུལ་ཕོད་པའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་དམག་དཔོན་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཁངྒ༝། བཀྲ་ཤིས་རྟགས་བརྒྱད་ནི། དགེ་ཚོགས་(༡༠ན)


GLG015_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་ཡུ་བས་རབ་བཏེག་པའི། །ཉོན་མོངས་ཚ་གདུང་སེལ་བའི་གདུགས་དཀར་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཚཱ་ཏྲ་མངྒ་ལ༝། འཛམ་བུ་ཆུ་བོའི་གསེར་སྦྱངས་ལས་གྲུབ་པའི། །ཕན་བདེའི་ཉལ་འགྲོའི་ཀླུང་ལ་བརྟེན་པའི་ཉ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །མཧཱ་མངྒ་ལ༝། །བཀྲ་ཤིས་རི་མོ་གཡས་སུ་རབ་འཁྱིལ་བའི། །སྙན་པ་ཕྱོགས་བཅུར་སྒྲོག་པའི་དུང་དཀར་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཤཾ་ཁ་མངྒ་ལ༝། ཉེས་པའི་འདམ་གྱི་དྲི་བྲལ་བྱད་གྲོལ་གྱི། །འདབ་མ་རྣམ་པར་རྒྱས་པའི་པདྨ་དཀར། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །པདྨ་མངྒ་ལ༝། ཕུན་ཚོགས་ཟད་པ་མེད་པའི་འདོད་དགུའི་གཏེར། །རིན་ཆེན་ལས་གྲུབ་བུམ་པ་བཟང་པོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཀ་ལཱ་ཤ་མངྒ་ལ༝། མིག་གི་གཟིགས་མོར་མཚར་བའི་རི་མོ་མཆོག །ཡོངས་སུ་སྨིན་པའི་དཔལ་གྱི་བེའུ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཤྲཱི་བཏྶ་མངྒ་ལ༝། ཐར་པ་མཆོག་གི་ཁང་བཟང་དམ་པའི་རྩེར། །ཟུང་འཇུག་རྒྱལ་མཚན་རྣམ་པར་བསྒྲེང་བ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དྷཱ་ཛ་མངྒ་ལ༝། རྫོགས་ལྡན་མགྲོན་དུ་འགུགས་བྱེད་སུ་ཝརྞའི། །མ་སྨད་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ཅན། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཙཀྲ་མངྒ་ལ༝། །བཀྲ་ཤིས་རྫས་བརྒྱད་ནི། ཇི་ལྟ་ཇི་སྙེད་ཆོས་ཀྱི་གཟུགས་བརྙན་ཀུན། །མ་འདྲེས་གསལ་བར་འཆར་བའི་མེ་ལོང་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཨཱ་དར་ཤ་མངྒ་ལ༝། །དུག་གསུམ་ཉོན་མོངས་མ་ལུས་སེལ་བྱེད་པའི། །སྙིང་པོ་མཆོག་གྱུར་སྨན་མཆོག་གྷི་ཧཾ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །གོ་རོ་ཙ་ན་མངྒ་ལ༝། །ཟླ་བ་ཞུན་མ་སྣོད་དུ་འཁྱིལ་འདྲ་བའི། །རབ་དཀར་བཅུད་ཀྱི་སྙིང་པོར་གྱུར་པའི་ཞོ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ད་དྷི་མངྒ་ལ༝། འཆི་བའི་དངོས་པོ་འཇོམས་པའི་རྡོ་རྗེའི་སྲོག །རིང་པོར་གྲུབ་པའི་རྩ་མཆོག་དཱུར་བ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དཱུརྦ་མངྒ་ལ༝། གསང་སྔགས་ཉེ་ལམ་གྲུབ་པའི་འབྲས་བུ་ཆེ། །བྱང་ཆུབ་སྙིང་པོར་འགྱུར་བྱེད་བིལ་བ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཕ་ལ་བིལ་བ་མངྒ་ལ། སྙན་པའི་གྲགས་པ་སྲིད་(༡༠བ)


GLG015_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩེ་མོའི་བར། །སྒྲོག་པར་བྱེད་པའི་ཆོས་དུང་གཡས་འཁྱིལ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨ་ཛི་ཧྭ་མངྒ༝། སྲིད་ཞིའི་བརྟན་གཡོ་ཡོན་ཏན་མ་ལུས་པ། །དབང་དུ་བསྡུ་བར་བྱེད་པའི་ལི་ཁྲི་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སིནྡྷུ་ར་མངྒ་ལ༝། ཡིད་སྲུབས་སྡེར་བཅས་ཐལ་བར་རློག་བྱེད་པའི། །མི་བཟད་རྡོ་རྗེའི་མཚོན་ཆ་ཡུངས་ཀར་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སརྵ་པ་མངྒ་ལ༝། མཁོ་བའི་ཡོ་བྱད་འབུལ་བ་ནི། མཐོ་རིས་གྲོང་ཁྱེར་ས་ལ་འཕོས་འདྲ་བའི། །དགེ་བཅུའི་ཡོན་ཏན་ཀུན་ཚང་ཡུལ་གྲུ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དེ་ཤ༝། རིན་ཆེན་ལས་གྲུབ་བ་གམ་མཐོ་ལྡན་པ། །ངོ་མཚར་བཀོད་མཛེས་ཁང་བཟང་དམ་པ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །གྲྀ་ཧ༝། ཕན་གདུགས་བླ་བྲེ་དར་གྱི་ཡོལ་བ་ཅན། །གདོང་ལྔའི་དབང་པོས་བཏེག་པའི་འགྱུར་མེད་གདན། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨཱ་ས་ན༝། ཅོད་པན་ཕྱག་ཞབས་གདུ་བུ་སྙན་ཆ་དང་། །མགུལ་རྒྱན་འོག་པག་ལ་སོགས་རྒྱན་གྱི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ས་ལངྐཱ་ར༝། །ངུར་སྨིག་གོས་དང་པཉྩ་ལི་ཀ་སོགས། །སྣ་ཚོགས་ན་བཟའི་ཁྱད་པར་ཇི་སྙེད་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །བསྟྲ༝། རྣམ་རྒྱལ་གསེར་མདོག་བཟང་དྲུག་ཙནྡན་སོགས། །སྣ་ཚོགས་སྨན་གྱི་ཁྱད་པར་ཇི་སྙེད་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨོ་ཥ་དྷ༝། །ཕུན་ཚོགས་ལྗོན་པའི་ཤིང་ལས་གྲུབ་པའི་ཇ། །ག་བུར་དྲི་ངད་འཐུལ་བའི་བཏུང་བ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨེ་དྷོ་ད་ཀ༝། །སྒྲུབ་པའི་མཆོད་པ་ནི། མཐའ་བྲལ་འཁོར་བ་ཀུན་གསལ་འགྲམ་པ་ལ། །བདེ་སྡུག་གློག་གི་གར་མཁན་ལྟ་བུའི་འོད། །མ་རིག་སྔོ་བསངས་མུན་པ་སྟུག་པོའི་རུམ། །ངན་སོང་གཡང་དུ་གོམ་པའི་འཕྱན་རིག་ནས། །རྣམ་དག་ངེས་འབྱུང་སྐྱ་རེངས་ཀྱིས་དྲངས་པའི། །དྲི་མེད་ཚུལ་ཁྲིམས་ཉིན་བྱེད་དབང་པོ་མཆོག །ཚངས་སྤྱོད་དབང་ཕྱོགས་འཛིན་མའི་རྩེར་འོངས་པས། །ཕན་བདེའི་འདབ་བརྒྱ་བསྐྲུན་པའི་ཆོ་ག་རྫོགས། །གཞན་ཕན་དོན་དུ་འགྱུར་(༡༡ན)


GLG015_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ན་ངན་སོང་གནས། །མཐོ་རིས་སྐྱེད་ཚལ་ལྟ་བུར་དགའ་བཞིན་དུ། །འཇུག་ནུས་ལྷག་པའི་བསམ་པས་ལེགས་དྲངས་པའི། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཅན། །སྒྲ་ཚད་བཟོ་གསོ་ཐུན་མོང་རིག་པའི་གནས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །ལེགས་པའི་ལམ་སྟོན་གཞུང་ལུགས་རྒྱ་མཚོ་ཆེ། །དྲི་མེད་ཀུན་མཁྱེན་རྒྱལ་བའི་བསྟན་པ་ལ། །ཀློག་པ་ཐོས་བསམ་སྙན་འགྱུར་གླུ་ལེན་ཞིང་། །སྤོང་བ་བསམ་གཏན་སྦྲང་རྩིས་རབ་རྒྱས་པའི། །ཉམ་ཆུང་རྐང་དྲུག་བདག་གི་སྤྱོད་ཚུལ་རྣམས། །མཆོག་གསུམ་བླ་མ་དགྱེས་པའི་མཆོད་པར་འབུལ། །བཤགས་པ་ནི། སྒོ་གསུམ་ལང་ཚོ་དར་བའི་གླང་པོ་ཆེ། །ཐོགས་མེད་བསགས་པའི་ཉོན་མོངས་ཆུས་མྱོས་པས། །མཐའ་ཡས་དགེ་བཅུའི་པད་དཀར་རབ་བཅོམས་ནས། །ནག་པོའི་ལས་ཀྱི་སྣ་ཞགས་རིང་དུ་སྐྱོང་། །བག་མེད་མཚོན་ཆའི་འཁོར་ལོ་རྣོན་པོ་ཡིས། །རྣམ་པར་དག་པའི་ཚུལ་ཁྲིམས་སྲོག་རྩ་བཅད། །རང་བདེ་འདོད་པའི་མི་གཙང་འདམ་བཙོག་ཏུ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཡན་ལག་བྱིང་། །ཐེག་དམན་ལམ་དུ་གོམས་པའི་ཉི་འོད་ཀྱིས། །ངེས་གསང་ཟབ་མོའི་ལུས་ཀུན་གདུང་བས་མནར། །མདོར་ན་གནས་ངན་ལེན་གྱི་རྒྱུ་བསྒྲུབས་པའི། །ཉེས་པའི་ཚོགས་ཀུན་སྟོབས་བཞིའི་སྒོ་ནས་བཤགས། །རྗེས་སུ་ཡི་རང་བ་ནི། རྣམ་འདྲེན་ཐབས་མཁས་མཛད་པའི་སྒྱུ་མ་ཡིས། །སྲིད་ཞིའི་རྒུད་པའི་སཱི་ཏ་ལེགས་ཕྲལ་ནས། །མི་གནས་མྱ་ངན་འདས་པའི་ཐང་ཡངས་པོར། །འགྲོ་ཀུན་འཁྲིད་པའི་ཤིང་རྟ་ལེགས་འདྲེན་ཅིང་། །དོན་དུ་འགྱུར་ན་གཞན་བྱེད་རང་ཉིད་ཀྱི། །ཕུན་ཚོགས་བདེ་བའི་དཔལ་ཀུན་གཏོང་བ་ལ། །ཞུམ་མེད་སྙིང་སྟོབས་གོ་ཆ་(༡༡བ)


GLG015_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་པོ་ཅན། །དཔལ་ལྡན་རྒྱལ་བའི་སྲས་ཀྱི་མཛད་བཟང་མཆོག །སྲིད་འབྱོར་ཨེ་རཎྜ་ལྟར་ཡ་མ་བརླའི། །ངང་ཚུལ་ཤེས་ནས་གཏན་བདེའི་ནགས་ཀླུང་དུ། །བདག་མེད་རྟོགས་པའི་ཤེས་རབ་རྣོན་པོ་ཡིས། །འཁོར་བ་འཁྱོག་པོའི་ཡལ་ག་བཅད་པ་སོགས། །ཁམས་གསུམ་སྐྱེ་འཕགས་རྣམས་ཀྱི་རྣམ་དཀར་ལས། །རྒྱ་ཆེར་སྤེལ་དང་གྲངས་མེད་འགྲོ་རྣམས་ཀྱི། །དུས་གསུམ་བསགས་པའི་དགེ་ཚོགས་རྒྱ་མཚོ་ལ། །ཀུན་ནས་དགའ་བའི་སེམས་ཀྱིས་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། །འགྲོ་བའི་མཆོག་དམན་ཁམས་དང་དབང་པོའི་གཞིར། །སྣ་མང་ཐེག་པའི་དབྱར་སྐྱེས་གཞོན་ནུའི་ཚོགས། །ཐབས་མཁས་དཔྱིད་ཀྱི་ཕོ་ཉས་ལེགས་བསྐྱངས་པས། །ཕན་བདེའི་དུས་སྟོན་ཕུན་ཚོགས་འགྲུབ་བྱེད་སོགས། །མདོར་ན་རྒྱལ་བ་རྣམས་དང་དེ་ཡི་སྲས། །ཉན་ཐོས་རང་རྒྱལ་ཀུན་གྱིས་འགྲོ་བ་ལ། །མཐའ་ཀླས་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །འཁོར་ལོ་རྒྱུན་ཆད་མེད་པར་སྐོར་བར་བསྐུལ། །དེ་ནས་ཞར་བྱུང་བུམ་པའི་དབང་བྱིན་རླབས་ཕྱི་ཚུལ་དུ་བླང་བ་ནི། །དཀྱིལ་འཁོར་འཁོར་ལོ་ཀུན་གྱི་བདག་ཉིད་མཆོག །ཁྱབ་བདག་དཔལ་ལྡན་བླ་མའི་ཐུགས་ཀ་ནས། །ཆུ་ལས་ཆུ་སྦུར་གཉིས་པ་བརྡོལ་བ་བཞིན། །སྐད་ཅིག་མདུན་གྱི་བར་སྣང་ལ་བྱོན་པའི། །དབང་པོའི་གཞུ་རིས་ལྟ་བུར་རྣམ་བཀྲ་བ། །གདན་གསུམ་ཚང་བའི་ལྷ་ཡི་དཔྲལ་བ་ནས། །བདུད་རྩིའི་རྒྱུན་དང་ཨོཾ་ཡིག་དཀར་པོ་བྱུང་། །རང་གི་དཔྲལ་བའི་གནས་སུ་ཐིམ་པ་ཡིས། །ལུས་ཀྱི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །སྐུ་ཡི་རྡོ་རྗེ་གྲུབ་པའི་ནུས་པ་ཐོབ། །ཕྲ་རགས་སྐྱེད་རིམ་སྒོམ་ལ་དབང་བར་བྱས། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི།(༡༢ན)


GLG015_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ནས་མགོན་ཁྱོད་བྱམས་བརྩེའི་དམག་དཔུང་གིས། །བདུད་སྡེའི་དཔུང་ཚོགས་ཕྱེ་མར་རབ་བཏགས་ཏེ། །མི་འགྱུར་འཆི་བ་མེད་པ་རྡོ་རྗེའི་སྐུས། །རྣམ་པར་རྒྱལ་བའི་སྲིད་ལ་དབང་སྒྱུར་ཡང་། །མ་དག་འགྲོ་བློའི་རིན་ཆེན་རྩིག་པའི་ངོས། །ཐ་མལ་སྦྱང་གཞིའི་འབོད་སྒྲོགས་གཟུགས་བརྙན་སྟོང་། །ཤར་ཡང་བློ་ལྡན་ཧ་ནུ་མནྠ་ཡིས། །མི་ཤེས་རླུང་སེམས་ལུས་དེ་གང་དུ་མཆིས། །དེ་ཕྱིར་སླུ་བ་མེད་པའི་སྐྱབས་གནས་ཚོགས། །དོན་ལ་གཤེགས་བཞུགས་བྲལ་ཡང་དམན་བློའི་ངོར། །སྒྱུ་མའི་སྐུ་དེ་མངོན་སུམ་མཐོང་དཀའ་བས། །རགས་པའི་ལུས་འདི་གཡོ་མེད་བརྟན་པར་འོས། །བཤེས་གཉེན་དམ་པའི་ཟློས་གར་ཉིན་མོའི་མགོན། །ཆོས་དབྱིངས་ཐུན་མཚམས་ཕང་བར་ངལ་འཚོ་ན། །ལྷ་ལམ་ཕ་མཐས་གཞལ་དཀའི་ལུས་ཅན་གྱི། །མགོན་སྐྱབས་དཔུང་མཉེན་བྱེད་པོ་སུ་ཞིག་མཆིས། །ཚེ་རབས་དུ་མར་གནས་ངན་ལེན་གྱི་རྒྱུ། །རང་གི་འབད་པས་བསགས་པའི་འབྲས་བུ་ཞེས། །ཡལ་བར་འདོར་ན་འགྲོ་ལ་བུ་གཅིག་ལྟར། །བརྩེ་བའི་ལྷག་པའི་བསམ་པའང་གཏམ་དུ་ཟད། །མཐའ་མེད་འཁོར་བའི་ཆུ་གཏེར་ཆེན་པོའི་ནང་། །ཉོན་མོངས་ཆུ་སྲིན་རྣོན་པོའི་མཆེ་བ་གཙིགས། །ལས་ངན་མི་འདའ་རླུང་ཤུགས་དྲག་པོས་གཡེང་། །མི་བཟད་སྡུག་བསྔལ་ཀློང་དུ་བྱིངས་བའི་འགྲོ། །མགོན་པོ་ཁྱོད་ཀྱིས་རྗེས་སུ་མི་འཛིན་ན། །གཞན་ཕྱིར་ཐུགས་བསྐྱེད་དཀའ་བ་བརྒྱ་ཕྲག་གིས། །རླབས་ཆེན་སྤྱོད་པའི་དཀའ་ཐུབ་བསྟེན་པ་ཡང་། །རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད། །བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་སྒྲུབ་པའི། །བླང་དོར་གནས་ལ་རྨོངས་པའི་སྐྱེས་བུ་རྣམས། །ཀུན་མཁྱེན་ཡེ་ཤེས་ས་ལ་མ་གཞག་བར། །མྱ་ངན་མི་འདའ་བརྟན་པར་བཞུགས་སུ་གསོལ།(༡༢བ)


GLG015_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

།དགེ་བ་རྫོགས་བྱང་དུ་བསྔོ་བ་ནི། འཁོར་འདས་ཀུན་གྱི་དགེ་ལེགས་ཡིད་བཞིན་ནོར། །འབྱུང་གནས་རྗེ་བཙུན་བླ་མ་གདེངས་ཅན་དབང་། །ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཆེན་པོའི་བདག །ཐུགས་རྗེ་དུས་ལས་ཡོལ་མེད་རླབས་ཕྲེང་ཅན། །གང་གི་སྐུ་ལ་ཕྱོགས་བཅུའི་རྒྱལ་བ་རྣམས། །བཞུགས་ནས་བླ་ན་མེད་པའི་བསོད་ནམས་ཀྱི། །ཞིང་མཆོག་དམ་པ་བསྐྲུན་ཞེས་རྒྱུད་སྡེ་ལས། །ལན་ཅིག་མིན་པར་གསུངས་པ་དོན་དང་ལྡན། །ཆོས་ལོང་མངོན་སུམ་སྣང་བའི་སྐལ་བ་དང་། །མ་རིག་མུན་པས་བསྒྲིབས་པའི་འགྲོ་བ་ལ། །རྒྱལ་བ་རྣམས་ཀྱང་ཐ་མལ་བཤེས་གཉེན་ཚུལ། །བསྟན་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སྐོར། །དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་ལས། ཁྱོད་ཀྱི་བ་སྤུའི་ཁུང་བུ་གཅིག་ཙམ་ཡང་། །ཚུལ་བཞིན་མཆོད་པའི་བསོད་ནམས་ལས་དཀར་གྱི། །སྲང་ལ་གཞལ་ཚེ་མངོན་པར་ལྕི་མིན་ནམ། །ལུང་དང་རིགས་པའི་གཏན་ཚིགས་རྟ་བདུན་པས། །རབ་དྲངས་མཆོད་པའི་ཆོ་ག་ཉིན་མོར་བྱེད། །ཐོས་བསམ་སྒོམ་པའི་འཆི་མེད་ལམ་ཤར་ཚེ། །ཕན་བདེའི་འདབ་བརྒྱ་འཛུམ་ལས་གཞན་དུ་ཅི། །དེ་ལྟར་ཕུལ་བྱུང་ཐུགས་རྗེ་ཆེན་པོའི་རྒྱུད། །ཚུལ་བཞིན་འབད་པས་དགེ་བའི་སོར་མོ་ཡིས། །བསྐུལ་བས་མཆོག་མཐུན་དངོས་གྲུབ་སྙན་འགྱུར་སྒྲ། །གཏན་བདེའི་ཐོས་འཛིན་དགའ་སྟོན་འཕེལ་བར་ཤོག །འདིར་སྣང་ཕུན་ཚོགས་གློག་གི་གར་མཁན་མ། །སྲིད་འབྱོར་ཨེ་རཎྜ་ཡི་སྙིང་པོ་ལྟར། །རྟོགས་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་དག །ནན་ཏན་སྙིང་པོས་ཚུལ་བཞིན་བསྲུང་བར་ཤོག །ཚེ་རབས་མང་པོར་དྲིན་གྱིས་ལེགས་བསྐྱངས་པའི། །མ་གྱུར་འགྲོ་ལ་རང་གི་བདེ་བ་གཏོང་། །གཞན་གྱི་སྡུག་བསྔལ་དངོས་སུ་ལེན་ནུས་པའི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སྨིན་(༡༣ན)


GLG015_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དབང་གིས་སྐུ་བཞིའི་ས་བོན་ཐེབས། །གྲོལ་བྱེད་ལམ་གྱིས་ཟུང་འཇུག་སྒྲུབ་པ་སོགས། །བྱས་དང་བྱེད་བཞིན་བྱེད་འགྱུར་དགེ་བ་ཀུན། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་བསྔོའོ། །ནང་གི་མཆོད་ཡུལ་གསལ་གདབ་པ་ནི། །ངུར་སྨྲིག་གར་གྱིས་རོལ་པའི་བཤེས་གཉེན་མཆོག །སྐད་ཅིག་གནས་འགྱུར་མགོན་པོ་འཇམ་དཔལ་དབྱངས། །སྐུ་མདོག་དམར་སེར་བཞིན་འཛུམ་སྒེག་པའི་ཉམས། །མཐོན་མཐིང་དབུ་སྐྲ་ཟུར་ཕུད་ལྔ་ལྡན་པ། །ཕྱག་གཡས་མི་ཤེས་གཅོད་པའི་རལ་གྲི་འཕྱར། །གཡོན་པའི་ཐུགས་ཀར་ཨུཏྤལ་ཡུ་བ་ནས། །བཟུང་བའི་འདབ་སྟེང་ཤེར་ཕྱིན་གླེགས་བམ་འཛིན། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །རིན་ཆེན་རྒྱན་དང་ལྷ་རྫས་ན་བཟས་མཛེས། །ཆོས་སྐུ་བདེ་བ་ཆེན་པོའི་མཁའ་དབྱིངས་སུ། །གཟུགས་སྐུ་འཇའ་ཚོན་ལྟ་བུར་རྣམ་བཀྲ་བ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། དེ་ཉིད་ལ་ཚོགས་གསོག་པའི་སླད་དུ་ཡན་ལག་བདུན་ལས། དང་པོ་ཕྱག་འཚལ་བ་ནི། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཟུགས། །སླུ་མེད་འདྲེན་པར་ཤར་བ་བླ་མ་རྗེ། །ལོངས་སྤྱོད་རྫོགས་སྐུའི་ཟློས་གར་འཇམ་དཔལ་དབྱངས། །གཉིས་མེད་གཏན་གྱི་སྐྱབས་གནས་ལ་ཕྱག་འཚལ། །མ་འདྲིས་ཀུན་ལ་མཛའ་བའི་བཤེས་གཉེན་མཆོག །རྒྱུ་མེད་དུག་གསུམ་ཀུན་ལ་སྡང་བའི་དགྲ། །ཆགས་མེད་ཤེས་རབ་མ་ལ་རྗེས་སུ་བརྩེ། །འདོད་བྲལ་བདེ་བ་མཆོག་ལ་ལྷག་པར་སྲེད། །རོ་ནུས་མ་སྡེམས་དུག་གསུམ་ནད་སེལ་སྨན། །རླུང་གིས་མ་དྲངས་ཕན་བདེའི་དྲི་བསུང་ཅན། །ཀུ་མུད་མི་འཇོམས་ལེགས་བཤད་སྣང་བའི་གཏེར། །བྱེད་པོས་མ་བསྐྲུན་ཟུང་འཇུག་ཟ་མ་ཏོག །སྙིགས་དུས་ཚེ་ཐུང་གཅིག་གི་ཡུན་དེ་ལ། །སྐུ་(༡༣བ)


GLG015_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གླིང་དུ་འཁྲིད་པའི་ས་མཁན་མཆོག །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཀུན་འདུས་འཁོར་ལོའི་མགོན་ལ་ཕྱག་འཚལ་ལོ། །མཆོད་པ་འབུལ་བ་ལ་མཎྜལ་ནི། །འབྱུང་བ་བཞི་འདུས་ལུས་གྱི་ས་གཞིའི་སྟེང་། །རྣམ་པར་ཤེས་པའི་ས་འཛིན་དབང་པོ་ལ། །ཕུང་ཁམས་གསེར་རི་རོལ་མཚོ་བདུན་གྱིས་བསྐོར། །སྐྱེ་མཆེད་བཅུ་གཉིས་གླིང་བཞི་གླིང་ཕྲན་བརྒྱད། །རོ་རྐྱང་ནམ་མཁའ་ནོར་བུ་མཚན་མོའི་མགོན། །དབང་པོ་ལྔ་ཡི་གཏེར་ཆེན་བུམ་པ་སོགས། །དཀྱིལ་འཁོར་གཙོ་བོ་དཔལ་ལྡན་བླ་མར་འབུལ། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །བདུད་རྩིའི་མཆོད་པ་ནི། རིན་ཆེན་ཀ་པཱ་ལ་ཡི་སྣོད་ཡངས་པོར། །ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་རྫས། །ཐ་མལ་སྣང་ཞེན་ཡོངས་དག་ཟག་པ་མེད། །རོ་མཆོག་བདུད་རྩི་རྒྱ་མཚོའི་མཆོད་པ་འབུལ། །སྒྲུབ་པའི་མཆོད་པ་ནི། །ཕྱི་ནང་མཚན་ཉིད་ལྡན་པའི་དཀྱིལ་འཁོར་དུ། །ཐེག་མཆོག་འཇུག་སྒོར་དབང་གིས་ལེགས་སྨིན་ཞིང་། །བསྙེན་སྒྲུབ་ལས་གསུམ་འཕྲིནལས་རྣམ་པ་བཞི། །རིལ་བུ་མིག་སྨན་ལ་སོགས་གྲུབ་ཆེན་བརྒྱད། །ཐུན་མོང་ལས་ཀུན་སྒྲུབ་ལ་ཐོགས་མེད་ཅིང་། བསྐྱེད་རིམ་ཕྲ་རགས་སྒྱུ་ལུས་གཏུམ་མོ་སོགས། །འཁྲུལ་མེད་ཚུལ་བཞིན་ཉམས་སུ་བསྟར་བ་ལས། །བཀའ་བཞིན་སྒྲུབ་པའི་མཆོད་པ་དམ་པ་འབུལ། བཤགས་པ་ནི། དངོས་གྲུབ་འབྱུང་གནས་རྡོ་རྗེ་སློབ་དཔོན་གྱི། །ཐུགས་དང་འགལ་སོགས་རྡོ་རྗེ་ཐེག་པ་ཡི། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས། །རྗེས་སུ་ཡི་རང་བ་ནི། སྐལ་བཟང་སྙིང་གི་རིན་ཆེན་བུམ་པའི་ནང་། །རྒྱུད་སྡེ་རྣམ་བཞིའི་ཆོས་ཀྱི་བདུད་རྩི་ཡིས། །ལེགས་བལྟམ་ཚེ་འདིར་སངས་རྒྱས་འགྲུབ་པ་སོགས། །(༡༤ན)


GLG015_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཀར་དགེ་བའི་ཚོགས་ལ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་བ་ནི། །དམན་པའི་ཐེག་པར་གོལ་བའི་རི་དྭགས་སྲོག །དབང་རྣོན་མཚོན་གྱིས་གཅོད་པའི་ཤ་ཝ་རི། །བཟང་པོའི་སྐལ་བ་ཅན་གྱི་གདུལ་བྱ་ལ། །ཐེག་ཆེན་གསང་སྔགས་ཆོས་འཁོར་སྐོར་དུ་གསོལ། །ཞར་བྱུང་གསང་དབང་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། འཇམ་དབྱངས་མགྲིན་པའི་གནས་ནས་བདུད་རྩིའི་རྒྱུན། །དམར་པོ་ཨཱཿཡིག་དང་བཅས་ཐོགས་མེད་བྱུང་། །རང་གི་མགྲིན་པའི་གནས་སུ་ཐིམ་པ་ཡིས། །སྨིན་བྱེད་གསང་དབང་བྱིན་རླབས་ཚུལ་དུ་ཐོབ། །ངག་གི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །གསུང་གི་རྡོ་རྗེ་འགྲུབ་པའི་ནུས་པ་ཐོབ། །གཏུམ་མོའི་རྣལ་འབྱོར་སྒོམ་ལ་དབང་བར་བྱས། །འབྲས་བུ་ལོངས་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། དམིགས་མེད་ཆོས་སྐུའི་རང་བཞིན་སྟོང་པའི་གཟུགས། །བདེ་ཆེན་འཁོར་ལོའི་མགོན་པོར་ཡོངས་ཤར་བའི། །དཔལ་ལྡན་བླ་མ་སྐལ་བཟང་གདུལ་བྱའི་དོན། མཛད་ཕྱིར་བསྐལ་བ་རྒྱ་མཚོར་རྟག་བཞུགས་གསོལ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དུས་གསུམ་དག་ཏུ་རྙེད་དཀའི་ཟབ་མོའི་ལམ། །མངོན་པར་བསྒྲུབས་པའི་དགེ་ཚོགས་ལྕགས་ཀྱི་ཁམས། །རྣམ་དག་དྲི་མ་མེད་པའི་བསྔོ་བའི་རྩིས། །རྣམ་མཁྱེན་བཙོ་མའི་གསེར་དུ་འགྱུར་བར་ཤོག །གསང་བའི་མཆོད་པ་འབུལ་བའི་རྟེན་སྐྱེད་པ་ནི། །མགོན་པོ་འཇམ་དབྱངས་སྐད་ཅིག་གནས་འགྱུར་ཏེ། །དཀྱིལ་འཁོར་གཙོ་བོ་དྲུག་པ་རྡོ་རྗེ་འཆང་། །སྐུ་ལ་གཤེགས་པ་གཤེགས་མ་སེམས་དཔའ་བརྒྱད། །ཁྲོ་བོ་བཅུ་སོགས་གདན་གསུམ་ཚང་བར་འགྱུར། །ཡན་ལག་བདུན་པ་ལས་ཕྱག་འཚལ་བ་ནི།(༡༤བ)


GLG015_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བདེ་ཆེན་མཚན་དཔེའི་ཟློས་གར་ལ། །སྟོང་ཉིད་མཛེས་སྡུག་དགའ་མས་ལེགས་འཁྱུད་པའི། །གཉིས་མེད་གཉིས་སུ་སྣང་བའི་སྒྱུ་མ་མཁན། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། །གར་དགུའི་ཉམས་ལྡན་ཡིད་བཞིན་མཚོ་ནང་དུ། །གསང་གསུམ་ལྷ་ཡི་ཟླ་སྣང་གྲངས་མེད་པར། །དོན་དམ་ངང་དུ་རོ་གཅིག་ཀུན་རྫོབ་ཏུ། མ་འདྲེས་སྣང་བ་དབང་པོའི་གཞུ་རིས་བཞིན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་མཚོན། །རྣོན་པོས་བདུད་བཞིའི་སྲོག་རྩ་བཅད་པའི་ཁྲག །བདེ་ཆེན་ལང་ཚོར་སྨིན་པའི་འོད་རིས་ཀྱི། །སྟོང་གཟུགས་མཐིང་གསལ་དམར་བའི་མདངས་ཀྱིས་མཛེས། །ཕུང་པོ་རྣམ་དག་བདེ་བར་གཤེགས་པའི་ཚོགས། །ལྟ་བས་མི་ངོམ་མཚན་དཔེའི་ལང་ཚོ་ཅན། ཁམས་བཞི་ཡུལ་ལྔ་རྣམ་པར་དག་པའི་ཡུམ། །བདེ་ཆེན་ཡེ་ཤེས་འདྲེན་པའི་མཛའ་ན་མོ། །སྐྱེ་མཆེད་ཡོངས་སུ་དག་པའི་སེམས་དཔའ་རྣམས། ཁྲོ་ཆགས་ཞི་བའི་ཉམས་ཀྱི་རོལ་གར་མཁན། །ཡན་ལག་ཁྲོ་བོར་ཤར་བའི་གཏམ་རྔམས་ཀྱིས། །བདུད་བཞིའི་སྙིང་ལ་འཆི་བའི་འཇིགས་པ་སྟེར། །གཙོ་དང་འཁོར་ཞེས་སེམས་ཀྱི་རོལ་པ་ཡིས། །བཏགས་པ་ཙམ་ལས་སྤང་རྟོགས་ཡོན་ཏན་ཀུན། །མཉམ་པར་རྫོགས་པས་མཆོག་དམན་སོ་སོ་རུ། །འཛིན་པར་བྱེད་རྣམས་བྱིས་པའི་བློ་གྲོས་བཞིན། །དེ་ཕྱིར་མགོན་ཁྱོད་དཀྱིལ་འཁོར་བྱེ་བ་ཡི། །ཅིག་ཅར་སྤྲོ་དང་བསྡུ་བའི་བྱེད་པོ་སྟེ། །དུས་གསུམ་སངས་རྒྱས་ཀུན་གྱི་འབྱུང་གནས་སུ། །ངེས་རྙེད་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །མཆོད་པ་འབུལ་བ་ལ་མཎྜལ་ནི། །རྡོ་རྗེའི་ལུས་ཀྱི་གསེར་ལྡན་ལྟོ་བ་ན། །མཉམ་སྦྱོར་རྡོ་རྗེ་པདྨའི་ལྷུན་པོ་མཆོག །བཅུ་དྲུག་དགའ་བའི་རི་མཚོ་གླིང་བཞིས་བསྐོར། །དབུ་མ་བཅུ་གཉིས་(༡༥ན)


GLG015_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་གྱི་རྒྱུ་ལམ་དུ། །རོ་རྐྱང་རླུང་གི་ཉི་ཟླའི་དཀྱིལ་འཁོར་འཆར། །སྒྱུ་མའི་ལུས་སུ་ལྡང་བའི་རིན་ཆེན་བདུན། །ཟུང་འཇུག་བུམ་བཟང་ཡོངས་འདུ་ས་བརྟོལ་སོགས། །དཀྱིལ་འཁོར་མགོན་པོ་དཔལ་ལྡན་བླ་མར་འབུལ། །ཕྱག་རྒྱའི་མཆོད་པ་ནི། མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །འཁོར་ལོའི་མགོན་པོ་ཡབ་ཡུམ་མཉམ་སྦྱོར་བའི། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །བདེ་སྟོང་ཟུང་དུ་འཇུག་པའི་མཆོད་པ་འབུལ། །སྒྲུབ་པའི་མཆོད་པ་ནི། རྩ་ཁམས་རླུང་ལ་གནད་དུ་བསྣུན་པ་ཡི། །སེམས་ཀྱི་རྡོ་རྗེའི་རྣལ་་འབྱོར་ལ་གཞོལ་ནས། །དོན་གཉིས་འདོད་དགུའི་དཔལ་འབྱོར་ལ་སྤྱོད་པའི། །ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ལ་འབུལ། །བཤགས་པ་ནི། མྱང་འདས་ཨ་ཝ་དྷཱ་ཏིའི་གྲོང་ཁྱེར་དུ། །སེམས་ཀྱི་ཁྱེའུ་ཆུང་དྲི་བཞོན་རྟར་བསྐྱོན་ནས། །འཁྲིད་བྱེད་ཆོས་དང་གཟུང་མར་བཅས་པ་ལ། །ལོག་རྟོག་སོམ་ཉི་བགྱིས་པ་མཐོལ་ལོ་བཤགས། །རྗེས་སུ་ཡི་རང་བ་ནི། གྲངས་མེད་བསྐལ་བར་ཚོགས་ཀྱིས་མི་བསྐྲུན་པར། །སྐད་ཅིག་ཙམ་གྱི་རྡོ་རྗེ་འཛིན་པའི་སར། བྱོན་ཟིན་འབྱོན་འགྱུར་འབྱོན་པར་བྱེད་བཞིན་པའི། །ཕུལ་བྱུང་མཛད་པ་ཀུན་ལ་རྗེས་ཡི་རངས། །ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་བ་ནི། སྐད་ཅིག་བཟོད་དཀའི་སྡུག་བསྔལ་མེ་འོབས་སུ། །ཆུད་པའི་འགྲོ་རྣམས་མྱུར་དུ་བསྒྲལ་བའི་སླད། །བདེ་ཆེན་ཡེ་ཤེས་འདྲེན་པའི་མྱུར་ལམ་གྱི། །ངེས་གསང་ཐེག་པའི་ཆོས་འཁོར་སྐོར་དུ་གསོལ། །ཞར་བྱུང་ཤེས་རབ་ཡེ་ཤེས་ཀྱི་དབང་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། དཀྱིལ་འཁོར་འཁོར་ལོའི་ཐིགས་ལས་བདུད་རྩིའི་རྒྱུན། །མཐིང་ཁ་ཧཱུཾ་སྔོན་བཅས་པ་ཐོགས་མེད་བྱུང་། །རང་གི་སྙིང་ཀའི་གནས་སུ་ཐིམ་པ་(༡༥བ)


GLG015_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཤེར་དབང་བྱིན་གྱིས་བརླབས་པའི་ཚུལ་དུ་ཐོབ། །ཡིད་ཀྱི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །ཐུགས་ཀྱི་རྡོ་རྗེ་གྲུབ་པའི་ནུས་པ་ཐོབ། །སྒྱུ་ལུས་ཟུང་འཇུག་སྒོམ་ལ་དབང་བར་བྱས། །འབྲས་བུ་ཆོས་སྐུ་གྲུབ་པའི་ས་བོན་བཞག །མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ཉོན་མོངས་བདུད་བཞི་བསད་པའི་དམར་འོད་ཁྲག །འཕོ་མེད་བདེ་བ་ཆེན་པོར་ཤར་བའི་མདངས། རྣམ་ཀུན་མཆོག་ལྡན་སྐུ་དང་ཟུང་འཇུག་ཁྲིར། །སྒྲིབ་བྲལ་སྐུ་བཞིའི་རྡོ་རྗེ་རྟག་བཞུགས་གསོལ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དམན་པའི་ཐབས་ཀྱིས་འགྲོལ་མེད་འཁོར་ལོའི་མདུད། །རྩ་ཁམས་ཐིག་ལེའི་རྣལ་འབྱོར་སོར་མོ་ཡིས། །བཀྲོལ་ནས་ཟུང་འཇུག་གྲོང་དུ་སྒྱུ་ལུས་གར། །བསྒྱུར་བའི་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ཁོ་ན་ཉིད་ཀྱི་མཆོད་ཡུལ་གསལ་གདབ་པ་ནི། །བསམ་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་བླ་མ་མཆོག །སྤྱི་བོའི་པད་མཚོར་ཐོགས་མེད་རང་གཤེགས་ནས། །དབུ་མའི་ལམ་བསྒྱུར་སྙིང་དབུས་ཟེའུ་འབྲུས་རྒྱན། །འོད་ཞུ་རང་གི་སེམས་དང་དབྱེར་མེད་པ། །སོ་སོར་མཆོད་དུ་མེད་པ་རོ་གཅིག་ཅན། །སྣང་དང་སྟོང་པ་ཟུང་དུ་འཇུག་པའི་དངོས། །བྱར་མེད་བློ་འདི་བརྗོད་བྲལ་ངོ་བོར་བྱུང་། །ཡན་ལག་བདུན་པ་ལས། ཕྱག་འཚལ་བ་ནི། བརྗོད་བྲལ་ལྷ་ཡི་ལམ་ལྟར་རྣམ་དག་པའི། །ཆོས་དབྱིངས་དོན་དམ་ཟད་མི་ཤེས་པའི་མཛོད། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོའི་གཞི། །ངེས་པ་དོན་གྱི་བླ་མར་ཕྱག་འཚལ་ལོ། །མཆོད་པ་ལ་མཎྜལ་ནི། དྲི་བྲལ་རང་སེམས་དག་པའི་ས་གཞི་ལ། །རང་བཞིན་གདོད་ནས་སྟོང་པའི་ས་འཛིན་ཆེ། །མེད་ཀྱང་རྫུན་པར་སྣང་(༡༦ན)


GLG015_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གླིང་བཞི་སོགས། །རྨི་ལམ་ཡུལ་གྱི་རོལ་པ་ཇི་བཞིན་འབུལ། །མཆོད་པ་ནི། དམིགས་མེད་དོན་དམ་ཆོས་སྐུའི་ཞིང་མཆོག་ཏུ། །སྨྲ་བསམ་བརྗོད་མེད་ཀུན་བཟང་མཆོད་པའི་སྤྲིན། །བརྟན་གཡོ་ཀུན་ཁྱབ་འཁོར་འདས་དབྱེར་མེད་པ། །སྤྲོས་ཀུན་ཉེར་ཞི་མཉམ་ཉིད་ངང་དུ་འབུལ། །སྒྲུབ་པའི་མཆོད་པ་ནི། བཏགས་ཙམ་ཀུན་རྫོབ་ཆོས་ཀྱི་རྫུན་པའི་གྲུ། །དོན་དམ་རྒྱ་མཚོར་ཞིག་པའི་མཐའ་བྲལ་ཀློང་། །དབུ་མར་གནས་པའི་ནོར་ལ་ལོངས་སྤྱོད་པའི། །ངེས་པ་དོན་གྱི་སྙིང་པོའི་མཆོད་པ་འབུལ། །བཤགས་པ་ནི། སྒྱུ་མའི་སྐྱེས་བུ་བསད་པའི་དཔའ་བོ་ལྟར། །མེད་བཞིན་བདེ་དང་སྡུག་པའི་གར་མཁན་ལ། །གཟུང་འཛིན་སྒྲོག་ཏུ་ཆུད་པའི་ལས་ངན་ཀུན། །བཤགས་བྱ་བཤགས་བྱེད་བྲལ་བའི་ངང་དུ་བཤགས། །རྗེས་སུ་ཡི་རང་བ་ནི། མ་དག་གཉིས་སུ་འཛིན་པ་འཁྲུལ་བའི་རྒྱ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མཚོན་ཆ་ཡིས། །བཅད་དེ་སྡུག་བསྔལ་ལྔ་པའི་འཇིགས་པ་ལས། །ཐར་པའི་མཛད་པ་མཆོག་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། །གཞན་གྱིས་བརྗོད་དུ་མེད་པ་ཆོས་ཀྱི་སྐུ། །རང་བཞིན་མ་གྲུབ་སྣང་སྟོང་ཟུང་འབྲེལ་བའི། །ཚིག་དང་ཡི་གེར་བསྟན་དུ་མེད་པའི་ཆོས། །འཁོར་ལོ་གཉུག་མའི་ངང་དུ་སྐོར་དུ་གསོལ། །ཞར་བྱུང་ཚིག་དབང་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། བླ་མའི་ཐུགས་དང་རང་གི་སེམས་གཉིས་པོ། །དབྱེར་མེད་ཟུང་དུ་འཇུག་པའི་བདེ་བ་ཆེ། །མཁའ་ལྟར་སྒྲིབ་བྲལ་འཇའ་ཚོན་ལྟར་བཀྲ་བའི། །བཞི་པའི་དབང་བསྐུར་བྱིན་རླབས་ཚུལ་དུ་ཐོབ། །དེའང་དབང་བཞིའི་ཚིག་གི་ངོ་སྤྲོད་པ་ཙམ་ལས་མེད་ཀྱང་། །བཞི་པ་དེ་དབང་གསུམ་པའི་ཡེ་ཤེས་ཀྱི་ཟླས་དྲངས་(༡༦བ)


GLG015_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒོ་ནས་ངོ་སྤྲོད་དགོས་པས། གོང་དུ་དབང་བཞི་པ་བྱིན་རླབས་ཀྱི་ཚུལ་ཙམ་དུ་བླངས་པས་སོ། །གསོལ་བ་གདབ་པ་ནི། རྒྱུ་དང་རྐྱེན་གྱིས་བཅོས་སུ་མ་མཆིས་པའི། །གདོད་ནས་རྣམ་དག་ཆོས་སྐུ་བདེ་བ་ཆེ། །ལུས་ཅན་ཀུན་ལ་དངོས་སུ་རབ་སྣང་ཞིང་། །ནམ་ཡང་འཕོ་འགྱུར་མེད་པར་གསལ་གྱུར་ཅིག །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། རང་བཞིན་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས། །རྟག་ཆད་མཐའ་བྲལ་དབུ་མའི་ལམ་བསྒོམས་པས། །ཀུན་རྫོབ་འཁྲུལ་ངོར་སྣ་ཚོགས་སྣང་བ་ཀུན། །དོན་དམ་དབྱིངས་སུ་ངོ་བོ་གཅིག་པར་བསྔོ། །སྨོན་ལམ་ནི། དེ་ལྟར་དངོས་གྲུབ་ལེགས་ཚོགས་ཀུན་གྱི་གཞི། །རྡོ་རྗེ་སློབ་དཔོན་ཚུལ་བཞིན་མཆོད་པ་སོགས། །གྲངས་མེད་དུས་གསུམ་དགེ་བ་ཅི་བསགས་པའི། །མཐའ་ཀླས་རྣམ་པར་དཀར་བའི་ཕུང་པོ་ལས། །ཚེ་རབས་ཀུན་ཏུ་དལ་བའི་རྟེན་འཐོབ་ཅིང་། །བཤེས་གཉེན་དམ་པའི་མགོན་གྱིས་ལེགས་ཟིན་ནས། །ཐུན་མོང་ལམ་གྱིས་རྒྱུད་ཀུན་རབ་སྦྱངས་ནས། །རྡོ་རྗེའི་ཐེག་ལ་འཇུག་པར་བྱིན་གྱིས་རློབས། །འབད་པ་ཆེན་པོས་སྙིགས་དུས་ཚེ་གཅིག་ལ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག །ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་བྱས་ནས། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །ཤིས་བརྗོད་ནི། དྲན་པ་ཙམ་གྱིས་སྲིད་བཞིའི་འཇིགས་ལས་སྐྱོབ། །མཐོང་ཐོས་རེག་པས་ལེགས་པའི་ལམ་ལ་སྦྱོར། །གསོལ་བ་བཏབ་པས་འདོད་དགུའི་རེ་སྐོང་བའི། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཞི་བ་མྱ་ངན་འདས་པའི་ས་བསྙེས་ཀྱང་། གདུལ་བྱའི་སྣང་ངོར་ཁྲོ་ཆགས་རྣམ་འགྱུར་གྱིས། །བདུད་དགྲའི་སྙིང་ག་བརྫི་བའི་སྟང་སྟབས་ཅན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མཐུ་(༡༧ན)


GLG015_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་ཞིང་། །འཕྲིན་ལས་ཐོགས་མེད་སྒྲུབ་འདི་དཔག་བསམ་དབང་། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས། །དགེ་ལེགས་བཀྲ་ཤིས་ཆར་ལྟར་འབེབས་པར་མཛོད། །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་པ་བྱའོ། །དེ་ལྟར་རྣམ་སྨིན་དཀར་པོར་འཛག་པའི་རྔ། །རྨད་བྱུང་བློ་གྲོས་དབྱུ་གུས་བསྐུལ་བའི་ཚེ། །སྐལ་བཟང་རྣ་བའི་བཅུད་ལེན་རྒྱས་བྱེད་པའི། །ལེགས་བཤད་སྒྲ་དབྱངས་སྲིད་རྩེའི་བར་དུ་སྒྲོག །སྔོན་བྱོན་མཁས་པའི་དགོངས་དོན་མ་འཕྱུགས་ཤིང་། །རྣམ་དཔྱོད་མཐུ་ཡིས་བརྗོད་དོན་ཕུལ་བྱུང་གི །བསྐྲུན་འདིར་སྦྱར་བྱང་སྤེལ་བ་རིགས་མོད་ཀྱི། །ངག་སྒྲོས་རྙིང་པ་ལྡབ་དང་ག་ལ་མཚུངས། །བདུད་རྩིས་ལེགས་གཏམས་འཇིམ་པའི་བུམ་པ་དག །དོར་ནས་ངན་སྐྱུགས་ཀྱིས་གང་གསེར་བུམ་པ། །དགའ་བར་བྱེད་ལྟར་དེང་དུས་སྐྱེ་བོ་རྣམས། །ལེགས་ཉེས་འབྱེད་པའི་བློ་གྲོས་སྐལ་བ་ཕྲ། །སྔོན་རབས་མཁས་པའི་ལེགས་བཤད་ཉིན་མོར་བྱེད། །དུས་ཀྱི་འགྲིབ་པའི་ཆུ་ལྷའི་ཕང་པར་ཉལ། །ཚིག་དོན་དམན་པའི་དུ་བ་མཇུག་རིང་ཞིག །ཐུབ་བསྟན་ནམ་མཁའི་མཛེས་པ་འཕྲོག་ཕྱིར་རྒྱུ། །དེ་ཕྱིར་ཚད་ལྡན་མཁས་པའི་གསུང་རབ་ཀྱང་། །སྐལ་ངན་དུས་གྱི་ནུབ་ལ་ཉེ་བའི་ཚེ། །བློ་དམན་བདག་འདྲས་ཡི་གེར་འདྲི་བ་དག །རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད། །འོན་ཀྱང་བོད་དང་ཧོར་གྱི་སྐད་གཉིས་པ། །སྨྲ་བའི་དཔྱོད་ལྡན་མེར་གན་བཀའ་བཅུ་ཞེས། །ཤེས་རབ་རྒྱ་མཚོར་འབོད་དེས་རིང་མོ་ནས། །འབད་པ་ཆེན་པོས་ཡང་ཡང་བསྐུལ་བ་དང་། །ཉེ་ཆར་གནས་ལྔ་རིག་པའི་ཆུ་གཏེར་དབུས། །ལེགས་བཤད་ཕུད་སྒྲ་སྒྲོག་པའི་(༡༧བ)


GLG015_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མིག །བློ་ཆེན་ཤེས་བྱ་ཀུན་གཟིགས་གང་དེ་ཡིས། །ནན་ཏན་བསྐུལ་བའི་བཞེད་པ་སྐོང་ཕྱིར་བྱས། །དེ་འདྲ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་མགོན། །འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཞབས་པད་རྡུལ། །སྤྱི་གཙུག་རྒྱན་དུ་བསྟེན་པའི་རྒྱལ་ཁམས་པ། །ཟ་ཧོར་རིགས་ཀྱི་བནྡེས་ཡི་གེར་བཀོད། །དགེ་དེས་མཁའ་མཉམ་ལུས་ཅན་མ་ལུས་པ། །ཡང་དག་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །དོན་གཉིས་ལྷུན་གྲུབ་སྟོབས་བཅུའི་གོ་འཕང་མཆོག །ཐོབ་ནས་འགྲོ་ཀུན་འདྲེན་པའི་མགོན་གྱུར་ཅིག །དེ་ལྟར་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་ཞེས་བྱ་བ་འདི་ནི་བོད་སོག་གི་ལོ་ཙཱ་བ་དཔྱོད་ལྡན་མེར་གན་བཀའ་བཅུ་ཤེས་རབ་རྒྱ་མཚོ་དང་བོད་ཡུལ་གྱི་གནས་ལྔ་རིག་པའི་པཎྜི་ཏ་སྨོན་འགྲོའི་ལོ་ཙཱ་བའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ལ་གཞི་བྱས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྦྱོར་ཚུལ་སོགས་དམིགས་སུ་ཕྱེ་སྟེ། ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་བྱང་ཕྱོགས་ཀྱི་ཆུ་བོ་ལོ་ཧཱི་ཏའི་འགྲམ་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཚེ་རིང་ངོ་། །དཔལ་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་། །བློ་དམན་ངོར་ངུར་སྨྲིག་ཟློས་གར་ཅན། །རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས། །སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། ཁྱེད་སྔོན་ནས་ཚོགས་གཉིས་ཡོངས་རྫོགས་པས། །གནས་འོག་མིན་དག་པའི་ཞིང་ཁམས་དེར། །ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཀྱང་། །མ་མཁའ་མཉམ་གྱི་འགྲོ་རྣམས་འདྲེན་པའི་ཕྱིར། །ཞིང་འདི་ན་སྤྲུལ་པའི་ཟློས་གར་བསྟན། །དེ་བསམ་གྱིན་རྗེ་བཙུན་བླ་མ་དྲན། །དྲན་གྱིན་དུ་སྙིང་ནས་གསོལ་འདེབས་ན། །(༡༨ན)


GLG015_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཁྱེད་དུས་གསུམ་རྒྱལ་བ་མ་ལུས་དང་། །དོན་དབྱེར་མེད་ངོ་བོ་གཅིག་བཞིན་དུ། །གནས་རྒྱ་གར་འཕགས་པའི་ཡུལ་མཆོག་དེར། །རྗེ་མཁས་དང་གྲུབ་པའི་གར་མཁན་གྱིས། །དཔལ་ཐུབ་བསྟན་ཉིན་བྱེད་ལྟ་བུར་མཛད། །དེ་བསམ་གྱིན་རྗེ་བཙུན་བླ་མ་དྲན། །དྲན་གྱིན་དུ་སྙིང་ནས་གསོལ་འདེབས་ན། །སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཆོས་ཇི་ལྟ་ཇི་སྙེད་ཤེས་བྱའི་མཐའ། །དོན་མངོན་སུམ་རྟོགས་པའི་འཇམ་དཔལ་དབྱངས། །བོད་ཁ་བས་བསྐོར་བའི་ཡུལ་ལྗོངས་འདིར། །ཐོས་བསམ་དང་སྒོམ་ལ་ནན་ཏན་གྱི། །དཔལ་མྱང་འདས་ཀྱི་གླིང་དུ་འགྲོ་ཀུན་འདྲེན། །དེ་བསམ་གྱིན་རྗེ་བཙུན་བླ་མ་དྲན། །དྲན་གྱིན་དུ་སྙིང་ནས་གསོལ་འདེབས་ན། །སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞིང་ངོ་མཚར་བཀོད་པ་རྒྱ་མཚོ་ཆེར། །མགོན་སེང་གེའི་ང་རོའི་སྐུར་བསྟན་ནས། །ཆོས་ཐེག་པ་ཆེན་པོའི་དགའ་སྟོན་གྱིས། །བོད་སྐལ་བཟང་གི་གདུལ་བྱ་མ་ལུས་པ། །ལམ་ཟུང་འཇུག་བདེ་བ་ཆེན་པོར་འགོད། །དེ་བསམ་གྱིན་རྗེ་བཙུན་བླ་མ་དྲན། །དྲན་གྱིན་དུ་སྙིང་ནས་གསོལ་འདེབས་ན། །སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གནས་འཁོར་བ་སྒྱུ་མའི་བློ་བྲིད་མཁན། །ལར་ངན་སོང་གི་སྡུག་བསྔལ་མེ་འོབས་དོང་། །ཚེ་མི་རྟག་གློག་གི་རོལ་གར་ཅན། །གྲོགས་མཛའ་བཤེས་ཚོང་འདུས་འགྲོན་པོའི་དཔེ། །རྟེན་དལ་འབྱོར་མི་ལུས་ཉིན་སྐར་ཙམ། །འདི་བསམ་བཞིན་སྙིང་ནས་ངེས་འབྱུང་སྐྱེས། །དེ་སྐྱེས་བཞིན་དམ་པའི་ལྷ་ཆོས་དྲན། །དོན་གེགས་མེད་དུ་འགྲུབ་པར་བྱིན་གྱིས་རློབས། །རང་ཞི་བདེ་དོན་གཉེར་ཉན་རང་གི །ལམ་དམན་པར་གོལ་བའི་ཚུལ་ཤེས་ནས། །མ་འགྲོ་དྲུག་རྣམས་འདྲེན་པའི་ཁུར་ཁྱེར་ཏེ། །སེམས་བྱང་ཆུབ་མཆོག་ཏུ་རབ་བསྐྱེད་ནས། །ཚོགས་རྣམ་གཉིས་རྫོགས་པའི་བྱེད་པོ་ཡིས། །སྐྱོན་ཀུན་ཟད་སྟོབས་བཅུའི་གོ་འཕང་དེ། །དུས་རིང་པོར་མི་ཐོགས་མངོན་བྱེད་པའི། །དོན་བསམ་པ་འགྲུབ་པར་བྱིན་གྱིས་རློབས། །དུས་བསྐལ་བ་གྲངས་མེད་གསུམ་གྱི་བར། །ཚེགས་ཆེན་པོས་སྒྲུབ་ལ་མི་ལྟོས་པའི། །དཔལ་གསང་ཆེན་རྡོ་རྗེ་ཐེག་པ་ཞེས། །རྗེ་སངས་རྒྱས་ཚེ་འདིར་འགྲུབ་པའི་ལམ།(༡༨བ)


GLG015_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

།ཡ་མ་བྲལ་སྐྱེད་རྫོགས་ཟུང་འཇུག་གོ །རིགས་ཀུན་བདག་ཁ་སྦྱོར་བདུན་ལྡན་པ། །རྟེན་འདི་ལ་མངོན་དུ་བྱེད་ནུས་པར། །རྗེ་བླ་མ་ཁྱེད་ཀྱི་བྱིན་གྱི་རློབས། །སྤྲང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་རྒྱལ་བ་གཉིས་པ་བཙོང་ཁ་བས། །དུས་སྐད་ཅིག་ཙམ་ཡང་འབྲལ་མེད་དུ། །མགོན་དཔུང་གཉེན་མཛད་པར་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས་ཤིང་ཐུགས་རྗེ་བསྐུལ་བའི་ཚིགས་སུ་བཅད་པ་འདི་འང་། ནང་དུ་ཡང་དག་པའི་ཚུལ་ལ་གཞོལ་བའི་བློ་ཅན་དབོན་པོ་ནང་སོས་ངེད་རང་ལ་སྦྱར་བ་ཞིག་དགོས་ཞེས་བསྐུལ་ནའང་། རང་ལ་ཡོན་ཏན་མེད་པར་སྒྲོ་བཏགས་ན་མཁས་པ་རྣམས་ཁྲེལ་གྱི་དོགས་པ་དང་། མི་ཆོས་བླ་མའི་རྫུན་གྱིས་སྡོམ་པ་འཇིག་པའི་རྒྱུར་གསུངས་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་སྦྱར་ནས་གསོལ་བ་འདེབས་པའི་རིམ་པ་འདི་ནི་ཟ་ཧོར་གྱི་བནྡེས་འདམ་གཡང་ར་ཞེས་པར་སྦྱར། །དཔལ་ལྡན་ཕུན་ཚོགས་རིགས་རྣམས་ཀུན་གྱི་བདག །གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་དུ། །ངེས་རྙེད་ཟབ་ལམ་བླ་མའི་རྣལ་འབྱོར་གྱི། །ཉམས་སུ་བླངས་པའི་རིམ་པ་འདི་བཤད་བྱ། །དེ་ལ་འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས། འཁོར་འདས་ཀུན་གྱི་ལེགས་ཚོགས་ཐམས་ཅད་ཀྱི་བྱེད་པོ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་རིམ་པ་ཉམས་སུ་བླང་བར་བྱ་བ་ལ། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་ཚད་མེད་པ་བཞི་བསྒོམ་པ་སྤྱི་འགྲོ་ལྟར་བྱས། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སྤྱི་བོར་སེང་གེས་བཏེག་པའི་ཁྲི་སྣ་ཚོགས་པདྨ་དང་(༡༩ན)


GLG015_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་དེ་ཉིད། རྣམ་པ་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ལྷག་མས་ནོར་བུ་ཆུ་ཤེལ་གྱི་འཕྲེང་བ་བརྒྱ་རྩ་བརྒྱད་པ་འདྲེན་པའི་ཚུལ་གྱིས་འཛིན་ཞིང་། གཡོན་ལྷག་མས་པདྨ་དཀར་པོ་འདབ་མ་རྒྱས་པའི་ཡུ་བ་ནས་འཛིན་པ། རིན་པོ་ཆེའི་དབུ་རྒྱན། མགུལ་རྒྱན། སྙན་རྒྱན། གདུ་བུ། སེ་རལ་ཁ། འོག་པགས་སོགས་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ལྷ་རྫས་ལས་གྲུབ་པའི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་བཀབ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དྭངས་གསལ་རྙོག་པ་མེད་པའི་འོད་ཀྱི་རང་བཞིན་ཅན་འཇའ་ཟེར་འཁྱུག་པའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀ་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ། དཔའ་བོ། །མཁའ་འགྲོ། ཆོས་སྐྱོང་སྲུང་མ་སོགས་སྐྱབས་གནས་ཐམས་ཅད་བཛྲ་ས་མཱ་ཛཿས། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས། གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་གའི་ས་བོན་ལས་འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྷའི་བར་གྱིས་མཆོད། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམས། མཆོད་པ་རྣམས་(༡༩བ)


GLG015_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྡའི་བར་གྱི་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་དང་། རཱུ་པ་ནས་སྤར་ཤའི་བར་གྱི་འདོད་ཡོན་ལྔ་དང་། སཔྟ་རཏྣས་རིན་ཆེན་བདུན་དང་། ཨཥྚ་མངྒ་ལས་བཀྲ་ཤིས་རྟགས་བརྒྱད་དང་། ཨཥྚ་བྷ་ཝས་བཀྲ་ཤིས་རྫས་བརྒྱད་རྣམས་ཕུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་དང་། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། དེ་ནས་གསོལ་བ་འདི་ལྟར་གདབ་པར་བྱ་སྟེ། དཔལ་ལྡན་དུས་གསུམ་རྒྱལ་བ་མ་ལུས་པའི། །མི་ཟད་རྒྱན་གྱི་འཁོར་ལོ་དམ་པའི་མཛོད། །མཆོག་དམན་འགྲོ་ལ་སྟོན་པ་བཤེས་གཉེན་གཟུགས། །རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་འཛིན། །མགོན་ཁྱོད་གཟོད་མ་ཉིད་ནས་ཡེ་ཤེས་མེས། །སྒྲིབ་གཉིས་བུད་ཤིང་མཐའ་དག་རབ་བསྲེགས་ཀྱང་། །སྐལ་དམན་འགྲོ་རྣམས་འདྲེན་ཕྱིར་མ་དག་པའི། །སྦྱང་གཞིའི་ཤ་ཚུགས་འཛིན་པ་མ་ཡིན་ནམ། །འཇིག་མེད་འཇའ་ལུས་རྡོ་རྗེ་གྲུབ་པའི་སྐུ། །གཞོམ་མེད་ནཱ་དའི་སྒྲ་དབྱངས་སྒྲོག་པའི་གསུང་། །གཡོ་མེད་བདེ་སྟོང་ཟུང་དུ་འཇུག་པའི་ཐུགས། ཁ་སྦྱོར་བདུན་ལྡན་སྐུ་བཞིའི་བདག་ཉིད་ཅན། ཁྱོད་ལས་ལྷག་པའི་སྐྱབས་གནས་མཐར་ཐུག་པ། །སྲིད་དང་ཞི་བའི་ཁམས་ཀྱི་ཁོར་ཡུག་ཀུན། །ཉི་ཟླ་བྱེ་བའི་སྒྲོན་མེ་བཏེག་བྱས་ནས། །མིག་སྟོང་ལྡན་པས་བཙལ་ཡང་ག་ལ་རྙེད། །དེ་ཕྱིར་ཁྱོད་ལ་སྙིང་ནས་གསོལ་འདེབས་ན། །བློ་བྲིད་སྲེད་ལ་ཞེན་པའི་སྒྲོག་ཏུ་ཚུད། །མི་ཟད་ངན་སོང་གཡང་དུ་གོམ་པ་འཕྱན། །གཏན་གྱི་བདེ་ལས་རྒྱབ་ཕྱོགས་བདག་ལ་དགོངས། །ཕུལ་བྱུང་ཐུགས་རྗེའི་མཐུ་དཔུང་གསེར་འགྱུར་རྩིས། །འཁོར་བའི་བདེ་ལ་ཆགས་པའི་ལྕགས་ཀྱི་ཁམས། །བློ་ཕུགས་ཆོས་སུ་(༢༠ན)


GLG015_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་གསེར་སྦྱངས་གཙོར། །བསྒྱུར་ཏེ་དོན་དང་ལྡན་པར་བྱིན་གྱིས་རློབས། །དེ་ལྟར་ཉམས་སུ་བླང་བའི་དམ་པའི་ཆོས། །མདོ་རྒྱུད་དོན་དང་མཐུན་པའི་ཉམས་རྟོགས་ཀྱི། །ཡོན་ཏན་གོང་འཕེལ་སྙིགས་དུས་ཚེ་གཅིག་ལ། །རྫོགས་པའི་སངས་རྒྱས་འཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་ཅིག་ཅར་གང་དུ་བྱུང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །འབྲས་བུ་སྐུ་བཞི་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་མོས། སླར་ཡང་གསོལ་བ་བཏབ་པས་བླ་མ་དེ་ཉིད་སྤྱི་བོ་ནས་བྱོན་སྙིང་གར་བཞུགས་པར་མོས་ལ། དེ་ཉིད་ལ་གསོལ་བ་ཅི་ཤེས་སུ་བཏབ། མཐར་རང་སེམས་དང་བླ་མ་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་བཞག །དགེ་བ་སྤྱི་ལྟར་བསྔོའོ། །དེ་ལྟར་དགེ་ལེགས་ཀུན་གྱི་འབྱུང་གནས་མཆོག །ཟབ་མོ་བླ་མའི་རྣལ་འབྱོར་ཉམས་ལེན་འདི། །མཐའ་འཁོབ་ཡུལ་དུ་སྐྱེས་ཀྱང་དམ་ཆོས་ལ། །ཡང་དག་བག་ཆགས་སད་པའི་བློ་ལྡན་ཞིང་། །ས་གཞིའི་དབང་ཕྱུག་བོག་དོ་རྒྱལ་པོ་ཡི། །མཉེས་གཤིན་བྱམས་པའི་སྨན་གྱིས་སྐྱོང་བའི་མི། །དགེ་སློང་ངག་དབང་བློ་བཟང་ཞེས་པ་ཡིས། །བསྐུལ་ངོར་གཡེར་བའི་གཟེབ་ཏུ་རབ་ཆུད་ཀྱང་། །བཅད་ལྷུག་ཚིག་སྦྱོར་སྤྲོ་ལ་ཐོགས་མེད་པ། །ཟ་ཧོར་རིགས་ཀྱི་བནྡེ་ལྡུམ་བུ་བས། །སྦྱར་བའི་སྡེབ་ལེགས་ཡི་གེའི་ཕྲེང་སྤེལ་བ། །རིག་གནས་བྱེ་བའི་བང་མཛོད་ཅན་གྱིས་སོ། །མཁའ་ཁྱབ་དོན་དམ་ཆོས་སྐུ་བདེ་ཆེན་དང་། །སྣ་ཚོགས་གཟུགས་སྐུའི་སྒྱུ་འཕྲུལ་དྲ་བའི་གར། །སྟོན་མཛད་རྒྱལ་དང་དེ་སྲས་ཉན་རང་སོགས། །སླུ་མེད་སྐྱབས་གནས་མ་ལུས་བདག་ལ་དགོངས། །(༢༠བ)


GLG015_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མཐའ་མི་མངོན་འཁོར་བའི་ཆུ་གཏེར་ནང་། །གྲངས་མེད་བསགས་པའི་ལས་རླུང་ཤུགས་ཀྱིས་དེད། །ཉོན་མོངས་ཆུ་སྲིན་གདུག་པས་རྣམ་པར་གཙེས། །སྡུག་བསྔལ་རྦ་ཀློང་དྲག་པོའི་ནང་ཆུད་པའི། །མ་དག་མུན་པས་བྱིངས་པའི་འགྲོ་བ་ཀུན། །བདེ་བ་འདོད་ཀྱང་དེ་ཡི་རྒྱུ་སྤངས་ནས། །སྲིད་ཞིའི་རྒུད་པའི་འབྱུང་གནས་ཀུན་འབྱུང་ལ། །སྤྱོད་པའི་ཚུལ་འདི་ཐུགས་རྗེ་ཆེན་པོས་དགོངས། །མི་དགེ་བཅུ་དང་མཚམས་མེད་ལྔ་ཡི་ལས། །སོ་ཐར་བྱང་སེམས་སྔགས་ཀྱི་ལྟུང་བ་སོགས། །སྒོ་གསུམ་བག་མེད་བགྱིས་པའི་སྡིག་པ་ཀུན། སྙིང་ནས་འགྱོད་པ་དྲག་པོས་བཤགས་བྱེད་ན། །སྐྱོབ་པ་རྣམས་ཀྱི་ཐུགས་རྗེའི་ཆུ་རྒྱུན་གྱིས། །ལས་ཉོན་བག་ཆགས་ངན་པའི་དྲི་མ་ཀུན། །དྲུངས་ནས་ཕྱུང་སྟེ་མངོན་མཐོ་ངེས་ལེགས་ཀྱི། །མཐུན་རྐྱེན་འབད་པ་མེད་པར་གྲུབ་པར་ཤོག །ཅེས་སྡིག་པ་བཤགས་པའི་ཚིགས་སུ་བཅད་པ་འདི་འང་། ལྷ་ཁང་སེར་པོའི་བླ་མ་སྦྱིན་པ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །བླ་མའི་རྣལ་འབྱོར་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ། །ན་མོ་ཨོཌྜི་ཡ་ན་རཏྣ་ཡ། འདོད་པའི་རེ་སྐོང་དབང་གི་རྒྱལ། །དུས་གསུམ་མཁྱེན་པ་ཨྱོན་གྱི། །རྣལ་འབྱོར་རྒྱུན་དུ་ཁྱེར་བདེ་བ། །ཉུང་གསལ་དོན་འདུས་ཡི་གེར་འགོད། །སྐྱབས་གནས་ཀུན་འདུས་ཨྱོན་པདྨ་ལ། །སྙིང་ནས་གུས་པའི་ཡིད་ཀྱིས་སྐྱབས་གནས་རེ། །མཁའ་མཉམ་མ་གྱུར་འགྲོ་བའི་དོན་གྱི་ཆེད། ཟབ་ལམ་རྣལ་འབྱོར་ཉམས་སུ་བླང་བར་བྱ། །རང་གི་སྤྱི་བོའི་ཐད་གྱི་ནམ་མཁའ་ལ། །པདྨའི་སྡོང་པོ་ཐབས་ཤེས་ཉི་ཟླའི་སྟེང་། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད། །རྣམ་པ་རིགས་འཛིན་ཆེན་པོ་པདྨ་འབྱུང་། །སྐུ་མདོག་དཀར་དམར་མཚན་དཔེའི་ལང་ཚོ་ཅན། །ཕྱག་གཉིས་ཐབས་དང་ཤེས་རབ་མཚོན་པའི་བརྡར།(༢༡ན)


GLG015_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

།གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་དང་། བདུད་རྩིས་གང་བའི་ཐོད་པ་གཡོན་ན་འཛིན། །རིག་སྔགས་འཆང་བའི་གསང་གོས་མཐིང་ཁ་དང་། །སྡོམ་བརྩོན་ཆོས་གོས་གསེར་གྱི་པ་ཊ་རིས། །རྒྱལ་པོའི་ཆ་བྱད་ཟབ་བེར་ལྷབ་ལྷུབ་ཅན།།དབུ་ལ་པདྨའི་མཉེན་ཞུ་མཛེས་པར་གསོལ། །ཞབས་གཉིས་སྐྱིལ་ཀྲུང་གནས་གསུམ་ཡི་གེས་མཚན། །སྟེང་འོག་ཕྱོགས་མཚམས་ཁོར་ཡུག་མ་ལུས་པ། །འཇའ་འོད་ཟེར་གསུམ་དྲྭ་བའི་ཀློང་དཀྱིལ་དུ། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དབང་དང་། །བདེ་གཤེགས་རིགས་ལྔ་འཕགས་པ་རིགས་གསུམ་མགོན། །རྒྱལ་པོ་ཛ་དང་རྒྱལ་སྲས་འབྱོར་པའི་དབང་། །ཤྲཱི་སིངྷ་དྲི་མེད་བཤེས་གཉེན་ཞབས། །རྒྱ་གར་རིགས་འཛིན་ཆེན་པོ་རྣམ་པ་བརྒྱད། །བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །ཟབ་ཆོས་སྤྱན་འདྲེན་སྤྲུལ་སྐུ་གཏེར་སྟོན་ཚོགས། །སྒྲུབ་སྡེ་བརྒྱད་སོགས་ཡི་དམ་ལྷ་ཚོགས་དང་། །ཕོ་རྒྱུད་མོ་རྒྱུད་དམ་ཅན་ཆོས་སྲུང་ལྷ། །དཔའ་བོ་དཔའ་མོ་ལས་བྱེད་ཕོ་ཉ་གིང་། །ཀུན་བཟང་མཆོད་སྤྲིན་སྤྲོ་བའི་ལྷ་མོ་སོགས། །མ་ལུས་ཡེ་ཤེས་རབ་སྣང་རིག་པའི་རྩལ། །བརྗོད་བྲལ་སྣང་སྲིད་བདེ་ཆེན་ཀློང་དུ་གྱུར། །ཧཱུཾ། རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །ཐོག་མེད་འདིར་གཤེགས་གཉིས་སུ་མེད་པར་བཞུགས། །གུས་པའི་ཡིད་ཀྱིས་ཕྱག་འཚལ་གསོལ་བ་འདེབས། ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཐོགས་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །གསང་གསུམ་མཛད་པ་ཀུན་ལ་རྗེས་ཡི་རང་། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ། །བསྐལ་པར་གཟུགས་སྐུའི་བཀོད་པ་བརྟན་པར་གསོལ། །ཇི་སྙེད་བསགས་པའི་དགེ་ཚོགས་མ་ལུས་པ། །རང་རིག་ཀུན་བཟང་གོ་(༢༡བ)


GLG015_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཐོབ་ཕྱིར་བསྔོ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་ཐུན་དྲུག་གི་རྣལ་འབྱོར་ལེའུ་བདུན་པ་འམ། །བསྡུས་པ་ལ་དགའ་ན་གསོལ་འདེབས་སྐབས་སྦྱར་བྱ། །བཛྲ་གུ་རུའི་འཛབ་ཅི་ནུས་སུ་བཟླ། དབང་བཞི་བླང་བ་ནི། བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་ནི། །དཀར་དམར་མཐིང་བྱུང་རང་གི་གནས་གསུམ་ཞུགས། །ཟག་པ་མེད་པ་བདུད་རྩིའི་རྒྱུན་གྱིས་གང་། །བུམ་གསང་ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ། །བླ་མའི་གསུང་གི་ཚངས་པའི་སྒྲ་དབྱངས་ལས། །འཁྲུལ་བའི་སྣང་བ་འདི་ཀུན་ཕྱིར་བཀག་ནས། །མ་བཅོས་རིག་པའི་གཤིས་ཀྱི་ངོ་བོར་ལྟོས། །ཞེས་གསུང་དོན་ལ་མཉམ་གཞག་ཚིག་དབང་ཐོབ། །སྐྱབས་གནས་ཐམས་ཅད་མ་ཧཱ་གུ་རུར་ཐིམ། །དེ་ཉིད་མཚོན་བྱེད་རྣམ་པ་རྡོ་རྗེའི་དབྱིབས། །དབང་གི་རྟགས་རྒྱས་རབ་མཛེས་ཅོད་པན་ཅན། །བྱང་ཆུབ་སྙིང་པོའི་བར་དུ་འབྲལ་མེད་བསྟེན། །ཞེས་རང་སེམས་བླ་མ་དང་དབྱེར་མེད་པ་སྣང་སྟོང་ཟུང་དུ་འཇུག་པའི་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་ལ། ཐུན་མཚམས་སུ་བརྒྱུད་པའི་རིམ་པ་ལ་བཀའ་དྲིན་རྗེས་དྲན་གྱི་གསོལ་བ་བཏབ་པ་ན། །ཆོས་སྙིང་ཐིག་སྟོན་པ་པདྨ་འབྱུང་། །དེ་དག་སྣང་ཚུལ་མཇལ་རྒོད་ལྡེམ་ཞབས། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །འཁོར་འདུས་པ་དང་པོ་རྡོ་རྗེ་དཔལ། །གཏེར་ཟབ་ཡིག་སྒྱུར་མཛད་རྡོ་རྗེ་མགོན། །ཡོངས་གདམས་པའི་བཀའ་བབས་བཤེས་གཉེན་ཞབས། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། །ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །ལམ་སྣང་བཞི་མཐར་ཕྱིན་ངག་དབང་གྲགས། །རྟགས་གྲུབ་མཚན་བརྙེེས་པ་སངས་རྒྱས་དཔལ། །རྗེ་བླ་མས་ལུང་བསྟན་མེས་སྟོན་ཞབས། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། །ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །དཔལ་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ་དང་། །རྗེ་ཁྲི་སྲོང་བཀྲ་ཤིས་སྟོབས་ཀྱི་རྒྱལ།(༢༢ན)
མགོན་དམ་པས་རྗེས་བཟུང་ངག་གི་དབང་། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། །ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །ཟུར་འཁོར་ལོའི་མགོན་པོ་པདྨ་དབང་། །ཆོས་གདམས་པའི་བང་མཛོད་དྲག་པོ་སྩལ། །མགོན་དྲིན་ཅན་རྩ་བའི་བླ་མ་ལ། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །ཚེ་འདི་ཕྱིའི་ཕུན་ཚོགས་འཁོར་བ་ལ། །ཡོངས་སྙིང་ནས་ཞེན་ལོག་འཆི་བ་དྲན། །སེམས་བཅོས་མིན་དད་པའི་གདུང་ཤུགས་ཀྱིས། །སྐྱབས་བླ་མ་བསྟེན་པར་བྱིན་གྱིས་རློབས། །རང་གཅེས་པའི་འཁྲི་བ་རྦད་ཀྱིས་བཅད། །མ་མཁའ་མཉམ་འགྲོ་བའི་དོན་གྱི་ཕྱིར། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི། །དོན་འཁྲུལ་མེད་ཉམས་སུ་ལོངས་པར་ཤོག །ཅེས་སྙན་པའི་གདངས་སམ་འདུར་མ་སོགས་སྐབས་སུ་གང་བབ་ཀྱིས་བྱིན་དབབ། མཇུག་ཏུ་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་པ་ཅི་རིགས་པར་བྱའོ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདི་ནི། སྐྱར་པོ་བ་མགོན་པོ་རབ་བརྟན་གྱིས་བསྐུལ་བའི་ངོར། རིགས་འཛིན་ཆེན་པོ་རྒོད་ལྡེམ་གྱི་དག་སྣང་བརྡ་དོན་ལམ་ཟབ་ཀྱི་དགོངས་པ་དང་མཐུན་ཅིང་ཅུང་ཟད་སྤྲོས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །


previousབླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་སོགས།next