Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒྲུབ་པ་དགེ་ལེགས་ཀྱི་གཏེར་མཛོད།next

བླ་མའི་རྣལ་འབྱོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒྲུབ་པ་དགེ་ལེགས་ཀྱི་གཏེར་མཛོད།


GLG015_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒྲུབ་པ་དགེ་ལེགས་ཀྱི་གཏེར་མཛོད་ཅེས་བྱ་བ་སོགས་བཞུགས། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་དྲའི་གར། །དངོས་གྲུབ་ཕན་བདེའི་གཏེར་གྱུར་བླ་མ་མཆོག །འཇིག་རྟེན་དབང་ཕྱུག་ལ་བརྟེན་རྣལ་འབྱོར་གྱི། །ཉམས་ལེན་ནོར་བུའི་འཕྲེང་བ་འདི་ནའོ། །དགེ་ལེགས་འདོད་དགུ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཡི་དམ་མཁའ་འགྲོ་ཆོས་སྲུང་ལ། །བདག་སོགས་སེམས་ཅན་འཁོར་བ་ལས། །སྒྲོལ་བར་བྱ་ཕྱིར་སྐྱབས་སུ་མཆི། །སྡུག་བསྔལ་གསུམ་གྱིས་མནར་བ་ཡི། །འགྲོ་བ་མ་ལུས་སྒྲོལ་སླད་དུ། །ཟབ་མོ་བླ་མའི་རྣལ་འབྱོར་དང་། །བརྩོན་པས་ཉམས་སུ་བླང་བར་བགྱི། །རང་ལུས་ཐ་མལ་གནས་པའི་སྙིང་ག་ཡི། །པད་ཉིའི་སྟེང་དུ་རིག་པའི་ངོ་བོ་ནི། །ཧྲཱིཿ ཡིག་དམར་ནག་ཡོངས་གྱུར་ཁྲོ་བོའི་རྒྱལ། །དབང་ཆེན་དམར་པོ་གྲི་གུག་ཐོད་ཁྲག་འཛིན། །དུར་ཁྲོད་ཆས་རྒྱན་མེ་དཔུང་དབུས་བཞུགས་པའི། །ཐུགས་ཀའི་ཧྲིིཿ ས་འོད་འཕྲོས་གདོན་བགེགས་བསྐྲད། །རྡོ་རྗེའི་མེ་དཔུང་ཞུར་ཁང་ཆེན་པོར་གྱུར། །ཨོཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཕཊ། རང་ལུས་ཐ་མལ་སྤྱི་གཙུག་ནམ་མཁའི་དབྱིངས། །ཧཱུཾ་ལས་རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྒྱན་རྣམས་རྫོགས་པའི་དབུས། །པདྨ་འདབ་བཞི་ལྟེ་བར་གླང་པོ་ཆེ། །སེང་གེ་རྟ་དང་རྨ་(༣ན)


GLG015_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ནམ་མཁའ་ལྡིང་། །རྣམས་ཀྱིས་བཏེག་པའི་རིན་ཆེན་ཁྲི་སྟེང་དུ། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད། །རྣམ་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། །ཕྱག་གཡས་སྐྱབས་སྦྱིན་གཡོན་པའི་མཐེབ་སྲིན་གྱིས། །མེ་ཏོག་པད་དཀར་མཉེན་ལག་འཁྱིལ་ལྡེམ་འཛིན། །རིན་ཆེན་དབུ་རྒྱན་སྙན་ཆ་གདུ་བུ་དང་། །དར་གྱི་སྟོད་གཡོགས་པཉྩ་ལི་ཀ་ཅན། །མཉམ་གཞག་སྟེང་ན་ཚེ་ཡི་བུམ་པ་འཛིན། །སྤྱི་གཙུག་པད་ཟླའི་སྟེང་ན་ཨོཾ་དཀར་ལས། །སྐུ་ཡི་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱབས་སྦྱིན་འཁོར་ལོ་འཛིན། །ལོངས་སྤྱོད་རྫོགས་སྐུའི་ཚུལ་གྱིས་སྐྱིལ་ཀྲུང་བཞུགས། །མགྲིན་པར་པད་ཟླའི་གདན་ལ་ཨཱཿ དམར་ལས། །གསུང་གི་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་དམར་པོ་སྐྱབས་སྦྱིན་པདྨ་འཛིན། །ལོངས་སྤྱོད་རྫོགས་སྐུའི་ཚུལ་གྱིས་སྐྱིལ་ཀྲུང་བཞུགས། །སྙིང་གར་པད་ཟླའི་གདན་ལ་ཧཱུཾ་མཐིང་ལས། །ཐུགས་ཀྱི་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་མཐིང་ཁ་སྐྱབས་སྦྱིན་རྡོ་རྗེ་འཛིན། །ལོངས་སྤྱོད་རྫོགས་སྐུའི་ཚུལ་གྱིས་སྐྱིལ་ཀྲུང་བཞུགས། །ལྟེ་བར་པད་ཟླའི་གདན་ལ་དྷཱི་སེར་ལས། །ཡོན་ཏན་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་སེར་པོ་སྐྱབས་སྦྱིན་རིན་ཆེན་འཛིན། །གསང་གནས་པདྨའི་གདན་ལ་ཧཱ་ལྗང་ལས། །འཕྲིན་ལས་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་ལྗང་གུ་སྐྱབས་སྦྱིན་རྒྱ་གྲམ་འཛིན། །འདབ་བཞིའི་ཤར་དུ་དཀར་མོ་མེ་ཏོག་མ། །ལྷོ་ན་བདུག་སྤོས་འཛིན་པ་སེར་མོ་དང་། ནུབ་ཏུ་མར་མེ་འཛིན་པ་དམར་མོ་དང་། །བྱ་དང་དྲི་ཆབ་འཛིན་པ་ལྗང་མོ་རྣམས། །ཞལ་གཅིག་ཕྱག་གཉིས་གཡོན་པ་པི་ཝང་འཛིན། །གཡས་པ་རང་རང་མཆོད་པའི་(༣བ)


GLG015_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་ཐོགས། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་ཅན། །སྙན་པའི་དབྱངས་བཅས་དགའ་བའི་གར་སྟབས་བསྒྱུར། །རང་གི་སྙིང་གའི་རྟ་མགྲིན་སྙིང་ག་ལས། །འོད་ཟེར་འཕྲོས་པས་རྩ་བའི་བླ་མ་ལ། །བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྤྲིན་ལྟར་གཏིབས་པས་བསྐོར་ཏེ་ཐོགས་མེད་དུ། །བྱོན་ནས་དམ་ཚིག་པ་ལ་ཐིམ་པར་གྱུར། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཀྱི་མཇུག་ཏུ་པདྨ་ཀ་མ་ལཱ་ཡེ་སྟཱཾ། ཀུན་འདུས་དྲིན་ཅན་རྩ་བའི་བླ་མ་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །གུས་པས་འབུལ་ལ་བརྩེ་བས་བཞེས་སུ་གསོལ། །རཏྣ་གུ་རུ་མཎྜལ་ས་པ་རི་ཝཱ་ར་ཨགྷཾ་ནས། ཤབྷའི་བར་གྱིས་མཆོད། །ཀུན་འདུས་དྲིན་ཅན་རྩ་བའི་བླ་མ་ལ། །ཡིད་འོང་གཟུགས་དང་སྒྲ་སྙན་རོལ་མོའི་ཚོགས། །དྲི་རོ་རེག་བྱའི་ཁྱད་པར་ཇི་སྙེད་པ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །རཱུ་པ་ནས། །སྤར་ཤའི་བར། ཀུན་འདུས་དྲིན་ཅན་རྩ་བའི་བླ་མ་ལ། །གཞན་ཡང་རིན་ཆེན་བདུན་དང་བཀྲ་ཤིས་ཀྱི། །རྟགས་བརྒྱད་རྫས་བརྒྱད་ལ་སོགས་ཇི་སྙེད་པ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སྔགས་གཤམ་དུ་སཔྟ་རཏྣ་ཨཱཥྚ་མཾ་ག་ལ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་ནས་བསྟོད་པ་གང་འོས་བྱས་པའི་མཇུག་ཏུ། དྲིན་ཅན་རྩ་བའི་བླ་མ་དམ་པ་ལ། །སྙིང་ནས་གུས་པས་ཡིད་ཀྱིས་གསོལ་འདེབས་ན། །འཁོར་བའི་ཕུན་ཚོགས་ཉེས་བརྒྱའི་འབྱུང་གནས་སུ། །ཤེས་ནས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །ཉམ་ཐག་འགྲོ་རྣམས་ཕ་མར་ཡིད་ཆེས་ནས། ཐེག་ཆེན་སེམས་བསྐྱེད་སྐྱེ་བར་གསོལ་བ་འདེབས། །མྱུར་དུ་སངས་རྒྱས་ཐོབ་འདོད་བློ་སྐྱེས་ནས། །རྡོ་རྗེའི་ཐེག་པར་འཇུག་པར་གསོལ་འདེབས་ན། །ཉམས་སུ་བླངས་པའི་ལམ་རྣམས་མ་ལུས་པ། །ཞི་བར་གོལ་(༤ན)


GLG015_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོག་པར་འཁྱམས་པ་སོགས། །ཉེས་པའི་སྐྱོན་རྣམས་མ་ལུས་རབ་བྲལ་ཏེ། །འཁྲུལ་མེད་བདེ་ཆེན་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ་པས། །སྤྱི་བོའི་ལྷ་ཚོགས་རྣམས་ཀྱི་ཐུགས་ག་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །རང་གི་སྨིན་མཚམས་ཡན་གང་བུམ་དབང་ཐོབ། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །ཐ་མལ་སྣང་ཞེན་ཞེན་པ་ཀུན་སྦྱངས་ཏེ། །སྐུ་ཡི་བྱིན་རླབས་ཐམས་ཅད་འཐོབ་པར་གྱུར། །མགྲིན་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ག་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །རང་གི་མགྲིན་པ་ཡན་གང་གསང་དབང་ཐོབ། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །ཟག་མེད་བདེ་ཆེན་ཡེ་ཤེས་རྒྱུད་ལ་སྐྱེས། །སྙིང་གའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་གྱི་བབས་པ་ཡིས། །རང་གི་སྙིང་ག་ཡན་གང་ཤེར་དབང་ཐོབ། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །བདེ་བས་སྟོང་པ་ངེས་པའི་ཡེ་ཤེས་སྐྱེས། །ལྟེ་བའི་ལྷ་ཚོགས་རྣམས་ཀྱི་ཐུགས་ག་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །རང་གི་ལྟེ་བ་ཡན་གང་རྒྱལ་བ་ཡི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ། །ཐོགས་པ་མེད་པར་གྲུབ་པའི་ནུས་པ་བཞག །གསང་གནས་ལྷ་ཚོགས་རྣམས་ཀྱི་ཐུགས་ག་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །རང་གི་གསང་གནས་ཡན་གང་ཞི་རྒྱས་དང་། །དབང་དྲག་འཕྲིན་ལས་སྒྲུབ་པའི་ནུས་པ་ཐོབ། །དེ་ནས་བླ་མ་རང་གི་སྙིང་དབུས་སུ། །སྤྱན་དྲངས་འོད་ཞུའི་ངང་ལ་མཉམ་པར་བཞག །ཚིག་གི་དབང་ཐོབ་རིག་པའི་ངོ་བོ་མཐོང་། །དེ་ནས་དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་བསྔོ་སྨོན་གྱིས་རྒྱས་འདེབས་བྱའོ། །དེ་ལྟར་ཐུན་མོང་མིན་པའི་ཞལ་ཤེས་གསུམ། །མ་གཏོགས་ཡི་གེའི་ཕྲེང་བར་བཀོད་པ་ཡི། །འགྲོ་ཀུན་དགེ་བའི་བཤེས་དང་མི་འབྲལ་ཞིང་། །ཐེག་མཆོག་ཆོས་ལ་སྤྱོད་པའི་དཔལ་གྱུར་ཅིག །ཅེས་བླ་མའི་རྣལ་འབྱོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒྲུབ་པ་དགེ་ལེགས་ཀྱི་གཏེར་མཛོད་(༤བ)


GLG015_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འང་། གསོ་རིག་སྨྲ་བ་བྱང་ངོས་འཚོ་བྱེད་བསོད་ནམས་དཔལ་བཟང་གིས་བསྐུལ་བ་ལྟར། ཟ་ཧོར་གྱི་བཙུན་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོས་སྦྱར། །ན་མོ་གུ་རུ་ཝེ། ཕན་བདེའི་འདོད་དགུའི་རེ་བ་ཀུན། །སྩོལ་མཛད་ཡིད་བཞིན་དབང་གི་རྒྱལ། །བླ་མའི་རྣལ་འབྱོར་དཔག་བསམ་གྱི། །ལྗོན་པའི་འབྲས་བཟང་འདི་ནའོ། །བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་ཀྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཅོག་ཅན་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་མཛེས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པ་ལ་ཡན་ལག་བདུན་པ་རྒྱས་བསྡུས་སྐབས་དང་སྦྱར་བ་འབུལ། གང་དྲིན་མ་སོགས་ཀྱི་གསོལ་བ་ཅི་ཤེས་བཏབ་པའི་མཐར། བླ་མ་རིན་པོ་ཆེ་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་དེ་ཉིད་འོད་དུ་ཞུ་སྟེ་རང་གི་སྤྱི་བོ་ནས་ཐིམ་པས། རང་གི་ལུས་ངག་(༥ན)


GLG015_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་ངོ་བོ་དབྱེར་མེད་དུ་གྱུར་པར་མོས་ནས། སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དང་། ཞེས་སོགས་ཀྱི་སྨོན་ལམ་ཅི་རིགས་བྱའོ། །བླ་མའི་རྣལ་འབྱོར་ཤིན་ཏུ་ཉུང་ངུར་བསྡུས་པ་འདི་ཡང་བཱ་དུར་ཧོང་ཐའི་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །དུས་གསུམ་རྒྱལ་བ་མ་ལུས་བཤེས་གཉེན་གཟུགས། །བསྟན་ནས་འགྲོ་རྣམས་འདྲེན་པར་ངེས་རྙེད་ཕྱིར། །ཕུལ་བྱུང་དངོས་གྲུབ་ཀུན་གྱི་གཞིར་གྱུར་པའི། །ཟབ་མོ་བླ་མའི་རྣལ་འབྱོར་འབྲི་བར་བྱ། །དེ་ལ་འདིར་ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བྱ་བ་ལ། སྔོན་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་དཀྱུས་ལྟར་བྱ། དངོས་གཞིའི་རིམ་པ་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀུན་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་རང་གི་སྤྱི་གཙུག་ཏུ། །སེང་ཁྲི་པདྨ་ཟླ་བའི་གདན་སྟེང་དུ། །ངོ་བོ་རང་གི་རྩ་བའི་བླ་མ་དེ། །རྣམ་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྐུ་མདོག་རབ་དཀར་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་མེ་ཏོག་པདྨ་དཀར་པོ་འཛིན། །གཡོན་པ་སེམས་ཉིད་ངལ་གསོའི་ཚུལ་གྱིས་བརྟེན། །མཐོན་མཐིང་དབུ་སྐྲ་རལ་པའི་ཐོར་ཚུགས་ལ། །ལྷག་མ་གསིལ་བུས་སྐུ་ཡི་སྟོད་ཕྱོགས་མཛེས། །རྩེ་ཕྲན་སྙན་ཆ་མགུལ་རྒྱན་གདུ་བུ་སོགས། །རིན་ཆན་རྒྱན་སྤྲས་དར་གྱི་ན་བཟས་ཀླུབས། །ཀྲྀཥྞ་སཱ་རའི་པགས་པ་ཕྲག་པར་བཀལ། །ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་བཞུགས། །དེ་ཡི་གཙུག་ཏུ་བརྒྱུད་པའི་བླ་མའི་ཚོགས། །རྣམ་པ་སྤྱན་རས་གཟིགས་ཀྱི་ཟློས་གར་ཅན། །མཐོར་བརྩེགས་ཚུལ་བཞུགས་རྒྱབ་མདུན་ཕྱོགས་མཚམས་ཀུན། །སླུ་མེད་སྐྱབས་གནས་ཚོགས་(༥བ)


GLG015_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡོངས་བསྐོར་བའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྐད་ཅིག་གིས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པའི། །རིགས་ལྔས་དབང་བསྐུར་སྣང་མཐས་དབུ་བརྒྱན་གྱུར། །མཆོད་པ་རྣམས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཨོཾ་མཱུ་ལ་མཱུ་ལཱ་ནཱི་ཤྲཱི་མཏྶངྒུ་རུ་ཨཱཪྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར། །རཱུ་པ་ནས་སྤཪྴའི་བར། སཔྟ་རཏྣ་པཱུ་ཛེ་ཏི་ཨཱ་ཧཱུཾ། ཨཥྚ་མངྒ་ལ་པཱུ་ཛེ་ཏི་ཨཱཿ ཧཱུཾ། མངྒ་ལ་བྷ་ཝ་པཱུ་ཛེ་ཏི་ཨཱཿ ཧཱུཾཿ ཞེས་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་རྣམས་དང་། བཛྲ་བྷཱུ་མི་སོགས་ཀྱི་མཎྜལ། ཇི་སྙེད་སུ་དག་སོགས་ཀྱི་ཡན་ལག་བདུན་པ་བྱ། དེ་ནས་གསོལ་བ་བཏབ་པ་ནི། ངོ་མཚར་ཡིད་འོང་ལྟ་ན་སྡུག་པའི་ཡུལ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། །ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ས་ལ་གནས་པའི་དག་པའི་ཞིང་གི་མཆོག །ལྷོ་ཕྱོགས་རི་བོ་གྲུ་འཛིན་ཕོ་བྲང་ན། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གངས་ཅན་བོད་ཡུལ་དབུས་འགྱུར་རྡོ་རྗེ་གདན། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་བཟང་ན། །སྤྲུལ་སྐུ་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཁས་གྲུབ་དུ་མའི་འདུན་ས་ཆོས་གྲྭ་ཆེ། །དགའ་ལྡན་རྣམ་པར་རྒྱལ་བའི་ཕོ་བྲང་ན། །ཡང་སྤྲུལ་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྲོང་བཙན་སྒྲུབ་པའི་བསྟི་གནས་ལྷ་མོ་མཁར། །བྱང་ཆུབ་ཤིང་གིས་བརྒྱན་པའི་ནགས་ཁྲོད་ན། །འཇམ་དབྱངས་སྣང་མཛད་(༦ན)


GLG015_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བདེ་བའི་རྡོ་རྗེ་མི་འགྱུར་གསང་སྔགས་ཀྱི། །ཆོས་འཁོར་ཆད་མེད་སྐོར་བའི་ཕོ་བྲང་ན། །མཁས་གྲུབ་ཤྲཱི་བྷུ་ཏིར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ་པར་མོས། དེ་ནས་རྩ་བའི་བླ་མ་ལ་དམིགས་ཏེ་རང་ཉིད་ཀྱི་ཅི་ཤེས་པའི་གསོལ་འདེབས་ཀྱི་རིམ་པ་བྱ་ཞིང་། གཞན་ཡང་། ངག་གི་དབང་ཕྱུག་བློ་གྲོས་བྱེ་བའི་གཏེར། །སྐལ་བཟང་གདུལ་བྱའི་དོན་དུ་ངུར་སྨྲིག་གི །རྣམ་རོལ་ཐུབ་བསྟན་རྒྱ་མཚོའི་ཤིང་རྟ་ཆེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་ཅི་ནུས་གསོལ་བ་བཏབ། དེ་ནས། དྲིན་ཅན་རྩ་བའི་བླ་མའི་བྱིན་རླབས་ཀྱིས། །འདིར་སྣང་ཚེ་འདིར་ཞེན་པ་རང་ལོག་ཏེ། །སྙིང་ནས་དམ་ཆོས་ཚུལ་བཞིན་སྒྲུབ་པའི་བློ། །བཅོས་མིན་སྙིང་ནས་སྐྱེ་བར་བྱིན་གྱིས་རློབས། །འབད་པས་བསྒྲུབས་པའི་ཐོས་བསམ་སྒོམ་པ་སོགས། །རྣམ་དཀར་དམ་པའི་ཆོས་སུ་སྤྱད་པ་ཀུན། །སླུ་མེད་འབྲས་བུའི་ཆོས་བཞིན་ལེགས་འབྱིན་པའི། །ཡང་དག་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ཟབ་ལམ་སྒོམ་པའི་ལོག་རྟོག་འཁྲུལ་པ་ཀུན། །རྣམ་པར་ཞི་ནས་གང་ཤར་མ་ལུས་པ། །ཕུལ་བྱུང་དག་པ་ཡེ་ཤེས་སྣང་བའི་གཏེར། །མི་འཛད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས། །གཟུགས་སྣང་ཐམས་ཅད་རྟེན་དང་བརྟེན་པའི་ཚུལ། །སྒྲ་རྣམས་མ་ལུས་གྲགས་སྟོང་སྔགས་ཀྱི་གདངས། །སྣང་བ་མཐའ་དག་བདེ་སྟོང་ཡེ་ཤེས་སུ། །འབད་པ་མེད་པར་འཆར་བར་བྱིན་གྱིས་རློབས། །མདོར་ན་རྩ་བརྒྱུད་བླ་མའི་བྱིན་རླབས་ཀྱིས། །བསམ་པའི་དོན་ཀུན་མ་ལུས་ལེགས་འགྲུབ་ཅིང་། །ཚེ་གཅིག་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་། །ཐོབ་ནས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །ཞེས་(༦བ)


GLG015_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས་བླ་མའི་གནས་གསུམ་ནས་ཡི་གེ་གསུམ་དང་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་རིམ་གྱིས་བྱུང་། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས། བུམ་པ། གསང་བ། ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་བྱིན་རླབས་ཀྱི་ཚུལ་དུ་ཐོབ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་འགྲུབ་པའི་ནུས་པ་བཞག །ལམ་བསྐྱེད་རིམ། གཏུམ་མོ། །ཕོ་ཉའི་ལམ་སྒོམ་པར་དབང་བར་བྱས།འབྲས་བུ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ་འགྲུབ་པའི་ནུས་པ་ཐོབ་པར་བསམས། དེ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ཞེས་སོགས་ཀྱིས་གསོལ་བ་བཏབ་པས། སྐྱབས་ཡུལ་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་ལ་དམིགས་ཏེ་བླ་མ་རིན་པོ་ཆེ། བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་དེ་ཉིད་འོད་དུ་ཞུ་རང་གི་སྤྱི་བོ་ནས་ཐིམ་པས་རང་སེམས་དང་བླ་མའི་ཐུགས་ངོ་བོ་དབྱེར་མེད་དུ་མོས་ནས་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་པས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་མཛོད་ལ་དབང་བའི་ནུས་པ་བཞག །ལམ་དེ་ཁོ་ན་ཉིད་སྒོམ་པ་ལ་དབང་བར་བྱས། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་ཐོབ་པར་མོས། འཇུག་ཏུ་དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱ། དེ་ལྟར་འཕགས་མཆོག་སེམས་ཉིད་ངལ་གསོ་ལ། །བརྟེན་པའི་ཉེ་བརྒྱུད་བླ་མའི་རྣལ་འབྱོར་འདི། །ཆོས་རྗེ་བཀའ་བཅུ་ངག་དབང་ཕུན་ཚོགས་ཀྱིས། །བསྐུལ་ཚེ་ཟ་ཧོར་རིགས་ཀྱི་སྡོམ་བརྩོན་མཁན། །ཨ་ཝ་དྷཱུ་ཏཱིའི་བཙུན་པ་ལྡོམ་བུ་པས། །བྱང་ཕྱོགས་མདོ་པ་ཞེས་པར་ཐོགས་མེད་དུ།(༧ན)
སྦྱར་བའི་སོར་མོའི་འཕྲུལ་གྱིས་སྒྱུར་མཛད་མཁན། །དོན་གྱི་པཎ་ཆེན་སྨོན་འགྲོ་ལོ་ཙཱའོ། །


previousབླ་མའི་རྣལ་འབྱོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒྲུབ་པ་དགེ་ལེགས་ཀྱི་གཏེར་མཛོད།next