Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
   
   
   
   
   


 
previousསློབ་དཔོན་པད་མ་འབྱུང་གནས་སོགས་འཕགས་བོད་ཀྱི་བླ་མ་རྣམས་ལ་བསྟོད་པ།next

སློབ་དཔོན་པད་མ་འབྱུང་གནས་སོགས་འཕགས་བོད་ཀྱི་བླ་མ་རྣམས་ལ་བསྟོད་པ།


GLG015_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པད་མ་འབྱུང་གནས་སོགས་འཕགས་བོད་ཀྱི་བླ་མ་རྣམས་ལ་བསྟོད་པ་བཞུགས་སོ། །སྭ་ཏའི་སྡཻབ་སྦྱོར་མགོ་ཤ་དབྱངས། སྭཱམྱཔྫཿ སཾཁྱཛཾགུཧྱཱབིཤྭནནིརྨྨཀྲྀཙཱཀོཥཱ། བགྲང་མེད་རྒྱལ་བ་ཀུན་གྱི་གསང་བའི་མཛོད། །སྣ་ཚོགས་སྤྲུལ་པའི་གར་མཛད་མཚོ་སྐྱེས་རྗེ། ཛྙཱདཱཡཱཤསྟྱནུབྷཱཝཾབྷོཊཀྲྀཤུཀླཤིརསེབནྫཁཱིཡབྷཱུ། །མཁྱེན་བརྩེ་ནུས་པའི་མཐུ་ཡིས་གངས་ཅན་ལྗོངས། །ཕན་བདེའི་འོད་ཀྱིས་དབང་མཛད་སྤྱི་བོར་བསྟེན། །(༣༣ན)


GLG015_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩཿ སྠེཀཉྩཀུལཱནཱཾསཧོརཾམཱདྷྱེབངྐཱསྨཡཧཱམཽལིརཏྣཿ། །རྨད་བྱུང་ཟ་ཧོར་རིགས་ཀྱི་ཆུ་གཏེར་དབུས། །གནས་ལྔ་རིག་པའི་ནོར་བུའི་ཅོད་པཎ་ཅན། ཤྲཱིདཱིཔཾཀཱསུཔརྡུཿ གཽམིཀོཧཱསིཝཱརྣཱེནྡྲེ ནགབྷོགཤྩལཱནཱ། མཁས་བཙུན་བཟང་པོའི་གདེངས་ཀ་གཡོ་བ་ཡི། །མར་མེ་མཛད་དཔལ་ཀླུ་ཡི་དབང་པོར་བསྔགས། །བུདྷདུབྡྷིནགོཿ བགུམོཧཱམཱཏིཨམཽརྨུཁཱཙཱམྲིཏམཱཧྱཾ། །རྟོགས་དཀའ་རྣམ་འདྲེན་གསུང་གི་བ་ཀུ་ལ། །བློ་གྲོས་བཞིན་བཟང་ཁ་ཆང་ཟིལ་དངར་གྱིས། རུཙིརཻཥབྷཝཱཙཀརཱཧཾཀཱིརྟིཀམེབྷུཛཡནྟུབིཧཱསཾ། །རྣམ་པར་བཞད་པ་གྲགས་པའི་དབྱར་སྐྱེས་རྔ། །སྲིད་འདི་མཛེས་པར་བྱེད་ཁྱོད་རྒྱལ་གྱུར་ཅིག །(༣༣བ)


GLG015_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱིམཱཉྩཀྲཨཱཏྨཀབཱུཾ། །བརལཱརོབྷུཏཱིནྡྲསུ། །དཔལ་ལྡན་འཁོར་ལོའི་བདག་ཉིད་ཅན། །ཐེག་མཆོག་འབྱོར་པར་ལེགས་དབང་བའི། །ནིརཱབྷོགབྱཱདིནཱཔཿ ནམོགྲེགཙྪ། ཎིཀྲྀ། །ལྷུན་གྱིས་གྲུབ་པའི་གདོད་མའི་མགོན། །ལག་རྩེར་རྩོལ་བར་མཛད་ལ་འདུད། ཅེས་ཤོ་ལོ་ཀ་དང་པོས་གུ་རུ་མཚོ་ལས་སྐྱེས་པའི་རྡོ་རྗེ། གཉིས་པས་དཔལ་མར་མེ་མཛད། གསུམ་པས་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པ། བཞི་པས་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་ལ་བསྟོད་པ་འདི་ཡང་། ལང་ཀའི་གྲོང་ཁྱེར་ས་ལ་འཕོས་འདྲ། ཤར་ཕྱོགས་འོལ་ཁ་སྟག་རྩེའི་གཟིམས་ཁང་ཁམས་གསུམ་གྱི་སྒོ་འགྲམ་མཛེས་བྱེད་དུ་བློ་གྲོས་ཟླ་བའི་དཀྱིལ་འཁོར་དུ་ཤར་བའི་རྒྱན་ཚིག་རི་དྭགས་ཀྱི་གཟུགས་ཅན་ནོ། །(༣༤ན)


GLG015_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཨམསརཎིདྷཱཏུཧཱནུནམོཔཏིནཱརཱིབྷཀེམིབྷཾསཽཁཾམཧཱཤཱུནྱརུཔསྟནཱུཏྱབྷིཨུཔཔཱལིཏེ྅སཾཁྱཧཱསྭཱད། ནྡོཤྩཨཱནེཧཱིཀཱནཱཾབིཔཱཀཱཏྟུཔརྟེཛསཱི། །བགྲང་མེད་སྐུ་གསུམ་མངོན་པར་དགའ་བའི་ཚིག་གི་མདའ་ཅན་རྫིང་རིང་དབྱིངས་སུ་ཟློས་གར་སྒྱུར་བའི་གཡོན་མིག་མའི། །བདེ་ཆེན་ཆུ་འཛིན་སྲིད་པའི་ལམ་དུ་སྟོང་གཟུགས་དྲི་ཞིམ་དུས་ཀྱིས་ཉེར་བསྐྱངས་ཀུནྡ་ཡོངས་སུ་སྨིན་པ་ལས། །ཡུབནམཎཱེསུམཱལགཱལངྐཏཤྩནྡྲགརྦྷེཧརཾཀཱཔཊུ ཨཻདྷིཀོཧརམཱཡཱཤྩརཿ པྲཏིཀྲྀཏིཧིཛཡནྟུཧཱཔུཥྤམཱཾདྷཱུམཡོནེརྟུགཽམཱརིཀཾདཻཤནདྲིདྭཙཀྲབྱཙ། །གཉིས་མེད་གཉིས་སུ་རྗེན་པར་སྟོན་པའི་ངོ་མཚར་སྒྱུ་འཕྲུལ་དྲ་བའི་སྣང་བརྙན་གཞོན་ནུ་སྤྲིན་གྱི་མེ་ཏོག་ཅན། །མཁས་གྲུབ་རྐང་འཐུང་ནོར་བུའི་འཕྲེང་བཟང་སྡུད་པའི་ལང་ཚོས་རྒྱ་མཚོའི་མར་གསར་སྙེམས་པ་འཕྲོག་བྱེད་རྒྱལ་གྱུར་ཅིག །(༣༤བ)


GLG015_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པྲབྷུཏཙཏུསུཁཛམྲཱཛཏེབརྟྱནུཥྤཱནོདྷཱམོཧཱིནདྷཱཏོཤྩབྷཱཝཾཔཏིཀུལབྷུབིསམཔྟཱཀཱརཾཔཱུ ཛདཱཧཱཔྲཔུཥྚོམཧཱརཱཐིཀཾཛཱནིཀཱནཱཾ། །རིང་མོ་ཉིད་ནས་མི་འགྱུར་དགའ་བཞི་རྫོགས་པར་རབ་རྒྱས་མཆོད་སྦྱིན་རྣམས་ཀྱིས་བསྐྲུན་པའི་ཤིང་རྟ་ཆེ། །དམན་པའི་ཁམས་ཟོང་ཐེག་མཆོག་ནོར་གྱི་བློ་གྲོས་བདག་རིགས་འཛམ་བུའི་གསེར་དུ་བསྒྱུར་ལས་བསྒྲུབས་པ་ཡི། ཛྙཱནཔརཙཏུནཡཱབྷུམཧཱདྷིཔྱཀོསཾགསཿ ཀཱཡཔེཏཤྩབཛྲེཧིཡོགོཏྲིབལབྷབཱཨནུཀྐུཾལཾཛྙམིཏྲོབིཧཱསརྦཱཙཀྲེཎབརྟེསྟུཔརྻཱདནེཏྲཾ། །རྣམ་པ་ཐམས་ཅད་མཁྱེན་པ་མཆོག་གི་ཡེ་ཤེས་ས་ཆེན་གླིང་བཞིར་འདྲེན་པར་བྱེད་ལ་ཐོགས་བཅས་དང་། །བྲལ་བའི་སྟོབས་ལྡན་རྡོ་རྗེའི་རྣལ་འབྱོར་ཀུན་ལ་འཁོར་ལོས་སྒྱུར་ཁྱོད་སྲིད་པ་གསུམ་གྱི་མཛའ་བའི་བཤེས། །(༣༥ན)


GLG015_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏཱཨིནྡྲཡུདྷསྟ། ཛཡཔལོཤྲཱིཡཱཾརསོབྷཱརིཏོདྷཱརཤྴུདྡྷཙབྷཱཝཧཱདྷརགྲྀཧཻཀསྨིཉྩཁཱིདྲིཔཧཱ། །འཇའ་ཚོན་ལྟར་བཀྲ་དག་པའི་རང་བཞིན་གཟུང་དུ་མེད་པའི་ལྡིང་ཁང་ནས། །གྱ་ནོམ་རོ་ལྡན་འབྲས་བུའི་ཁུར་འཆང་ལྗོན་པའི་གླིང་འདིར་རྒྱལ་བ་ཀུན། ཉགེཎཱནུཛཱགཔྲཙེངནརྡྡུརཾསབཤྴབྲཾཧཱབྷབསྟུ྅ཤྲིཡབསུཾགྲཱིིཧརཿཔུརུཥཱནཙཱནུཏཱཾནཙཱནུཏྟེརཾ། །འགྲོ་ལ་རྗེས་སུ་ཆགས་པས་རབ་བསྐུལ་མི་ཡི་སྲིད་པའི་ཟོལ་བརྟེན་པ། །སྐྱེས་བུའི་ཁྱུ་མཆོག་བླ་ན་མེད་ཁྱོད་ལུས་ཅན་བསོད་ནམས་དངོས་པོས་བསྒྲུབས། །(༣༥བ)


GLG015_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཤུཀླཻཀབུདྡྷུཙབལཤྲབབྷཏྲིཀཾཧཱཔརྱནྟཀཱརསུཙཡོབནལཀྵཎཱདྷ། །ཨཪྻཱཔྟདེཤནཛིབྷབཙཨཱུརྤྱརཱུབཿསཾཕྱཕུཎཾརུཅིརཀཱནྟཏུཛཱཡཀཱཡེ། །མཐའ་ཡས་ལེགས་བྱས་ཚོགས་ཀྱི་འདོད་པའི་མྱོས་བུམ་ལས། །གཅིག་ཏུ་དཀར་པོར་འཛག་པའི་འབྲས་བཟང་བདེ་གཤེགས་ཀྱི། །མཛེས་སྡུག་གཉིས་གཟུགས་གྲངས་ཀྱི་ཡོན་ཏན་གང་གི་སྐུར། །ཡོངས་སུ་རྫོགས་པས་སྐྱེ་རྒུར་རྣམ་འདྲེན་དངོས་སུ་བསྟན། །པྲམདྷཱུརཛིཧྲཱཏྲིབྷབིཏནིགྷོཥདྷརྨྨམཱལཙཡནཱཀྵསཿ། །མེསུརཔཱུརཾསཱམིཀབྷོཊཻའཾཿསུབྷབབརཎྚཧཱཿ། །རབ་སྙན་རྒྱུད་པས་ཐེག་པ་གསུམ་གྱི་ཆོས། །སྒྲ་དབྱངས་མི་ཟད་འབྱུང་བའི་སྨྲ་བའི་སྟེགས། །དྲུག་ཅུའི་གསུང་བཅུད་ཀྱིས་བལྟམས་ཟ་མ་ཏོག །བསིལ་ལྡན་ཁ་བའི་ལྗོངས་འདི་སྐལ་བ་བཟང་། །(༣༦ན)


GLG015_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཛྙཙཱརརཱུབཱཙིཏྟཀོཥམེཨཱསརྦཱཔཱུནཀྲྀབིཤྲཱནྟསྱབྷཎྜཛནེཏདྷཱཏཱཀྲྀཔྲབིཥྚཏུ། །ཐུགས་ཀྱི་མཛོད་དུ་ཤེས་བྱ་ཀུན། །གང་བར་མཛད་པའི་མཁྱེན་དཔྱོད་གཟུགས། །ཤོང་བའི་ཡོལ་གོ་སྐྲུན་པ་ལ། །གསེར་མངལ་ཅན་དེ་ངལ་སྙམ་བྱེད། །བདེ་བར་གཤེགས་པའི་ཡེ་ཤེས་རང་སྣང་སྣང་མཛོད་ཇི་བཞིན་མི་ཤེས་མུན་པ་བཅོམ་པའི་རྒྱུད། །རྒྱུད་མང་གླུ་ལས་ཆོས་ཀྱི་དབྱངས་སྙན་སྙན་པར་སྒྲོག་པའི་ཐོས་འཛིན་ཡུལ་དུ་འཁྲུལ་སྟེར་མ། །མ་འདྲིས་མཐའ་ཀླས་འགྲོ་བའི་མཛའ་བཤེས་བཤེས་གཉེན་དམ་པའི་གཡོ་མེད་ཞབས་ཟུང་འཁོར་ལོ་མཆོག །མཆོག་གི་ཡན་ལག་རྩེར་བཀོད་ཚུལ་འཛིན་འཛིན་དང་བཀླག་སོགས་ཆོས་སྤྱོད་བཅུ་ལ་སྦྱངས་པའི་ཚུལ། །ཚུལ་མིན་མི་ཤེས་དྲི་མ་ཕྱུང་ཡང་ཡང་དག་མཛད་པ་འདི་ཀོ་བསྟན་པ་ན། །ན་ཚོད་སྨིན་པའི་ཁུར་གྱིས་རབ་མཐོ་མཐོ་རིས་འདྲེན་པ་ཚངས་དབང་པད་དཀར་མིག །མིག་གསུམ་པ་དང་འགྲོ་བའི་ཤིང་རྟ་རྟ་བདུན་དཀར་པོ་གླང་པོའི་གདོང་ཅན་མ། །མ་དྲུག་ལ་སོགས་སྙེམས་པ་ཅན་ཀུན་ཀུན་ཆོས་དགའ་བས་གཙུག་ཏུ་ཁྱོད་བསྟེན་ན། །ན་རྒ་སྐྱེ་འཆིའི་སྡུག་བསྔལ་ཚོགས་ཞི་ཞི་བར་མི་གནས་མྱ་ངན་འདས། །འདས་དང་མ་(༣༦བ)


GLG015_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་དུས་གསུམ་ཀུན་མཁྱེན་མཁྱེན་པའི་བླ་མེད་ཡེ་ཤེས་གང་། །གང་འདིར་ལག་རྩེར་སྩོལ་བར་མཛད་ངེས་ངེས་པའི་བློ་རྙེད་སྐྱབས་དང་མགོན། །མགོན་ཁྱོད་མཚུངས་ཟླ་གཞན་དུ་མེད་དེ་དེ་ཕྱིར་ཟས་གཙང་སྲས་ཉིད་དཔེ། །མང་ཐོས་མཁས་པའི་གྲུ་གཟིངས་ལ་བརྟེན་ནས། །གྲུབ་མཆོག་ཡིད་བཞིན་ནོར་བུ་དབང་གི་རྒྱལ། །སྐལ་བཟང་སྐྱེ་བོར་སྟོན་པའི་དེད་དཔོན་ཆེ། །ལུང་རྟོགས་འདོད་དགུས་རྒྱ་མཚོའི་གོས་ཅན་བཀང་། །རྨད་བྱུང་མུ་མཐའ་བྲལ་བའི་བློ་གྲོས་ཀྱིས། །གནས་ལྔའི་རིག་པ་མཁྱེན་ལ་མཚར་དུ་ཅི། །གཟོད་མ་ཉིད་ནས་རྫོགས་པའི་སྟོབས་བཅུའི་རྩལ། །འདི་ཡིས་ཤེས་བྱ་ཀུན་མཁྱེན་བསྟན་མིན་ནམ། །གསུང་རབ་མཐའ་དག་སྒྲིབ་གཉིས་སྤོང་ཐབས་སུ། །གདམས་པར་དགོངས་ཁྱོད་འདོད་ལ་མི་དགྱེས་ཀྱང་། །ཆགས་སོགས་ལམ་སྤྱོད་ཐེག་པ་ལྷུར་མཛད་པས། །འདོད་ཡོན་འདོར་བ་གཞན་ངོ་ཙམ་དུ་ཁུམས། །མགོན་ཁྱོད་བྱོན་ནོ་མཁྱེན་པས་མཁས་པའི་རྩེར། །བག་ཡོད་མྱུར་བླངས་བཙུན་པའི་གོ་འཕངས་ལ། །བདག་གཞན་བརྗེས་པས་རྒྱལ་སྲས་རྣམས་ཀྱི་གཙུག །ཕྱི་ནང་གཞན་གསུམ་སྦྱར་བས་སངས་རྒྱས་སར། །དཔྱོད་ལྡན་གདུལ་བྱའི་རྣ་བར་ཆོས་ཀྱི་རྔ། །སྒྲོག་ལ་ཤིང་རྟ་ཆེ་དང་རྗེ་བཙུན་གང་། རབ་མཚུངས་ཀླུ་སྒྲུབ་རྒྱ་གར་པཎ་ཆེན་གཙུག །རྗེ་བཙུན་གངས་ཁྲོད་མཁས་པའི་བླ་ན་མཛེས། མ་སྨད་སྦྱངས་པའི་བགྲོད་བྱེད་བརྒྱད་རྫོགས་ཤིང་། །མི་བཟད་རིགས་པའི་སྡེར་མོའི་རྣོ་དབལ་གྱིས། །ཕས་རྒོལ་གདོང་ལྔ་པ་ལ་འཆི་བའི་སྦྱིན། །སྟེར་ཁྱོད་སྔ་ན་མེད་པའི་ཤ་ར་བྷ། །ཕྲ་རགས་དྲང་དང་ངེས་པའི་བཱ་ཀུ་ལའི། །ཇི་བཞིན་འབྱེད་ཀའི་ཚིག་དོན་འདབ་མའི་ཁ། །རྣམ་དཔྱོད་ལུས་ཕྲའི་འགྲམ་ཆང་གིས་ཕྱེ་བ། །སྔོན་མེད་ལེགས་བཤད་གླེགས་བུའི་ཟེའུ་འབྲུ་ལྡེམ། ཕྱི་ནང་གཙུག་ལག་རིགས་གཞུང་འབྱམས་ཀླས་པར། །དཔྱོད་ལ་ཙནྡྲ་གོ་མི་དུས་ཞབས་པ། །ལཀྵི་ཀ་ར་དཔལ་ལྡན་དཔའ་བོའི་སྡེ། །(༣༧ན)


GLG015_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྐྱངས་རྣམས་ཇི་བཞིན་རྣམ་པར་མཁས། །ཉེ་རེག་རྙོག་བྲལ་ཚངས་སྤྱོད་འདབ་མ་བརྒྱ། །འཛུམ་ལས་ཚུལ་ཁྲིམས་གེ་སར་རྒྱས་པ་ཅན། །གསལ་སྟོང་ཕྱག་རྒྱའི་བུང་བས་དྲངས་པའི་ཁམས། །སྦྲང་རྩིའི་དགའ་སྟོན་མི་སྲིད་སྲིད་པའི་དཔེ། །འཕོ་མེད་བདེ་བའི་དབྱར་གྱི་དཔལ་མོའི་སྒོ། །མཁའ་སྟོང་ཕྱོགས་མིག་ས་ཧཱ་ཀཱ་རའི་ཤིང་། །དྲི་བཟང་ཁ་སྦྱོར་ཡན་ལག་བདུན་གྲུབ་པའི། །བརྒྱ་པའི་ཚེ་ཡུན་གྲངས་མེད་བསྐལ་གསུམ་རྫོགས། །རྒྱལ་བསྟན་སྤྱི་དང་ཐོག་མའི་མགོན་པོ་ཡི། །ལུང་རྟོགས་གསར་ལྡན་ལྕི་པའི་ཉེས་བཤད་ཀྱིས། །བྱིང་ཚེ་མཁྱེན་པའི་མཆུ་རིང་གིས་འདེགས་པའི། ཁུར་འདིས་བདེ་བར་གཤེགས་རྣམས་ཞི་བར་མནལ། །སྙིང་རྗེའི་གཞན་དབང་དཔྱིད་ཀྱི་མ་མ་ལས། །ལུས་སྲོག་གཏོང་ཕོད་མཆོད་སྦྱིན་ནམ་མཁའི་གོས། །གྲགས་སྙན་དབྱར་རྔ་བསྒྲགས་པས་ཐོས་སྒྲོག་རྣམས། །ཐེག་ཆེན་རིགས་ཀྱི་མདོངས་མཐའི་མངལ་འཇིན་སྙམ། །གཡོ་མེད་གོམས་པའི་ཤུགས་ལྡན་ཏིང་འཛིན་ལས། །ནུས་པའི་འདབ་ལྡན་མཚོན་ཆའི་འཁྱོག་འབར་གྱིས། །ནག་པོའི་ཡིད་བརླམས་སྡེར་བཅས་སྔོན་གྱི་ལྷ། །མཐར་བྱེད་ཁྱོད་ལ་རྒོལ་བའི་ཀླན་ཀ་སུ། །བུ་རམ་ཤིང་པའི་རྗེས་ཞུགས་བཤེས་གཉེན་ནང་། །མཁས་དང་གྲུབ་པའི་དཔལ་ཁྱོད་ངེས་མཆིས་ཏེ། །གཞན་གྱིས་བཏང་སྙོམས་ཀྱིས་བོད་དཀའ་གནད་མདུད། །བཀྲོལ་བའི་བསྟན་བཅོས་འདི་རྣམས་གང་ལས་བྱུང་། །ཕུལ་བྱུང་བློ་གྲོས་དབྱིག་འཛིན་རྩེར་སོན་པའི། །རིང་ལུགས་རྣམ་པར་རྒྱལ་བའི་ཁང་བཟང་ནས། །ཟབ་དོན་དགོངས་འགྲེལ་འཆི་མེད་བདུད་རྩིའི་བཅུད། །གྲགས་པ་སྐལ་ལྡན་ལུས་ཕྲའི་རྣ་བར་འཇེབས། །སྟོང་གཟུགས་གསེར་སྦྱངས་རེག་བྱ་གར་དགུའི་མདངས། །ངུར་སྨྲིག་ཚོན་རིས་བཀྲ་བའི་མེ་ལོང་ངོས། །(༣༧བ)


GLG015_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཚེ་སཱ་ལའི་ལྗོངས་སུ་པདྨ་དཀར། །གནས་ཞེས་ཤམ་བྷ་ལ་རུ་གཏམ་དུ་གླེང་། །ཀུན་གསལ་མཐའ་ལྟར་བློ་གྲོས་ཡངས་ཀྱང་ཡོན་ཏན་ཚོགས་ཀྱིས་དོག་པོར་བཀོད། །ལེགས་གསུང་ཆོས་ཀྱིས་ཉོན་མོངས་བཅིལ་ཡང་ཚིག་དོན་གླུ་ལ་མཁས་རྣམས་སྲེད། །མི་སློབ་ཟུང་འཇུག་མངོན་དུ་གྱུར་ཀྱང་སངས་རྒྱས་འཐོབ་ཕྱིར་སྒྲུབ་ལ་གཞོལ། །གསང་གསུམ་མཛད་པ་གཏིང་མཐའ་བྲལ་ཡང་ཉམ་ཆུང་བདག་འདྲ་བརྗོད་སྙམ་བྱེད། །བཤེས་གཉེན་མཆོག་གི་སིནྡྷུའི་བདག་པོ་དམན་པའི་བློ་གྲོས་དག་གི་གཤོག་རྩེས་བསྐྱོད་པ་ལས། །བླ་ན་མེད་པའི་རྟོགས་པའི་གདེངས་ཅན་རྗེན་པར་ལེགས་མཐོང་ལུང་གི་ཕུད་སྒྲ་སྒྲོག་འདོད་པའི། །ངལ་བ་འཛིན་འདི་མཁའ་ལ་རི་མོ་བྲི་དང་མཚུངས་མོད་འོན་ཀྱང་དུས་མཁྱེན་རྒྱལ་པོ་ལྟར། །དོ་ཟླར་བྲལ་བའི་དགེ་བའི་དངོས་པོ་རྣམ་དཀར་དྲི་མེད་ག་བུར་ཆུ་རྒྱུན་འབབས་པ་ཡིས། །ལན་གཅིག་མིན་པར་སྡུག་བསྔལ་གསུམ་གྱི་ཚ་བས་མནར་བའི་སྲིད་པའི་མེ་འོབས་ཆེན་པོ་ན། །མ་རིག་འཁྲུལ་བའི་སྣང་བར་ཞེན་པའི་བུད་ཤིང་ཚོགས་ཀྱིས་བསྐྱེད་པ་ལས་བྱུང་ཉམ་ཐག་པའི། །ལུས་ཅན་ཀུན་གྱི་ཚ་བའི་ནད་རྣམས་མ་ལུས་བཅོམས་ནས་ཐར་པའི་བསིལ་ཁང་ཉམས་དགའ་བར། །གནས་སྟེ་རྙོག་བྲལ་རྫིང་བུར་འཇུག་པའི་དཀའ་ཐུབ་ལ་བརྟེན་བདེ་ཆེན་རྒྱལ་བའི་ས་འགྲུབ་ཤོག །ནོར་འཛིན་ལུས་ཕྲའི་ལྟོ་བར་དུང་བའི་སྡེ་བཞིའི་འདོད་རྒུ་རབ་འཁྱིལ་བར། །ནམ་མཁའི་སྒོ་གླེགས་བརྒྱ་ཕྲག་ལས་འོངས་མཐོ་རིས་དཔལ་ལ་དབང་བའི་ལྷ། །རྩོད་པའི་དུས་སུ་སྟོབས་ཀྱི་འཁོར་ལོ་ཐོགས་མེད་བསྒྱུར་བའི་བཀའ་ཁྲིམས་ཀྱི། །གསེར་གྱི་གཉའ་ཤིང་ཉི་ཟླ་ཇི་སྲིད་གནས་བར་དེ་སྲིད་ལྕི་གྱུར་ཅིག །བདེ་ལེགས་ཆུ་ཀླུང་འབུམ་ཕྲག་ཚོགས་རྣམས་དུས་ཀུན་དགེ་བའི་ལྷུང་ལྷུང་སྒྲར་བཅས་དལ་གྱིས་འབབ་བའི་ཁུར། །མུན་པའི་གོ་སྐབས་རིང་སྤངས་སྒྲོན་མེའི་བསྐལ་(༣༨ན)


GLG015_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་འཛིན་དཀར་པོར་ལྔ་བདོའི་ཚུལ་ལ་འཇིགས་བྲལ་བའི། །སྙིང་སྟོབས་རྩལ་གསུམ་ཡོངས་རྫོགས་ཉི་མའི་གཉེན་གྱུར་འཕྲོག་བྱེད་ལུས་ངག་ཡིད་གྱི་བསྟན་པའི་ཡང་སྙིང་མཆོག །བློ་བཟང་རྒྱལ་བའི་མི་ཟད་ང་རོའི་རྒྱུད་ཀྱི་དབྱངས་འདིའི་གྲགས་པ་སྲིད་མཐའི་བར་དུ་འབར་གྱུར་ཅིག །ཅེས་གངས་ཅན་ལྗོངས་ཀྱི་མཆོག་གི་དང་པོའི་སངས་རྒྱས་ཀྱི་ཤིང་རྟའི་སྲོལ་འབྱེད་དུས་ཞབས་པ་ཆེན་པོ་མཁས་གྲུབ་ནོར་བཟང་རྒྱ་མཚོ་དཔལ་བཟང་པོ་ལ་བསྟོད་པ། ཏམྦུ་རའི་དབྱངས་ཞེས་བྱ་བ་འདི་ཡང་། དམ་པ་གང་གི་སྐུ་བརྙན་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་སྒོ་རྒྱན་མཛེས་བྱེད་དུ། ཡུལ་ལྷོ་ཕྱོགས་སྨན་ལྗོངས་སུ་བྱུང་བའི་ཟ་ཧོར་གྱི་རྒྱུད་ལས་རིག་བྱེད་པ་ཚངས་སྲས་བཞད་པའི་རྡོ་རྗེས། འགྲོ་བའི་བླ་མ་ཤཱཀྱ་སེང་གེ་སྐུ་བལྟམས་པའི་དུས་ཆེན་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བདུན་ལ། ས་ལ་སྤྱོད་པའི་མཐོ་རིས་ཀྱི་གྲོང་ཁྱེར་ཕོ་བྲང་འོལ་དགའ་སྟག་རྩེའི་གཟིམས་ཆུང་ཁམས་གསུམ་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སྭསྟི་པྲ་ཛ་བྷྱ། །རྨད་བྱུང་རབ་དམར་ཆུ་སྐྱེས་རིགས་འཛིན་པའི། །རྒྱལ་ཀུན་ཐུགས་རྗེའི་རྣམ་རོལ་མ་ལུས་པ། །རྒྱལ་སྲས་གཞོན་ནུའི་སྐུར་བསྟན་པད་དཀར་འཆང་། །འཇིག་རྟེན་དབང་ཕྱུག་འགྲོ་འདི་ཤིས་པ་སྩོལ། །བསྐལ་པ་དུ་མར་ལྷ་ཡི་རྒྱལ་བོ་དང་། ཁྱེའུ་གསལ་བ་དཀོན་མཆོག་འབངས་ལ་སོགས། །བྲམ་ཟེ་རྒྱལ་རིགས་དུ་མའི་རྣམ་རོལ་གྱིས། །དཔག་མེད་གཞན་ཕན་མཛད་ལ་གསོལ་བ་འདེབས། །འཕགས་པ་ཀུན་ཏུ་བཟང་པོའི་བྱེད་པོ་ཡིས། །གངས་ཅན་ལྗོངས་འདིར་རྣམ་འདྲེན་བསྟན་པའི་དབུ། །ཐོག་མར་བརྙེས་པའི་ཐོ་རི་སྙན་ཤལ་ཞེས། །སྦས་པའི་བརྟུལ་ལུགས་འཛིན་ལ་གསོལ་བ་འདེབས། །(༣༨བ)


GLG015_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅན་བསོད་ནམས་ཞིང་མཆོག་རྒྱལ་བའི་སྐུ། །རབ་བཞེངས་འདྲེན་དང་བཞུགས་གནས་གཙུག་ལག་ཁང་། །བགྲང་ཡས་སྤེལ་ཏེ་རྒྱལ་བསྟན་ཐོག་མའི་སྲོལ། །ལེགས་བཏོད་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །འཇམ་དབྱངས་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་ཏེ། །མཁན་སློབ་གཉིས་སོགས་ལོ་པཎ་སྤྱན་དྲངས་ནས། །མདོ་སྔགས་འཆད་སྒོམ་བསྟན་པ་རྒྱས་མཛད་པའི། ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །ཕྱོགས་འདིར་སྐྱེས་བུ་གསུམ་གྱི་ལམ་སྲོལ་རྣམས། །ཆེས་ཆེར་ཉམས་པ་གསོ་ཕྱིར་ཨ་ཏི་ཤའི། །སྲས་ཀྱི་ཐུ་བོ་འབྲོམ་སྟོན་པད་དཀར་འཛིན། །རྒྱལ་བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ལུང་བསྟན་ཇི་བཞིན་སྐྱེ་མེད་རྒྱུད་པའི་མཐར། །གདོད་མའི་ཡེ་ཤེས་མངོན་གྱུར་རིག་སྔགས་འཆང་། །ཟབ་གཏེར་བསྟན་པའི་བདག་པོ་མྱང་རལ་རྗེ། །ཉི་མ་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཐེག་མཆོག་སྙིང་པོའི་རྣམ་འབྱོར་སྦས་པའི་ཚུལ། །འཕྲུལ་སྣང་གཙུག་ལག་རྒྱས་ཕྱིར་སྲོང་བཙན་གྱི། །སྤྲུལ་པའི་གར་དུ་བཞེངས་པ་དགེ་བ་འབུམ། །རིག་འཛིན་འགྲོ་བའི་སྲོག་འཚོར་གསོལ་བ་འདེབས། །བགྲང་མེད་རྣམ་དཀར་དགེ་ཚོགས་རྒྱ་མཚོ་ལ། །མངོན་པར་འདུན་པའི་འབྲས་མཆོག་ཡོངས་སྨིན་པའི། །མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །དཔའ་བོ་མཁའ་འགྲོའི་གནས་མཆོག་སྦས་པའི་ཡུལ། །མཚོ་སྐྱེས་གསང་གཏེར་ལམ་ཡིག་ཇི་བཞིན་དུ། །གནས་སྒོ་རབ་ཕྱེ་བློ་བཟང་རྒྱལ་བའི་བསྟན། །རྒྱས་མཛད་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །བསོད་ནམས་ཞིང་གི་ཡུལ་མཆོག་རྒྱལ་བའི་གཙོ། །གླེགས་བམ་ལུང་བཞིན་རྒྱ་མཚོའི་གོས་ཅན་མཐའ། །ཀུན་ཁྱབ་གདུལ་དཀའི་ལུས་ཅན་མ་ལུས་པར། །ཕུལ་(༣༩ན)


GLG015_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཕན་བདེ་སྩོལ་ལ་གསོལ་བ་འདེབས། །མཐོན་པོའི་རིགས་ལས་སྐྱེས་ཐོབ་ཡོན་ཏན་གྱི། །རྒྱ་མཚོའི་གཏིང་མཐའ་ཚད་ཀྱིས་གཞལ་བ་བཞིན། །སྐྱེ་རྒུའི་ཉེར་འཚོ་འདོད་འཇོ་དབང་གི་རྒྱལ། །དོན་གཉིས་ལྷུན་གྱིས་གྲུབ་ལ་གསོལ་བ་འདེབས། །འགྲོ་བའི་དོན་དུ་འཁྲུལ་མེད་སྐྱེ་བ་རུ། །ལེགས་བརྒྱུད་ཚོགས་ལ་བསྟོད་པའི་དགེ་བ་ཡིས། །ཐེག་མཆོག་སྙིང་པོའི་རྡོ་རྗེ་སློབ་དཔོན་གྱིས། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །ཅེས་གླེགས་བམ་རིན་པོ་ཆེའི་འཁྲུངས་རབས་རྣམས་གཅིག་ཏུ་བསྡུས་ཤིང་བོད་འདིའི་སྐྱེས་རབས་རྣམས་འཐར་ཆགས་ཀུན་བསྒྲིགས་པ་འདི་ཡང་དཀའ་བཅུ་པ་ངག་དབང་བསོད་ནམས་ཀྱིས་ནན་གྱིས་བསྐུལ་བའི་ངོར། རྡོ་རྗེ་འཆང་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་གྱི་གསུང་གི་རྒྱུན་རྣམས་འཁྲུལ་མེད་ཁུངས་ཐུབ་ཏུ་གོར་མ་ཆག་པས་གཞི་བྱས། ཅུང་ཟད་ཕྲི་བསྣན་བགྱིས་ཏེ། ཟ་ཧོར་གྱི་རིགས་ཀྱི་བནྡེ་ལྡོམ་བུ་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །ན་མོ་ཝ་གི་ཤྭ་ར་པྲ་ཧཱ་ཎཱ་ཡེ། །ཆོས་དབྱིངས་ལྷ་ལམ་ཡངས་པའི་དཀྱིལ་འཁོར་ལ། །སྣ་ཚོགས་གཟུགས་སྐུའི་ཚ་ཟེར་རབ་འཕྲོ་བས། །ལས་ལྡན་གདུལ་བྱའི་པུཎྜ་རི་ཀའི་ཚལ། །རྒྱས་མཛད་ཡོངས་འཛིན་ནམ་མཁའི་ནོར་བུར་འདུད། །རབ་བརྗིད་བཻ་ཛཱ་ར་ཡི་ས་འཛིན་ལ། །ནོར་བུའི་འཁྲི་ཤིང་དག་གིས་འཁྱུད་འདྲ་བའི། །ཤེས་རབ་རྒྱུད་སྡེའི་འཁོར་ལོ་ཀུན་གྱི་གཙོ། །བདེ་ཆེན་རྒྱལ་པོ་ཡབ་ཡུམ་ལ་ཕྱག་འཚལ། །སྟོབས་བཅུ་མངའ་བའི་གསུང་རབ་ལྷུན་པོའི་སྤོར། །མཐའ་ཡས་རྒྱུད་སྡེའི་རྣམ་རྒྱལ་ཁང་བཟང་དུ། །རྣལ་འབྱོར་ཆེན་པོའི་མི་འཇིགས་གདོང་ལྔའི་ཁྲིར། །འགྱིང་མཛད་ཀླུ་སྒྲུབ་གྲགས་པའི་མུ་ཁྱུད་རྒྱལ། །རིམ་གཉིས་ཉག་ཕྲན་དག་ལ་གོམས་པའི་མཐུས། །ལུང་རྟོག་བག་ཆགས་(༣༩བ)


GLG015_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནར་སྨིན་གཅུང་པོ་ལས། །རབ་རྒྱལ་ཀུན་ཏུ་དགེ་བ་རཱ་མ་ཎ། །ཚུལ་འདིའི་ཤིང་རྟའི་སྲོལ་འབྱེད་གང་དེར་འདུད། །འཕགས་པའི་ཡུལ་ནས་དཀའ་བ་དུ་མ་ཡིས། །ཕྱོགས་འདིར་ངེས་གསང་རྡོ་རྗེ་ཐེག་ཚོགས་ཀྱི། །ལམ་བཟང་ཆེས་ཆེར་རབ་ཏུ་རྒྱས་མཛད་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གྲགས་ལ་འདུད། །ཧེ་རུ་ཀ་དཔལ་དུས་ཀྱི་ཐ་མར་ཡང་། །མི་ཡི་སྲིད་པའི་ཟོལ་ལ་ཉེར་བརྟེན་ནས། །དྲི་མེད་འཁོན་གྱི་རིགས་སུ་ལེགས་བལྟམས་པའི། །འཇམ་མགོན་བླ་མའི་ཚོགས་ལ་གུས་པས་འདུད། །མདོ་རྒྱུད་གསུང་རབ་སྐལ་ལྡན་ཤིང་རྟའི་རྒྱུན། །བློ་གྲོས་རྣམ་དཔྱོད་གཏམ་གྱི་འབྱུང་གནས་ཀྱིས། །ལེགས་དྲངས་ཐུགས་ཀྱི་བསུས་ཁྱིམ་འགེངས་མཛད་པའི། །གྲགས་པའི་དབང་ཕྱུག་དྲང་སྲོང་ཡབ་སྲས་རྒྱལ། །དཔལ་འབྱོར་ཆོས་ཀྱི་རྒྱ་མཚོ་ཆེན་པོ་དག །མཁྱེན་རབ་ས་འཛིན་དབང་པོས་བསྲུབས་པ་ལས། །ལེགས་བཤད་བཅུ་གཉིས་བདག་པོའི་དཀྱིལ་འཁོར་གྱིས། །གདུལ་བྱའི་པད་ཚལ་རྒྱས་མཛད་དེ་ལ་འདུད། །ཅེས་པ་འདི་ཡང་ཆོས་ཀྱི་རྗེ་རིན་པོ་ཆེ་འཇམ་དབྱངས་སྨྲ་བའི་དབང་ཕྱུག་དཀོན་མཆོག་ཆོས་འཕེལ་གྱིས་འདི་ལྟ་བུ་ཞིག་གྱིས་ཞེས་བཀའ་སྩལ་བ་དང་དུ་བླངས་ཏེ། །ཚངས་སྲས་བཞད་པའི་རྡོ་རྗེས་འཕྲལ་དུ་སྨྲས་པའོ། །རྨད་བྱུང་ཚོགས་གཉིས་རྒྱ་མཚོའི་འཇུག་ངོགས་ལས། །མི་འཇིགས་བཞི་ལྡན་ལྷུན་གྱིས་གྲུབ་བའི་དཔལ། །རབ་འབྱམས་རྒྱལ་བའི་གསང་གསུམ་ཀུན་གྱི་བདག །རྣམ་འདྲེན་འོད་དཔག་མེད་ལ་གསོལ་བ་འདེབས། །གང་དེའི་ཐུགས་རྗེའི་སྒྱུ་འཕྲུལ་དྲ་བའི་གར། །རྒྱལ་སྲས་གཞོན་ནུར་ཤར་བའི་སྙིང་རྗེའི་གཟུགས། །སྐལ་ལྡན་འགྲོ་ལ་ངོམ་ཕྱིར་གྲུ་འཛིན་སྤོར། ཕྱག་ན་པདྨར་བསྟན་ལ་གསོལ་བ་འདེབས། །མཐའ་ཀླས་མཁྱེན་བརྩེ་ནུས་པའི་ཆུ་གཏེར་ལས། །ཐོ་(༤༠ན)


GLG015_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རི་སྲོང་བཙན་ཚངས་པ་ལྷའི་མེ་ཏོག །ཆོས་རྒྱལ་སྤྲུལ་པའི་ཟློས་གར་ཡོངས་འདུའི་ཤིང་། །ཕན་བདེའི་དྲི་གསུང་སྩོལ་ལ་གསོལ་བ་འདེབས། །མཐའ་བྲལ་ཟད་མི་ཤེས་པའི་ཡོན་ཏན་ནོར། །རྒྱ་མཚོ་ལྟར་ཟབ་ཐུགས་ཀྱི་ཟ་མ་ཏོག །ལེགས་བལྟམས་བཀའ་གདམས་རིན་ཆེན་བསྟན་པའི་བདག །འབྲོམ་སྟོན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། ཁྲི་སྲོང་དག་པའི་སྐྱེ་བ་རྣམ་ལྔ་ལས། །བཅུ་བདུན་སྐྱེ་མཐར་བཀའ་བབས་ལུང་བསྟན་བཞིན། །ཐེག་མཆོག་གཏེར་གྱི་མངའ་བདག་སྨྲ་བོ་པ། །རིག་འཛིན་ཆེན་པོ་མྱང་ལ་གསོལ་བ་འདེབས། གང་གིས་ཅིག་ཅར་སྐྱེ་སྤྲུལ་གྲངས་མེད་ལས། །ཕན་བདེའི་ཡིད་བཞིན་གན་མཛོད་ལྷ་ལྡན་གྱི། །ཞབས་སྟེགས་མཛད་པའི་དབང་པོ་དགེ་བ་འབུམ། །ལྷར་བཅས་ཀུན་གྱི་རྗེ་ལ་གསོལ་བ་འདེབས། །ཕུལ་བྱུང་བསྟན་པའི་རྩ་ལག་དགེ་འདུན་གྱི། །འཁོར་ལོའི་བྱ་བ་རྣམ་གསུམ་ལྷུན་གྲུབ་པའི། །ཤེས་བྱ་ཐམས་ཅད་གཟིགས་པའི་མཁྱེན་པའི་སྤྱན། །མཆོག་ཏུ་རྣམ་པར་ཡངས་ལ་གསོལ་བ་འདེབས། །དགེ་བའི་དངོས་པོ་དར་ལ་བབས་པའི་དཔྱིད། །མངོན་པར་ཡོངས་སུ་རྫོགས་ལ་འདུན་པའི་དཔལ། །སྲིད་འདིར་བློ་བཟང་རྒྱལ་བ་གཉིས་པའི་བསྟན། །རྒྱ་མཚོ་ལྟ་བུར་རྒྱས་ལ་གསོལ་བ་འདེབས། །བསོད་ནམས་ན་བཀྲའི་གྲོང་ལས་ལེགས་འོངས་པའི། །ཡེ་ཤེས་ཉིན་མོར་བྱེད་པའི་འོད་སྟོང་གིས། །རྒྱ་མཚོའི་གོས་ཅན་ཁྱོན་ཀུན་ཁྱབ་མཛད་པ། །རྗེ་བཙུན་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །མཐའ་བྲལ་ཡོན་ཏན་བྱེ་བའི་རང་བཞིན་དག །མཐུ་སྟོབས་འཇིགས་པ་མེད་པའི་རྡོ་རྗེའི་གོ །བཙན་པོའི་གཟུགས་སུ་གྲུབ་པའི་རྣམ་རོལ་ཅན། རྒྱ་མཚོའི་མཚན་ལྡན་དམ་པར་གསོལ་བ་འདེབས། །མཁས་གྲུབ་རིམ་པར་བྱོན་པའི་(༤༠བ)


GLG015_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀུན་དང་། །རྣམ་དཀར་ལས་ཀྱི་འབྲེལ་བས་ངག་གི་དབང་། །མི་ཟད་བློ་གྲོས་བཟང་པོའི་རྒྱ་ཆེན་མཛོད། །མཚོ་བྱུང་དྲིན་གྱིས་ཐོབ་ལ་གསོལ་བ་འདེབས། །དེ་ལྟར་སྦྲང་རྩིའི་རྒྱལ་མཚན་རྩ་བ་ལྟར། །ཆེས་དཀར་དགེ་བས་གྲངས་མེད་ཚེ་རབས་སུ། །བཤེས་གཉེན་མཆོག་གིས་བརྩེ་བས་ཉེར་བཟུང་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་ཀོང་པོ་ཕན་བདེ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྣམ་རྒྱལ་གྱིས་ནན་ཆེར་བསྐུལ་བ་ལ་བརྟེན་ནས། དུས་གསུམ་རྒྱལ་བའི་ངོ་བོ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་གསུང་རྒྱུན་ལས་བཏུས་ཏེ། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །སྭསྟི་སིདྡྷཾ། །ལྷུན་གྲུབ་བདེ་ལེགས་རྒྱ་མཚོ་ཆེན་པོ་ལས། །འཕྲིན་ལས་འོད་ཟེར་སྟོང་གི་དྲ་བ་ཡིས། །ཕན་དང་བདེ་བའི་པདྨ་དཀར་པོའི་ཚལ། །རྒྱས་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཕྱག་ན་པདྨོའི་ཐུགས་རྗེའི་རང་གཟུགས་གར། །བོད་ཡུལ་རྒྱལ་པོར་ཤར་བ་སྲོང་བཙན་རྗེ། །ལྷ་ཆོས་བདུན་ལྡན་བཀའ་གདམས་བསྟན་པའི་བདག །འབྲོམ་སྟོན་ཆོས་གྱི་རྒྱལ་པོར་གསོལ་བ་འདེབས། །ཁྲི་སྲོང་ལྡེའུ་བཙན་དག་པའི་སྐྱེ་བ་ལྔའི། །སྐུ་སྤྲུལ་མྱང་གི་ཅིག་ཅར་སྐྱེ་བའི་གཟུགས། །བགྲང་མེད་བསྟན་ལས་ལྷར་བཅས་སྐྱེ་རྒུའི་སྲོག །འཚོ་མཛད་དགེ་བ་འབུམ་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པའི་ལུགས་འཛིན་དགེ་འདུན་གྱི། །ཐོས་བསམ་ལྷུན་གྲུབ་བསོད་ནམས་འབྱུང་གནས་མཆོག །ཡོན་ཏན་བགྲང་མེད་རྒྱ་མཚོ་ཆེན་པོའི་ཀློང་། །གཅིག་གྱུར་བླ་མ་མཆོག་ལ་གསོལ་བ་འདེབས། །འཆད་རྩོད་རྩོམ་ལ་ངག་གི་དབང་ཕྱུག་དཔལ། །བློ་བཟང་གྲགས་སྙན་བསྟན་པ་མུ་ཐི་ལའི། །(༤༡ན)


GLG015_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་ཕྱག་རྒྱས་ཡོངས་སྤྲས་འཕྲིན་ལས་ཀུན། །དབྱར་མཚོ་ཇི་བཞིན་འཕྱུར་ལ་གསོལ་བ་འདེབས། །རྒྱལ་ཀུན་བགྲང་མེད་གཟུགས་སྐུའི་རྣམ་རོལ་ཚོགས། །དཀྱིལ་འཁོར་འཁོར་ལོར་གཅིག་ཏུ་གྱུར་པའི་གཙོ། །ཁྱབ་བདག་དང་པོའི་མགོན་གྱི་བདག་ཉིད་ཅན། བཤེས་གཉེན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །སྐུ་གསུམ་གོ་འཕང་ཡིད་བཞིན་དབང་གི་རྒྱལ། །ངེས་གསང་ཐེག་པའི་གྲུ་གཟིངས་ལ་བརྟེན་ནས། །འབད་མེད་ལག་རྩེར་སྩོལ་བའི་དེད་དཔོན་མཆོག །ཁྱབ་བདག་བླ་མ་དམ་པར་གསོལ་བ་འདེབས། །བསོད་ནམས་ཞིང་གྱུར་རྡོ་རྗེ་སློབ་དཔོན་ལ། །ཅུང་ཟད་བསྟོད་པའི་དགེ་བས་ཚེ་རབས་སུ། །རྡོ་རྗེ་ཐེག་པའི་སྣོད་དུ་ལེགས་གྱུར་ནས། །མཆོག་ཐུན་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །འདི་སྣང་ཕུན་ཚོགས་ཉེས་བརྒྱ་སྐྱེད་པའི་གཞིར། །རྟོགས་ནས་མཚན་ཉིད་ལྡན་པའི་གནས་རྣམས་སུ། །བླ་མེད་མཧཱ་ཡོ་གའི་རྣལ་འབྱོར་ལ། །ཉིན་མཚན་བརྩོན་པས་སྒྲུབ་པར་བྱིན་གྱིས་རློབས། །བདེ་སྡུག་བཟང་ངན་འཁྲུལ་པའི་སྣང་བ་ཀུན། །རང་རིག་སེམས་ཀྱི་རོལ་པར་ངེས་རྙེད་སྟེ། །གདོད་ནས་འཁྲུལ་མེད་གསལ་སྟོང་རིག་པའི་གཤིས། །མ་བཅོས་རྗེན་པར་འཆར་བར་བྱིན་གྱིས་རློབས། །སྣང་གྲགས་ཆོས་ཀུན་ལྷ་ཡི་རྣམ་རོལ་དུ། །བཅོས་མིན་ཤར་བས་ཐ་མལ་ཞེན་ལྡོག་ཅིང་། །རྩ་འཁོར་རླུང་ལ་དམིགས་གཏད་གྲོལ་བྱེད་ལམ། །བསྒོམས་པས་ཟུང་འཇུག་ཐོབ་པར་བྱིན་གྱིས་རློབས། །བདེ་ལེགས་འདོད་དགུའི་དཔལ་ལ་དབང་སྒྱུར་བའི། །བླ་མ་ཡི་དམ་ཆོས་སྲུང་རྒྱ་མཚོའི་མཐུས། །འདྲེན་པ་མཆོག་འདི་བསྟན་འགྲོའི་ཉེར་འཚོ་རུ། །འགྱུར་མེད་རྡོ་རྗེ་ལྟ་བུར་གནས་གྱུར་ཅིག །ཅེས་གསོལ་འདེབས་སྨོན་ལམ་དང་(༤༡བ)


GLG015_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཕོ་བྲང་གོང་རི་དཀར་པོའི་དཀོན་གཉེར་དཔོན་འཕྲིན་ལས་ཕུར་པའི་རིག་འཛིན་པ་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་བསྐུལ་བ་ལ་བརྟེན་ནས། ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །སྭསྟི་པྲ་ཛ་བྷྱ། །དགེ་ལེགས་སྣང་བ་འབུམ་སྡེའི་འཁོར་ལོའི་དཔལ། །ལེགས་བྱས་མདོག་ལྔའི་བཞོན་པས་རབ་དྲངས་ནས། །ཐུབ་བསྟན་འཆི་བ་མེད་པའི་ལམ་ཡངས་པོར། །སྤྱོད་མཁས་ཡོངས་འཛིན་ནམ་མཁའི་ནོར་བུར་འདུད། །མི་ཟད་ཚིག་གི་འདོད་འཇོ་ངག་གི་དཔྱིད། དབང་ཕྱུག་ཡོན་ཏན་བརྒྱད་ཀྱི་མངལ་ཁུར་ཅན། །གངས་ཅན་ཕན་བདེའི་རྩ་ལག་ཞི་འཚོའི་དབོན། །ཚངས་སྲས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །ཕུལ་བྱུང་ངག་གི་ཟ་མ་ཏོག་དབང་པོ། །མི་དམན་བློ་གྲོས་ཁྱོགས་ལ་འདེགས་པའི་ཁུར། །སྲིད་འདིར་སྐལ་བ་བཟང་པོས་སྒྱུར་བའི་རྒྱན། །རྒྱ་མཚོའི་གོས་ཅན་ཁྱབ་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་འཇམ་དཔལ་སྙིང་པོའི་ཞབས། །བློ་བཟང་སྙན་པའི་གྲགས་དཀར་མུ་ཐི་ལ། །གངས་ཁྲོད་རྒྱལ་བའི་བསྟན་རྣམས་ཡོངས་ཁྱབ་པའི། །དྲི་མེད་རིང་ལུགས་འཛིན་ལ་གསོལ་བ་འདེབས། །དེ་ལྟར་ཅུང་ཟད་བསྟོད་པའི་དགེ་ཚོགས་ཀྱིས། །ཚེ་རབས་ཀུན་དུ་བཤེས་གཉེན་དམ་པ་ཡིས། །མི་འབྲལ་བརྩེ་བས་བསྐྱངས་ལས་ཟབ་མོའི་ལམ། །ཉམས་སུ་བསྟར་བས་ཡེ་ཤེས་མཆོག་ཐོབ་ཤོག །ཅེས་པ་འདི་ཡང་འཇིག་རྟེན་གྱི་མིག་གཅིག་པུ་སྐད་གཉིས་སྨྲ་བ་རྣམས་ཀྱི་རྗེས་སུ་ཞུགས་ཤིང་མི་དམན་པའི་བློ་གྲོས་བརྡ་སྤྲོད་ཀྱི་གཞུང་ལུགས་རྒྱ་མཚོ་ཆེན་པོར་འཇུག་པའི་རྣམ་དཔྱོད་ཅན་མང་ཡུལ་ལོ་ཆེན་ཚེ་བརྟན་རྒྱལ་མཚན་གྱིས་བསྐུལ་བའི་ངོར། སྙོམས་ལས་པ་ཟ་ཧོར་གྱི་བནྡེས་བྲིས་པའོ། །(༤༢ན)


GLG015_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་གོམ་པ་གཅིག་གིས་ཐུབ་བསྟན་ནས། །མ་ལུས་འཇལ་ནུས་བཟང་པོའི་རྣམ་དཔྱོད་ཀྱི། །དཔལ་གྱི་བེའུའི་རི་མོ་སྙིང་ཁ་ན། །འབར་བའི་གྲགས་པ་ཕྱོགས་བཅུར་ཁྱབ་དེ་རྒྱལ། །གང་གི་ལུགས་འཛིན་ངག་གི་དཔལ་ཐོབ་ཅིང་། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་ལྷུན་གྲུབ་པས། །བློ་ལྡན་སྐལ་བཟང་དགའ་སྐྱེད་འཕྲིན་ལས་ཀྱིས། །རྒྱ་མཚོའི་ཕ་མཐར་ཁྱབ་ལ་གསོལ་བ་འདེབས། །མདོ་རྒྱུད་ཐ་སྙད་རིག་པའི་གང་གཱའི་རྒྱུན། །མཁས་གྲུབ་ལམ་གསུམ་ལས་འོངས་ཆད་མེད་པ། །བློ་གྲོས་ཧུབ་ཀྱིས་ཅིག་ཅར་འཐུང་ནུས་པའི། །མང་ཐོས་དྲང་སྲོང་ཆེ་ལ་གསོལ་བ་འདེབས། །བགྲང་མེད་ཚིག་གི་སྲིན་བུའི་ཁ་ཆུ་ཀུན། །ཕྲ་ཞིབ་དཔྱད་པའི་ཐགས་སུ་ཉེར་བཏགས་པས། །དོན་བཟང་བསམ་པའི་རི་མོ་རྣམ་བཀྲ་བ། །བཤེས་གཉེན་དམ་པའི་མགོན་ལ་གསོལ་བ་འདེབས། །ཨེ་ཝཾ་ཟུང་འཇུག་འཁོར་ལོ་བཞི་ལྡན་ལུས། །ཟག་མེད་བདེ་ཆེན་སྒྱུ་མའི་གར་མཁན་དུ། །སྒྱུར་བའི་རྡོ་རྗེའི་རྣལ་འབྱོར་ལ་གོམས་པའི། །ལམ་མཆོག་གྲུབ་པའི་དབང་པོར་གསོལ་བ་འདེབས། །འཆད་པའི་ཆར་གྱིས་གདུལ་བྱའི་མྱུ་གུ་སྐྲུན། །རྩོད་ངག་ཐོག་མདས་རྒོལ་བའི་བྲག་རི་འཇོམས། །རྩོམ་པའི་མན་དྷཱ་ར་ཡི་འཕྲེང་མཛེས་ཅན། །གནས་ལྔ་རིག་པའི་ལོ་ཙཱར་གསོལ་བ་འདེབས། །བརྩེ་ལྡན་ལྷག་བསམ་འཆི་མེད་ལམ་ཡངས་པར། །མཁྱེན་རབ་རྣམ་དཔྱོད་རྟ་བདུན་གྱིས་དྲངས་པའི། །ནུས་མཐུའི་འོད་ཀྱིས་བདུད་དགྲའི་མུན་པའི་དཔུང་། །མཐར་མཛད་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་དགེ་བའི་གངས་རི་ལས། །བསོད་ནམས་སྟོང་གི་ཆུ་བོ་འབབ་པའི་རྒྱུན། །འཁྱིལ་བའི་རྫིང་བུར་དོན་གཉིས་འཁོར་ལོའི་ལག །དགའ་སྟོན་མགྲིན་པའི་རྫ་རྔ་སྒྲོག་གྱུར་ཅིག །ཅེས་པ་འདི་ཡང་ས་སྐྱོང་དགའ་ལྡན་པ་(༤༢བ)


GLG015_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་རྡོ་རྗེའི་ངོར་ཟ་ཧོར་གྱི་བནྡེས་སྦྱར།ནམཿ ས་མནྟ་བྷ་དྲ་ཏ་རུ་ག་ཡ། །ལེགས་ཚོགས་དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག །དཔལ་ལྡན་རྩ་གསུམ་འཁོར་ལོའི་བདག་ཉིད་ཀྱིས། །མི་མཐུན་བདུད་སྡེའི་དཔུང་ཚོགས་འཇོམས་མཛད་པའི། །རྡོ་རྗེ་འཛིན་པའི་དབང་པོར་གསོལ་བ་འདེབས། །རྒྱལ་དབང་པདྨའི་ཐུགས་སྲས་སྣ་ནམ་པ། །ཟབ་གཏེར་མངའ་བདག་དངོས་གྲུབ་རྒྱལ་མཚན་སོགས། །བགྲང་ཡས་རིག་པ་འཛིན་པའི་ཟློས་གར་གྱིས། །ཐེག་མཆོག་བསྟན་པ་སྤེལ་ལ་གསོལ་བ་འདེབས། །ངོ་མཚར་མངའ་རིས་ཆ་ཤས་ཡུལ་ལྗོངས་སུ། །དྲི་མེད་སྲོང་བཙན་གདུང་འཛིན་རིག་སྔགས་འཆང་། །འཇམ་དབྱངས་རྒྱལ་མཚན་སྲས་སུ་བསམ་བཞིན་དུ། །སྤྲུལ་པའི་རྣམ་པར་རོལ་ལ་གསོལ་བ་འདེབས། །མཁས་གྲུབ་ལེགས་བྲིས་དབང་པོའི་ཚོགས་རྣམས་ལ། །བརྟེན་ནས་བཀའ་གཏེར་གདམས་པའི་བདུད་རྩིའི་བཅུད། །ངོམས་མེད་ལོངས་སུ་སྤྱད་པས་མཆོག་ཐུན་གྱི། །དངོས་གྲུབ་འཆི་མེད་བརྙེས་ལ་གསོལ་བ་འདེབས། །སྔ་འགྱུར་རྒྱུད་སྡེའི་ཟབ་དོན་ནམ་མཁའི་མཐའ། །མཁྱེན་པའི་ཞགས་པ་གཅིག་གིས་ཉེར་བཅིངས་ཚེ། ཁ་བའི་ལྗོངས་འདི་འཇམ་དཔལ་རྡོ་རྗེ་ཉིད། །གོས་དཀར་ལྕང་ལོའི་ཟོལ་གྱིས་བྱོན་ནམ་སྙམ། །མ་སྨད་སྙིང་རྗེའི་ཆབ་ཀྱིས་ཉེར་བྲན་པའི། །ལྷག་བསམ་འདབ་བརྒྱ་བཞད་པའི་འཛུམ་འཕྲེང་གིས། །པད་དཀར་འཛིན་དེ་རི་བོ་གྲུ་འཛིན་ནས། །སཱ་ལའི་ཡུལ་འདིར་མགྲོན་དུ་བསུས་པ་བཞིན། །ཟིལ་གནོན་དུས་དགྲ་གྲུབ་པའི་བརྟུལ་ཞུགས་ཀྱིས། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཀྱང་། །འབར་བར་མཛད་ཚེ་ཁྱོད་དང་གསང་བདག་ལ། །དུས་གསུམ་རྒྱལ་བས་གཟིགས་ཀྱང་དབྱེ་བ་མེད། །རྣམ་སྣང་གསང་སྒྲོམ་གདེངས་ཅན་གཙུག་ཏོར་མས། །ཡོངས་འདུས་ཟབ་གཏེར་ཡིད་བཞིན་ནོར་(༤༣ན)


GLG015_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཆོག །པདྨ་དབང་དང་ལྷན་ཅིག་གཉིས་ཚོགས་སུ། །བཞེས་ནས་ཕན་བདེའི་འདོད་དགུ་ཆར་དུ་བསྙིལ། །སྐལ་བར་ལྡན་པའི་འདྲེན་བྱེད་ལས་འོངས་པའི། །སྟག་ཚང་བྲག་དམར་ཟབ་གཏེར་མེ་དཔུང་གིས། །ནག་ཕྱོགས་ལུས་སྲེག་མགྲིན་སྔོན་ཅན་གཉིས་པ། ཐུགས་གཏེར་སྒོ་འབྱེད་རྡོ་རྗེ་གྲོ་ལོད་རྩལ། །སྦས་ཡུལ་འབྲས་གཤོངས་མེས་པོའི་ཐོད་ཡངས་ལས། །ལེགས་དྲངས་ཆོས་གཏེར་ཡན་ལག་བརྒྱད་ལྡན་ཆུས། །ལྔ་བརྒྱའི་ཉེས་ཚོགས་འཁྲུད་པའི་ཆོ་ག་མཁན། །རིག་འཛིན་སྐལ་ལྡན་ཤིང་རྟ་ཁྱོད་མིན་སུ། །གསང་སྔགས་ཆོས་ཀྱི་གྲུ་ཆར་ཕྱོགས་བཅུར་ཕབ། །ཆོས་བདག་ཚོགས་རྣམས་ནང་གཏེར་ལོ་འདབ་བརྒྱད། །སྔ་འགྱུར་བསྟན་པའི་འབྲས་བུ་དབང་པོའི་སྡེར། །གཏང་ནས་རྔ་ཡབ་དཔལ་རིའི་གླིང་དུ་བྱོན། །དུས་གསུམ་རྒྱལ་བ་ཀུན་དངོས་མཚོ་སྐྱེས་རྗེའི། །ཐུགས་རྗེའི་སྒྱུ་དྲའི་གར་ལས་ལེགས་གྲུབ་པ། །མཁྱེན་བརྩེ་ནུས་པའི་བདག་ཉིད་རིག་སྔགས་འཆང་། །ལེགས་ལྡན་བདུད་འཇོམས་རྡོ་རྗེར་གསོལ་བ་འདེབས། །བསྟོད་པའི་དགེ་ཚོགས་ཉིན་མོར་བྱེད་པ་ཡིས། །མི་མཐུན་མུན་པའི་སྨག་རུམ་མཐར་བྱས་ཏེ། །མི་ཟད་འཕྲིན་ལས་རྣམ་བཞིའི་སྣང་བ་ཡིས། །ངོ་མཚར་གཟིགས་མོའི་དགའ་སྟོན་ལ་སྤྱོད་ཤོག །ཀ་དག་ལྷུན་གྲུབ་ངེས་དོན་རྫོགས་པ་ཆེ། །ཉམས་སུ་བསྟར་བའི་ལྷོ་ཕྱོགས་དྲི་བསུང་གིས། །ལས་ཉོན་ཚ་གདུང་མཐའ་དག་རབ་བཅོམ་ནས། །ཀུན་བཟང་གདོད་མའི་མགོན་པོ་མངོན་འགྱུར་ཤོག །ཅེས་མཆོག་གི་སྤྲུལ་སྐུ་རིག་འཛིན་མངའ་རིས་པ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་ལ་བསྟོད་པ་འདི་ནི་ལྕགས་སྟག་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉི་ཤར་དུས་ཐོལ་བྱུང་དུ་བློ་ལ་ཤར་བ་ལྟར། དེ་འཕྲལ་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བྱས་པའོ། །(༤༣བ)


GLG015_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། །དགེ་ཚོགས་ལ་འདུན་མཆོད་སྦྱིན་བརྒྱས་བསྐྲུན་པའི། །དཀྱིལ་འཁོར་ཁྱབ་བདག་དབང་པོའི་སེང་གེའི་ཁྲིར། །ཀུན་དགའི་དཔལ་གཏེར་གསང་ཆེན་བཀྲ་ཤིས་གླུ། །རི་མོ་གསུམ་པར་འཁྱིལ་ལ་གསོལ་བ་འདེབས། ལེགས་བྱས་བྱེ་བའི་རང་བཞིན་དགའ་ཚལ་དུ། །འཁྲུལ་མེད་ཆོ་གའི་ས་བོན་བཏབ་པ་ལས། །རྣམ་དག་ཚུལ་ཁྲིམས་ལྕུག་ཕྲན་གཡུར་ཟ་བས། །བརྟན་མཁས་གཉིས་ལྡན་ལྗོན་པའི་དབང་པོར་གྲུབ། །ཕྱག་ན་པདྨ་དགེ་འདུན་རྒྱ་མཚོ་དང་། །མར་སྟོན་སེམས་དཔའ་ཆེ་སོགས་མཁས་གྲུབ་ཀྱི། །ཐུགས་བཅུད་གངྒཱའི་ཀླུང་ཆེན་འཐུང་མཁས་པའི། །སྔོན་མེད་ཛཧྣུ་ལས་གཞན་དུ་ཅི། །སྐྱེས་བུ་གསུམ་གྱི་རིམ་པའི་ཐེམ་སྐས་ལ། །བརྟེན་ནས་འཁྲུལ་མེད་གོ་རིམ་ཇི་བཞིན་དུ། །བྱང་སེམས་རིན་ཆེན་བརྩེགས་པའི་ཁང་བཟང་ནང་། །འཇུག་མཁས་ཁྱོད་ནི་རྒྱལ་བའི་སྲས་ཀྱི་མཆོག །སྨིན་གྲོལ་ལམ་གྱི་གྲུ་གཟིངས་ལ་བརྟེན་ནས། །གྲངས་མེད་གསུམ་གྱི་རྒྱ་མཚོ་སྐད་ཅིག་ལ། །བགྲོད་དེ་ཟུང་འཇུག་རིན་ཆེན་གླིང་སོང་ནས། །སྐུ་བཞིའི་འདོད་དགུར་སྤྱོད་པའི་དེད་དཔོན་ཆེ། །ཚིག་འཇེབས་རྣ་བར་ཚར་དུ་ལེགས་དངར་ཞིང་། །དོན་གྱི་དཀའ་བའི་གནད་ཀུན་སོ་སོར་གསལ། །འཆད་མཁས་གདུལ་བྱའི་རེ་བ་ཡོངས་བསྐང་བས། །དྲང་སོང་ཕུར་བུ་དེ་ལ་ཅོ་འདྲིར་འོས། །རྣམ་པར་སྲ་བའི་གསུང་རབ་བྱེ་བའི་རྒྱུད། །མཁྱེན་དཔྱོད་ཉག་ཕྲན་གཅིག་གིས་རབ་བཀུག་ནས། །ལོག་སྨྲའི་སྙིང་ཁ་འབིགས་པའི་རྩོད་ངག་སྒྲས། །དབུས་འགྱུར་ཆོས་ཀྱི་གྲགས་དེ་འདར་གྱི་དོགས། །མཆོག་དམན་གདུལ་བྱར་འཚམ་པའི་ལེགས་བཤད་ཀྱི། །རྩོམ་པའི་གླེགས་བམ་ངོ་མཚར་བརྗོད་དོན་ཀུན། །རྡོ་རྗེའི་ཚིག་ཏུ་གྲུབ་ཕྱིར་བྱེད་པ་པོ། །(༤༤ན)


GLG015_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་མགོན་དང་དབྱེ་བའི་གོ་སྐབས་བྲལ། །རྗེས་གནང་དབང་འཁྲིད་འཕྲིན་ལས་རྣམ་པ་བཞི། །གར་ཐིག་དབྱངས་སོགས་གསང་སྔགས་ཕྱག་བཞེས་ཀུན། །སླ་ཆོས་རྩིང་སྦྱོར་སྤངས་ནས་སྟོན་མཁས་པའི། །ཚད་ལྡན་རྡོ་རྗེ་སློབ་དཔོན་ཁྱོད་ལས་སུ། ཁྱད་པར་འཇམ་མགོན་བློ་བཟང་གྲགས་པ་ཡིས། །གསང་སྔགས་རིང་ལུགས་དྲི་མེད་གདུགས་དཀར་པོའི། །ཡུ་བ་ཁྱོད་ལ་གཏད་ནས་ཆོས་ཀྱི་ཁྲིར། །ལེགས་བཀོད་མཁས་གྲུབ་དམ་པར་གསོལ་བ་འདེབས། །དགེ་འདིས་དལ་འབྱོར་རྟེན་གྱི་ཞིང་ས་ལ། །ཐོས་བསམ་སྒོམ་པའི་ས་བོན་ལེགས་བཏབ་པས། །ཟུང་འཇུག་སྐུ་བཞིའི་མྱུ་གུ་རབ་སྨིན་ནས། །དོན་གཉིས་འབྲས་བུའི་དཔལ་ལ་སྤྱོད་པར་ཤོག །དབང་ཁྲིད་རིགས་གཏད་སོགས་ལ་དེང་གི་དུས། །རྩིང་སྤྱོད་དར་བའི་རྗེས་སུ་མི་འབྲང་བར། དམ་པ་ཁྱོད་ཀྱི་རྣམ་ཐར་དང་མཚུངས་པའི། །འཁྲུལ་མེད་ཕྱག་ལེན་དག་ལ་འཇུག་པར་ཤོག །ཉི་མའི་གཉེན་གྱི་སྡེ་སྣོད་རྣམ་པ་གསུམ། །ཡང་དག་སྟོན་མཛད་ཀུན་མཁྱེན་བཙོང་ཁ་པའི། །དྲི་བྲལ་བསྟན་པའི་ནོར་བུ་བགྲང་མེད་འགྲོའི། །ཀླུ་དབང་གཙུག་གི་དཔལ་དུ་མཛེས་གྱུར་ཅིག །ཅེས་ཡང་དག་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་སྔགས་རམས་པ་དགེ་འདུན་ཀུན་དགའ་བཀྲ་ཤིས་ལ་བསྟོད་པ་འདི་ཡང་། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་རྡོ་རྗེ་དཔལ་བཟང་ངོ་། །ན་མོ་མཱུ་ལ་སྱ་གུ་ར་ཝེ། །སྐལ་བཟང་སྟོབས་བཅུ་མངའ་བ་སྟོང་གི་དབུས། །ཕུལ་བྱུང་སྙིང་སྟོབས་མཚན་ལྡན་ཤཱཀྱའི་གཙོའི། །རྒྱ་ཆེན་ཆོས་ཀྱི་གདུལ་བྱ་ཉན་ཐོས་ཀྱི། །མཆོག་གྱུར་དགྲ་བཅོམ་ཙུ་ནཱར་གསོལ་བ་འདེབས། །རྒྱུད་ཀྱི་མཐར་ཐུག་འདུས་པའི་ལམ་གྱི་བཅུད། །ཟབ་ཡངས་ཐུགས་ཀྱི་བུམ་པར་ལེགས་བལྟམས་པའི། །མཁས་གྲུབ་(༤༤བ)


GLG015_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཤཱཀྱ་བཤེས་གཉེན་ཞེས། །ཀླུ་སྒྲུབ་སྲས་ཀྱི་མཆོག་ལ་གསོལ་བ་འདེབས། །རྣམ་དཔྱོད་ཉིན་མོའི་བྱེད་པའི་འོད་ཟེར་གྱིས། །མུན་གླིང་སྣང་བས་ཁྱབ་པའི་མཛད་བཟང་ཅན། །འཇིག་རྟེན་མིག་གཅིག་ཀ་བ་དཔལ་བརྩེགས་ཞབས། །སྐད་གཉིས་སྨྲ་བའི་དབང་པོར་གསོལ་བ་འདེབས། །མདོ་སྒྱུ་སེམས་སོགས་སྔ་འགྱུར་རྒྱུད་སྡེའི་གཟུགས། །མཁྱེན་དཔྱོད་འདྲེན་བྱེད་སྟོང་གིས་ལེགས་གཟིགས་པའི། །དོན་གྱི་བརྒྱ་བྱིན་གསང་བདག་སྒྲོ་ཕུག་པ། །ཟུར་རིགས་ཐམས་ཅད་མཁྱེན་ལ་གསོལ་བ་འདེབས། །ཕྱག་ན་པདྨའི་བཀོད་པ་རྒྱ་མཚོའི་རྡུལ། །འགྲོ་བའི་ཁམས་དང་འཚམ་པར་སྟོན་ནུས་པའི། །སྦས་པའི་རྣལ་འབྱོར་སི་སི་རི་བ་ཞེས། །ཐུགས་རྗེ་ཆེན་པོའི་གཏེར་ལ་གསོལ་བ་འདེབས། །མཁྱེན་པས་ཤེས་བྱ་མཐའ་དག་ཐུགས་སུ་ཆུད། །བརྩེ་བས་འགྲོ་ཀུན་ཐབས་ཀྱིས་རྗེས་སུ་འཛིན། །ནུས་པས་རྒྱ་ཧོར་བོད་རྣམས་དབང་བསྡུས་པའི། །འགྲོ་མགོན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །མདོ་སྔགས་ཐ་སྙད་ལུང་གི་ཆོས་རྣམས་དང་། །རིམ་གཉིས་རྟོགས་པ་མཆོག་གི་མཐར་སོན་པའི། །མཁས་དང་གྲུབ་པའི་དེད་དཔོན་ཐམས་ཅད་གཟིགས། །བསོད་ནམས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །བློ་བཟང་སྙན་གྲགས་རྒྱས་པའི་དྲི་མེད་བསྟན། །ཤར་ཕྱོགས་རྒྱ་མཚོའི་ཕ་མཐར་ཁྱབ་མཛད་པའི། །མི་དབང་གཙུག་གི་རྒྱན་གྱུར་ཤཱཀྱའི་མཚན། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཁས་རློམ་གླང་པོའི་རྩོད་ངག་མཚོན་ཆ་ཡིས། །ཐུབ་བསྟན་ལོག་རྟོག་ཟུག་རྔུ་འབྱིན་པའི་ཚེ། འཇིགས་མེད་སེང་གེའི་ང་རོས་ཕམ་མཛད་པའི། །ཆོས་ཀྱི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །གནས་ཀྱི་རིག་པའི་རོལ་མཚོ་ལེགས་འཁྱིལ་ཞིང་། །རིས་བྲལ་བསྟན་པའི་བང་རིམ་རྣམ་བཞིའི་སྟེང་། །བློ་བཟང་རིང་ལུགས་རིན་ཆེན་ཁང་བཟང་དབུས། །འགྱིང་མཁས་འཇམ་མགོན་བླ་མར་གསོལ་བ་འདེབས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །(༤༥ན)


GLG015_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་དགེ་བའི་བཤེས་གཉེན་ཁྱེད་ཉིད་ཀྱིས། །རྗེས་སུ་བཟུང་སྟེ་མངོན་མཐོའི་རྟེན་རྙེད་ཅིང་། །དལ་འབྱོར་དོན་དང་ལྡན་པར་བྱིན་གྱིས་རློབས། །ངན་སོང་སྡུག་བསྔལ་བཟོད་པར་དཀའ་བ་དང་། །སྲིད་པའི་བདེ་བ་འགྱུར་བའི་རང་བཞིན་དུ། །ཤེས་ནས་མངོན་པར་མཐོ་དང་ཐར་པའི་ལམ། །འཐོབ་པའི་ཐབས་ལ་བརྩོན་པས་འཇུག་པར་ཤོག །མཐའ་ཡས་བསྐལ་བར་དྲིན་གྱིས་ལེགས་བསྐྱངས་བའི། །འགྲོ་རྣམས་སྡུག་བསྔལ་གསུམ་ལས་བསྒྲལ་བའི་ཕྱིར། རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་ཆེན་ལ། །འཇུག་པའི་སྙིང་སྟོབས་གོ་ཆ་གྱོན་པར་ཤོག །ཁྱད་པར་ཚེ་གཅིག་སངས་རྒྱས་སར་འགོད་པའི། །སྔ་ཕྱིར་འགྱུར་བའི་གསང་ཆེན་རྡོ་རྗེའི་ཐེག །སྨིན་གྲོལ་ཟབ་མོའི་ལམ་ཀུན་ཉམས་བླངས་པས། །ཟུང་འཇུག་སྐུ་བཞིའི་དཔལ་ལ་སྤྱོད་པར་ཤོག །མདོར་ན་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །ཕུན་ཚོགས་ལེགས་པའི་ཡོན་ཏན་མ་ལུས་པ། །འདོད་པའི་རེ་བ་ཇི་བཞིན་སྐོང་བ་ལ། །བསམ་འཕེལ་དབང་གི་རྒྱལ་པོ་དང་མཚུངས་ཤོག །ཅེས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ། འཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ཀྱི་སྐྱེས་རབས་འཕྲེང་བ་ལ་བསྟོད་པ་སྨོན་ལམ་དང་བཅས་པ་འདི་ཡང་། རྗེ་ཉིད་ཀྱི་གསུང་འབུམ་རྣམས་ཕྱོགས་གཅིག་ཏུ་དཔོན་ཡིག་ཨུ་རྒྱན། ཆོས་ནོར་བུ། ལོ་རྒྱལ་གསུམ་གྱིས་ཡི་གེ་པ་བྱས་ཏེ། གླེགས་བམ་ལ་བཀོད་པའི་ཚེ་བླ་མའི་བཀའ་འབངས་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ནོར་བུའོ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །འཇའ་ལུས་མངོན་གྱུར་ལྭ་བ་དམར་པོ་དང་། །ལྕེ་ཡི་སྔགས་འཆང་འབྱུང་གནས་བཟང་པོ་དཔལ། །སྐུ་(༤༥བ)


GLG015_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །མཐུ་ཆེན་གནུབས་བན་རྒྱལ་བ་ཡེ་ཤེས་དང་། །ཞང་སྟོན་གྲུབ་པ་བརྙེས་པ་པྲ་ཛྙཱའི་མཚན། །རིག་པ་འཛིན་པ་པངྒ་བྷ་དྲ་སྟེ། །མཐུ་སྟོབས་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །མཚན་ལྡན་བླ་མ་ཇོ་སྲས་འོད་པོ་ཆེ། །རྡོ་རྗེའི་རྣལ་འབྱོར་གྲུབ་པ་རྩེ་མོའི་ཞབས། །ཞང་སྟོན་རིག་སྔགས་འཆང་བ་ཉི་མ་འོད། །ཟླ་བྲལ་རིག་འཛིན་གསུམ་ལ་གསོལ་བ་འདེབས། །ལྷ་མཆོག་དངོས་གྲུབ་རིན་ཆེན་རྣམ་རྒྱལ་དང་། །ཟབ་མོའི་དོན་སྟོན་རྗེ་བཙུན་བསམ་གླིང་པ། །འཁོན་རིགས་གྲུབ་པའི་དཔའ་བོ་འཇམ་དཔལ་དབྱངས། །མཁྱེན་བརྩེ་ནུས་ལྡན་གསུམ་ལ་གསོལ་བ་འདེབས། །གདམས་པའི་བཀའ་བབས་འཇམ་དབྱངས་རིན་ཆེན་མགོན། །མཁས་གྲུབ་བླ་མ་ཉི་མ་བཤེས་གཉེན་དང་། །རིག་སྔགས་འཆང་བ་ནམ་མཁའ་རྡོ་རྗེའི་ཞབས། །གྲུབ་པའི་དབང་པོ་གསུམ་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་དཔལ་ལྡན་རྡོ་རྗེ་དང་། །མཁས་བཙུན་དབང་པོ་རིན་ཆེན་ཆོས་བཟང་པ། །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ། །འགྲོ་བའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་ཀུན་དགའ་རྒྱལ་མཚན་ཞབས། །པད་དཀར་འཛིན་པ་དགེ་འདུན་རྒྱ་མཚོ་དང་། །རྗེ་བཙུན་བླ་མ་བསོད་ནམས་གྲགས་པའི་སྡེ། །བསྟན་པའི་གསལ་བྱེད་གསུམ་ལ་གསོལ་བ་འདེབས། །མཁྱེན་བརྩེ་ནུས་ལྡན་བསོད་ནམས་རྒྱ་མཚོའི་དཔལ། །རྡོ་རྗེ་འཆང་དབང་འཁོན་སྟོན་ཆོས་ཀྱི་རྗེ། །འཇམ་དབྱངས་བླ་མ་རྗེ་བཙུན་ཨཱ་ནནྡ། །འཁོར་ལོའི་མགོན་པོ་གསུམ་ལ་གསོལ་བ་འདེབས། །ལྷ་མཆོག་འདོད་ཁམས་དབང་མོས་དུས་ཀུན་དུ། །མི་འབྲལ་རྗེས་སུ་བཟུང་བའི་རིག་སྔགས་འཆང་། །ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ། །དཔལ་ལྡན་རྩ་གསུམ་ངོ་བོར་གསོལ་བ་འདེབས། །དེང་ནས་བརྒྱུད་ལྡན་དམ་པའི་ཞལ་ལུང་ལས། །འོངས་པའི་རྗེས་གནང་སྲོག་གཏད་ཟབ་མོའི་གནད། །རྒྱབ་བརྟེན་ལུང་དང་ཕྲ་ཞིབ་མན་ངག་གི །སྙན་བརྒྱུད་(༤༦ན)


GLG015_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་མཆོག་གིས་ཚིམ་པར་ཤོག །དབེན་གནས་དུར་ཁྲོད་སྒྲུབ་ཁང་ཉམས་དགའ་བར། །ཕྱི་ནང་གསང་བ་ཡང་གསང་རྟེན་ཚོགས་ཞིང་། །མཐུན་པའི་མཆོད་གཏོར་དམ་རྫས་སྤྱན་གཟིགས་ཀྱིས། །དཔལ་ལྡན་འདོད་ཁམས་དབང་ཕྱུག་མཉེས་བྱེད་ཤོག །མ་ཡེངས་རྣམ་པར་གསལ་བའི་ཏིང་འཛིན་དང་། །གྲག་སྟོང་སྔགས་ཀྱི་བཟླས་བརྗོད་མཐར་ཕྱིན་ནས། །ལྷག་པའི་ལྷ་མཆོག་མ་དང་སྲིང་མོ་བཞིན། །འབྲལ་མེད་འགྲུབ་པའི་བསྙེན་པ་མཐར་ཕྱིན་ཤོག །རྫས་སྔགས་འཁོར་ལོའི་བཅའ་གཞི་ཀུན་ཚང་ཞིང་། །གདུག་ཅན་དགྲ་ལ་རྦད་པའི་འཁྲུལ་འཁོར་གྱིས། །དམ་ཅན་སྲུང་མ་ལས་ལ་རབ་བསྐུལ་ཏེ། །མངོན་སྤྱོད་དྲག་པོའི་སྒྲུབ་པ་མཐར་ཕྱིན་ཤོག །མི་བཟད་བཙོན་ཁང་འབར་བའི་འབྲུབ་ཁུང་དུ། །དགྲ་བགེགས་བླ་ཚེ་བཀུག་ཅིང་བསྐུལ་བ་དང་། །སྲེག་ཟོར་མནན་སོགས་ལས་ཀྱི་མཐའ་བསྡུས་ཏེ། །གསང་བའི་སྦྱོར་བ་མ་ལུས་འགྲུབ་པར་ཤོག །དགྲ་བོའི་རྣམ་ཤེས་རང་གི་སེམས་དང་བསྲེ། །ནང་སེམས་ཡི་དམ་ལྷ་ཡི་ངོ་བོ་ཉིད། །གང་ཤར་དག་པ་རབ་འབྱམས་རྣམ་རོལ་གྱིས། །གསང་སྔགས་ཟབ་ལམ་སྦྱོར་སྒྲོལ་མཐར་ཕྱིན་ཤོག །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །རྒྱལ་བ་ཀུན་ཡུམ་འདོད་ཁམས་དབང་ཕྱུག་མས། །རྗེས་སུ་བཟུང་སྟེ་གནས་སྐབས་མཐར་ཐུག་གི །དོན་གཉིས་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་དམག་ཟོར་རྒྱལ་མོའི་བརྒྱུད་འདེབས་ཀྱི་རིམ་པ་འདི་ཡང་། སྤྲེ་བོ་ཧོར་ཚང་དཀའ་བཅུ་ངག་དབང་ཕུན་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། བགྲང་ཡས་དཀྱིལ་འཁོར་རྒྱ་མཚོ་ཡི། ཁྱབ་བདག་རྡོ་རྗེ་འཆང་དབང་དང་། །རྒྱལ་སྲས་བློ་གྲོས་རིན་ཆེན་ལ། གསོལ་བ་འདེབས་སོ་(༤༦བ)


GLG015_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །ཟུང་འཇུག་སྐུ་བརྙེས་ཀླུ་སྒྲུབ་ཞབས། །མཁས་གྲུབ་མ་ཏངྐི་པ་དང་། །ཏཻ་ལོ་ཤེས་རབ་བཟང་པོ་ལ། གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གནས་ལྔ་མཁྱེན་པ་ནཱ་རོ་པ། །འཇིག་རྟེན་མིག་གཅིག་མར་པ་རྗེ། །མཚུར་སྟོན་དབང་གི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཁོན་སྟོན་གད་པ་ཀཱིརྟི་དང་། །བླ་སྒང་བསོད་ནམས་རིན་པོ་ཆེ། །ཐུབ་པ་ཚུལ་ཁྲིམས་སྐྱབས་མཆོག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གྲུབ་པ་མཆོག་བརྙེས་འཕགས་པ་སྐྱབས། །རྣལ་འབྱོར་དབང་ཕྱུག་གཞོན་ནུ་འོད། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདུས་པའི་གསལ་བྱེད་འཕགས་པ་འོད། །ཐམས་ཅད་མཁྱེན་པ་བུ་སྟོན་ཞབས། །ཀུན་མཁྱེན་བསོད་ནམས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྒྲ་སྒྱུར་དབང་པོ་ནམ་མཁའ་བཟང་། །རྗེ་བཙུན་གཞོན་ནུ་བློ་གྲོས་དང་། །རྒྱལ་བ་གཉིས་པ་བཙོང་ཁ་བར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བའི་སྲས་པོ་བཟང་པོ་སྐྱོང་། །ཤར་པ་རིན་ཆེན་རྒྱལ་མཚན་དང་། །གྲུབ་མཆོག་ཤེར་འབྱུང་བློ་གྲོས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁས་གྲུབ་དཔལ་ལྡན་སེང་གེའི་ཞབས། །མཁས་བཙུན་ཡོན་ཏན་རྒྱ་མཚོའི་སྡེ། །ཆོས་རྗེ་དགེ་ལེགས་དཔལ་བཟང་པོར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། འཇམ་དབྱངས་འོད་ཟེར་བཟང་པོ་དཔལ། །རྗེ་བཙུན་ཆོས་གྲགས་འོད་ཟེར་དང་། །གྲུབ་བརྙེས་ནམ་མཁའ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྡོ་རྗེ་འཆང་དབང་སྤྲུལ་པའི་སྐུ། །འཁོན་རིགས་གྲུབ་པའི་དཔའ་བོ་མཆོག །འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཟུང་འཇུག་ཡིད་བཞིན་དབང་གི་རྒྱལ། །སྐལ་བཟང་གདུལ་བྱར་ལེགས་སྩོལ་བའི། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་དབྱིངས་ཀུན་གསལ་དག་པའི་ངོས། །གཟུགས་སྐུ་འཇའ་ཚོན་ལྟར་བཀྲ་བའི། །རྩ་གཉིས་ལྷ་ཡི་འཁོར་ལོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་བརྒྱད་འབྱོར་བཅུའི་རྟེན་ཐོབ་ཅིང་། །ཡང་དག་དགེ་བའི་བཤེས་གཉེན་གྱིས། །མི་འབྲལ་རྗེས་སུ་འཛིན་པར་ཤོག །འཁོར་བའི་ངང་ཚུལ་མེ་འོབས་དང་། །(༤༧ན)


GLG015_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་ཕ་མར་ལེགས་རྟོགས་ཏེ། །བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེ་བར་ཤོག །རྣམ་དག་དབང་བཞིའི་ཆུ་རྒྱུན་གྱིས། །སྣོད་ཀྱི་དྲི་མ་ཀུན་བཀྲུས་ཏེ། །སྨིན་བྱེད་བསྐྱེད་རྫོགས་ཟབ་མོའི་ལམ། །བསྒོམས་པས་ཟུང་འཇུག་ཐོབ་པར་ཤོག །གནས་སྐབས་ལས་བཞི་གྲུབ་ཆེན་བརྒྱད། །ཐུན་མོང་དངོས་གྲུབ་རབ་ཐོབ་ཅིང་། །མཐར་ཐུག་རྡོ་རྗེ་འཆང་དབང་སྐུ། །ཚེ་འདི་ཉིད་ལ་མངོན་འགྱུར་ཤོག །ཅེས་པ་འདུས་པའི་དམར་ཁྲིད་དགེ་ལུགས་ཐུན་མོང་མ་ཡིན་པའི་བརྒྱུད་འདེབས་འདི་ཡང་། ཡི་གེ་དྲུག་པའི་འཕྲིན་ལས་ཀྱིས་འགྲོ་མང་སྨིན་གྲོལ་ལ་འགོད་པ། སྤྲུལ་སྐུ་ཕྱག་རྡོར་ནོར་བུའི་གསུང་གིས་བསྐུལ་བ་ལྟར། ཟ་ཧོར་གྱི་བནྡེས་ར་ས་འཕྲུལ་སྣང་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ནོར་བུའོ། །ཟུང་འཇུག་བདེ་ཆེན་ཡེ་ཤེས་དབང་གི་རྒྱལ། །མ་རུང་གདུག་པའི་གཤེད་དུ་ཁྲོས་པའི་གར། །དཔལ་ལྡན་དུས་དགྲའི་དབང་པོ་མ་ཧེའི་ཞལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །དགའ་བཞིའི་དཔལ་སྟེར་ཡེ་ཤེས་མཁའ་འགྲོ་མ། །ཚུལ་འདིའི་ཤིང་རྟའི་སྲོལ་འབྱེད་ལཱ་ལི་ཏ། །གྲུབ་པའི་དབང་པོ་རྗེ་བཙུན་ཨ་མོ་གྷ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཁས་གྲུབ་དབང་པོ་ཡེ་ཤེས་འབྱུང་གནས་ཞབས། །གྲུབ་པའི་དབང་ཕྱུག་པདྨ་བཛྲ་དང་། །བརྟུལ་ཞུགས་མཐར་ཕྱིན་རྗེ་བཙུན་ཡེ་རང་པ། གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཐུ་སྟོབས་མངའ་བདག་རྭ་ལོ་རྡོ་རྗེ་གྲགས། །དབོན་སྲས་གདམས་པའི་མཛོད་འཛིན་ཆོས་རབ་དང་། །ཚུལ་འདིར་མཁས་ཤིང་གྲུབ་བརྙེས་ཡེ་ཤེས་སེང་། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྭ་ཆེན་སྙན་རྒྱུད་འཛིན་པའི་འབུམ་སེང་དང་། །སྔགས་འཆང་དབང་པོ་རྗེ་བཙུན་རྒ་ལོའི་ཞབས། །རྒྱུད་སྡེའི་མངའ་བདག་རོང་པ་ཤེར་སེང་ལ། །(༤༧བ)


GLG015_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྗེ་བཙུན་ཡེ་ཤེས་དཔལ་བ་གདམས་པའི་གཏེར། །མཁས་གྲུབ་དམ་པ་དོན་གྲུབ་རིན་ཆེན་དང་། །རྒྱལ་བའི་དབང་པོ་འཇམ་མགོན་བཙོང་ཁ་པ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ། །གསང་ཆེན་མངའ་བདག་ཤེས་རབ་སེང་གེའི་ཞབས། །རྒྱུད་འཛིན་དམ་པ་སྦྱིན་པ་དཔལ་བ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ལུང་དང་རྟོགས་པའི་མངའ་བདག་ཤེས་རབ་བཟང་། །རྡོ་རྗེ་འཛིན་དངོས་ཆོས་སྐྱོང་མཚན་ཅན་དང་། །འདུས་པའི་ལམ་གྱི་གནད་སྟོན་ནམ་མཁའ་གྲགས། གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཟབ་མོའི་དོན་རྟོགས་ཉི་མ་བཀྲ་ཤིས་དང་། །མདོ་རྒྱུད་མངའ་བདག་བདེ་ལེགས་ཉི་མའི་ཞབས། །གནས་ལྔ་རིག་པ་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྡོ་རྗེ་འཆང་དབང་དཔལ་འབྱོར་ལྷུན་གྲུབ་ཞབས། །འཁོར་ལོའི་མགོན་པོ་འཇམ་དབྱངས་ཨཱ་ནནྡ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡང་ན་སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ། །འཕགས་མཆོག་དམ་པ་དོན་གྲུབ་རིན་ཆེན་དང་། །པཎ་ཆེན་ངོ་མཚར་རྒྱ་མཚོ་དཔལ་བཟང་པོར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྡོ་རྗེའི་འཆང་དབང་དགེ་འདུན་དགེ་འདུན་བཀྲ་ཤིས་ཞབས། །པད་དཀར་འཛིན་དངོས་བསོད་ནམས་རྒྱ་མཚོའི་སྡེ། །རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ནམ་མཁའ་བཟང་། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །དཔལ་ལྡན་འབྱོར་པའི་བང་མཛོད་ལྷུན་གྲུབ་རྗེ། །འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ཀུན་དགའི་ཞབས། །རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ངག་གི་དབང་ཕྱུག་འཇམ་དབྱངས་གཞོན་ནུ་ཡིས། །རྗེས་བཟུང་བློ་གསལ་དགའ་སྐྱེད་སྐལ་བཟང་འགྲོའི། །ཕན་བདེའི་དཔྱིད་གྱུར་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྨིན་བྱེད་འཇུག་སྒོ་དབང་བཞིའི་གྲོང་ཁྱེར་དུ། །བཤེས་གཉེན་དམ་པའི་མགོན་གྱིས་ལེགས་ཁྲིད་དེ། །སྐུ་གསུམ་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །འབད་མེད་འགྲུབ་པའི་ས་བོན་ཐེབས་པར་ཤོག །ཕྲ་རགས་གསལ་སྣང་གཡོ་མེད་ང་རྒྱལ་སོགས། །རིམ་པ་དང་པོའི་ཚུལ་ལ་(༤༨ན)


GLG015_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གོམས་ཏེ། །ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད་ལ་སོགས། །ཐུན་མོང་ལས་ཀུན་འབད་མེད་འགྲུབ་པར་ཤོག །མཁའ་འགྲོའི་སྙན་བརྒྱུད་རྭ་ཁྲིད་ཟབ་མོའི་ལམ། །རྫོགས་པའི་རིམ་པ་མཆོག་ལ་རབ་གཞོལ་བས། །ཚེ་འདིར་རྡོ་རྗེ་འཛིན་པ་མངོན་གྱུར་ཏེ། །དོན་གཉིས་མ་ལུས་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མའི་དབང་གི་བརྒྱུད་འདེབས་འདི་ཡང་། གསུང་རབ་རབ་འབྱམས་ལྟ་བའི་རྣམ་དཔྱོད་ཅན་ཀོང་པོ་ཕན་བདེ་ཆོས་རྗེ་ཤཱཀྱ་ལྷ་དབང་གིས་བསྐུལ་བ་ལྟར། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའོ། །སྟོབས་བཅུའི་རྩལ་གྱི་མི་བཟད་ང་རོའི་དབྱངས། །འཇིགས་མེད་གདོང་ལྔའི་རྒྱུད་ལས་ཉེར་དྲངས་པས། །སྲིད་ཞིའི་རྒུད་པའི་རི་དྭགས་སྐྲག་མཛད་པ། །རྒྱལ་དབང་ཟས་གཙང་སྲས་པོར་གུས་ཕྱག་འཚལ། །གང་གིས་ངེས་གསང་ཐེག་པའི་དམ་ཆོས་ཀྱིས། །ཕུན་ཚོགས་འཁོར་ལོས་སྒྱུར་བའི་སྒྱུ་དྲའི་གར། །སྐལ་བཟང་འགྲོ་ལ་སྟོན་པའི་རིགས་བརྒྱའི་བདག །དཀྱིལ་འཁོར་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །ཆོས་ཕུང་རྒྱ་མཚོར་འཁྱིལ་བའི་ཀུན་དགའི་བླ། །མཁྱེན་བརྩེའི་ཆ་ཤས་ཡོངས་རྫོགས་འོད་དཀར་ཅན། །ཐུབ་བསྟན་ཀུནྡའི་གཉེན་གྱུར་ཨ་ཏི་ཤ །ལྔ་བརྒྱའི་དཔུང་གཉེན་མཆོག་ལ་གསོལ་བ་འདེབས། །བློ་ལྡན་སྐལ་པ་བཟང་པོར་སྒྱུར་མཁས་པའི། །ཕུལ་བྱུང་གྲགས་པའི་སྒྲ་དབྱངས་སྲིད་པ་འདིར། །ཆེས་འབར་ཐོས་འཛིན་རྒྱན་གྱུར་ཀནྐི། །ཀུན་མཁྱེན་བཙོང་ཁ་པ་ལ་གསོལ་བ་འདེབས། །རྒྱལ་བ་མཆོག་དེའི་དྲི་མེད་བསྟན་པའི་ཁུར། །འཆད་རྩོད་རྩོམ་པས་འཛིན་པའི་དམ་པ་རྣམས། །ནམ་ཡང་འགྱུར་བ་མེད་པ་གཡུང་དྲུང་ཁྲིར། །བསྐལ་པ་(༤༨བ)


GLG015_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་བློ་བཟང་རྒྱལ་བ་གཉིས་པ་ལ། །དམ་ཆོས་དཔྱིད་ཀྱི་མ་མས་ལེགས་བསྐྱངས་པའི། །མ་སྨད་གཡུར་ཟ་ལྡེམ་པའི་རྒྱལ་མཚན་མཆོག །མི་མཐུན་གྲང་རེག་ལས་རྒྱལ་བརྟན་གྱུར་ཅིག །ངག་གི་དབང་ཕྱུག་བློ་བཟང་བྱེ་བའི་གཏེར། །རྒྱ་མཚོ་ལྟ་བུར་ཟབ་པའི་ཉིན་མོར་བྱེད། །དབང་ཕྱོགས་ཐུན་འཚམས་སྟེགས་ལས་ཉེར་འཕགས་ཏེ། །གངས་ཅན་ཕན་བདེའི་འོད་བརྒྱ་རབ་འགྱེད་ཤོག །སྲིད་འབྱོར་སྙིང་མེད་དབུ་བའི་དོ་ཤལ་ཅན། །ཉན་རང་དམན་པའི་ལམ་དུ་གོལ་ཤེས་ཏེ། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ། །སྙིང་སྟོབས་ཆེན་པོས་སློབ་པར་བྱིན་གྱིས་རློབས། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྔོན་སོང་ནས། །དབང་བཞིས་ལེགས་སྨིན་ཕྲ་རགས་བསྐྱེད་རིམ་དང་། །རྩ་རླུང་ཐིག་ལེར་རབ་བསྣུན་རྫོགས་རིམ་གྱི། གྲོལ་བྱེད་ལམ་གྱིས་ཟུང་འཇུག་ཐོབ་པར་ཤོག །ཡོངས་འཛིན་ཐུགས་ཀྱི་རིན་ཆེན་རྩིག་ངོས་ལས། །སྤང་རྟོགས་ལངྒཱའི་བདག་པོའི་གཟུགས་བརྙན་འབུམ། །སྣང་ལྟར་བདག་བློར་དྲི་མེད་ལེགས་འཆར་བའི། །ཧ་ནུ་མནྠ་གཉིས་པ་གྲུབ་གྱུར་ཅིག །ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡིས། །རྗེས་སུ་ལེགས་བཟུང་རྨད་བྱུང་དམ་ཆོས་ཀྱི། །དགའ་སྟོན་སྤེལ་བས་བསྟན་དང་འགྲོ་བ་ཡི། །ཕན་དང་བདེ་བའི་ཉེར་འཚོར་བདག་འགྱུར་ཤོག །ཁྱད་པར་དགེ་ཚོགས་ལེགས་ལམ་ཀུན་འཕེལ་བའི། །ལུགས་བཟང་འཛིན་པའི་ཁྲིམས་ལྡན་འདུས་པའི་སྡེ། །འཛམ་གླིང་གསེར་ལྡན་དགའ་མའི་ལྟོ་བ་ན། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་གྱུར་ཅིག །ས་ཆེན་སྐྱོང་བ་བསྟན་འཛིན་ཆོས་ཀྱི་རྒྱལ། །བསོད་ནམས་རབ་ཏུ་བསྟན་པའི་མི་ཡི་དབང་། །རྒྱལ་བའི་བསྟན་པ་སྟོབས་ཀྱིས་ལེགས་འཛིན་རྣམས། །སྐུ་ཚེ་མངའ་ཐང་ཆབ་སྲིད་རྒྱས་གྱུར་ཅིག །དཔའ་འཛངས་བརྟུལ་ཕོད་དད་དང་གཏོང་བ་སོགས། །གྲངས་མེད་ཡོན་ཏན་རིན་ཆེན་ཕུང་པོ་ཡི། །(༤༩ན)


GLG015_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོར་སོན་པའི་ཕུན་ཚོགས་སྦྱིན་པའི་བདག །ཚེ་དཔལ་སྟོབས་འབྱོར་ལྷུན་གྱིས་གྲུབ་པར་ཤོག །མཐུ་ཆེན་དབང་ཕྱུག་སྟོབས་ལྡན་ཕྱག་དྲུག་པ། །དཔལ་ལྡན་དུས་དགྲའི་དབང་པོ་མ་ཧེའི་ཞལ། །སྲིད་གསུམ་བདག་མོ་འདོད་ཁམས་དབང་ཕྱུག་མས། །དུས་ཀུན་གཡེལ་མེད་འཕྲིན་ལས་སྒྲུབ་པར་མཛོད། །ཟས་གཙང་སྲས་དང་ཇོ་བོ་ཡབ་སྲས་ཟུང་། །མཉམ་མེད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །ཡི་དམ་ཆོས་སྐྱོང་སྲུང་མར་བཅས་རྣམས་ཀྱི། །བཀྲ་ཤིས་རྒྱ་མཚོས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པ་འདི་ཡང་དད་པའི་ནོར་གྱིས་མངོན་པར་མཛེས་པ་སྡེ་སྲིད་རིན་ཆེན་རྩེ་པས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། ཨིནྡྲ་ནཱི་ལའི་ལྷུན་པོ་དུས་མཐའི་མེས། །མངོན་པར་འཁྱུད་པའི་གར་དགུའི་ཉམས་ལྡན་པ། །དཀྱིལ་འཁོར་སྤྲོ་དང་བསྡུ་བའི་བྱེད་པོ་མཆོག །དཔལ་ལྡན་དུས་དགྲའི་དབང་པོར་གསོལ་བ་འདེབས། །ཟག་མེད་བདེ་སྟོང་རྡོ་རྗེ་རོ་ལངས་མ། །ཤིང་རྟའི་སྲོལ་འབྱེད་རྗེ་བཙུན་ལཱ་ལི་ཏ། །གྲུབ་པའི་དབང་ཕྱུག་ཆེན་པོ་ཨ་མོ་གྷ། །ཟུང་འཇུག་མངོན་གྱུར་གསུམ་ལ་གསོལ་བ་འདེབས། །ཟབ་མོའི་རྟོགས་པ་མཐར་ཕྱིན་ཡེ་ཤེས་འབྱུང་། །བརྟུལ་ཞུགས་གྲུབ་པ་པདྨ་བཛྲ་དང་། །འཕྲིན་ལས་རྒྱ་མཚོར་མངའ་བརྙེས་བལ་པོའི་ཞབས། །དུས་དགྲའི་རྣལ་འབྱོར་གསུམ་ལ་གསོལ་བ་འདེབས། །འཇིག་རྟེན་མིག་གཅིག་སྒྲ་སྒྱུར་རྡོ་རྗེ་གྲགས། །གང་གི་དབོན་སྲས་རྭ་ཆེན་ཆོས་རབ་ཞབས། །གདམས་པའི་བཀའ་བབས་ཡེ་ཤེས་སེང་གེ་སྟེ། །མཁས་གྲུབ་རྣམ་པ་གསུམ་ལ་གསོལ་བ་འདེབས། །རྭ་ཆེན་རིགས་ཆོས་འཛིན་པ་འབུམ་སེང་དང་། །སྔགས་འཆང་དབང་པོ་རྗེ་བཙུན་རྒ་ལོའི་དཔལ། །དུས་འཁོར་ཞབས་པ་རོང་པ་ཤེས་རབ་སེང་། །མཁས་པའི་དབང་པོ་གསུམ་ལ་གསོལ་བ་འདེབས། །མན་ངག་རྒྱ་མཚོར་མངའ་སྒྱུར་ཡེ་ཤེས་དཔལ། །(༤༩བ)


GLG015_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་དོན་རིན་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས། །བསྟན་པའི་བདག་པོ་གསུམ་ལ་གསོལ་བ་འདེབས། །ཐུགས་ཀྱི་སྲས་མཆོག་དགེ་ལེགས་དཔལ་བཟང་པོ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཤེས་རབ་སེང་། །འདུས་པའི་ལམ་གྱི་གནད་སྟོན་སྦྱིན་པ་དཔལ། །འཁོར་ལོའི་མགོན་པོ་གསུམ་ལ་གསོལ་བ་འདེབས། །གང་གི་གདམས་པའི་མཛོད་འཛིན་ཤེས་རབ་བཟང་། །རྡོ་རྗེ་འཆང་དངོས་ཆོས་སྐྱོང་མཚན་ཅན་ཞབས། །ལུང་དང་རིགས་པ་སྨྲ་བ་ནམ་མཁའ་གྲགས། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །བསྐྱེད་རྫོགས་ཟུང་འཇུག་ཉི་མ་བཀྲ་ཤིས་དང་། །མཁས་གྲུབ་ཆེན་པོ་བདེ་ལེགས་ཉི་མའི་ཞབས། །ཤེས་བྱ་ཀུན་རིག་ནམ་མཁའ་རྒྱལ་མཚན་དཔལ། །མཁས་གྲུབ་ཆེན་པོ་གསུམ་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་དཔལ་འབྱོར་ལྷུན་གྲུབ་ཞབས། །འཇམ་མགོན་ངག་གི་དབང་པོ་ཀུན་དགའི་དཔྱིད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྗེ། །སྐྱབས་མཆོག་དམ་པ་གསུམ་ལ་གསོལ་བ་འདེབས། །ཡང་ན་མཁས་གྲུབ་པའི་རྗེས་སུ། །འཕགས་མཆོག་ཆེན་པོ་དོན་གྲུབ་རིན་ཆེན་པ། །གནས་ལྔ་རིག་པ་ངོ་མཚར་རྒྱ་མཚོ་སྟེ། །ཕན་བདེའི་རྩ་ལག་གསུམ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་དགེ་འདུན་བཀྲ་ཤིས་ཞབས། །པད་དཀར་འཛིན་པ་བསོད་ནམས་རྒྱ་མཚོའི་སྡེ། །མཁས་བཙུན་གྲུབ་པའི་དབང་ཕྱུག་ནམ་མཁའ་བཟང་། །བསྟན་པའི་བདག་པོ་གསུམ་ལ་གསོལ་བ་འདེབས། །འཁོན་རིགས་འཇམ་མགོན་དཔལ་འབྱོར་ལྷུན་གྱིས་གྲུབ། །འཕྲིན་ལས་སྲིད་མཐར་རང་རྒྱལ་རྡོ་རྗེ་འཛིན། །རྩ་བའི་བླ་མ་འཁོར་ལོའི་བདག་ཉིད་ཅན། །རྗེ་བཙུན་བླ་མ་གསུམ་ལ་གསོལ་བ་འདེབས། །ལུགས་གཅིག་ལ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྗེས་སུ། མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་པོ། །དཔལ་ལྡན་བླ་མ་གསུམ་ལ་གསོལ་བ་འདེབས། །བྱ་བཏང་རྣལ་འབྱོར་གྲུབ་ཆེན་ཁྱུང་པོ་དང་། །འཇམ་པའི་(༥༠ན)


GLG015_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དངོས་དཀོན་མཆོག་ཆོས་འཕེལ་ཞབས། ཁ་སྦྱོར་བདུན་ལྡན་རྩ་བའི་བླ་མ་མཆོག །བཀའ་དྲིན་འཁོར་མེད་གསུམ་ལ་གསོལ་བ་འདེབས། །རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས། །གདུག་པ་འདུལ་ཕྱིར་དཔལ་ལྡན་མ་ཧེའི་ཞལ། །བཅུ་གསུམ་འཁོར་ལོའི་བདག་ཉིད་དུས་དགྲའི་དབང་། །ཕུལ་བྱུང་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །དེང་ནས་མི་ཁོམ་ཆུ་འཛིན་སྟུག་པོ་ཡིས། །མ་གཙེས་དལ་བའི་རྟེན་བཟང་གྲུ་གཟིངས་ལ། །བརྟེན་ནས་བཤེས་གཉེན་ཡིད་བཞིན་ནོར་བུ་དེར། །མི་འཛད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས། །འཇིགས་རུང་ངན་འགྲོའི་གཡང་ས་དུག་སྦྲུལ་ཚང་། །སྲིད་འབྱོར་སྙིང་མེད་དབུ་བའི་དོ་ཤལ་ཅན། །ཉན་རང་གཞན་དོན་ལས་ཉམས་དམན་པའི་ཚུལ། །ཤེས་ནས་ངེས་གསང་ཆོས་ལ་གཞོལ་བར་ཤོག །གྲངས་མེད་བསྐལ་གསུམ་ནོར་འཛིན་ཕ་མཐའ་ལ། །རྡོ་རྗེའི་རྣལ་འབྱོར་ཁྱབ་འཇུག་གོམ་གཅིག་གིས། །སྙིགས་དུས་ཚེ་ཐུང་འདི་ལ་བགྲོད་ནུས་པའི། །ཐེག་མཆོག་འཇུག་སྒོ་དབང་གིས་སྨིན་པར་ཤོག །མཁའ་ལ་འཇའ་ལྟར་རྟེན་དང་བརྟེན་པ་གསལ། །ཡུངས་འབྲུ་ཙམ་གྱི་ཐིག་ལེར་དཀྱིལ་འཁོར་རྫོགས། །གསལ་དང་སྟོང་ཆ་ང་རྒྱལ་བརྟན་པོ་སོགས། །བསྐྱེད་པའི་རིམ་པ་མ་ལུས་མཐར་ཕྱིན་ཤོག །རྣལ་འབྱོར་བཞི་དང་རྭ་རྩེར་སེམས་འཛིན་པ། །མཁའ་འགྲོའི་ཁ་རླངས་མ་ཉམས་རྭ་ཁྲིད་སོགས། །སྙན་ནས་སྙན་བརྒྱུད་རྫོགས་རིམ་ལམ་མཆོག་ཀུན། །ཚེ་འདིར་ལམ་དུ་ལོངས་པར་བྱིན་གྱིས་རློབས། །གནས་སྐབས་ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད། །ཐུན་མོང་འཕྲིན་ལས་སྒྲུབ་ལ་ཐོགས་མེད་ཅིང་། །མཐར་ཐུག་གོ་འཕང་ཟུང་འཇུག་སྐུ་བཞིའི་བདག །མངོན་དུ་བྱས་ནས་དོན་གཉིས་གྲུབ་པར་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བརྒྱུད་ལ་གསོལ་བ་འདེབས་པ་རིན་ཆེན་ཀེ་ཏ་ཀའི་ཕྲེང་བ་ཞེས་བྱ་བ་འདི་ནི་(༥༠བ)


GLG015_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་བྱམས་གླིང་མ་ཎི་བ། མགྲོན་གཉེར་དཀོན་མཆོག་བློ་གྲོས་གྱིས་བསྐུལ་བའི་ངོར། ཨ་ཝ་དྷཱུ་ཏི་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཆུ་འགོ་བཀྲ་ཤིས་འཁྱིལ་བའི་ཉེ་འདབས་སུ་སྦྱར། ལྷུན་གྲུབ་མཚན་དཔེའི་རང་གཟུགས་ཟློས་གར་ནི། །སིནྡྷུ་རྒྱ་མཚོར་པདྨའི་སྡོང་པོའི་རྩེར། སྤྲུལ་སྐུའི་རྣམ་རོལ་མཚོ་སྐྱེས་རྡོ་རྗེ་ཞེས། །དུས་གསུམ་རྒྱལ་བའི་གཙོ་བོར་གསོལ་བ་འདེབས། །མགོན་ཁྱོད་ཀ་དག་ཆོས་སྐུའི་ཀློང་ཡངས་ནས། །ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་རོལ་གར་མཁན། །ཐུགས་རྗེས་འགྲོ་ལ་བརྩེ་ལྡན་སྤྲུལ་པའི་སྐུར། །སྟོན་མཛད་ཐོད་འཕྲེང་རྩལ་ལ་གསོལ་བ་འདེབས། །མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །རང་སྣང་རིག་མར་ཤར་བ་འཚོ་རྒྱལ་དང་། །བདེ་སྟོང་དབྱིངས་སུ་རྩེ་བའི་སྒྱུ་མ་མཁན། །པད་འབྱུང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཨིནྡྲ་ནི་ལའི་མདངས་ལ་འཁུ་བའི་ཞལ། །རྡོ་རྗེ་རྩེ་ལྔ་གདེངས་ཤིང་སྡིགས་འཛུབ་མཛད། །དགའ་བ་བཅུ་དྲུག་རབ་རྒྱས་ཡུམ་དང་སྦྱོར། །པདྨ་འབྱུང་གནས་སྐུ་ལ་གསོལ་བ་འདེབས། །ཡིད་འཕྲོག་རབ་དཀར་ཞི་ཞིང་འཛུམ་པའི་ཉམས། །ཐོད་པའི་རྔ་ཆུང་འཁྲོལ་ཞིང་པད་ཕོར་འཛིན། །ལྷ་རྫས་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །བློ་ལྡན་མཆོག་སྲེད་སྐུ་ལ་གསོལ་བ་འདེབས། །ཕུན་ཚོགས་སྣང་བ་འབུམ་གྱི་གཟི་བརྗིད་ཅན། ཁ་ཊྭཾ་རྟ་ལྗང་འོད་རྣོན་ཞགས་པ་འཛིན། །རུས་པའི་རྒྱན་དང་སྟག་གི་ཤམ་ཐབས་ཅན། །ཉི་མ་འོད་ཟེར་སྐུ་ལ་གསོལ་བ་འདེབས། །འཇིགས་རུང་བཟོད་པར་དཀའ་བ་སྲིན་པོའི་གཟུགས། །གནམ་ལྕགས་རྡོ་རྗེ་སྡིགས་འཛུབ་གདེངས་ཙམ་གྱིས། །བདུད་སྡེ་ཆེར་འཐག་སེང་ལྤགས་སྟོད་གཡོགས་ཅན། །སེང་གེ་སྒྲ་སྒྲོག་སྐུ་ལ་གསོལ་བ་འདེབས། །སྡོམ་བརྩོན་ལུས་སྟོབས་རྒྱས་པའི་གཉིས་འཐུང་དབང་། །པད་ཕོར་སྐྱབས་སྦྱིན་སྣ་ཞགས་རིང་སྐྱོང་ཞིང་། །ངུར་སྨྲིག་གསེར་སྦྱངས་དྲ་བས་རྒྱན་སྤུད་པ། །པདྨ་སཾ་བྷའི་(༥༡ན)


GLG015_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་གསོལ་བ་འདེབས། །གཟི་བརྗིད་ཕུན་ཚོགས་སྙན་པའི་ཅང་ཏེའུ་དང་། །ཆོས་སྐུ་མངོན་པར་གསལ་བའི་མེ་ལོང་འཛིན། །ལྷ་རྫས་དམར་པོའི་གོས་ཀྱི་ལྷབ་ལྷུབ་ཅན། །པདྨ་རྒྱལ་པོའི་སྐུ་ལ་གསོལ་བ་འདེབས། །མཚན་དཔེ་རབ་གསལ་སྟོབས་བཅུའི་རྩལ་ཀུན་རྫོགས། །ས་གནོན་ལྷུང་བཟེད་འཛིན་ཞིང་ཆོས་གོས་སེར། །བདུད་བཞི་ཀུན་བཅོམ་མཆོག་གི་སྤྲུལ་པའི་སྐུ། །ཤཱཀྱ་སེང་གེའི་སྐུ་ལ་གསོལ་བ་འདེབས། །སྐུ་མདོག་སྨུག་ནག་གནམ་ལྕགས་རྡོ་རྗེ་འཕྱར། །ཕུར་བུ་འབར་བ་ལོག་འདྲེན་སྙིང་ལ་གཟེར། །སྟག་བརྫུས་དམུ་ཡི་སྟེང་ན་འགྱིང་མཛད་པའི། །རྡོ་རྗེ་གྲོ་ལོད་སྐུ་ལ་གསོལ་བ་འདེབས། །གདུལ་བྱའི་དོན་དུ་བསྟན་པའི་རྣམ་རོལ་གྱི། །མཚན་བརྒྱད་སྤྲུལ་པའི་སྐུ་ཡིས་རྗེས་བཟུང་པའི། །བླ་མེད་ཐེག་པ་མཆོག་གི་རིག་པ་འཛིན། །རྡོ་རྗེའི་རྣལ་འབྱོར་གྲུབ་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་དབྱངས་གཞོན་ནུ་ཡི། །ཐུགས་རྗེའི་ཟེར་གྱིས་བློ་གྲོས་པད་མོའི་ཚལ། །རབ་རྒྱས་ཕན་བདེའི་ལམ་བཟང་རྒྱ་མཚོ་ལས། །གཏན་བདེའི་ཆོས་སུ་སྐོར་ལ་གསོལ་བ་འདེབས། །རྡོ་རྗེའི་ཁམས་ལས་རབ་གྲུབ་སེང་གེའི་ཁྲིར། །མགོན་ཁྱོད་བསྐལ་བ་རྒྱ་མཚོར་རྟག་བཞུགས་ཤིང་། །སྡེ་བཞིའི་ལང་ཚོ་དར་ལ་བབ་པ་ཡི། །ཆོས་དང་སྲིད་ཀྱི་དཔལ་འབྱོར་རྒྱས་པར་མཛོད། །ངག་གི་དཔལ་མངའ་དབང་ཕྱུག་ཡོན་ཏན་བརྒྱད། །བསོད་ནམས་སྟོབས་ཀྱིས་མངོན་པར་ལྷུན་གྲུབ་པ། །མི་མཐུན་རྒུད་པའི་དགྲ་ལས་རྣམ་རྒྱལ་ཏེ། །བསམས་པའི་དོན་ཀུན་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་རྒྱས་སྨན་ཞང་མཁར་བའི་ཚ་བོ། འཕྲིན་ལས་རབ་བརྟན་གྱིས་བསྐུལ་བ་ལྟར། ཟ་ཧོར་གྱི་བནྡེས་ཆུ་འགོ་བཀྲ་ཤིས་འཁྱིལ་བའི་ཉེ་འདབས་སུ་བྲིས། ངག་དབང་དབྱངས་ཅན་ལྷ་ཡིས་རྗེས་བཟུང་བའི། །བློ་གྲོས་མཆོག་གིས་སྐལ་བཟང་གདུལ་བྱ་རྣམས། །ཕན་བདེའི་མཆོག་བྱིན་(༥༡བ)


GLG015_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་རང་བཞིན་ལྟར། །ནམ་ཡང་འཛད་མེད་རྩོལ་ལ་གསོལ་བ་འདེབས། །དགེ་བའི་ས་བོན་དུས་སུ་ལེགས་སྨིན་པའི། །དོན་གཉིས་རོ་བརྒྱའི་དཔལ་འཛིན་ཨ་མྲའི་འབྲས། །དལ་བའི་རྟེན་བཟང་ལྕེ་ཡེ་ལེགས་མྱང་བས། །གཏན་བདེའི་ས་ལ་དགའ་བའི་གར་བྱེད་ཤོག །རྒུད་པའི་ཆུ་འཛིན་ཞི་བའི་ནམ་མཁའ་ལ། །བསོད་ནམས་ཉི་མ་འབུམ་གྱི་གཟི་བྱིན་གྱིས། །འདིར་སྣང་ཚེ་དཔལ་འདབ་བརྒྱ་བཞད་པ་དང་། །བྱང་ཆུབ་མཆོག་གི་ཟེ་འབྲུ་གཡུར་ཟ་ཤོག །ཅེས་པ་འདི་ཡང་འཕྱོང་རྒྱས་སྤེན་ནག་པ་ནང་སོ་དངོས་གྲུབ་ཀྱིས་བསྐུལ་བའི་ངོར། ཟ་ཧོར་གྱི་བནྡེས་སྦྱར། ངོ་མཚར་རྨད་བྱུང་པདྨའི་སྡོང་པོ་ལ། །རང་བྱུང་སྤྲུལ་པའི་གར་གྱིས་རྣམ་རོལ་བ། །རྒྱལ་བ་ཀུན་དངོས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་རླབས་སྩོལ། །གྲངས་མེད་འགྲོ་བ་ཐམས་ཅད་རྗེས་འཛིན་ཀྱང་། ཁྱད་པར་བོད་འབངས་ཡོངས་ཀྱི་གཉེན་གཅིག་པུ། །ཚེ་དབང་རིག་འཛིན་པདྨ་ཐོད་འཕྲེང་ལ། །གསོལ་བ་འདེབས་སོ་གྲོལ་བར་བྱིན་གྱིས་རློབས། །རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །སྲིན་པོའི་རྒྱལ་པོའི་ཚུལ་གྱིས་ལོག་འདྲེན་ཀུན། །འདུལ་མཛད་ཀརྨ་གུ་རུར་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །རྒྱལ་བ་ཀུན་དངོས་པདྨ་སམྦྷ་བས། །རྗེས་བཟུང་གསང་ཆེན་རྡོ་རྗེ་ཐེག་པ་ནི། །གྲུབ་པ་མཆོག་བརྙེས་རྗེ་འབངས་ཉེར་ལྔ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མདོ་སྒྱུ་སེམས་སོགས་བཀའ་ནས་བཀར་བརྒྱུད་པའི། །འཁྲུལ་མེད་བཤད་དང་སྒྲུབ་པའི་སྔ་འགྱུར་བསྟན། །འཛིན་འཛད་སོ་ཟུར་གནུབས་སོགས་རིག་འཛིན་ལ། གསོལ་བ་འདེབས་སོ་གྲོལ་བར་བྱིན་གྱིས་རློབས། ཁྲི་སྲོང་རྣམ་སྤྲུལ་མྱང་བན་ཆོས་ཀྱི་དབང་། །རྒོད་ཀྱི་ལྡེམ་འཕྲུ་རྒྱ་སྟོན་ཞང་ཁྲོམ་སོགས། །ཟབ་དོན་གཏེར་གྱི་སྒོ་འབྱེད་ཚོགས་རྣམས་ལ། །ཁྱད་པར་མཁས་གྲུབ་པདྨ་དབང་གི་རྒྱལ། །མཐུ་སྟོབས་དབང་ཕྱུག་ལེགས་(༥༢ན)


GLG015_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྡོ་རྗེའི་ཞབས། །པདྨའི་རྒྱལ་ཚབ་བྱང་བདག་རིག་འཛིན་ལ། གསོལ་བ་འདེབས་སོ་གྲོལ་བར་བྱིན་གྱིས་རློབས། །དཔལ་ལྡན་རྒྱལ་བ་ཀུན་གྱི་འབྱོར་བའི་མཛོད། །འབད་མེད་ལྷུན་གྲུབ་དཀྱིལ་འཁོར་འཁོར་ལོའི་མགོན། །འཁོན་རིགས་འཇམ་དབྱངས་གྲུབ་པའི་དཔའ་བོ་ལ། གསོལ་བ་འདེབས་སོ་གྲོལ་བར་བྱིན་གྱིས་རློབས། །དང་པོའི་མགོན་པོ་ཀུན་བཟང་ཧེ་རུ་ཀ །བསོད་ནམས་ཞིང་དུ་ངུར་སྨྲིག་ཟློས་གར་ཅན། །རྣམ་ཀུན་མཆོག་ལྡན་རྗེ་བཙུན་བླ་མ་ལ། གསོལ་བ་འདེབས་སོ་གྲོལ་བར་བྱིན་གྱིས་རློབས། །ངག་གི་དབང་ཕྱུག་བཀྲ་ཤིས་ཆོས་ཀྱི་དུང་། །མགྲིན་པར་གཡས་འཁྱིལ་ཀུན་དགའི་སྒྲ་དབྱངས་ཅན། །རྡོ་རྗེ་འཆང་དངོས་པདྨ་བཛྲ་ལ། གསོལ་བ་འདེབས་སོ་གྲོལ་བར་བྱིན་གྱིས་རློབས། །བླ་མེད་རྡོ་རྗེའི་ཐེག་པ་མཆོག་གི་རྩལ། །ལྷུན་གྲུབ་གང་ཤར་རང་གྲོལ་རྣལ་འབྱོར་པ། །ཟིལ་གནོན་དུས་དགྲ་གྲུབ་པའི་རིག་འཛིན་ལ། གསོལ་བ་འདེབས་སོ་གྲོལ་བར་བྱིན་གྱིས་རློབས། །མདོར་ན་དངོས་གྲུབ་ཡིད་བཞིན་དབང་གི་རྒྱལ། །འབད་མེད་སྩོལ་ཕྱིར་དུས་གསུམ་རྒྱལ་བ་ཀུན། །དངོས་དང་བརྒྱུད་པའི་བླ་མར་ལེགས་བསྟན་ལ། གསོལ་བ་འདེབས་སོ་གྲོལ་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་དགེ་ཚོགས་ལས། །ཚེ་རབས་ཀུན་དུ་རྡོ་རྗེ་སློབ་དཔོན་གྱིས། །རྗེས་སུ་བཟུང་སྟེ་སྨིན་གྲོལ་ཟབ་མོའི་ལམ། །ཚུལ་བཞིན་ཉམས་སུ་ལེན་པར་བྱིན་གྱིས་རློབས། །ཀ་ནས་ཡེ་དག་རང་རིག་ཀུན་ཏུ་བཟང་། །ལྷུན་གྲུབ་ཞི་ཁྲོ་རབ་འབྱམས་འོད་ལྔའི་ཀློང་། །ཐུགས་རྗེས་སྤྲུལ་པ་སྣ་ཚོགས་སྟོན་ནུས་པའི། །ཚེ་འདིར་རྫོགས་ཆེན་ལམ་བཟང་མངོན་གྱུར་ཤོག །ནད་གདོན་བར་ཆད་མི་མཐུན་ཕྱོགས་ཀུན་ཞི། །ཚེ་དཔལ་ལོངས་སྤྱོད་ཕུན་ཚོགས་མ་ལུས་གྲུབ། །མཐར་ཐུག་གདོད་མའི་ཀུན་བཟང་མངོན་བྱས་ནས། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་དབུ་མཛད་དང་མཆོད་དཔོན་གྱི་ལས་འཛིན་བློ་བཟང་ཡོན་ཏན་དང་། བློ་བཟང་ལུང་རིག་གཉིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་མཆིམས་ཕུ་གསང་ཕུག་ཏུ་སྦྱར། རྨད་བྱུང་རྣམ་དཔྱོད་ཡངས་པའི་མཁྱེན་པའི་(༥༢བ)


GLG015_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན། །ཤེས་བྱའི་གནས་ལུགས་ཀུན་ལ་འཇུག་པའི་རྫས། །བློ་གྲོས་མཆོག་གིས་ལེགས་བཤད་བྱེ་བའི་སྒོ། །འབྱེད་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །དྲང་ངེས་གསུང་རབ་དགོངས་དོན་ཆུ་གཏེར་ཆེ། །ཐོས་བསམ་སྒོམ་པའི་གཟིངས་ཀྱིས་རབ་བགྲོད་ནས། །མཁས་བཙུན་བཟང་པོའི་ཡིད་བཞིན་དབང་གི་རྒྱལ། །འདོད་དགུར་ལོངས་སུ་སྤྱོད་ལ་གསོལ་བ་འདེབས། །རིང་ནས་བསགས་པའི་ཚོགས་གཉིས་ས་བོན་ལས། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཡོངས་འདུའི་ལྗོན། །རྒྱ་ཆེན་ཐོས་བསམ་སྒོམ་པའི་འབྲས་བུའི་བཅུད། །དབྱར་མཚོ་ལྟ་བུར་འཕེལ་ལ་གསོལ་བ་འདེབས། །མཆོག་གསུམ་ཐུགས་རྗེའི་རང་བཞིན་རྡོ་རྗེའི་ཁམས། །གྲུབ་པའི་རང་གཟུགས་འགྱུར་བ་ཆེན་པོའི་ཁྲིད། །མདོ་སྔགས་རབ་འབྱམས་སྨྲ་བའི་བཤེས་གཉེན་མཆོག །སྐལ་བཟང་གདུལ་བྱའི་དཔྱིད་དུ་བརྟན་གྱུར་ཅིག །མི་དམན་རྣམ་པས་ལྷག་བསམ་ཤིང་རྟ་ཡིས། །མངོན་པར་དྲངས་པའི་དགེ་ཚོགས་ནོར་བུའི་དཔྱ། །སྲིད་ཞིའི་དབུལ་བ་སེལ་བའི་ཆོ་ག་ལས། །གཏན་བདེའི་འདོད་དགུར་ལོངས་སུ་སྤྱོད་གྱུར་ཅིག །ཅེས་མདོ་སྨད་གསེར་གཞོང་ཡུལ་གྱི་མདོ་སྔགས་རབ་འབྱམས་སྨྲ་བའི་ཆོས་རྗེ་དོན་གྲུབ་རྒྱ་མཚོ་ལ་གསོལ་བ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་ཆོས་རྗེ་ཉིད་ཀྱི་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། དུས་གསུམ་རྒྱལ་བ་ཀུན་གྱི་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་རང་གི་ངོ་བོ་བཞིན་ལག་གི་གཟུགས་སུ་ཤར་བ་ངག་གི་ལྷས་འཇམ་དབྱངས་ཀྱི། །རྗེས་སུ་བཟུང་བའི་འཇིག་རྟེན་ལས་འདས་པའི་དབང་ཕྱུག་བརྒྱད་དང་ལྡན་པའི་རིགས་ཐམས་ཅད་གྱི་བདག་པོ་རྡོ་རྗེ་འཛིན་པ་གང་། །བློ་གསལ་མཁས་བཙུན་རྗེ་ཡོནྟ་བཟང་པོའི་ལྡན་པའི་ཚོགས་ཀྱི་མགོན་གཅིག་པུར་གྱུར་བའི། །(༥༣ན)


GLG015_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་རྒྱ་མཚོའི་ལྟར་ཟབ་ཅིང་རྒྱ་ཆེ་བ་དག་འདྲེན་པ་ཤིང་རྟར་གསོལ་བ་འདེབས་སོ། །ནག་ཕྱོགས་བདུད་སྡེའི་གཡུལ་ལས་བླ་མ་ཡི་དམ་ཆོས་སྲུང་གི་ནུས་མཐུས་འཇིགས་པ་མེད་པའི་སེང་གེ་ལྟ་བུའི་སྒྲས། །ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་གསུམ་གྱི་གོ་ཆ་ཅན། །ཐུབ་བསྟན་འཆད་རྩོད་རྩོམ་གསུམ་གྱི་རྣམ་དཔྱོད་ལང་ཚོ་རྒྱས་པ་ཡི། །རང་གཞན་གྱི་དོན་གཉིས་གྲུབ་པའི་སྡེ་ལ་གསོལ་བ་འདེབས་སོ། །དབྱངས་ཅན་ལྷ་མོ་མགྲིན་པར་ཆགས་པའི་ལེགས་བཤད་ཀྱི་རྒྱུད་མང་ལས། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་རིག་པའི་གནས་ཀྱི་དབྱངས་རྗོད་བྱེད་ཀྱི་ཚིག་མཛེས་ཤིང་བརྗོད་བྱའི་དོན་བཟང་བའི་སྙན་པའི་སྒྲ་ཡི་གེ །རྣམ་དཔྱོད་དང་ལྡན་པ་ལུས་ཕྲ་མ་ལྟ་བུ་འགུགས་པའི་དཀྱུས་རིང་པོའི་སྤྱན་གྱིས། །ཀུན་རྫོབ་དོན་དམ་གྱི་ཤེས་བྱ་ཀུན་ལ་འཇུག་དེར་གསོལ་བ་འདེབས་སོ། །རིམ་པ་གཉིས་ཀྱི་རྡོ་རྗེའི་རྣལ་འབྱོར་མཆོག་གི་ཉི་མའི་འོད་ཟེར་གྱིས། །གནས་པ་རྩ་ཁམས་བཀོད་པ་བྱང་ཆུབ་ཀྱི་སེམས་རླུང་གི་པདྨའི་འདབ་བརྒྱད་ཡོངས་སུ་བཞད་པས། །འགྱུར་བ་མེད་པ་བདེ་བས་སྟོང་པ་ངེས་པའི་ཡེ་ཤེས་ཁྱད་པར་ཅན་ཟུང་འཇུག་གི་བཅུད་ཀྱི་རབ་ཏུ་མྱོས་པའི། །རྡོ་རྗེ་འཆང་གི་རིགས་ཀྱི་རྒྱུད་འཛིན་པ་ཨ་ཝ་དྷཱུ་ཏིར་གསོལ་བ་འདེབས་སོ། །དགེ་བ་དེས་ཡི་རྗེ་བཙུན་བླ་མ་བསྐལ་བརྒྱའི་བར་དུ། །བསིལ་ལྡན་བོད་ཡུལ་གྱི་འགྱུར་བ་མེད་པ་རྡོ་རྗེའི་ཁྲི་ལ་རྟག་ཏུ་ཞབས་པད་བརྟན་ཅིང་། །བདག་སོགས་འགྲོ་བ་ཀུན་ཀྱང་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་སྟེ། །ཕན་པ་དང་བདེ་བའི་དཔལ་ལ་ལོངས་སྤྱོད་པར་ཤོག་ཅིག་གུ །ཅེས་པ་འདི་ཡང་དགེ་སློང་དོན་འགྲུབ་རྒྱལ་མཚན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ཏ་དགར་སྦྱར། ངག་དབང་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱིས། །རྗེས་(༥༣བ)


GLG015_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བློ་གསལ་སྐལ་བཟང་འགྲོ་བའི་གཉེན། །རྒྱ་ཆེན་འཕྲིན་ལས་རྣམ་བཞིའི་མཚོ་ཆེན་པོ། །རབ་བརྟན་སྲིད་མཐར་རྒྱས་ལ་གསོལ་བ་འདེབས། །ཞེས་རྡོ་རྗེ་བྲག་པ་ཁམས་པ་སྔགས་རམས་པའི་ངོར་བྲིས། ངག་དབང་མཚུངས་མེད་བློ་གྲོས་བཟང་པོའི་དཔྱིད། །གསུང་རབ་རྒྱ་མཚོར་འཇུག་པའི་རྣམ་དཔྱོད་ཀྱིས། །བསྟན་དང་འགྲོ་བའི་ཉེར་འཚོའི་གཞིར་གྱུར་པའི། །རྗེ་བཙུན་བླ་མ་དམ་པར་གསོལ་བ་འདེབས། །ཞེས་པ་འདི་དགའ་ལྡན་དར་རྒྱས་ཀྱི་བསྐུལ་བའི་ངོར། །ཟ་ཧོར་གྱི་བནྡེས་ཟི་ལིང་མཁར་གྱི་ཉེ་འདབས་སུ་སྦྱར། ངག་གི་དབང་ཕྱུག་འཇམ་མགོན་བཙོང་ཁ་བའི། །རིང་ལུགས་བློ་གྲོས་ཡངས་པའི་རྣམ་དཔྱོད་ཀྱིས། །འཛིན་མཁས་སྐལ་བཟང་རྒྱ་མཚོའི་དགའ་སྟོན་ཅན། །ཐུབ་བསྟན་ཡོངས་འདུའི་དབང་པོར་གསོལ་བ་འདེབས། །བྱིན་རླབས་དངོས་གྲུབ་ཆར་འབེབས་བདུད་སྡེའི་གཤེད། །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས། །ཀུན་འདུས་མཁྱེན་བརྩེ་ནུས་ལྡན་རྡོ་རྗེ་འཛིན། །དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས། །ཅུང་ཟད་བསྟོད་པའི་ཡན་ལག་བརྒྱད་ལྡན་ཆུས། །སྲིད་བཞིའི་རྒུད་པའི་དྲི་མ་ཀུན་བཀྲུས་ཏེ། །ཚོགས་གཉིས་ལང་ཚོ་དར་བའི་ཞབས་བསིལ་གྱིས། །དོན་གཉིས་པད་དཀར་མིག་ཅན་གྲུབ་གྱུར་ཅིག །ཅེས་པ་འདི་ནི་འོར་བསྡུས་བུ་ཡན་ཐུ་གུ་ཤྲཱི་ནོ་ཡོན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། ངོ་མཚར་རྨད་བྱུང་ཐུགས་རྗེའི་ཆུ་རྒྱུན་གྱིས། །ཕན་བདེའི་འཁྲི་ཤིང་ཚར་དུ་ལེགས་དངར་བས། །དོན་གཉིས་འབྲས་བཟང་དུད་བའི་དཔག་བསམ་ལྗོན། །འཕགས་མཆོག་ཕྱག་ན་པདྨར་གསོལ་བ་འདེབས། །མཆོད་སྦྱིན་རྒྱ་མཚོའི་སྒོ་འབྱེད་འཇིག་རྟེན་དབང་། །ཨོ་རྒྱན་མཁའ་འགྲོའི་གླིང་བགྲོད་དཀོན་མཆོག་འབངས། །(༥༤ན)


GLG015_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཡུལ་རྒྱལ་པོར་རྣམ་སྤྲུལ་སྲོང་བཙན་ཞབས། །ཕུལ་བྱུང་རྒྱལ་བའི་སྲས་ལ་གསོལ་བ་འདེབས། །བོད་ཡུལ་བསྟན་པ་སྤེལ་མཛད་ཁྲི་སྲོང་རྗེ། །དམ་ཆོས་སྒྲོན་མེ་སྤར་བའི་རལ་པ་ཅན། །འཕགས་ཡུལ་ཆོས་ཀྱི་རྒྱལ་པོ་དགེ་བ་དཔལ། །མཁྱེན་བརྩེ་ནུས་པའི་དབང་པོར་གསོལ་བ་འདེབས། །བཀའ་གདམས་བསྟན་པའི་བདག་པོ་འབྲོམ་སྟོན་རྗེ། ཁ་ཆེའི་མཁས་གྲུབ་དམ་པ་དགོན་པ་བ། །ཧེ་རུ་ཀ་དཔལ་བླ་ཆེན་ས་སྐྱ་པ། །འགྲོ་བའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་འགྲོ་མགོན་གཡུ་བྲག་པ། །ཟབ་དོན་གཏེར་གྱི་སྒོ་འབྱེད་མངའ་བདག་མྱང་། །བོད་ཡུལ་ཕན་བདེའི་རྩ་ལག་དགེ་བ་འབུམ། །ལུས་ཅན་ཀུན་གྱི་ཉེར་འཚོར་གསོལ་བ་འདེབས། །བལ་པོའི་པཎ་ཆེན་པདྨ་བཛྲ་ཞབས། །ཤེས་བྱ་ཐམས་ཅད་མཁྱེན་པའི་དགེ་འདུན་གྲུབ། །སྨྲ་བའི་དབང་ཕྱུག་དགེ་འདུན་རྒྱ་མཚོའི་དཔལ། །མཁས་བཙུན་བཟང་པོར་སྟོན་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་བསོད་ནམས་རྒྱ་མཚོའི་དཔལ། །འབྲེ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཅུང་ཟད་བསྟོད་པའི་དགེ་ཚོགས་ཡིད་བཞིན་ནོར། །མི་ཕྱེད་དད་པའི་རྒྱལ་མཚན་རྩེར་བཀོད་པས། །མཆོག་ཐུན་དངོས་གྲུབ་འདོད་དགུའི་ཆར་བཞིན་དུ། །བསམ་པའི་རེ་བ་མ་ལུས་སྐོངས་གྱུར་ཅིག །ཅེས་འཁྲུངས་རབས་བརྒྱུད་པའི་གསོལ་འདེབས་ཀྱི་རིམ་པ་འདི། དགའ་ལྡན་ཁྲི་རིན་པོ་ཆེ་ལྗང་རམ་པའི་དབོན་པོ་བློ་བཟང་རབ་བརྟན་གྱིས་ཐང་གའི་བྲིས་ཐོར་བསྐུལ་བ་ལྟར། ཟ་ཧོར་གྱི་བནྡེས་རྒྱ་ནག་གི་ཡུལ་གྲུའི་ཆ་ཤས་དྲུང་ཝིར་སྦྱར། རྣམ་དཀར་དགེ་བའི་ཚོགས་གཉིས་ས་བོན་ལས། །(༥༤བ)


GLG015_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བསྐྲུན་ཕན་བདེའི་ཉེར་འཚོར་རབ་འདུན་པའི། །མཁས་གྲུབ་རྒྱ་མཚོའི་དེད་དཔོན་པད་དཀར་འཆང་། །རྗེ་བཙུན་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །གྲངས་མེད་བསོད་ནམས་ཤིང་རྟས་ལེགས་དྲངས་པའི། །ཐོས་བསམ་སྒོམ་པའི་ཡིད་བཞིན་ནོར་བུ་མཆོག །གྲགས་པའི་རྒྱལ་མཚན་རྩེ་མོར་འགོད་མཛད་པའི། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །རླབས་ཆེན་བསོད་ནམས་ཉི་མ་སྟོང་གི་གཟི། །དོན་གཉིས་སྣང་བ་རྒྱས་པའི་དགའ་སྟོན་ཅན། །རྒྱ་མཚོའི་གོས་ཅན་གཞི་འདིར་ཟླ་བྲལ་བའི། །མཁྱེན་བརྩེ་ནུས་པའི་དབང་པོར་གསོལ་བ་འདེབས། །དམན་པའི་རིགས་བྲལ་སྲོང་བཙན་གདུང་གིས་བཙུན། །མཁས་གྲུབ་གཙོར་གྱུར་ཐོས་བསམ་སྒོམ་པས་མཛེས། །སྤངས་རྟོགས་མཐར་ཕྱིན་རྡོ་རྗེའི་རྣལ་འབྱོར་གྲུབ། །བསོད་ནམས་དཔལ་ལྡན་བཟང་པོར་གསོལ་བ་འདེབས། །དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་དཔལ། །གཞོན་ནུའི་མཚན་མངའ་རྒན་པོའི་བློ་ལྡན་པ། །བཟང་པོའི་ལམ་སྟོན་ཡང་དག་དགེ་བའི་བཤེས། །སྤྱན་སྔ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །ཟུང་འཇུག་སྐུ་བཞིའི་འབྱོར་པར་ལྷུན་ཆགས་བ། །འཁོན་རིགས་འཇམ་དབྱངས་གྲུབ་པའི་དཔའ་བོ་མཆོག །རྗེ་བཙུན་སྣང་མཛད་རྡོ་རྗེར་གསོལ་བ་འདེབས། །དཔལ་ལྡན་ཆོས་ཀྱི་འབྱོར་བའི་འཕྲིན་ལས་རྣམས། །རབ་རྒྱས་ངག་གི་དབང་ཕྱུག་བཀྲ་ཤིས་དབྱངས། ཀུན་དགའི་དཔྱིད་གྱུར་དཀྱིལ་འཁོར་འཁོར་ལོའི་མགོན། །ཟུར་ཆེན་པདྨ་རྡོ་རྗེར་གསོལ་བ་འདེབས། །ངག་གི་དབང་ཕྱུག་བློ་གྲོས་བཟང་པོ་ལས། །གསུང་རབ་རྒྱ་མཚོར་འཇུག་པའི་རྣམ་དཔྱོད་ཀྱིས། །སྐལ་བཟང་གདུལ་བྱའི་རེ་བ་ལེགས་སྐོང་ལ། །གང་ཤར་རང་སར་གྲོལ་ལ་གསོལ་བ་འདེབས། །ཞེས་གྲུབ་པའི་དབང་ཕྱུག་པ་མི་ཏྲ་ཛོ་ཀི་ནས་ཉེ་བར་བརྒྱུད་པའི་སྙིང་པོ། (༥༥ན)


GLG015_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གསུམ་གྱི་བླ་མའི་བརྒྱུད་འདེབས་འཇམ་དབྱངས་དགའ་བའི་བློ་གྲོས་ཡན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་གནང་འདུག་པའི་འཕྲོ་མུས་རྣམས་དགོས་ཞེས་ངེས་དོན་སྙིང་པོའི་ཚུལ་ལ་བློ་གཞོལ་བའི། འཚོ་བྱེད་འབྲང་རྒྱས་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། རྒྱལ་བ་ཀུན་གྱི་ཆོས་ཕུང་གངྒཱའི་རྒྱུན། །གངས་ཅན་བསྟན་པའི་ཞབས་བསིལ་ཆུ་སྦྱིན་མཁན། །བློ་གསལ་སྐལ་བཟང་གཉེན་གྱུར་གྲགས་པའི་དཔལ། །ཀུན་མཁྱེན་ཙོང་ཁ་པ་ལ་གསོལ་བ་འདེབས། །རྨད་བྱུང་ཐུགས་རྗེ་ཆེན་པོའི་འོད་སྟོང་གིས། །བསྟན་དང་འགྲོ་བའི་ཕན་བདེའི་པད་དཀར་ཚལ། །རྒྱས་མཛད་ལྔ་བརྒྱའི་དཔུང་གཉེན་ཨ་ཏི་ཤ །དཔལ་ལྡན་མར་མེ་མཛད་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་ལྷ། །ཚངས་སྤྱོད་དགེ་བསྙེན་གར་གྱིས་རྣམ་རོལ་བ། །བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ། །རྒྱལ་བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་མགོན་བཙོང་ཁ་བའི། །དྲི་མེད་ལུང་རྟོགས་ཡོན་ཏན་ནོར་བུའི་དཔྱ། །བློ་གྲོས་ཤིང་རྟ་བཟང་པོས་འདྲེན་མཛད་པའི། །མདོ་རྒྱུད་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །ཚེ་འདིར་ནད་གདོན་བར་ཆད་རྒུད་པ་ཡི། །མི་མཐུན་མུན་པའི་སྨག་རུམ་རབ་ཞི་ནས། །བདེ་སྐྱིད་ཉིན་མོའི་སྣང་བ་རྒྱས་པར་ཤོག །གྲངས་མེད་ལེགས་བྱས་ས་བོན་སྨིན་པ་ལས། །ཚེ་དཔལ་སྟོབས་འབྱོར་མ་ལ་ཡི་ཤིང་། །ཕུན་ཚོགས་སྡེ་བཞིའི་དྲི་བསུང་རབ་མཐུལ་བར། །ལོངས་སུ་སྤྱོད་པའི་དགའ་སྟོན་རྒྱས་པར་ཤོག །ཚེ་འདིའི་སྣང་བ་འགག་ཚེ་བར་དོ་དང་། །གནས་ངན་ལེན་གྱི་འཇིགས་པ་ཀུན་ཞི་ནས། །བདེ་བ་ཅན་དུ་རྫུས་ཏེ་པདྨ་ལས། །སྐྱེས་ནས་ཐེག་མཆོག་ཆོས་ལ་སྤྱོད་པར་ཤོག །ཚེ་རབས་ཀུན་དུ་དལ་བའི་རྟེན་བཟང་ཐོབ། །(༥༥བ)


GLG015_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཛིན་དགེ་བའི་བཤེས་ཀྱི་རྗེས་སུ་བཟུང་། །མདོ་རྒྱུད་ཟབ་མོའི་ལམ་ཀུན་ཉམས་བླངས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །རྒྱལ་བ་སྲས་བཅས་ཀུན་གྱི་བྱིན་རླབས་དང་། །སླུ་མེད་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུས། །མི་ཕྱེད་ཡིད་ཀྱིས་བཏབ་པའི་སྨོན་ལམ་ཀུན། །ཐོགས་པ་མེད་པར་མྱུར་དུ་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མའི་རིགས་ལས་ལུགས་གཉིས་ཀྱི་མཁྱེན་དཔྱོད་ཅན་ཁེ་ཤིང་གེ་ཆིན་དབང་གིས་བསྐུལ་བའི་ངོར། ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཤར་ཕྱོགས་རྒྱལ་པོའི་ཕོ་བྲང་ཆེན་པོ་པེ་ཅིང་གི་ཉེ་འདབས་གཟིམས་ཁང་སེར་པོར་སྦྱར། སྣ་ཚོགས་ཤེས་བྱའི་སྤུ་སྡུག་རབ་བཀྲ་བའི། །རྣམ་དཔྱོད་ཚིག་དོན་རྒྱས་པའི་སྒྲོ་གཤོག་ཅན། ཚངས་པའི་བུ་མོ་འབྲུག་སྒྲ་མངལ་འཛིན་མ། །མགྲིན་པའི་དབུས་སུ་དགའ་བའི་གར་སྒྱུར་ཅིག །དེ་ལ་འདིར་གསོལ་འདེབས་གངྒའི་ཆུ་རྒྱུན་གྱི་དོན་བཤད་པ་ལ། གསོལ་བ་འདེབས་པར་བྱ་བའི་ཡུལ། ཇི་ལྟར་གསོལ་བ་འདེབས་པའི་ཚུལ། གསོལ་བ་བཏབ་པའི་ཕན་ཡོན་དང་གསུམ་ལས། དང་པོ་ནི། རིམ་ལྔ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། ཞེས་པ་ལྟར་སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་སློབ་དཔོན་ལ་ཚང་བར་མདོ་རྒྱུད་དུ་མ་ནས་ལན་ཅིག་མ་ཡིན་པར་གསུངས་པས་དངོས་བརྒྱུད་གྱི་བླ་མ་ལ་གསོལ་བ་གདབ་པ་ནི་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་པའི་ཕྱིར་ན་རྒྱལ་བ་ཙོང་ཁ་པས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་དངོས་དང་། ཞར་བྱུང་སྨོན་ལམ་གཉིས། དང་པོ་ལ། མཚན་ཉིད་ལ་དངོས་པོའི་གནས་ལུགས་ལ་བསྟོད་པ་དང་། བཏགས་པ་བ་སྒྲོ་བཏགས་ཀྱིས་བསྟོད་པ་གཉིས། དང་པོ་ལ་གསུམ་ལས་དང་པོ་རྒྱལ་བ་བཙོང་ཁ་པ་ལ་(༥༦ན)


GLG015_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ནི། རྒྱལ་བ་ཀུན་གྱི་ཞེས་སོགས་ཏེ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་སངས་རྒྱས་ཀུན་གྱིས་གསུངས་པའི་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་ཕུང་པོ་རྣམས་ནི་གངྒཱའི་ཆུ་རྒྱུན་དང་། བོད་གངས་ཅན་གྱི་ལྗོངས་ཀྱི་ལུང་དང་རྟོགས་པའི་བསྟན་པ་ནི་གཟུགས་སུ་མ་བཀོད་ལ། གསུང་རབ་ལ་ལྟ་བའི་བློ་གྲོས་ཀྱི་མིག་གསལ་ཞིང་། དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པའི་སྐལ་བ་བཟང་པོ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་གཉེན་དུ་གྱུར་པ་མཁས་བཙུན་བཟང་པོའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པའི་དཔལ་མངའ་བའི་ཀུན་མཁྱེན་བླ་མ་བཙོང་ཁ་པ་ནི་ཞབས་བསིལ་འབུལ་བར་བྱེད་པའི་ཆུ་སྦྱིན་མཁན་པོ་སྐལ་ལྡན་ཤིང་རྟའི་གཟུགས་སུ་བཀོད་པས་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་གྱི་སྒོ་ནས་གསོལ་བ་འདེབས་པའོ། །འདི་ནི་རྒྱལ་པོ་སྐལ་ལྡན་ཤིང་རྟས་ཆུ་བོ་གངྒཱ་ལྷ་ཡུལ་ནས་ཕབ་སྟེ་ཁྱབ་འཇུག་གི་ཞབས་བསིལ་དུ་ཕུལ་བའི་གཏམ་རྒྱུད་དང་སྦྱར་རོ། །གཉིས་པ་ནི། རྨད་དུ་བྱུང་བ་སོགས་ཏེ། ངོ་མཚར་རྨད་བྱུང་བསླུ་བ་མེད་པའི་ཐུགས་རྗེ་ཆེན་པོས་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་ཕན་བདེ་རྒྱས་པར་མཛད་པ་པོ་ལྔ་བརྒྱ་པ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པ་ཨ་ཏི་ཤ་དཔལ་ལྡན་མར་མེ་མཛད་ལ་གསོལ་བ་འདེབས་སོ། །སྦྱར་གཞི་ཉི་མའི་འོད་ཟེར་སྟོང་གིས་པདྨ་དཀར་པོའི་ཚལ་རྒྱས་པའོ། །ལྔ་བརྒྱ་ནི་སངས་རྒྱས་ཀྱི་བསྟན་པ་ལ་འབྲས་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ། སྒྲུབ་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ། ལུང་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ། རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གཅིག་སྟེ་ལྔ་བརྒྱ་ཕྲག་བཅུར་ཡོད་པས་ན་ལྔ་བརྒྱ་ཞེས་བཤད་དོ། །ཨ་ཏི་ཤ་ཞེས་པ་སཾ་སྐྲྀ་ཏའི་སྐད་དེ་བོད་སྐད་དུ་ཕུལ་དུ་བྱུང་བ་ཞེས་པཎྜི་ཏ་གཞན་ལས་ལྷག་པའི་དོན་ནོ། །གསུམ་པ་ནི། རྒྱལ་བ་ཀུན་གྱི་སོགས་ཏེ། དུས་གསུམ་རྒྱལ་བ་ཀུན་གྱི་སྙིང་རྗེ་ཆེན་པོ་བཞིན་ལག་གི་རང་གཟུགས་སུ་ཤར་བ་ལྷ་མཆོག་སྤྱན་རས་གཟིགས་གདུལ་བྱའི་མོས་(༥༦བ)


GLG015_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་སྣང་ཚུལ་དགེ་བསྙེན་ལ་རིགས་མང་དུ་ཡོད་པ་ལས་ཚངས་པར་སྤྱོད་པའི་གར་གྱིས་རྣམ་པར་རོལ་བ། སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་རྗེ་ནི་ཇོ་བོ་ཆེན་པོས་བཀའ་གདམས་ཀྱི་བསྟན་པ་གཏད་ནས་དེའི་བདག་པོར་བསྐོས་པས་ན་བཀའ་གདམས་ཀྱི་བསྟན་པའི་མེས་པོ་སྟེ། མཚན་དངོས་རྒྱལ་བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས་སོ། །གཉིས་པ་བཏགས་པ་བ་སྒྲོ་བཏགས་ཀྱིས་བསྟོད་པ་ནི་ངག་གི་དབང་ཕྱུག་སོགས་ཏེ། ནོར་བུ་ལ་སོགས་པའི་དངོས་པོ་མང་པོའི་དཔྱ་ཁྲལ་ཤིང་རྟའི་འཕྲུལ་གྱིས་ཚེགས་ཆུང་ངུས་འདྲེན་ནུས་པ་ལྟར། སྨྲ་བ་ངག་གི་དབང་ཕྱུག་མགོན་པོ་འཇམ་དཔལ་དབྱངས་བཙོང་ཁ་པའི་ལུང་དང་རྟོགས་པའི་བསྟན་པ་འཁྲུལ་པའི་དྲི་མ་མེད་པའི་ཡོན་ཏན་གྱི་ཚོགས། གསུང་རབ་ལ་ལྟ་བའི་བློ་གྲོས་བཟང་པོས་འདྲེན་པར་མཛད་པའི་བྱེད་པ་པོ། མདོ་དང་རྒྱུད་སྡེ་རྒྱ་མཚོ་ཆེན་པོར་དབང་སྒྱུར་བའི་སྡེ་ལ་གསོལ་བ་འདེབས་སོ། །གཉིས་པ་ཞར་བྱུང་སྨོན་ལམ་ལ། གནས་སྐབས་ཀྱི་སྨོན་ལམ། མཐར་ཐུག་གི་སྨོན་ལམ། བདེན་པའི་ཚིག་བརྗོད་པ་དང་གསུམ་ལས། དང་པོ་ལ་འདི་ཕྱི་བར་དོ་གསུམ་ལས། དང་པོ་ནི་དགེ་བ་འདི་ཡིས་སོགས་ཏེ། བཤད་མ་ཐག་པ་གསོལ་འདེབས་ཀྱི་དགེ་བའི་ཚོགས་འདིའི་མཐུ་ལ་བརྟེན་ནས། བདག་སོགས་འགྲོ་བ་སེམས་ཅན་ཀུན་ཀྱང་ཚེ་འདིར་སྔོན་ལས་འཕྲལ་རྐྱེན་དུ་གྱུར་པའི་འདུ་བ་འཁྲུགས་པའི་ནད་དང་། གནོད་པ་བྱེད་པའི་དགྲ་དང་གདོན་བགེགས་སོགས་བར་དུ་གཅོད་པ་ལ་བརྟེན་ནས་ཡིད་དུ་མི་འོང་བའི་རྒུད་པ་མི་མཐུན་པའི་ཚོགས་རྣམས་ཞི་ཞིང་། ལུས་སེམས་བདེ་བ་སོགས་བསམས་པ་ཙམ་གྱིས་གྲུབ་པའི་དགའ་བ་དང་སྐྱིད་པར་ཤོག་ཅེས་པ་སྟེ། སྦྱར་གཞི་ཉིན་མོའི་སྣང་བ་རྒྱས་པ་ན་མུན་པའི་སྨག་རུམ་སྟུག་པོ་རབ་ཏུ་ཞི་བའོ། །གཉིས་པ་ཕྱི་མར་དགེ་བ་ནི་གྲངས་མེད་ལེགས་བྱས་སོགས་ཏེ། གྲངས་མེད་པ་དུས་རིང་པོ་ནས་ཉེ་བར་བསགས་པའི་དཀར་པོ་དགེ་བའི་(༥༧ན)


GLG015_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱས་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་སྐྱེ་བ་ཐམས་ཅད་དུ་ཚེ་རིང་བ་དང་། དཔལ་འབྱོར་ལོངས་སྤྱོད་འཕེལ་ཞིང་སྟོབས་ཆེ་བ་དང་། ཕུན་སུམ་ཚོགས་པ་ཆོས་ནོར་འདོད་པ་ཐར་པའི་སྡེ་བཞི་རྒྱས་པའི་དགའ་སྟོན་ལ་ལོངས་སུ་སྤྱོད་པར་ཤོག །ས་བོན་སྨིན་པ་ལས་བྱུང་བའི་མ་ལ་ཡའི་ཤིང་དྲི་བསུང་རབ་ཏུ་འཐུལ་བའི་གཟུགས་སུ་བཀོད་པའོ། །གསུམ་པ་བར་དོའི་སྨོན་ལམ་ནི། ཚེ་འདིའི་སྣང་བ་འགགས་ཤིང་ཕྱི་མའི་ལུས་མ་ཐོབ་པའི་ཚེ་སྲིད་པ་བར་དོ་ཞེས་པ་འཇིགས་སྐྲག་འཁྲུལ་སྣང་སྣ་ཚོགས་འཆར་བ་དེ་རང་ངོ་ཤེས་ནས་བླ་མ་ཡི་དམ་གདམས་ངག་རྣམས་དྲན་པའི་རྐྱེན་གྱིས་དམྱལ་བ་སོགས་གནས་ངན་ལེན་གྱི་འཇིགས་པ་ཀུན་རྣམ་པར་ཞི་ནས་མགོན་པོ་འོད་དཔག་མེད་བཞུགས་པའི་རིན་པོ་ཆེ་ལས་གྲུབ་པའི་ཞིང་ཁམས་ལྗོན་ཤིང་མེ་ཏོག་མཚོ་རྫིང་ལྟེང་ཀ་སོགས་དང་ལྡན་པའི་དག་པའི་ཞིང་བདེ་བ་ཅན་དེར་པདྨ་ལས་རྫུས་ཏེ་སྐྱེས་ནས་མགོན་པོ་འོད་མཐའ་ཡས་པའི་གསུང་གི་བདུད་རྩི་ཐེག་པ་མཆོག་གི་ཆོས་ལ་ལོངས་སྤྱོད་པར་ཤོག་ཅེས་པའོ། །གཉིས་པ་མཐར་ཐུག་གི་སྨོན་ལམ་ནི། ཚེ་རབས་ཀུན་དུ་སོགས་ཏེ། ཚེ་རབས་ཀུན་དུ་དམ་པའི་ཆོས་སྒྲུབ་པའི་རྟེན་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་བཟང་པོ་ཐོབ། གདུལ་བྱ་ཡོངས་སུ་འཛིན་པ་ལ་མཁས་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་ནས། མདོ་དང་རྒྱུད་སྡེ་ཟབ་མོའི་ལམ་གྱི་གནད་ཀུན་ལེགས་པར་བསྟན་པ་ལ་ཐོས་པ་བྱས། དེ་དོན་མ་འཁྲུལ་བར་རང་གིས་ཉམས་སུ་བླངས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་རང་བཞིན་གྱི་དོན་རྒྱ་ཆེན་པོ་གྲུབ་པར་བྱིན་གྱིས་རློབས་ཞིག་ཅེས་པའོ། །གསུམ་པ་བདེན་པའི་ཚིག་བརྗོད་པ་ནི། རྒྱས་བ་སྲས་བཅས་སོགས་ཏེ། དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཀུན་གྱི་བྱིན་རླབས་དང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་(༥༧བ)


GLG015_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐ་སྙད་དུ་བྱ་བྱེད་འཐད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སླུ་བ་མེད་པའི་མཐུ་ལ་བརྟེན་ནས། གསོལ་བ་འདེབས་པ་པོ་རྣམས་ཀྱིས་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོའི་ཡིད་ཀྱིས་བཏབ་པའི་སྨོན་ལམ་ཀུན་ཐོགས་པ་མེད་པར་མྱུར་དུ་གྲུབ་པར་གྱུར་ཅིག་ཅེས་པའོ། །གསུམ་པ་བཏབ་པའི་ཕན་ཡོན་ནི། བསྟོད་པའི་ཡུལ་དེ་རྣམས་ལ་དད་པ་རྣམ་དག་གི་སྒོ་ནས་གསོལ་བ་བཏབ་པ་ནི་ཡོན་ཏན་ཀུན་གྱི་གཞི་རྟེན་ཏེ། ཇི་སྐད་དུ་དཀོན་མཆོག་སྒྲོན་མེ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །ཅེས་གསུངས་པ་ལྟར་རོ། །ཚིག་གི་ལོ་འདབ་ཕང་ཕུང་ཆེར་གཡོས་ན། །དོན་གྱི་འབྲས་བུ་ལྟ་བར་སྒྲིབ་སྙམ་བྱེད། །དེ་ཕྱིར་འདིར་ནི་དོན་གྱི་སྙིང་པོ་དག །གསལ་བར་བཀོད་པས་མཚོ་ལ་བྱད་ལྟར་མཐོང་། །འདི་འདྲ་རྒྱལ་བའི་བསྟན་ལ་ཆེས་གུས་ཤིང་། །བླང་དང་དོར་བྱའི་ཚུལ་ལ་དཔྱོད་ལྡན་གང་། ཁེ་ཤིང་དབང་གིས་བསྐུལ་ཚེ་ཟ་ཧོར་གྱི། །བནྡེ་ཨཱ་ཝ་དྷུ་ཏཱིའི་ལྡོམ་བུས་བྲིས། ངག་དབང་འཇམ་དབྱངས་བླ་མ་ཙོང་ཁ་པའི། །རིང་ལུགས་བློ་གྲོས་བཟང་པོས་ལེགས་བཟུང་ནས། །རྒྱ་ཆེན་ཆོས་ཀུན་ཐུགས་ཀྱི་མཚོར་འཁྱིལ་བའི། །སླུ་མེད་འདྲེན་པ་མཆོག་ལ་གསོལ་བ་འདེབས། །ཚེ་རབས་ཀུན་དུ་དལ་བའི་རྟེན་ཐོབ་ཅིང་། །བཤེས་གཉེན་དམ་པའི་མགོན་གྱིས་ལེགས་བཟུང་ནས། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག །སྒྲུབ་པའི་ཉམས་ལེན་སྙིང་པོར་བྱེད་པར་ཤོག །ཅེས་དཔོན་མོ་མའི་ད་རིས་བསྐུལ་བའི་ངོར་བྲིས། སྭསྟི་པྲ་ཛ་བྷྱཿ རྒྱ་ཆེན་གཙུག་ལག་ཀུན་ལ་སྨྲ་བའི་ངག །མི་འཇིགས་སྤོབས་པ་མཆོག་གི་ཡིད་བཞིན་དབང་། །བློ་གྲོས་རྒྱལ་མཚན་རྩེར་བཀོད་ལེགས་བཤད་ཆར། །སྐལ་བཟང་རྒྱ་མཚོར་འབབ་ལ་གསོལ་བ་འདེབས། །དུག་གསུམ་དགྲ་ཡིས་འཇིགས་པའི་འགྲོ་བ་ཀུན། །གཉིས་(༥༨ན)


GLG015_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཐབས་ཤེས་གོ་ཆ་དང་ལྡན་པས། །ཐུབ་བསྟན་དོན་གཉིས་ལང་ཚོའི་མདུན་ས་རུ། །འཁྲིད་མཛད་མཆོག་གི་སྡེ་ལ་གསོལ་བ་འདེབས། །འཇམ་དབྱངས་དབྱངས་ཅན་ལྷ་ཡིས་རྗེས་བཟུང་བའི། །ཀུན་དགའི་དགའ་སྟོན་སྤེལ་བའི་རྡོ་རྗེ་འཆང་། །ཕུན་ཚོགས་ཚོགས་གཉིས་ལྷུན་གྲུབ་བཤེས་གཉེན་མཆོག །ཁྱབ་བདག་བདག་ཉིད་ཆེན་པོར་གསོལ་བ་འདེབས། །འདི་ཕྱི་བར་དོ་ཀུན་ཏུ་མགོན་ཁྱོད་ཀྱིས། །འབྲལ་མེད་བརྩེ་བས་རྗེས་སུ་ལེགས་བཟུང་ནས། །བར་ཆད་མི་མཐུན་ཕྱོགས་ཀུན་རབ་ཞི་ཞིང་། །བསམས་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་བའི་བསྟན་དང་འགྲོ་བའི་བདེ་སྐྱིད་འཕེལ། །གནས་སྐབས་ཚེ་དཔལ་སྟོབས་འབྱོར་མངའ་ཐང་རྒྱས། །མཐར་ཐུག་སྟོབས་བཅུ་མངའ་བའི་གོ་འཕང་མཆོག །མངོན་དུ་བྱས་ནས་འགྲོ་ཀུན་འདྲེན་པར་ཤོག །ཅེས་པ་འདི་ཡང་ཨོ་ཆེར་དོར་གེ་ཨམ་བྷས་བསྐུལ་ཞིང་མགོན་པོ་སྐྱབས་ཀྱིས་ཀྱང་བསྐུལ་བའི་ངོར་བྲིས། ཐབས་ཤེས་ཟུང་དུ་འཇུག་པའི་ཆུ་གཏེར་ལས། །མཚན་དཔེའི་ལང་ཚོ་རྒྱས་པའི་དཔག་བསམ་ལྗོན། །འགྲོ་ལ་ཕན་བདེའི་འབྲས་བཟང་སྩོལ་མཛད་པའི། །རྣམ་འདྲེན་ཟས་གཙང་སྲས་ལ་གསོལ་བ་འདེབས། །གང་གི་གསུང་རབ་མ་དྲོས་ཀླུང་ཆེན་ལས། །གྲུབ་མཐའ་རྣམ་བཞིའི་གཞུང་ལུགས་ཉལ་འགྲོའི་རྒྱུན། །ལོངས་སུ་སྤྱོད་པའི་སྐལ་བཟང་བློ་གྲོས་ཅན། །རྒྱ་བོད་ལོ་པཎ་རྣམས་ལ་གསོལ་བ་འདེབས། །ཕུན་ཚོགས་སྲིད་ཞིའི་དགེ་ལེགས་ཀུན་གྱི་མཛོད། རྒྱལ་བ་གཉིས་པ་ལྷ་གཅིག་མར་མེ་མཛད། །ཐུགས་སྲས་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་སོགས། །བཀའ་གདམས་རིན་ཆེན་ཕྲེང་བར་གསོལ་བ་འདེབས། །བློ་གྲོས་རབ་ཡངས་འཇམ་དབྱངས་གཞོན་ནུ་གང་། །སྐལ་བཟང་འགྲོ་ལ་ངུར་སྨྲིག་ཟློས་གར་ཅན། །གྲགས་པ་(༥༨བ)


GLG015_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བོད་འདིར་མངོན་མཐོ་ཐམས་ཅད་མཁྱེན། །རྒྱལ་དབང་བཙོང་ཁ་པ་ལ་གསོལ་བ་འདེབས། །བསྟན་ལ་རྗེས་ཞུགས་གཙུག་ལག་རྒྱ་མཚོ་ལ། །ངག་གི་དབང་ཕྱུག་གྲུབ་པའི་བློ་གྲོས་ཀྱིས། །འཆད་རྩོད་རྩོམ་ལ་བཟང་པོའི་རྣམ་དཔྱོད་ཅན། །ལེགས་བཤད་རྒྱ་མཚོའི་དཔྱིད་ལ་གསོལ་བ་འདེབས། །ཐོས་བསམ་སྒོམ་ལ་འཇིགས་མེད་སེང་གེའི་དབྱངས། །སྤོབས་པའི་མགྲིན་པ་མཐོ་བའི་གོ་ཆ་ཅན། །ཐུབ་བསྟན་ལུང་དང་རྟོགས་པའི་ལང་ཚོའི་སྡེ། །རྒྱས་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །དལ་བའི་རྟེན་ལ་སྙིང་པོ་རབ་བླངས་ནས། །རང་གཞན་ཀུན་གྱི་དོན་གཉིས་མ་ལུས་པ། །ལྷུན་གྲུབ་སྟོབས་བཅུ་མངའ་བ་ཐོབ་གྱུར་ཅིག །ཅེས་པ་འདི་ནི་ལྷ་ཁང་སེར་པོའི་བླ་མ་བསམ་བློ་རབ་འབྱམས་པ་སྦྱིན་པ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། ངག་གི་རང་བཞིན་མཐའ་ཡས་ཤེས་བྱའི་ཚིག །སྨྲ་བའི་དབང་ཕྱུག་གྲུབ་པའི་བློ་གྲོས་ཀྱིས། །སྐལ་བཟང་འགྲོ་ལ་རྒྱ་ཆེན་ལེགས་བཤད་མཚོ། །རྣམ་དཔྱོད་ཡོལ་གོར་སྤེལ་ལ་གསོལ་བ་འདེབས། །སྣང་སྲིད་ཟིལ་གནོན་འཇིགས་མེད་རྩལ་གསུམ་རྫོགས། །ཐོས་བསམ་སྒོམ་པའི་གངས་རིའི་སྤོ་ན་འགྱིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་གོ་ཆ་ཅན། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་འདེབས། །དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །དལ་བའི་རྟེན་ལ་སྙིང་པོ་རབ་བླངས་ནས། །འདི་ཕྱི་ཀུན་དུ་དགེ་བའི་ཕན་བདེའི་ནོར། །མི་འབྲལ་གཙུག་གི་རྒྱན་དུ་བསྟེན་པར་ཤོག །ཅེས་པ་འདི་ནི་ནོ་བོན་ད་རི་ཐའི་ཇིས་བསྐུལ་བའི་ངོར་བྲིས། རྒྱལ་བ་ཀུན་གྱི་གསང་གསུམ་རྡོ་རྗེའི་གར། །ཨཽ་ཎྜི་ཡཱ་ནར་སིནྡྷུ་རྒྱ་མཚོའི་དབུས། །ཐུགས་རྗེའི་འདབ་བརྒྱ་བཞད་པའི་གེ་སར་རྩེར། །སྒྱུར་མཛད་པདྨཱ་ཀ་རར་གསོལ་བ་(༥༩ན)


GLG015_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །མཁས་དང་གྲུབ་པའི་འཁོར་ལོས་སྒྱུར་ཀུན་གྱི། །གཙུག་ན་ཞབས་སེན་ཨུ་དུམ་བ་ར་འཛུམ། །མཚན་བརྒྱད་སྤྲུལ་པའི་གར་གྱི་གྲངས་མེད་འགྲོ། །འདྲེན་མཛད་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །འཆི་མེད་ཚེ་དང་མཆོག་གི་དངོས་གྲུབ་བརྙེས། །བརྟུལ་ཞུགས་མཐར་ཕྱིན་ལྷ་སྲིན་བྲན་དུ་འཁོལ། །འཕགས་པའི་ཡུལ་དུ་སངས་རྒྱས་གཉིས་པར་གྲགས། །སློབ་དཔོན་པདྨ་སམྦྷར་གསོལ་བ་འདེབས། །གངས་ཅན་བོད་ཡུལ་ཆོས་ཀྱིས་དཀར་པོར་མཛད། །རྔ་ཡབ་གླིང་དུ་མ་རུང་སྲིན་པོ་འདུལ། །དད་ཅན་མདུན་དུ་རྒྱུན་ཆད་མེད་པར་འབྱོན། །པདྨ་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །རིག་འཛིན་སློབ་དཔོན་ཆེན་པོས་རྗེས་བཟུངས་ནས། །གནས་སྐབས་བར་ཆད་དགྲ་ལས་རྣམ་རྒྱལ་ཤིང་། །མཐར་ཐུག་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་པ་འདི་ནི་བླང་དོར་ལ་ལྟ་བའི་མིག་ཅན་ཁ་ར་ཕྱིན་བི་ལིག་ཐུ་ནང་སོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། མཐོང་ན་མི་མཐུན་མེད་པ་མཚན་བཟང་སྐུ། །ཐོས་པས་རྩ་བའི་གདུང་སེལ་རྡོ་རྗེའི་གསུང་། ཀུན་ལ་ཕན་བདེའི་དཔལ་སྩོལ་བརྩེ་ལྡན་ཐུགས། །རྒྱལ་སྲས་ཕྱག་ན་པདྨར་གསོལ་བ་འདེབས། །འཆད་རྩོད་རྩོམ་པའི་ངག་གི་དབང་ཕྱུག་གིས། །བློ་གསལ་སྐལ་བཟང་འགྲོ་ལ་དམ་པའི་ཆོས། །སྟོན་མཛད་དཔྱོད་ལྡན་རྒྱ་མཚོའི་གཉེན་གཅིག་པུ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་འཇིགས་མེད་ཀྱི། །རྨད་བྱུང་གོ་ཆ་བཙན་པོ་ཆེར་གྱོན་པའི། །ཐུབ་བསྟན་ལང་ཚོ་རྒྱས་པའི་ཡོངས་འདུའི་སྡེ། །གསུམ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །དགེ་བ་འདིས་ཀྱང་མཁའ་མཉམ་ལུས་ཅན་ཀུན། །ཉོན་མོངས་དུག་གསུམ་གཡུལ་ལས་རྣམ་རྒྱལ་ནས། །འགྱུར་མེད་(༥༩བ)


GLG015_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཞིའི་བདག་ཉིད་བདེ་བ་ཆེ། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །རྒྱལ་བའི་བསྟན་པ་སྲིད་མཐར་རབ་འཕེལ་ཞིང་། །དེ་འཛིན་ཚོགས་རྣམས་བཞེད་པའི་དོན་ཀུན་གྲུབ། །གྲངས་མེད་འགྲོ་བ་མ་ལུས་བདེ་སྐྱིད་ཀྱི། །དཔལ་འབྱོར་བཟང་པོས་ཡུན་དུ་འཚོ་གྱུར་ཅིག །ཅེས་པ་འདི་ཡང་བལ་པོའི་བནྡེ་སོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། ཟུང་འཇུག་སྐུ་བཞིའི་སྣང་བརྙན་མཚན་དཔེའི་གར། །ངག་དབང་འཇམ་དབྱངས་གྲུབ་པའི་བློ་གྲོས་ཅན། །སྐལ་བཟང་གདུལ་བྱའི་རེ་སྐོང་ཡོངས་འདུའི་ལྗོན། །དངོས་གྲུབ་རྒྱ་མཚོའི་གཏེར་ལ་གསོལ་བ་འདེབས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་འཇིགས་མེད་གྱི། །ཐོས་བསམ་སྒོམ་པའི་གོ་ཆ་བཙན་པོ་ཡིས། །ཐུབ་བསྟན་རྣམ་པར་རྒྱས་པའི་ལང་ཚོའི་དཔྱིད། །དོན་གཉིས་གྲུབ་པའི་སྡེ་ལ་གསོལ་བ་འདེབས། །སྲོང་བཙན་ཐུགས་རྗེའི་རླུང་གིས་ཉེར་དྲངས་པའི། །ལྷག་བསམ་སྙིང་སྟོབས་རྒྱས་པའི་ཙནྡན་དྲིས། །གངས་ཅན་རྒུད་པའི་ཚ་གདུང་སེལ་མཛད་པའི། །ཕན་དང་བདེ་བའི་ཉེར་འཚོར་གསོལ་བ་འདེབས། །གང་ཤར་རང་སར་གྲོལ་བ་ཐེག་དགུའི་རྩེ། །ལྷ་ཆོས་བདུན་ལྡན་གླེགས་བམ་གསང་བའི་ཆོས། །གསུང་རབ་བདུད་རྩིའི་སྙིང་པོ་སློབ་བཤད་སོགས། །ཟབ་རྒྱས་གདམས་པའི་མཛོད་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་འཇམ་དཔལ་སྙིང་པོ་ཡི། །བསྟན་པའི་གདུགས་དཀར་རིན་ཆེན་ཡུ་བ་ཅན། །ལེགས་འཛིན་སྲིད་རྩེའི་བར་དུ་འཁོར་མཛད་པའི། །ཚངས་སྲས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །འཇམ་དབྱངས་དབྱངས་ཅན་ལྷ་ཡིས་རྗེས་བཟུང་བས། །རྣམ་དཔྱོད་དཔྱོད་ལྡན་ཡིད་གྱི་ཟིལ་དངར་ཅན། །ཀུན་དགའི་དགའ་སྟོན་བརྗོད་བྲལ་ཡེ་ཤེས་ཆེ། །སྩོལ་མཁས་མཁས་བཙུན་བཟང་པོར་གསོལ་བ་འདེབས། །དགེ་ཚོགས་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །(༦༠ན)


GLG015_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་རྒྱལ་མཚན་རྩེ་མོར་རབ་བཀོད་པས། །གནས་སྐབས་མཐར་ཐུག་བསམ་པའི་རེ་བ་ཀུན། །ལེགས་སྐོང་འདོད་དགུའི་ཆར་གྱིས་ཚིམ་གྱུར་ཅིག །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་གཙང་རོང་གླང་ཕུ་བ་ངག་དབང་ལེགས་ལྡན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་རྨ་ཆུའི་འགྲམ་ཉིང་ཤཱ་རྒྱལ་བུའི་མཁར་ཆེན་དང་ཉེ་བར་སྦྱར། གར་དབང་ལི་ཁྲིའི་ཐིག་ལེ་མཚན་དཔེའི་མདངས། །རབ་གསལ་འཆི་མེད་དཔལ་སྟེར་ཚེ་ཡི་ལྷ། །བཅོམ་ལྡན་ལྷག་པའི་ལྷ་དང་དབྱེར་མེད་པའི། །རྡོ་རྗེ་འཛིན་པའི་དབང་པོར་གསོལ་བ་འདེབས། །སྤྱི་གཙུག་པད་ཟླའི་གདན་ལ་བླ་མ་མཆོག །བཅོམ་ལྡན་ཚེ་དཔག་མེད་ཀྱི་སྐུར་གསལ་བའི། །བུམ་པ་ལས་འོངས་བདུད་རྩིའི་ཆུ་རྒྱུན་གྱིས། །འཆི་མེད་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གསུང་ངག་ལེགས་སྙན་དྲི་ཟ་ལྷ་དབང་དང་། །བློ་ཆེན་ཚངས་པ་ལྷ་མིན་སྟོབས་བཟང་སོགས། །རྒྱ་ཆེན་འགྲོ་ལ་ལྷག་བསམ་འོ་མཚོ་ལྟར། །རབ་དཀར་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་གུ་རུ་ན་ཁོ་ཤོའི་ཆིན་དབང་དང་གུ་རུ་ན་ཀོང་ཇོ་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། སྤྱི་གཙུག་པད་དཀར་ཟླ་བའི་གདན་སྟེང་ན། །རྣམ་འདྲེན་ཀུན་གྱི་མཁྱེན་བརྩེ་ནུས་པའི་དཔྱིད། །རྒྱལ་སྲས་གཞོན་ནུར་ཤར་བའི་འཇོ་སྒེག་ཅན། །འཇིག་རྟེན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་འགྱུར་མེད་འཇའ་ལུས་རྡོ་རྗེའི་སྐུ། །མ་དག་གདུལ་བྱའི་སྣང་ངོར་མངོན་སུམ་དུ། །ཇི་བཞིན་སྟོན་པའི་སྐལ་བ་ཆེས་ཕྲ་བས། །བཤེས་གཉེན་དམ་པར་ཤར་ལ་གསོལ་བ་འདེབས། །སངས་རྒྱས་ཐམས་ཅད་བླ་མའི་རྣམ་རོལ་དུ། །བསྟན་ནས་འགྲོ་བ་འདྲེན་པར་མཛད་དོ་ཞེས། །མདོ་རྒྱུད་དུ་མར་གསུངས་ལ་ངེས་རྙེད་ནས། །སྙིང་ནས་བླ་མ་མཆོག་ལ་གསོལ་བ་(༦༠བ)


GLG015_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །མཐའ་མེད་འཁོར་བ་བགྲོད་དཀའི་བཤུལ་ལམ་དུ། །ལས་ཉོན་གྱིས་བསྐྲུན་སྐྱེ་བའི་འགྲུལ་རིང་པོར། །འཕྱུག་མེད་ལེགས་པའི་ལམ་གྱི་ས་མཁན་ཅན། །ཡོངས་འཛིན་དམ་པས་རྗེས་སུ་འཛིན་པར་ཤོག །དད་བརྩོན་ཤེས་རབ་ཤིང་རྟས་ཉེར་དྲངས་ནས། །མི་གནས་མྱང་འདས་རིན་ཆེན་གླིང་མཆོག་ཏུ། །ལེགས་པར་བགྲོད་ནས་རང་གཞན་མ་ལུས་པའི། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་རང་གང་མོས་ཀྱི་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་གསོལ་བ་འདེབས་པའི་རིམ་པ་འདི་ནི་ཆ་ཀར་ཐི་ཡན་ཆི་སོགས་མཁར་སྔོན་པོའི་རི་ཁྲོད་པ་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །རྒྱལ་ཀུན་ངོ་བོ་ཕྱག་ན་པདྨའི་གར། །ངག་གི་དབང་ཕྱུག་ལྷུན་གྲུབ་བློ་གྲོས་ཀྱིས། །ལམ་བཟང་རྒྱ་མཚོའི་མཐའ་ཀླས་སྐལ་ལྡན་འགྲོར། །སྟོན་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །དགེ་བ་འདི་ཡི་བདག་སོགས་འགྲོ་བ་ཀུན། །ཚེ་འདིར་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག །ཕྱི་མ་ལྷོ་ཕྱོགས་རི་བོ་གྲུ་འཛིན་དུ། །སྐྱེས་སྟེ་ཐེག་མཆོག་ཆོས་ལ་སྤྱོད་ལ་འཇུག་པར་ཤོག །ཅེས་པ་འདི་ནི་བནྡེ་ཐི་ཡན་ཆིས་བསྐུལ་བའི་ངོར་བྲིས། ངག་གི་དཔལ་མངའ་དབང་ཕྱུག་བརྒྱད། །ལྷུན་གྲུབ་བློ་ལྡན་སྐལ་བཟང་ཀུན། །དགའ་སྐྱེད་ཐུབ་བསྟན་རྒྱ་མཚོའི་སྡེ། །དཔལ་ལྡན་བླ་མར་གསོལ་བ་འདེབས། །བདུད་སྡེའི་ཚོགས་ལ་འཇིགས་མེད་པའི། །ཐོས་བསམ་སྒོམ་པའི་གོ་ཆ་ཅན། །ཀུན་མཁྱེན་ཐུབ་བསྟན་ལུང་རྟོགས་ཀྱི། །ལང་ཚོ་རྒྱས་མཛད་སྡེ་ལ་འདུད། །དགེ་འདིས་ཚེ་རབས་ཐམས་ཅད་དུ། །ཡོངས་འཛིན་དམ་པས་རྗེས་བཟུང་སྟེ། །གཏན་གྱི་བདེ་བ་ལེགས་བསྒྲུབས་ནས། །རང་གཞན་དོན་གཉིས་འགྲུབ་གྱུར་ཅིག །ཅེས་པ་འདི་བོ་རོ་ཚེ་རིང་གི་ངོར་ཟ་ཧོར་གྱི་བནྡེས་བྲིས། སྨྲ་མཁས་ངག་གི་རྗིང་(༦༡ན)


GLG015_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ལུས་དཀར་དབང་། །བློ་ལྡན་ཆུ་བྱའི་ཚོགས་དང་ལྷན་གཅིག་པར། །སྐལ་བཟང་རྒྱ་ཆེར་བསྒྲགས་བའི་མགྲིན་པའི་རྔས། །མཚོ་བྱུང་འགུགས་པའི་བྱེད་པོར་གསོལ་བ་འདེབས། །ཞི་བདེས་འཇིགས་མེད་བྱང་སེམས་གོ་ཆ་ཅན། །ཐུབ་བསྟན་སྙིང་པོ་སྟོང་ཉིད་མཚོན་རྣོན་པོས། །བདུད་དགྲ་ཀུན་བཅོམ་མྱང་འདས་ལང་ཚོའི་སྡེ། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །དགེ་དེས་ནམ་མཁའི་མཐས་ཁྱབ་འགྲོ་བ་ཀུན། །འདྲེན་པའི་ལྷག་བསམ་རྣམ་དག་ཁུར་ཆེར་པོས། །བདག་སོགས་ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ཆེར། །འཇུག་པའི་སྐལ་བ་བཟང་པོར་སྤྱོད་གྱུར་ཅིག །ཅེས་པ་འདི་ཡང་ཁ་རན་ཐུ་ཐལ་ཇིས་བསྐུལ་བའི་ངོར་བྲིས། རྨད་བྱུང་མཁྱེན་པའི་གཏིང་མཐའ་ཟབ་ཅིང་བརླིང་། །འགྲོ་ལ་རྗེས་བརྩེའི་རླབས་འཕྲེང་ཡོལ་བ་མེད། །མཐུ་སྟོབས་ནུས་པའི་རིན་ཆེན་འབྱུང་བའི་གནས། ཁྱབ་བདག་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །གཙུག་ལག་མང་པོར་ཐོས་པའི་དགའ་ཚལ་དུ། །སྡོམ་གསུམ་ཁྲིམས་ཀྱི་རྩ་བ་བརྟན་པའི་ཤིང་། །ལྷག་བསམ་ལོ་འབྲས་ཁུར་གྱིས་ཉེར་དུད་པའི། །མཁས་བཙུན་གྲུབ་པའི་དབང་པོར་གསོལ་བ་འདེབས། །ངག་དབང་འཇམ་དབྱངས་བླ་མ་ཙོང་ཁ་པའི། །རིང་ལུགས་བློ་གསལ་སྐལ་བཟང་རྒྱ་མཚོ་ལ། །སྟོན་མཛད་དབྱངས་ཅན་དགའ་བའི་བཤེས་གཉེན་མཆོག །ཐུབ་བསྟན་ཡོངས་འདུའི་དབང་པོར་གསོལ་བ་འདེབས། །དགེ་འདིས་བསྟན་འགྲོ་ཕན་བདེ་རབ་རྒྱས་ཤིང་། །དེ་འཛིན་ཚོགས་ཀྱི་ཞབས་པད་སྲིད་མཐར་བརྟན། །བདག་སོགས་འགྲོ་ཀུན་ཚེ་རབས་ཐམས་ཅད་དུ། །དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པར་ཤོག །གནས་སྐབས་ཚེ་འདིར་ནད་གདོན་བར་ཆད་སོགས། །མི་མཐུན་རྒུད་པའི་མུན་ཚོགས་ཀུན་ཞི་ཞིང་། །མཐར་ཐུག་གཏན་བདེའི་འོད་སྟོང་རབ་རྒྱས་པའི། །དོན་གཉིས་ཉིན་མོའི་སྣང་བ་འབར་གྱུར་ཅིག །(༦༡བ)


GLG015_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་འདི་ཡང་ཟུང་ཆུ་རབ་འབྱམས་པ་དངོས་གྲུབ་ཡོན་ཏན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ཆབ་ཆར་སྦྱར་བའོ། །སྭསྟི་སིདྡྷཾ། ཆོས་དབྱིངས་དམ་པ་ཟད་མི་ཤེས་པའི་མཛོད། །སྣ་ཚོགས་གཟུགས་སྐུའི་བཀོད་པ་རྒྱ་མཚོའི་སྒོ། །ལེགས་པར་ཕྱེ་ནས་གཏན་བདེའི་ཡིད་བཞིན་ནོར། །སྩོལ་མཛད་འཁོན་སྟོན་ཆོས་ཀྱི་རྒྱལ་པོར་འདུད། །ཐུབ་དབང་སྤྱན་སྔར་དགྲ་བཅོམ་ཙུནྡའི་ཞབས། །ཀླུ་སྒྲུབ་སྲས་མཆོག་ཤཱཀྱ་བཤེས་གཉེན་དང་། །གངས་ཅན་མིག་གཅིག་ཀ་བ་དཔལ་བརྩེགས་སོགས། །སྤྲུལ་པའི་ཟློས་གར་སྒྱུར་ལ་གསོལ་བ་འདེབས། །ཐེག་མཆོག་བསྟན་པའི་མངའ་བདག་སྒྲོ་ཕུག་རྗེ། །སྦས་པའི་རྣལ་འབྱོར་སྤྱོད་པའི་སི་སི་རི། ཁམས་གསུམ་འགྲོ་བའི་གཉེན་གཅིག་འཕགས་པའི་ཞབས། །བསམས་བཞིན་མངོན་པར་སྤྲུལ་ལ་གསོལ་བ་འདེབས། །འཁོན་རིགས་འཇམ་དབྱངས་བསོད་ནམས་རྒྱལ་མཚན་དཔལ། །རྒྱལ་བ་གཉིས་པའི་ཐུགས་སྲས་བྱམས་ཆེན་རྗེ། །བསྟན་པའི་གསལ་བྱེད་ཆོས་ཀྱི་རྒྱལ་མཚན་སོགས། །ངོ་མཚར་སྐྱེས་རབས་འཕྲེང་བར་གསོལ་བ་འདེབས། །དཔལ་ལྡན་རྒྱལ་ཀུན་གསང་གསུམ་ཡོངས་འདུའི་ལྗོན། །སྤངས་རྟོགས་འབྱོར་པའི་འབྲས་བུས་ཡོངས་དུད་པས། །དོན་གཉིས་རེ་བ་སྐོང་ལ་ལྷུན་གྲུབ་པའི། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཇི་སྙེད་གནས་ལྔ་རིགས་པ་མཐར་སོན་མཁས། །སྡོམ་གསུམ་ཉེས་ལྟུང་དྲི་མས་མ་གོས་བཙུན། །རིས་མེད་འགྲོ་ལ་ལྷག་བསམ་དཀར་བས་བཟང་། །དམ་པའི་སྤྱོད་ཚུལ་སྟོན་ལ་གསོལ་བ་འདེབས། །འཆད་ལ་ཕུར་བུའི་ཁེངས་འཕྲོག་དཔྱོད་ལྡན་ཅན། །རྩོམ་ཚེ་མགྲིན་པར་དབྱངས་ཅན་འཇོ་སྒེག་འགྱིང་། །རྩོད་ན་འཇམ་དབྱངས་མཐོན་མཐིང་ལྕང་ལོ་དོར། །མཁས་པ་ཀུན་གྱི་དབང་པོར་གསོལ་བ་འདེབས། །གདུལ་བྱ་རྗེས་སུ་འཛིན་པའི་མཁྱེན་པ་རྒྱས། །འགྲོ་བ་ཀུན་ལ་བུ་ལྟར་བརྩེ་བ་ལྡན། །(༦༢ན)


GLG015_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་འདྲེན་པའི་སྙིང་སྟོབས་ནུས་པ་ཆེ། །རིགས་གསུམ་མགོན་པོ་དངོས་ལ་གསོལ་བ་འདེབས། །རྒྱ་ཆེན་ཤེས་པའི་ཚིག་དོན་མ་ལུས་ཐོས། །དེ་དོན་རྣམ་པར་དཔྱད་ནས་ལེགས་པར་བསམས། །འཁྲུལ་མེད་ཚུལ་བཞིན་ཉམས་སུ་བསྟན་ནས་བསྒོམས། །མཐར་ཐུག་མངོན་གྱུར་ཁྱོད་ལ་གསོལ་བ་འདེབས། །རྗེ་བཙུན་བླ་མར་གསོལ་བ་བཏབ་པའི་མཐུས། །ཚེ་རབས་ཀུན་དུ་དལ་འབྱོར་རྟེན་ཐོབ་སྟེ། །མི་དགེའི་བཤེས་དང་ནམ་ཡང་མི་འཕྲད་ཅིང་། །ཚད་ལྡན་དམ་པའི་མགོན་གྱིས་ཟིན་པར་ཤོག །སྒྲ་ཚད་བཟོ་གསོ་ཐ་སྙད་རིག་པ་དང་། །མཚན་ཉིད་རྒྱུ་ཡི་ཐེག་པའི་ཆོས་ཚུལ་སོགས། །གཙུག་ལག་རྒྱ་མཚོར་ཐོས་དང་བསམས་པ་ཡིས། །ཡང་དག་བག་ཆགས་བཟང་པོ་འཇོག་པར་ཤོག །སྨིན་བྱེད་དབང་དང་གྲོལ་བྱེད་ཟབ་མོའི་ཁྲིད། །རྒྱབ་རྟེན་ལུང་དང་བཀའ་གཏེར་མན་ངག་སོགས། །སྔ་ཕྱིར་འགྱུར་བའི་རྡོ་རྗེ་ཐེག་པ་ཡི། །ཟབ་མོའི་ཆོས་རྣམས་ཉམས་སུ་ལེན་པར་ཤོག །བཤུལ་རིང་བགྲོད་དཀའ་སྲིད་དང་ཞི་བའི་འཕྲང་། །ཉེ་ལམ་མཁའ་ལྡིིང་དབང་པོའི་གཤོག་རླབས་ཀྱིས། །སྙིགས་དུས་ཚེ་ཐུང་གཅིག་ལ་ཐོགས་མེད་དུ། །སྐུ་གསུམ་གོ་འཕང་གནས་སུ་བགྲོད་པར་ཤོག །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ། རིགས་བརྒྱའི་ཁྱབ་བདག་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་ལ་བསྟོད་པ་བྱིན་རླབས་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ནི་དཔའ་མཛངས་བརྟུལ་ཕོད་དང་ལྡན་པའི་ཐའི་ཇི་ཚེ་དབང་བསྟན་འཛིན་གྱིས་བསྐུལ་བའི་ངོར་བླ་མའི་བཀའ་འབངས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ཤེས་བྱའི་ཚིག་དོན་འཆད་ལ་སྙན་པའི་ངག །སྨྲ་བའི་དབང་ཕྱུག་གྲུབ་པའི་བློ་གྲོས་ཀྱིས། སྐལ་བཟང་གདུལ་བྱའི་རེ་བ་ལེགས་སྐོང་བའི། །ཐུབ་བསྟན་རྒྱ་མཚོའི་དབང་པོར་གསོལ་བ་(༦༢བ)


GLG015_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །སླུ་མེད་མཆོག་གསུམ་དམ་པའི་བྱིན་རླབས་ཀྱིས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །བདག་སོགས་རྣམས་ཀྱི་བསམས་དོན་མ་ལུས་པ། །གེགས་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་བསྟན་འཛིན་དཔོན་པོའི་ངོར་བྲིས། ཕུལ་བྱུང་མཁྱེན་བརྩེ་ནུས་པའི་གན་མཛོད་ནས། །དངོས་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །འབད་མེད་འགྲོ་ལ་སྩོལ་བའི་རྡོ་རྗེ་འཛིན། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །གནས་སྐབས་བསམས་པའི་དོན་ཀུན་ལྷུན་གྲུབ་ཅིང་། །མཐར་ཐུག་ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ཆེར། །འཇུག་པའི་སྐལ་བ་བཟང་པོར་སྤྱོད་གྱུར་ཅིག །ཅེས་པ་འདི་ནི་དགེ་རྒྱས་དཔོན་ངག་དབང་རྡོ་རྗེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། སྭསྟི་པྲ་ཛ་བྷྱཿ ངོ་མཚར་ཆོས་སྐུ་ཀ་དག་ཀློང་ཡངས་སུ། །ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུ་འོད་ལྔའི་གར། །ཐུགས་རྗེས་འགྲོ་ལ་སྣང་བ་སྤྲུལ་པའི་སྐུ། །ཁྱབ་བདག་ཀུན་བཟང་པདྨ་སམྦྷ་ཝ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །སིནྡྷུ་རྒྱ་མཚོར་པདྨའི་སྡོང་པོ་ཡི། །འཇམ་མཉེན་འདབ་སྟོང་རྒྱས་པའི་ཟེའུ་འབྲུའི་རྩེར། །མངལ་གྱི་དྲི་བྲལ་རྫུས་སྐྱེས་མཚན་དཔེའི་གར། རང་བྱུང་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཞབས། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཨཽཎྜི་ཡཱ་ནའི་ནོར་འཛིན་མ་ལུས་པར། །དབང་སྒྱུར་ས་སྤྱོད་ཨིནྡྲ་བྷཱུ་ཏི་ཡིས། །སྲས་སུ་བཟུང་ཚེ་འབངས་རྣམས་བདེ་ལ་བཀོད། །ཨུ་རྒྱན་ཆོས་ཀྱི་རྒྱལ་པོ་ཐོར་ཅོག་ཅན། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །འཇིགས་མེད་བརྟུལ་ཞུགས་སེང་གེའི་ང་རོའི་རྒྱུད། །ཟད་མི་ཤེས་པའི་སྒྲ་དབྱངས་ཆེར་བསྒྲགས་(༦༣ན)


GLG015_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཚར་གཅོད་རྗེས་འཛིན་སྦྱོར་སྒྲོལ་མཐའ་རུ་ཕྱིན། །མཁའ་འགྲོའི་དབང་ཕྱུག་ཤཱནྟ་རཀྵི་ཏ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །རྨད་བྱུང་ཐེག་མཆོག་ཆོས་ཀྱི་བདུད་རྩི་ཡིས། །ཐུགས་སུ་ལེགས་བལྟམས་ཡི་དམ་ལྷ་ཚོགས་གཟིགས། །བག་ཡོད་ཁྲིམས་ལྡན་ངུར་སྨྲིག་གོས་ཀྱིས་ཀླུབས། །བསྟན་པའི་བདག་པོ་ཤཱཀྱ་སེང་གེའི་ཞབས། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །འཕགས་ཡུལ་མཁས་གྲུབ་བླ་མ་མང་བསྟེན་ནས། །གསང་སྔགས་ཕྱི་ནང་རིག་པའི་གནས་རྣམས་ཀུན། །མ་ལུས་གསན་ཞིང་སྒྲོ་འདོགས་ལེགས་བཅད་པའི། །ཐམས་ཅད་མཁྱེན་པ་བློ་ལྡན་མཆོག་སྲེད་དཔལ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །མ་ར་ཏི་ཀར་འཆི་མེད་ལྷ་བསྒྲུབས་པས། །ཚེ་དཔག་མེད་ཀྱིས་མངོན་སུམ་བྱིན་གྱིས་བརླབས། །གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ་མཆོག་བརྙེས། །ཚེ་དབང་རིག་འཛིན་འཆི་མེད་པད་འབྱུང་རྗེ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །མཁའ་འགྲོའི་དབང་ཕྱུག་མེ་ཏོག་མནྡྷར། །བདེ་ཆེན་ཡེ་ཤེས་སྐྱེས་པའི་གཟུངས་མ་མཛད། །གཙུག་ལག་འཛིན་སོགས་ཟ་ཧོར་ཡུལ་ཁམས་ཀུན། །ཆོས་ལ་འགོད་མཛད་པདྨ་སམ་བྷ་ཝ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །མི་བསྲུན་གཤེད་མས་སྤར་བའི་བཟོད་དཀའི་མེ། །སྐད་ཅིག་ཆུ་མཚོར་སྒྱུར་བའི་རྫུ་འཕྲུལ་ཅན། །འབྱོར་བའི་དབང་སོགས་ཨུ་རྒྱན་འགྲོ་བ་ཀུན། །བྱང་ཆུབ་ལ་འགོད་སྲས་མཆོག་པདྨ་རྒྱལ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །མ་དག་གྲུབ་མཐའ་ངན་པའི་དུག་ཆུ་ཡིས། །ཆེར་སྨྱོས་མུ་སྟེགས་ལོག་སྤྱོད་གླང་ཆེན་སོགས། །མཐུ་སྟོབས་ནུས་པའི་རྩལ་གསུམ་ཡོངས་རྫོགས་པས། །ཕྱེ་མར་འཐག་མཛད་སེང་གེ་སྒྲ་སྒྲོག་ཞབས། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །དཔལ་ཆེན་ཁྲག་འཐུང་ཕུར་པའི་མཐུ་སྟོབས་གཟིས། །ནག་ཕྱོགས་བདུད་སྡེའི་མུན་པ་ཕ་མཐར་བསྐྲད། །ཡང་དག་བདེ་ཆེན་ལམ་བཟང་ལ་བརྟེན་ནས། །དངོས་གྲུབ་མཆོག་བརྙེས་རྡོ་རྗེ་ཐོད་འཕྲེང་རྩལ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། ཁྲི་སྲོང་བསོད་ནམས་མཐུ་ཡིས་སྤྱན་དྲངས་ཚེ། །ལྷ་སྲིན་དམ་གཏགས་ས་གཞི་(༦༣བ)


GLG015_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རླབས། ཁ་བའི་ལྗོངས་སུ་དམ་ཆོས་སྒྲོན་མེ་སྤར། །བཀའ་དྲིན་འཁོར་མེད་པདྨ་ཀ་རའི་ཞབས། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །བདེ་གཤེགས་ཀུན་འདུས་བཀའ་བརྒྱད་དཀྱིལ་འཁོར་དུ། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་སོགས། །ལས་ཅན་རྗེ་འབངས་སྨིན་གྲོལ་ལམ་ལ་བཀོད། །བོད་ཡུལ་ཐེག་མཆོག་ཆོས་ཀྱིས་དཀར་པོར་མཛད། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་སྒྲུབ་དང་ཞི་རྒྱས་དབང་། །ལོག་འདྲེན་ཆམ་ལ་འབེབས་པའི་དྲག་སྔགས་སོགས། །ཆོས་ནོར་གཏེར་གྱིས་བསིལ་ལྡན་ཡུལ་ཀུན་བཀང་། །བདུད་དཔུང་འདུལ་མཛད་རྡོ་རྗེ་གྲོ་ལོད་རྩལ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །བོད་ཡུལ་ལྗོངས་ཀྱི་སྒྲུབ་གནས་གྲངས་མེད་པ། །ཨུ་རྒྱན་མཁའ་འགྲོའི་གླིང་དང་མཚུངས་པར་མཛད། །བྲག་དང་མཚོ་ལ་སྐུ་གཟུགས་ཕྱག་ཞབས་རྗེས། །སྟོན་མཛད་ངོ་མཚར་བཀོད་པའི་རྫུ་འཕྲུལ་ཅན། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །མཐོང་ཐོས་དྲན་པ་ཙམ་གྱིས་རྣམ་གྲོལ་བའི། །སྐུ་རྟེན་འགྱུར་མེད་རྡོ་རྗེ་གསང་བའི་གསུང་། །དམ་རྫས་བདུད་རྩིའི་བཅུད་ཀྱི་སྙིང་པོ་ཡིས། །སྙིགས་དུས་བོད་འབངས་ཕན་བདེའི་ངལ་གསོར་མཛད། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །སྲིན་ཡུལ་ཟངས་མདོག་དཔལ་གྱི་རི་བོའི་རྩེར། །འཕྲིན་ལས་ཁྲག་འཐུང་ཀརྨ་གུ་རུ་ཡིས། །སྒྱུ་འཕྲུལ་གར་གྱིས་ཤ་ཟ་སྲིན་པོའི་ཚོགས། །ཐབས་མཁས་ཐུགས་རྗེ་ཆེན་པོས་འདུལ་མཛད་པ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །བསམ་ཡས་མཆིམས་ཕུ་དཔལ་གྱི་ཡང་དབེན་དུ། །ངོ་མཚར་གྲུབ་རྟགས་རྫུ་འཕྲུལ་དཔག་མེད་མཛད། །རྒྱལ་བའི་སྲས་མཆོག་རྗེ་འབངས་ཉེར་ལྔ་ཡང་། །མགོན་ཁྱོད་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །མྱང་རལ་ཆོས་ཀྱི་དབང་ཕྱུག་རྒོད་ལྡེམ་ཅན། ཨུ་རྒྱན་གླིང་པ་ཚེ་བརྟན་རྒྱལ་མཚན་སོགས། །ཟབ་དོན་གཏེར་གྱི་སྒོ་འབྱེད་གྲངས་མེད་རྣམས། ཁྱོད་ཀྱིས་སྙིགས་དུས་འགྲོ་བའི་མགོན་དུ་སྤྲུལ། །སྙིང་ནས་གསོལ་བ་འདེབས་སོ་ཨུ་རྒྱན་རྗེ། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་པདྨ་འབྱུང་། །འདི་ཕྱིའི་ལེགས་ཚོགས་འདོད་པའི་དོན་རྣམས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཟབ་གཏེར་བསྟན་པ་མི་ནུབ་སྤེལ་བ་ལ། །བཀའ་བབས་ལས་འཕྲོ་སད་(༦༤ན)


GLG015_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྙིང་སྟོབས་ཅན། །འཁྲུལ་མེད་རིག་འཛིན་བརྒྱུད་པའི་ཚོགས་རྣམས་ཀྱང་། ཁྱོད་ཀྱིས་རྗེས་བཟུང་ལས་ཅན་སྙིང་གི་བུ། གང་ཤར་ཆོས་ཀུན་རིག་པའི་རང་རྩལ་ཏུ། །རྣམ་གྲོལ་སཱ་ལའི་ལྗོངས་ཀྱི་ཕན་བདེའི་གཞི། །ཚེ་རབས་དུ་མར་རྒྱལ་དབང་པདྨ་ཡིས། །རྗེས་བཟུང་རྨད་བྱུང་ཐུགས་རྗེའི་ཟློས་གར་ཅན། །རིས་མེད་འགྲོ་ཀུན་ཐུགས་རྗེ་ཆེན་པོ་ཡིས། །རྗེས་སུ་འཛིན་ཡང་ཁྱད་པར་བོད་འབངས་རྣམས། །དུས་ངན་སྙིགས་མ་མཐར་ཐུག་བཟོད་དཀའ་བའི། །འཇིགས་རུང་སྡུག་བསྔལ་དྲག་པོས་མནར་བ་ན། །མགོན་ཁྱོད་ཐུགས་རྗེའི་མཐུ་དཔུང་ཆེར་བསྐྱེད་དེ། །སྤྲུལ་པ་ཡང་སྤྲུལ་ནང་ནུབ་ཀུན་དུ་སྤྲོ། །དུས་ཀྱི་རྒྱལ་པོ་ཡར་ངོའི་ཚེས་བཅུ་ལ། །མངོན་སུམ་འབྱོན་པར་ཞལ་བཞེས་རྡོ་རྗེའི་གསུང་། །སླུ་མེད་ཚངས་དབྱངས་དྲུག་ཅུའི་བདུད་རྩིའི་བཅུད། །བྱིན་རླབས་དཔག་བསམ་ཡོངས་འདུའི་ལྗོན་པའི་འབྲས། །འདོད་པའི་རེ་བ་བསྐོང་བའི་ཆར་ཆེན་པོ། །སྩོལ་བའི་དུས་ལ་བབ་པོ་པདྨ་འབྱུང་། །དུས་ངན་མཐར་ཐུག་ལྷ་སྲིན་སྡེ་བརྒྱད་འཁྲུག །མ་རུང་སྟོད་སྨད་གདུག་པའི་དམག་དཔུང་གཡོ། །ཕུང་བྱེད་བདུད་ཀྱི་ཆོ་འཕྲུལ་རླུང་ལྟར་འཚུབ། །མི་བསྲུན་སྐྱེ་བོའི་ངན་སྤྱོད་ཆུ་ལྟར་འཁྲུག །སྙིང་ནས་ཆོས་བཞིན་སྤྱོད་ལ་ལོག་སྒྲུབ་མང་། །ཚུལ་བཞིན་ཐོས་བསམ་སྒོམ་པའི་བསྟན་པ་འགྲིབས། །དབང་ཁྲིད་འཕྲིན་ལས་རྣམ་བཞིའི་ཕྱག་ལེན་སོགས། །ངེས་གསང་ཐེག་པའི་རིང་ལུགས་འཆོལ་པར་སྤྱོད། ཁྱད་པར་ཁྱོད་ཀྱི་ཟབ་གཏེར་གདམས་པ་ལ། །ཆོས་ལོག་ཡིན་ཞེས་སྐུར་འདེབས་ཡ་ག་སྒྲོག །མི་བསྲུན་གཞན་འཕྲུལ་གནས་ཀྱི་དབང་པོ་འགས། །འཇམ་མཉེན་འདབ་མས་འགྲོ་མང་སྙིང་ཁ་འབིགས། །ཚུལ་འདི་དགོངས་ཤིག་རྗེ་བཙུན་ཐོད་འཕྲེང་རྩལ། །མཐུ་དཔུང་སྐྱེད་ཅིག་པདྨ་སམ་བྷ་ལྷ། །(༦༤བ)


GLG015_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས་ཤིག་མཚོ་སྐྱེས་རྡོ་རྗེའི་ཞབས། །དངོས་གྲུབ་སྩོལ་ཅིག་ཨུ་རྒྱན་རིན་པོ་ཆེ། །ནད་གདོན་དགྲ་བགེགས་མི་མཐུན་ཕྱོགས་ཀུན་ཞི། །ཚེ་དཔལ་སྟོབས་འབྱོར་ཡར་ངོའི་ཟླ་ལྟར་རྒྱས། །སྲིད་དང་ཞི་བའི་ལེགས་ཚོགས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཆོས་ཀུན་གདོད་ནས་དག་པ་སྟོང་པའི་དབྱིངས། །ལྷུན་གྲུབ་སྣང་བཞིའི་ལམ་བཟང་འཇའ་ལྟར་བཀྲ། །རིག་པ་རང་ངོ་ཤེས་པའི་ཀུན་ཏུ་བཟང་། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །རྣམ་པར་གཡེང་བས་ཚེ་འདིར་མ་གྲོལ་ན། །འདའ་ཁའི་ཉམས་ལེན་འཕོ་བའི་འཚམས་སྦྱོར་གྱིས། །བདེ་བ་ཅན་སོགས་དག་པའི་ཞིང་མཆོག་ཏུ། །ཐོགས་མེད་བགྲོད་ནས་རྫུས་ཏེ་སྐྱེ་བར་ཤོག །ཚུལ་དེ་ལམ་ན་མ་ལོངས་བར་དོ་ཞེས། །འཇིགས་རུང་ཡ་ངའི་གནས་དེར་སྐྱེས་གྱུར་ན། །མགོན་ཁྱོད་མངོན་སུམ་བྱོན་ནས་དབུགས་ཕྱུང་སྟེ། །འཁྲུལ་པ་རང་སར་གྲོལ་བར་བྱིན་གྱིས་རློབས། །དལ་བའི་རྟེན་ཐོབ་དམ་པའི་མགོན་གྱིས་ཟིན། །ཟབ་མོའི་ཆོས་ཐོས་དེ་དོན་ཉམས་སུ་བླངས། །འདི་ཕྱིའི་ལེགས་ཚོགས་མདུན་མ་ལྷུན་གྲུབ་པའི། །ཡིད་བཞིན་དབང་གི་རྒྱལ་པོ་ཐོབ་གྱུར་ཅིག །ཅེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བསྟོད་པ་བྱིན་རླབས་བདུད་རྩིའི་སྙིང་པོ་འདི་ནི། ས་སྐྱོང་བ་སྡེ་པ་ཐོན་པ་མགོན་པོ་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་གང་ཤར་རང་གྲོལ་དུ་འབོད་པའི་ལྡོམ་བུ་པས། བོད་ཡུལ་གྱི་རྡོ་རྗེ་གདན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །དཔལ་ལྡན་ཕུན་ཚོགས་སྲིད་པའི་དགེ་ལེགས་ཀུན། །སྩོལ་མཛད་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཅན། ཁྱབ་བདག་རྡོ་རྗེ་འཛིན་པ་ཡིད་(༦༥ན)


GLG015_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར། །དངོས་གྲུབ་ཡོངས་འདུའི་དབང་པོར་གསོལ་བ་འདེབས། །རྒྱལ་དབང་པདྨས་རྗེས་བཟུང་གཉག་གི་རིགས། །གྲུབ་པའི་དབང་ཕྱུག་ཛྙཱ་ན་ཀུ་མཱ་ར། །ངོ་མཚར་བཀོད་པ་རྒྱ་མཚོའི་རྫུ་འཕྲུལ་ཅན། །ཨུ་རྒྱན་ཐུགས་ཀྱི་སྲས་ལ་གསོལ་བ་འདེབས། །འཇིག་རྟེན་དབང་ཕྱུག་རྒྱལ་པོའི་ཚུལ་བཟུང་བའི། །སྲོང་བཙན་ཐུགས་ཀྱི་གདམས་པའི་གཏེར་གྱི་སྒོ། །ལེགས་པར་ཕྱེ་ནས་གདུལ་བྱ་སྨིན་མཛད་པའི། །སྤྲུལ་སྐུ་དམ་པ་དམར་པོར་གསོལ་བ་འདེབས། །འགྱུར་བ་མེད་པ་སྐུ་གསུང་ཐུགས་རྡོ་རྗེ། །མི་ཟད་རྒྱན་གྱི་འཁོར་ལོར་ཡོངས་ཤར་བའི། །མལ་ཡེར་ཞབས་ཀྱིས་ཀུན་བཟང་མཆོད་པའི་སྤྲིན། །མངོན་པར་སྤྲོ་བར་མཛད་ལ་གསོལ་བ་འདེབས། །དཔལ་ལྡན་འཁོར་ལོའི་མགོན་པོ་ཧེ་རུ་ཀ །བཤེས་གཉེན་གཟུགས་སུ་རོལ་བ་གཡུ་བྲག་པས། །རྗེས་བཟུང་ཕྱག་ཆེན་ལམ་གྱི་དངོས་གྲུབ་མཆོག །རབ་བརྙེས་སངས་རྒྱས་འབུམ་ལ་གསོལ་བ་འདེབས། །མདོ་སྒྱུ་སེམས་སོགས་ངེས་གསང་བསྟན་པའི་བདག །ཟུར་གྱི་རིགས་འཁྲུངས་དགེ་ལ་རབ་འདུན་པའི། །ཡོན་ཏན་འདུས་སྡེའི་འབྱུང་གནས་བདེ་བ་ཆེར། །སྐྱེད་མཛད་མཁའ་འགྲོའི་དབང་མོར་གསོལ་བ་འདེབས། །ཁྲི་སྲོང་ལྡེའུ་བཙན་གསུང་གི་སྤྲུལ་པའི་གར། །ཆོས་དབང་ཟབ་མོའི་གཏེར་གྱི་བཀའ་བབས་པ། །སྨན་ལུང་མི་བསྐྱོད་རྡོ་རྗེའི་རིགས་རྒྱུད་དུ། བསམས་བཞིན་སྐྱེ་བ་བཞེས་ལ་གསོལ་བ་འདེབས། །ལུང་རིག་ལེགས་པར་བཤད་པའི་གཏེར་ཆེན་པོས། །མཁས་པའི་འབྱུང་གནས་གསང་ཕུའི་ཆོས་ཀྱི་གྲྭར། །གསུང་རབ་འབྱོར་པའི་དཔལ་ལ་དབང་སྒྱུར་བའི། །མཁས་བཙུན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ལང་འགྲོའི་རྣམ་སྤྲུལ་རིན་ཆེན་དཔལ་བཟང་གིས། །ཟབ་ཆོས་བདག་(༦༥བ)


GLG015_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཀའ་བབས་ལུང་བསྟན་པའི། །སྤངས་རྟོགས་ཡོན་ཏན་རྒྱ་མཚོའི་མཐར་ཕྱིན་པ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །ཆོས་འབྱུང་བྲག་གི་ཟབ་མོའི་གཏེར་གྱི་སྒོ། །འབྱེད་མཛད་སྤྲུལ་པའི་སྐྱེས་མཆོག་ལས་འཕྲོ་གླིང་། །ཀུན་དགའི་ཞབས་ཀྱི་རིགས་ཆོས་འཛིན་མཛད་པའི། །དཀོན་མཆོག་རིན་ཆེན་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་ཆོས་ཀྱི་འབྱོར་བའི་དགེ་ཚོགས་ཀུན། །རབ་རྒྱས་ངག་དབང་ལྷ་ཡིས་རྗེས་བཟུང་བས། །བཀྲ་ཤིས་གཡས་སུ་འཁྱིལ་བའི་མགྲིན་པ་ནས། །ལེགས་བཤད་ཀུན་དགའི་འདོད་འཇོར་གསོལ་བ་འདེབས། །ཆོས་ཀུན་ཀ་ནས་དག་པའི་དབྱིངས་ཆེན་པོར། །རང་གྲོལ་ལྷུན་གྲུབ་འོད་གསལ་ལམ་བཟང་བརྙེས། །སྔ་འགྱུར་བསྟན་པ་རྒྱས་མཛད་པདྨ་དབང་། །ཐེག་མཆོག་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །རྡོ་རྗེ་སློབ་དཔོན་མཆོག་གིས་རྗེས་བཟུང་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །མི་འགྱུར་པདྨ་རཱ་གའི་གནས་ཁང་དུ། །གཡུང་དྲུང་སྣ་ཚོགས་རྡོ་རྗེས་མཚན་པའི་ཁྲིར། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་བླ་མ་མཆོག །བསྐལ་བ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །བསམ་འཕེལ་དབང་གི་རྒྱལ་པོ་ཡིད་བཞིན་ནོར། །འདོད་འཇོའི་བ་དང་བུམ་པ་བཟང་པོ་ལྟར། །བསམས་པའི་རེ་བ་མ་ལུས་ལེགས་སྐོང་བའི། །ཕན་བདེའི་དཔལ་གྱིས་དུས་ཀུན་ཁྱབ་གྱུར་ཅིག །ཅེས་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཟུར་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་བཀྲ་ཤིས་ཀུན་དགའ་དཔལ་བཟང་པོའི་འཁྲུངས་རབས་གསོལ་འདེབས་ཀྱི་རིམ་པ་འདི་ནི། །སྔགས་བན་ངག་དབང་འཕྲིན་ལས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་(༦༦ན)


GLG015_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ཕུན་ཚོགས་ངོ་མཚར་མཚན་དཔེའི་ཟ་མ་ཏོག །བླ་མེད་ཡེ་ཤེས་བདུད་རྩི་རབ་འཁྱིལ་བས། །དགེ་ལེགས་འདོད་དགུའི་མཆོག་སྦྱིན་དབང་གི་རྒྱལ། །རྣམ་འདྲེན་ཀུན་དངོས་བླ་མར་གསོལ་བ་འདེབས། །སྙིགས་དུས་ནགས་ཀླུང་སྟུག་པོའི་ཚུལ་ཡངས་པར། །མཁས་དང་གྲུབ་པའི་སྐྱེས་རབས་ཡོངས་འདུའི་འཕྲེང་། །ཕུལ་བྱུང་མཛད་པའི་ལོ་འབྲས་གཡུར་ཟ་བ། །གྲངས་མེད་འགྲོ་བའི་ཉེར་མཚོར་གསོལ་བ་འདེབས། །རྨད་བྱུང་མཁྱེན་པའི་ལྷ་ཡི་ལམ་ཡངས་པར། །འགྲོ་ལ་རྗེས་བརྩེའི་རི་དྭགས་མཚན་མ་ཅན། །ལྷག་བསམ་ནུས་པའི་འོད་དཀར་སྟོང་འཕྲོ་བས། །ཕན་བདེའི་ཨུཏྤལ་བཞད་ལ་གསོལ་བ་འདེབས། །བགྲང་ཡས་ཤེས་བྱ་ཀུན་མཁྱེན་མཁས་པའི་གཙོ། །དྲི་མེད་ཚུལ་ཁྲིམས་ངད་ལྡན་བཙུན་པའི་མཆོག །རིས་མེད་འགྲོ་ལ་བྱམས་ལྡན་བཟང་པོའི་དཔལ། །ཀུན་མཁྱེན་གཉིས་པར་ངེས་ལ་གསོལ་བ་འདེབས། །འཆད་པའི་རྣམ་དཔྱོད་མཚུངས་དཔེར་དབྱིག་གི་གཉེན། །རྩོད་ཚེ་ཆོས་གྲགས་རིགས་པའི་རྗེས་འགྲོ་བ། །རྩོམ་ལ་དཔལ་ལྡན་དཔའ་བོའི་ངང་ཚུལ་ཅན། །ཐུབ་བསྟན་ཡོངས་ཀྱི་ཤིང་རྟར་གསོལ་བ་འདེབས། །མང་དུ་ཐོས་པའི་ཆུ་གཏེར་ཆེན་པོའི་འཇིང་། །ཚུལ་བཞིན་རྣམ་པར་བསམ་པའི་གདེངས་ཀ་ཅན། །ལེགས་སྒོམ་ཟུང་འཇུག་ནོར་བུའི་ཅོད་པན་མཛེས། །བཤེས་གཉེན་ཀླུ་ཡི་དབང་པོར་གསོལ་བ་འདེབས། །དམར་སེར་དྷཱིཿཡིག་ཁམས་ལས་གྲུབ་པའི་ལྷ། །འཇམ་མགོན་ལང་ཚོ་རྒྱས་པའི་སྒྱུ་དྲའི་གར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །རིང་ལུགས་ཕྱོགས་བཅུར་སྤེལ་ལ་གསོལ་བ་འདེབས། །བློ་ལྡན་སྐལ་བཟང་གདུལ་(༦༦བ)


GLG015_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཚོགས་རྣམས་ལ། །དམ་པའི་ཆོས་ཀྱི་དགའ་སྟོན་ལེགས་སྩལ་ནས། །ལུང་དང་རྟོགས་པའི་རྒྱལ་མཚན་འཛིན་མཁས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཐའ་མེད་བགྲོད་དཀའ་འཁོར་བའི་བཤུལ་རིང་དུ། །གྲིབ་མ་ལྟར་འབྲང་དཀར་ནག་ལས་དབང་གིས། །སྡུག་བསྔལ་གསུམ་གྱིས་མནར་བའི་ཚེ་རབས་སུ། །བཤེས་གཉེན་དམ་པའི་མགོན་གྱིས་རྗེས་འཛིན་ཤོག །དལ་བའི་རྟེན་བཟང་རྙེད་དཀའ་འཇིག་པར་སླ། །སྲིད་འབྱོར་སྙིང་པོ་མེད་པའི་ཚུལ་ཤེས་ནས། །བཅོས་མིན་ངེས་པར་འབྱུང་བའི་བསམ་པ་ཡིས། །སྐྱེས་བུ་ཆུང་འབྲིང་ལམ་ལ་སློབ་པར་ཤོག །དྲིན་ཅན་མ་རྣམས་འདྲེན་ཕྱིར་རྒྱལ་སྲས་སུ། །རླབས་ཆེན་སྤྱོད་པ་མཆོག་ལ་ལེགས་འཇུག་ཅིང་། །སྨིན་གྲོལ་གསང་སྔགས་ཉེ་ལམ་ལ་བརྟེན་ནས། །ཚེ་འདིར་རྡོ་རྗེ་འཆང་དབང་ཐོབ་པར་ཤོག །དམ་ཆོས་སྒྲུབ་ལ་མཐུན་པའི་རྐྱེན་ཀུན་ཚང་། །འགྲོ་བ་མ་ལུས་ཕན་བདེའི་དཔལ་ལ་སྤྱོད། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་ཤོག །ཁྱད་པར་གདོང་ལྔས་བཏེག་པའི་ནོར་བུའི་ཁྲིར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བླ་མ་མཆོག །བསྐལ་པ་རྒྱ་མཚོར་ཞབས་པད་རབ་བརྟན་ཅིང་། །ཆོས་འཁོར་རྒྱུན་ཆད་མེད་པར་སྐོར་དུ་གསོལ། །ཞེས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ་འདི་ནི་གཏན་གྱི་འདུན་མ་ལྷུར་ལེན་པ་ལ་གཅིག་ཏུ་གཞོལ་བའི་ནོར་ཚང་རི་ཁྲོད་པ་རྣམས་དང་སོག་བན་ལེགས་པའི་ཤེས་རབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་(༦༧ན)


GLG015_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་ལང་ཚོའི་སྡེས་སུམ་རྩེན་ཡུལ་ལ་འགྲན་པ་ཉང་སྨད་ཀྱི་སའི་ཆ་ཕོ་བྲང་ཆེན་པོ་བསམ་གྲུབ་རྩེར་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའོ། །དཔལ་ལྡན་ཁྱབ་བདག་སྣང་མཐའ་ཡས་པའི་འོད། །ཕུན་ཚོགས་ངོ་མཚར་ཅོད་པན་ལ་འཆང་བའི། །རྨད་བྱུང་རྗེས་ཆགས་སྙིང་རྗེའི་རི་དྭགས་གཟུགས། །རིས་མེད་ཟླ་བའི་མ་མར་ཤར་དེར་འདུད། །འཇམ་དཔལ་རྡོ་རྗེ་རྣོན་པོའི་ངག་གི་མཚོན། །རྨོངས་པའི་དྲྭ་བ་གཅོད་པའི་འཁོར་ལོ་ཡིས། །ཤེས་བྱའི་ནོར་འཛིན་ཀུན་ལ་དབང་སྒྱུར་བའི། །བློ་གསལ་སྐལ་བཟང་ཉེར་འཚོར་གསོལ་བ་འདེབས། །རྒྱ་ཆེན་མཚོ་ལྟར་གཏིང་ཟབ་ངེས་གསང་བདག །ཕྱག་ན་མཐུ་སྟོབས་རྡོ་རྗེ་འབར་བའི་གཟིས། །བདུད་དཔུང་འཇོམས་ལ་འཇིགས་མེད་གོ་ཆ་ཡིས། །བརྟུལ་ཞུགས་ལྷུན་གྱིས་གྲུབ་ལ་གསོལ་བ་འདེབས། །ལྷག་བསམ་དཔུང་པས་ཡོངས་བཏེག་ཨུཏྤལ་སྟེང་། །རླབས་ཆེན་སྤྱོད་པའི་བུམ་བཟང་ལས་འོངས་ཆུས། །ཕན་བདེའི་འདབ་སྟོབ་འཛུམ་པའི་མཆོད་སྦྱིན་མཁན། །ཕུལ་བྱུང་བྱམས་བརྩེའི་གཏེར་ལ་གསོལ་བ་འདེབས། །བདུད་བཞིའི་དགྲ་ཚོགས་ཀུན་ཐུབ་ཉི་མའི་གཉེན། །དབང་ཕྱུག་བརྒྱད་དང་ལྡན་པའི་དྲི་མེད་བསྟན། །ལུང་རྟོགས་ཟླ་བའི་ལང་ཚོ་དར་བའི་ཆ། །བཤད་དང་སྒྲུབ་པས་སྤེལ་ལ་གསོལ་བ་འདེབས། །ཚངས་དབང་སྲས་མོའི་ཕྱག་སོར་གྱིས་བརྡུངས་པའི། །དམ་པའི་ཆོས་ཀྱི་དབྱངས་ལྡན་རྒྱུད་མང་གླུ། །སྣང་བ་བདུད་རྩིར་སྤྱོད་ལ་དབང་བའི་སྡེ། །མཐའ་ཀླས་གནས་ལྔ་རིགས་ལ་གསོལ་བ་འདེབས། །ཐེག་ཀུན་རྩེ་མོར་བགྲོད་པ་སྣང་བཞིའི་ལམ། །བཀའ་གདམས་དྲི་མེད་ལུགས་སྲོལ་ལྷ་ཆོས་བདུན། །དྭགས་ཤངས་སྙིང་པོ་ཆོས་དྲུག་ཕྱག་རྒྱའི་ལས། །སྣ་ཚོགས་(༦༧བ)


GLG015_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའི་གཏེར་ལ་གསོལ་བ་འདེབས། །ཚད་མ་བཞི་ལྡན་འཁྲུལ་མེད་སློབ་བཤད་ཆོས། །མདོ་སྔགས་ཟུང་དུ་འཇུག་པའི་ལམ་རིམ་སོགས། །འཇམ་དཔལ་སྙིང་པོའི་ཆོས་ཀྱི་བདུད་རྩིའི་མཛོད། །འཛིན་མཁས་རྗེ་བཙུན་བླ་མར་གསོལ་བ་འདེབས། །དགེ་ཚོགས་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ལས། །ཕན་དང་བདེ་བའི་འོད་དཀར་སྟོང་སྤྲོས་པས། སྲིད་ཞིའི་སྡུག་བསྔལ་མུན་པ་དྲུངས་ཕྱུང་སྟེ། །དོན་གཉིས་སྣང་བའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་ཡང་གྲ་ལྡུམ་བུ་བ་ངག་དབང་ལེགས་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །བློ་བཟང་དམ་པའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་སྒྱུར་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །བློ་ལྡན་བཟང་པོའི་གདུལ་བྱར་དམ་ཆོས་ཀྱི། །རྒྱལ་མཚན་བསྒྲེང་ཕྱིར་ངག་དབང་ཡི་དམ་ལྷ། །བློ་བཟང་ཐུབ་བསྟན་རྒྱ་མཚོའི་སྲུང་མ་ཡིས། །བསྐལ་བརྒྱར་གཡོ་མེད་བརྟན་པའི་དགེ་ལེགས་མཛོད། །མཐའ་མེད་འཁོར་བ་མི་གཙང་འདམ་རྫབ་ཏུ། །གྲངས་མེད་སྐྱེ་བའི་སྲིད་བཟུང་པདྨ་དཀར། །ཡོངས་འཛིན་ཉིན་མོར་བྱེད་པས་ལེགས་བསྐྱངས་ནས། །ཕན་དང་བདེ་བའི་འདབ་སྟོང་འཛུམ་གྱུར་ཅིག །གསོལ་བ་འདེབས་བརྟན་བཞུགས་སྨོན་ལམ་འདི་ལྟ་བུ་ཞིས་དགོས་ཞེས་དཀའ་ཆེན་པའི་མདུན་ཚུལ་ཁྲིམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ཕོ་བྲང་བསམ་གྲུབ་རྩེར་སྦྱར། མི་འགྱུར་ཆོས་སྐུའི་ངོ་བོ་སྣང་མཐའ་ཡས། །གྲངས་མེད་ལོངས་སྐུའི་རྣམ་རོལ་པད་དཀར་འཛིན། །རྨད་བྱུང་སྤྲུལ་སྐུའི་ཟློས་གར་སྲོང་བཙན་ཞབས། །གསོལ་བ་(༦༨ན)


GLG015_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་བསམ་པ་ལྷུན་གྲུབ་ཤོག །ཡང་སྤྲུལ་དུས་གསུམ་མཁྱེན་པ་པདྨ་འབྱུང་། །ཟབ་དོན་གཏེར་གྱི་སྒོ་འབྱེད་དངོས་གྲུབ་ཞབས། །མངའ་བདག་ཆོས་ཀྱི་རྒྱལ་པོ་མྱང་རལ་ལ། །གསོལ་བ་འདེབས་སོ་བསམ་པ་ལྷུན་འགྲུབ་ཤོག །སྤྲུལ་པའི་སྐུ་མཆོག་ཤཱཀྱ་བཟང་པོ་དང་། །སྲོང་བཙན་ཐུགས་རྗེའི་སྒྱུ་འཕྲུལ་དགེ་བ་འབུམ། །འགྲོ་ལ་རྗེས་བརྩེ་སངས་རྒྱས་ལྕམ་མོ་ལ། །གསོལ་བ་འདེབས་སོ་བསམ་པ་ལྷུན་འགྲུབ་ཤོག །གྲུབ་པའི་དབང་ཕྱུག་ཆུ་སྒོམ་ཞིག་པོ་དང་། །ཆོས་བརྒྱད་སྤངས་པའི་མཐའ་བཞི་བྱ་བྲལ་བ། །འཇམ་དཔལ་དབྱངས་དངོས་བསོད་ནམས་སེང་གེ་ལ། །གསོལ་བ་འདེབས་སོ་བསམ་པ་ལྷུན་འགྲུབ་ཤོག །གྲུབ་པ་མཆོག་བརྙེས་བཀྲ་ཤིས་རྒྱལ་མཚན་དང་། །འགྲོ་བའི་བླ་མ་བློ་གྲོས་རྒྱལ་མཚན་དཔལ། །འཕགས་ཆེན་ལམ་བཟང་མངོན་གྱུར་ནོར་བུ་བཟང་། །གསོལ་བ་འདེབས་སོ་བསམ་པ་ལྷུན་འགྲུབ་ཤོག །མཁས་ཤིང་གྲུབ་པ་རྒྱལ་མཚན་བཟང་པོའི་ཞབས། །མདོ་སྔགས་དོན་གཟིགས་ཆོས་ཀྱི་རྒྱལ་མཚན་དཔལ། །རྣལ་འབྱོར་དབང་ཕྱུག་རིན་ཆེན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བསམ་པ་ལྷུན་འགྲུབ་ཤོག །སྐུ་གསུམ་མངོན་གྱུར་བཀྲ་ཤིས་རྒྱ་མཚོ་དང་། །སྣང་བཞི་མཐར་ཕྱིན་ཀུན་དགའ་ཆེ་མཆོག་ཞབས། །ངག་གི་དབང་ཕྱུག་ཡེ་ཤེས་གྲུབ་པའི་དཔལ། །གསོལ་བ་འདེབས་སོ་བསམ་པ་ལྷུན་འགྲུབ་ཤོག །མཐུ་སྟོབས་མངའ་བདག་གཞོན་ནུ་དོན་གྲུབ་དང་། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་པདྨ་དབང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བསམས་པ་ལྷུན་གྲུབ་ཤོག །སྨིན་གྲོལ་ཟབ་མོའི་ལམ་བཟང་ལ་བརྟེན་ནས། །ཚེ་འདིར་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི །གོ་འཕང་མངོན་དུ་བྱས་ནས་དོན་གཉིས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་བསམས་དོན་ལྷུན་གྲུབ་ཅེས་པ་འདི་ཡང་རིག་སྔགས་འཆང་བའི་དབང་ཕྱུག་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བགྱིས་པའོ། །(༦༨བ)


previousསློབ་དཔོན་པད་མ་འབྱུང་གནས་སོགས་འཕགས་བོད་ཀྱི་བླ་མ་རྣམས་ལ་བསྟོད་པ།next