Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
   
   
   
   
   


 
previousཀུན་མཁྱེན་བུ་སྟོན་ཆོས་རྗེའི་འཁྲུངས་རབས་གསོལ་འདེབས་སོགས།next

ཀུན་མཁྱེན་བུ་སྟོན་ཆོས་རྗེའི་འཁྲུངས་རབས་གསོལ་འདེབས་སོགས།


GLG015_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བུ་སྟོན་ཆོས་རྗེའི་འཁྲུངས་རབས་གསོལ་འདེབས་སོགས་བཞུགས་སོ། །ནེམིཏྟབྷདྲཱཔརམཱརྠཤུདྡྷདྷཱཏུརྣཀྵཡཱཨཽནྡྲཡུདྷཱབིཙིཏྲཙ། །མཱུརྡྷཏྲིབྷཱུབྻཱུཾཧཨཧོསམུདྲཙེཔདྷྱཱཡམཱཡདྲུམཔཱུཛ ཛིནྱརི། །དག་པ་དོན་དམ་ཟད་པ་མེད་པའི་དབྱིངས། །མཚན་བཟང་དབང་པོའི་གཞུ་རིས་རྣམ་བཀྲ་བ། །ངོ་མཚར་བཀོད་པ་རྒྱ་མཚོའི་སྒྱུ་འཕྲུལ་མཁན། །ས་གསུམ་འགྲོ་བའི་མཆོད་སྡོང་གཙུག་ན་རྒྱལ། འགྲོ་ལ་བུ་ལྟར་རྗེས་ཆགས་སྙིང་རྗེའི་ཟླ། །ལྷག་བསམ་ག་བུར་ཟེགས་མ་འཐུལ་བའི་ཟེར། །ཕན་བདེའི་ས་མོས་འཛུམ་པའི་དགའ་སྟོན་གྱི། །བྱེད་པོར་རྒྱལ་བ་ཀུན་གྱིས་མགྲིན་གཅིག་བསྔགས། །གྲངས་མེད་ཆོས་ཕུང་རྒྱ་མཚོར་འཇུག་པའི་རྫས། །མཁྱེན་ཡངས་རྣམ་པར་དཔྱོད་པའི་གྲུ་གཟིངས་ཀྱིས། །ལེགས་བཤད་རིན་ཆེན་འདྲེན་ལ་དབང་འབྱོར་པས། །ཤེས་བྱ་ཐམས་ཅད་མཁྱེན་པའི་དཔེ་ཟླར་གྲུབ། །སྒྲ་ཚད་བཟོ་གསོའི་ས་སྲུང་སྟེང་འགྱིང་བའི། །གནས་ལྔའི་འདྲེན་བྱེད་སྟོང་ལྡན་འཆི་མེད་དབང་། །ནང་རིག་རྡོ་རྗེ་རྩེ་བརྒྱད་གདེངས་ཙམ་གྱིས། །སྒྲིབ་གཉིས་རི་བོའི་བགྲོད་པ་ལྷག་མར་(༦༩ན)


GLG015_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །ཨིནྡྲ་ནཱི་ལ་ལྟར་མཐིང་གཙུག་ཏོར་རྩེར། །འཕོ་མེད་ཀུན་དའི་མདུད་པ་ཡོངས་གྲོལ་བའི། །སྟོང་ཆེན་དག་པ་རབ་འབྱམས་དབྱིངས་ཀྱི་གཟུགས། །རྣམ་ཀུན་མཆོག་ལྡན་བདེ་བའི་འཇའ་རིས་བཀྲ། །གཟོད་མ་ཉིད་ནས་ཨེ་ཝཾ་ཟུང་འཇུག་པའི། །རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོར་གྲུབ་ཀྱང་། །གཞན་ངོར་ཐུན་འཚམས་གསར་བའི་བློ་གྲོས་ཀྱིས། །ཐུབ་པའི་བསྟན་ལ་ཀུན་མཁྱེན་གཉིས་པར་ངེས། །ཀུན་ལ་ཐུགས་རྗེའི་རླབས་འཕྲེང་ཡོལ་མེད་པའི། །རྣམ་དཀར་འཕྲིན་ལས་ཆད་མེད་བབས་པའི་ཆབ། །སྲིད་པའི་ཁོངས་ལས་བརྒལ་ཚེ་གསེར་མངལ་ཅན། །སྣོད་ཀྱི་འཇིག་རྟེན་གསར་དུ་སྐྲུན་ལ་བྲེལ། །མཛེས་སོ་ཀུན་གསལ་འགྲམ་པར་རི་བོང་ཅན། །གྲངས་མེད་རྐང་འཐུང་ཁྲོད་ན་ཡོངས་འདུའི་ལྗོན། །ཐེག་གསུམ་འཁོར་གྱི་དབུས་ན་ཉི་མའི་གཉེན། །རྒྱལ་བའི་བསྟན་ལ་ཀུན་མཁྱེན་བུ་སྟོན་རྗེ། །འཕགས་ཡུལ་པཎ་གྲུབ་དབང་པོ་སྠ་བི་ར། །སྒྱུ་ལུས་མངོན་གྱུར་ཁྱུང་པོ་ལོ་ཙཱའི་ཞབས། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲི་སོགས། །སྐྱེས་རབས་ནོར་བུའི་འཕྲེང་བ་ཚར་དུ་དངར། །མགོན་ཁྱོད་ཕུལ་བྱུང་མཛད་པའི་མེ་ན་ཀ །དགེ་བའི་ཞིང་ཁམས་བཀོད་པ་རྒྱ་མཚོའི་རྡུལ། །བྱེ་བ་ཕྲག་བརྒྱར་ཡོངས་སུ་གར་སྒྱུར་ཡང་། །མ་དག་ཞིང་འདིའི་འགྲོ་ལ་གཅིག་ཏུ་བརྩེ། །དེ་ཕྱིར་གྲུབ་དབང་སེང་གེ་རྒྱལ་མཚན་དང་། །རྣལ་འབྱོར་མཆོག་བརྙེས་ཕ་རྒོད་བསོད་ནམས་བཟང་། །འཁོར་ལོའི་མགོན་པོ་རྗེ་བཙུན་ཚར་པ་རྗེ། །བར་སྲིད་སྐྱེ་བའི་ཟློས་གར་འདི་རྨད་བྱུང་། །རབ་དཀར་འཇམ་མཉེན་འཛུམ་པའི་འདབ་མའི་སྒོ། །ཡིད་སྲུབས་ཆོ་ག་རྫོགས་པའི་རྣ་བའི་རྒྱན། །ལི་ཤིའི་ཟོལ་གྱིས་གཡོ་བའི་ཕོན་པོ་དག །མངར་བའི་དྲི་བསུང་འཐུལ་བའི་སྐལ་བ་ཕྲ། །ཤེས་བྱ་ཀུན་(༦༩བ)


GLG015_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་རྣམ་དཔྱོད་མཁའ་ལྟར་ཡངས། །འགྲོ་ལ་རྗེས་ཆགས་ཆགས་བྲལ་ངུར་སྨྲིག་འཆང་། །གནས་ལྔ་ཡོངས་རིག་རིག་གནས་རྒྱ་མཚོར་མཁས། །ལྷག་བསམ་རབ་དཀར་དཀར་བའི་ཟླ་བ་བཞིན། །ཡང་ཡང་སྐྱེ་བར་གོམས་པའི་ཤེས་པ་དང་། །ངལ་ངལ་ཚེ་འདིར་སྦྱངས་པའི་བརྩོན་འགྲུས་ཀྱིས། །མཁས་མཁས་ཀུན་གྱི་ཡང་རྩེར་ལེགས་སོན་པའི། །སྙན་སྙན་གྲགས་པ་དྲི་ཟའི་རྒྱུད་མང་འཇེབས། །རྒྱ་ཆེན་མང་ཐོས་འཆད་པའི་རྣམ་དཔྱོད་མཆོག །མཆོག་ཏུ་ཡངས་པས་རྩོད་ཚེ་རྒོལ་ངན་འཇིགས། །འཇིགས་པ་མེད་པར་རྩོལ་བའི་ལེགས་བཤད་རྒྱུད། །རྒྱུད་མང་གླུ་ལས་ཆོས་ཀྱི་སྒྲ་བཞིན་སྙན། སྙན་ངག་ཉམས་འགྱུར་སྟོང་དང་ལྡན་པའི་དབྱངས། །དབྱངས་ཅན་ལྷ་མོར་དྲུག་ཅུའི་གསུང་ལྟར་ལེགས། །ལེགས་སྦྱར་བརྡ་སྤྲོད་གཞུང་བརྒྱ་ཆད་པའི་བློ། །བློ་གྲོས་སརྦྦ་ཛྙཱ་ཡི་བརྒྱུད་པ་འཛིན། །འཛིན་མེད་མཐའ་བྲལ་སྟོན་པ་དབུ་མའི་ལམ། །ལམ་བཟང་ཤིན་ཏུ་རྒྱས་པ་ཕར་ཕྱིན་གཞུང་། །གཞུང་ཀུན་གཏན་ལ་འབེབས་པ་ཚད་མ་རིག །རིག་པ་ལུང་འབྲེལ་སྟོན་མཛད་བུ་སྟོན་རྗེ། །རྗེ་བཙུན་རྒྱལ་ཚབ་དམ་པ་མི་ཕམ་མགོན། །མགོན་དེ་སཱ་ལའི་ལྗོངས་འདིར་མཁས་པའི་དབང་། །དབང་ཕྱུག་ཡོན་ཏན་བརྒྱད་དུ་གྲུབ་པའི་དཔལ། །དཔལ་ལྡན་ཤཱཀྱའི་བསྟན་པ་ངོ་མཚར་རྨད། །སྙན་ཚིག་ངག་གིས་བསྟོད་པའི་བསོད་ནམས་གཟུགས། །ཕུང་པོ་གཅིག་ཏུ་དཀར་བའི་འབྲས་བུའི་རོ། །ལོངས་སུ་སྤྱད་པའི་ཕུན་ཚོགས་སྐལ་བཟང་གིས། །དུས་མཁྱེན་རྒྱལ་པོའི་རྣམ་ཐར་འགྲུབ་གྱུར་ཅིག །ཅེས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀུན་མཁྱེན་བུ་སྟོན་ཞབས་ཀྱི་ཡོན་ཏན་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་བླངས་པའི་སྙན་ཚིག་པདྨ་དཀར་པོའི་ཆུན་པོ་འདི་ནི་ཟ་ཧོར་གྱི་བནྡེའི་བློ་མཚོ་ལས་གཡུར་དུ་ཟ་བའོ། །(༧༠ན)


GLG015_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་བརྒྱ་པའི་ཚེམས་ཀྱི་མངལ་ཁུར་ལས། །ངག་གི་འདོད་པ་འཇོ་བའི་རི་དྭགས་མིག །དབང་ཕྱུག་ཡོན་ཏན་བརྒྱད་ཀྱི་མཆོག་སྦྱིན་མ། །མགྲིན་པའི་པད་མཚོར་རོལ་ལ་གསོལ་བ་འདེབས། །རྨོོངས་རྟུལ་སྦྱིན་སྐྱེས་བཅོམ་པའི་བློ་གྲོས་ཀྱི། །སྙིང་གར་རྣམ་དཔྱོད་དཔལ་གྱི་བེའུའི་གཟུགས། །སྐལ་བཟང་མིག་གི་གཟིགས་མོར་ངོ་མཚར་བའི། །བཤེས་གཉེན་འཆི་མེད་གཙོ་ལ་གསོལ་བ་འདེབས། །མང་ཐོས་གསེར་མངལ་ཅན་གྱི་ཐོད་ཡངས་ལས། །ལེགས་བཤད་ཆད་པ་མེད་པ་གངྒཱའི་རྒྱུན། གསུང་རབ་རྒྱ་མཚོར་འཇུག་པའི་བྱེད་པོ་མཆོག །ཡོངས་འཛིན་སྐལ་ལྡན་ཤིང་རྟར་གསོལ་བ་འདེབས། །རྒོལ་ངན་ཆུ་སྲིན་རྒྱལ་མཚན་སྡེར་བཅས་ལ། །འཇིགས་མེད་འཆད་རྩོད་རྩོམ་པའི་གོ་ཆ་ཅན། །གཙུག་ན་མངོན་པར་དཀར་བའི་རི་བོང་འཛིན། །ལྷག་བསམ་བདུད་རྩི་སྤྲོ་ལ་གསོལ་བ་འདེབས། །ཐུབ་བསྟན་ལང་ཚོ་རྒྱས་པའི་དཔལ་གྱི་མགུར། །དམ་པའི་ཆོས་ཀྱི་སྒྲ་དབྱངས་སྙན་པའི་དུང་། །འཇམ་དཔལ་སྙིང་པོའི་བསྟན་ལ་གཡས་འཁྱིལ་བའི། །དབྱངས་ཅན་དགའ་བའི་བདེ་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་ཙོང་ཁ་པའི། །རིང་ལུགས་འཆི་མེད་དགའ་ཚལ་ལས་འོངས་འབྲས། །མ་འདྲིས་འགྲོ་ལ་བརྩེ་བའི་འཛའ་བཤེས་ཀྱིས། །སྟེར་མཛད་སྐྱེ་རྒུའི་གཉེན་ལ་གསོལ་བ་འདེབས། །གསུང་ངག་དབང་གི་རྒྱལ་པོ་གདུལ་བྱའི་བློར། །ལེགས་བལྟམས་མཁས་བཙུན་བཟང་པོའི་འཇུག་ངོགས་ཅན། །ཕུལ་བྱུང་འདོད་པའི་རེ་སྐོང་ཡིད་བཞིན་ནོར། །ལེགས་བྱས་རྒྱ་མཚོའི་ཞིང་མཆོག་ཞབས་བརྟན་ཤོག །འཕྲོག་བྱེད་དབང་པོས་བཏེག་པ་རྡོ་རྗེའི་ཁྲི། །ནམ་ཡང་གཞོམ་དུ་མེད་པ་གཡུང་དྲུང་གདན། །ཕུན་ཚོགས་(༧༠བ)


GLG015_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྟགས་ཀྱིས་ལེགས་མཚན་པར། །བསྐལ་པའི་བར་དུ་མི་འགྱུར་བརྟན་པར་ཤོག །སྒོ་གསུམ་འབད་པའི་དགེ་ཚོགས་ཆུ་འཛིན་ལས། །བསོད་ནམས་ཟད་པ་མེད་པའི་ཆར་རྒྱུན་གྱིས། །གསེར་ལྡན་ལྟོ་བ་ཡོངས་སུ་དུབ་པའི་འབྲས། །དོན་གཉིས་མྱུ་གུ་སྨིན་པའི་དགའ་སྟོན་སྩོལ། །སླུ་མེད་དཀོན་མཆོག་མཆོག་གི་ཐུགས་རྗེའི་དཔལ། །དཔལ་མགྲིན་ཚངས་དབང་དབང་པོ་མཁར་བའི་དགྲ །དགྲ་བཅོམ་འཕགས་ཚོགས་ཚོགས་བསགས་དྲང་སྲོང་ཚིག །ཚིག་དོན་མ་ལུས་ལུས་མེད་འགྲུབ་པར་ཤོག །ཅེས་གསོལ་འདེབས་བརྟན་བཞུགས་དང་བཅས་པ་འདི་ནི་སྐུ་འབུམ་བྱམས་པ་གླིང་གི་སྔགས་གྲྭའི་སློབ་དཔོན་བསོད་ནམས་རིན་ཆེན་གྱིས་རྒྱང་རིང་པོ་ནས་ཕོ་ཉ་མངགས་ཏེ་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་གཡས་རུ་གཙང་གི་སའི་ཆ་ཉང་སྨད་བསམ་འགྲུབ་རྩེར་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའོ། །ངག་གི་འདོད་འཇོ་དབྱངས་ཅན་དགའ་བའི་དཔལ། །འཆད་རྩོད་རྩོམ་ལ་དབང་བའི་བློ་གྲོས་ཅན། །མཁས་བཙུན་བཟང་པོར་གྲུབ་པའི་འཁོར་ལོ་ཡིས། །རྒྱ་མཚོའི་གོས་ཅན་ཁྱོན་ལ་སྒྱུར་དེ་རྒྱལ། །མི་འཇིགས་བཞི་ལྡན་རྒྱལ་གསུང་སྙིང་པོའི་བཅུད། །ཡོད་མེད་མཐའ་བྲལ་དབུ་མའི་གོ་ཆ་ཡིས། །ཐུབ་བསྟན་ཐེག་ཆེན་ལང་ཚོའི་སྲོག་འཚོ་བའི། །རྣམ་དཔྱོད་སྡེ་བཞིའི་དཔལ་མངར་གསོལ་བ་འདེབས། །ཤེས་བྱའི་ཕ་མཐའ་རྣམ་པར་སྲ་བའི་གཞུ། །མང་ཐོས་རྒྱུད་ཀྱིས་བཀུག་པའི་གནས་ལྔའི་མདས། །དྲི་བཅས་འཁྲུལ་པའི་བདེ་འབྱུང་དཀའ་ཐུབ་ཀྱི། །དམ་བཅའི་དངོས་ཀུན་འཇིག་པའི་ཆོས་ཉིད་ཅན། །མཐའ་ཀླས་ཚིག་གི་ཀ་ཤི་མཛེས་དགའ་མའི། །དོན་བཟང་རྣ་གོང་ཨུཏྤལཕོན་པོའི་ཁ། །(༧༡ན)


GLG015_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་ཞིབ་བསམ་པའི་ཟླ་ཟེར་གྱིས་ཕྱེ་བས། །ཕུལ་བྱུང་ལེགས་བཤད་འདབ་མ་འཛུམ་གྱིས་སུ། །བརྗོད་བྲལ་སྟོང་ཆེན་དག་པའི་མཁའ་དབྱིངས་ངོས། །བདེ་ཆེན་རྣམ་པར་བཀྲ་བའི་འཇའ་ཚོན་མདངས། །རླུང་སེམས་གོམས་པའི་པིར་གྱིས་བྲིས་པའི་གར། །ཟུང་འཇུག་འཛིན་མའི་ངོས་སུ་སྒྱུར་ལ་བྲེལ། །འཇམ་དབྱངས་དབྱངས་ཅན་མགྲིན་པར་ཆགས་པའི་གཏམ། །སྙན་ཚིག་ཚིག་དོན་འཁྲོལ་བའི་རྒྱུད་མང་སྒྲ། །རྣམ་དཔྱོད་དཔྱོད་ལྡན་དགའ་བའི་འགྱུར་ཁུག་གི །ཟིལ་དངར་དངར་བའི་གླུ་དབྱངས་མགྲིན་པར་ལེན། །ཕུན་ཚོགས་དོན་གཉིས་ནོར་བུའི་བང་མཛོད་ནས། །འདོད་པའི་རེ་བ་སྐོང་བའི་དབང་གི་རྒྱལ། །འབད་མེད་སྩོལ་མཁས་མ་འདྲིས་མཛའ་བའི་བཤེས། །རབ་འབྱམས་རྒྱལ་བའི་ངོ་བོར་གསོལ་བ་འདེབས། །རྡོ་རྗེའི་ཁམས་ལས་གྲུབ་པའི་སེང་གེའི་ཁྲིར། ཁྱོད་ཞབས་བཀྲ་ཤིས་འཁོར་ལོའི་རི་མོ་ཅན། །བསྐལ་པ་རྒྱ་མཚོར་འགྲོ་ལ་དམ་ཆོས་ཀྱི། །འཁོར་ལོ་བསྐོར་ཕྱིར་གཡོ་མེད་བརྟན་པར་བཞུགས། །ལུང་དང་རིགས་པའི་ཉི་མའི་འོད་ཟེར་གྱིས། ཁྲིམས་ལྡན་འདུས་པའི་པད་ཚལ་བཞད་པའི་ཐང་། །སྐལ་བཟང་རྐང་དྲུག་ཚོགས་ཀྱིས་ལོངས་སྤྱོད་པའི། །བཀྲ་ཤིས་གླུ་དབྱངས་དར་དིར་སྒྲོག་གྱུར་ཅིག །ཅེས་པ་འདི་ལྟ་བུ་ཞིག་དགོས་ཞེས་གསང་ཕུ་ཉི་ཐང་བླ་མ་ཤེས་རབ་དཔལ་འབྱོར་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། མང་ཐོས་བློ་གྲོས་རབ་ཡངས་མཁས་པའི་དཔྱིད། །དྲི་མེད་ཚུལ་ཁྲིམས་ལེགས་གཙང་བཙུན་པའི་མཆོག །འགྲོ་ལ་བྱམས་པའི་ཐུགས་མངའ་བཟང་པོའི་དཔལ། །སྐལ་ལྡན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བསོད་ནམས་བྱེ་བའི་ཤིང་རྟས་ཉེར་དྲངས་པའི། །དལ་འབྱོར་(༧༡བ)


GLG015_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཡིད་བཞིན་དབང་གི་རྒྱལ། །ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་མཆོད་པས། །དོན་གཉིས་འདོད་འཇོའི་དཔལ་ལ་གསོལ་བ་འདེབས། །རོ་ནུས་སྟོབས་ལྡན་བདུད་རྩིའི་བུམ་བཟང་གིས། །འཆི་མེད་ཚེ་ཡི་དགའ་སྟོན་སྩོལ་མཛད་པའི། །རྣམ་འདྲེན་སྨན་གྱི་བླ་ཡི་རིང་ལུགས་པ། །དྲང་སྲོང་གྲུབ་པའི་དབང་པོར་གསོལ་བ་འདེབས། །ཐེག་པ་གོང་འོག་ཕྱི་ནང་གྲུབ་མཐའ་གཟུགས། །གསུང་རབ་རིན་ཆེན་རྩིག་ངོས་ལ་ཤར་བ། །རྣམ་དཔྱོད་ཧ་ནུ་མནྠས་མ་འདྲེས་པར། །རབ་འབྱེད་མཁས་པའི་དབང་པོར་གསོལ་བ་འདེབས། །སྐུ་གསུང་ཐུགས་རྟེན་ཁྲིམས་ལྡན་འདུས་ཚོགས་མཆོད། །དེའི་རྟེན་གསོ་ཞེངས་ལས་ཀྱི་འཁོར་ལོ་ཡིས། །རྒྱལ་སྲས་སྐུ་མཆེད་གསུམ་གྱི་རྣམ་པར་ཐར། །འཛིན་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི། །དམ་པའི་ཆོས་ཀྱི་ཁྲི་ལ་རབ་བཞུགས་ནས། །ཟབ་རྒྱས་ལེགས་བཤད་དབྱངས་སྙན་ལེགས་སྒྲོག་པ། །མཚུངས་མེད་དམ་པའི་ཞབས་ལ་གསོལ་བ་འདེབས། །ཀུན་གསལ་སྒེག་མོས་ཉི་ཟླའི་རྣ་བའི་རྒྱན། །འཛིན་པ་དེ་སྲིད་མགོན་ཁྱོད་རྡོ་རྗེའི་ཁྲིར། །གཞོམ་གཞིག་བྲལ་བ་གཡུང་དྲུང་ལྟར་བརྟན་ཅིང་། །གྲངས་མེད་གདུལ་བྱའི་རེ་བ་སྐོང་གྱུར་ཅིག །རབ་དཀར་དགེ་ཚོགས་དྲི་བཞོན་གྱིས་དྲངས་པའི། །ལེགས་བྱས་ཆ་ཤས་གང་བའི་ཟླ་སྣང་གིས། །བཤེས་གཉེན་དམ་པའི་ཀུནྡ་ལེགས་འཛུམ་པ། །འབྲལ་མེད་གཙུག་གི་ཅོད་པཎ་མཛེས་གྱུར་ཅིག །ཅེས་གངས་ཁྲོད་ཀྱི་རིགས་ལམ་སྨྲ་བ་ཀུན་གྱི་འབྱུང་ཁུངས་གཅིག་བུ་པ་ཆོས་གྲྭ་ཆེན་པོ་གསང་གུ་ནེའུ་ཐོག་གི་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོ་ལ་གསོལ་བ་འདེབས་བརྟན་བཞུགས་འདི་ལྟ་བུ་ཉེན་དགོས་ཞེས་ཉི་ཐང་སློབ་དཔོན་ཤེས་རབ་དཔལ་འབྱོར་གྱིས་ཡང་ཡང་བསྐུལ་བ་བཞིན་ཟ་(༧༢ན)


GLG015_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་གྱི་བནྡེས་ར་ས་འཕྲུལ་སྣང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །དཔལ་ལྡན་ཕུན་ཚོགས་ཚོགས་གཉིས་རྒྱ་མཚོ་ལས། །ལེགས་འཁྲུངས་རྒྱལ་དབང་དབང་ཕྱུག་བརྒྱད་ལྡན་པ། །འཇམ་དཔལ་དབྱངས་དངོས་དངོས་གྲུབ་ཀུན་གྱི་གཏེར། །བློ་བཟང་སྙན་གྲགས་གྲགས་པའི་བ་དན་རྒྱལ། །རྒྱལ་བ་ཀུན་ཡུམ་ཀུན་དགའི་དཔལ་སྟེར་མ། །ཡིད་འཕྲོག་ལྷ་མོ་ལྷར་བཅས་འགྲོ་བའི་གཉེན། །འཇིགས་པ་ལས་སྐྱོབ་ལས་བཞི་ཀུན་འགྲུབ་པའི། སྐྱབས་གནས་མཆོག་གྱུར་མཆོག་གི་ལྷ་མོར་འདུད། །ངག་གི་དབང་ཕྱུག་བློ་གྲོས་བྱེ་བའི་གཏེར། །གཏེར་མཛོད་འཛད་མི་ཤེས་པའི་ལེགས་བཤད་རྒྱུན། །རྒྱུན་ཆད་མེད་པར་སྐལ་བཟང་དགའ་སྟོན་དུ། །དུ་མར་སྤེལ་བའི་བྱེད་པོར་གསོལ་བ་འདེབས། །རྒྱ་ཆེན་དགེ་ལེགས་ལེགས་ཚོགས་རྣམས་ཀྱིས་གང་། །གང་ཞིག་རྒྱལ་གསུང་གསུང་རབ་དབྱར་གྱི་མཚོ། །མཚོ་ལྟར་རབ་འཕེལ་འཕེལ་ཞིང་རྒྱས་པའི་དོན། །དོན་ལྡན་སྐྱབས་མཆོག་མཆོག་ལ་གསོལ་བ་འདེབས། །ལྷང་ལྷང་ངག་གི་སྒྲ་ལས་ཉེར་དྲངས་ནས། །ལེགས་ལེགས་ཚིག་གི་འཕྲེང་བར་རབ་སྤེལ་བའི། །གུས་གུས་བསྟོད་ཅིང་གསོལ་བ་ལེགས་འདེབས་པར། །ཡང་ཡང་འབད་པས་བསྒྲུབས་པའི་དགེ་ཚོགས་ཀྱིས། །མི་བཟད་འཁོར་བར་འཁྱམ་བྱེད་ལས་ཉོན་དང་། །མུ་མཐའ་བྲལ་བའི་ནད་རིགས་གདོན་དང་བགེགས། །མེ་ཏོག་མདའ་ཅན་དཔུང་བཅས་རབ་བཅོམ་སྟེ། །མ་ལུས་འགྲོ་བའི་ཉེར་འཚོར་བདག་གྱུར་ཅིག །ཕ་མཐའ་མི་མངོན་ཕ་རོལ་མ་ཕྱིན་པའི། འཁོར་བ་ཚང་ཚིང་ཚལ་དུ་གནས་པ་རྣམས། ཁ་དོག་ཁ་བ་ལྟར་དཀར་མཐོ་རིས་དང་། །ཐར་པ་ཐམས་ཅད་མཁྱེན་པའི་སར་འཁྲིད་ཤོག །འཁོར་བའི་རང་བཞིན་མཐོ་དམན་བར་མའི་གཞིར། །སྐྱེ་བའི་སྲིད་པ་འདབ་ཆགས་བགྲོད་པའི་རྗེས། །བཤེས་(༧༢བ)


GLG015_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་དམ་པའི་གྲིབ་མ་གཉིས་པའི་གྲོགས། །མི་འབྲལ་རྟེན་འབྲེལ་སླུ་བ་མེད་པར་ཤོག །སྐྱེ་བར་ལེགས་བྱས་གོམས་པའི་དཔྱིད་ཀྱི་མངལ། །བླ་མེད་མཆོག་གི་ས་བོན་སྨིན་པ་ལས། །སྐུ་གསུམ་ཕང་ཕུང་ལོ་འདབ་གཡོ་བའི་རྩེར། །མཚན་དཔེའི་འབྲས་བཟང་དུད་པའི་དཔལ་གྱུར་ཅིག །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་ཨ་ཡུ་ཥེས་བསྐུལ་བའི་ངོར། ཤླཽ་ཀ་དྲུག་པ་ཡན་ཟུང་ལྡན། བདུན་པ་དང་བརྒྱད་པ་གཉིས་རྗེས་ཁྲིད། ལྷག་མ་གཉིས་དོན་རྒྱན་དུ་བྱས་ཏེ་ཟ་ཧོར་གྱི་བནྡེས་ར་ས་འཕྲུལ་སྣང་དུ་སྦྱར། ཕུན་ཚོགས་ཆོས་ཀྱི་དགའ་སྟོན་རྒྱས་པའི་སྒོ། །གྲངས་མེད་འགྲོ་ལ་འབྱེད་མཛད་ངག་གི་དཔལ། །ཡིད་བཞིན་དབང་གི་རྒྱལ་པོའི་འདོད་འཇོ་མཁན། །བློ་གསལ་སྐལ་བཟང་རྒྱ་མཚོའི་མགོན་དེར་འདུད། །གང་ཞིག་བསྟེན་ན་སྲིད་ཞིའི་ཡོན་ཏན་ཀུན། །སྩོལ་མཛད་སླུ་བ་མེད་པ་གཏན་གྱི་སྐྱབས། །བཤེས་གཉེན་ངུར་སྨྲིག་འཛིན་པའི་ཟློས་གར་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་གི་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་རྒྱས། །ཀུན་མཁྱེན་སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ཡང་བུ་ཚེ་དབང་གི་དོན་དུ་མ་དཔོན་མོ་རྡའི་ཁན་ཇུས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། རྒྱ་ཆེན་གསུང་རབ་རབ་འབྱམས་གཞུང་ལུགས་ལ། །མང་དུ་ལེགས་ཐོས་ཐོས་བསམ་སྒོམ་པས་ཕྱུག །ངག་དབང་བློ་བཟང་བཟང་པོའི་ལྷག་བསམ་ཅན། །རྒྱ་མཚོ་ལྟར་ཟབ་ཟབ་ཡངས་མཁྱེན་བརྩེའི་དཔལ། །དཔལ་ལྡན་ཟས་གཙང་སྲས་ཀྱི་རིང་ལུགས་མཆོག །མཆོག་ཏུ་འཛིན་པའི་སྤོབས་པ་རབ་ཏུ་དགེ །དགེ་ཚོགས་ཆད་པ་མེད་པར་ཡོངས་སྤེལ་འཕྲེང་། །འཕྲེང་བ་མགུལ་པར་སྤུད་ལ་(༧༣ན)


GLG015_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ལྷང་ལྷང་སྙན་པའི་ངག་གིས་གསོལ་འདེབས་ཤིང་། །དུང་དུང་སྙིང་ནས་མི་ཕྱེད་དད་པའི་མཐུས། །ཡང་ཡང་བསམས་པས་འདི་ཕྱིའི་མདུན་མ་ཀུན། །ལྷོད་ལྷོད་འབད་པ་མེད་པར་གྲུབ་པར་ཤོག །ཅེས་པ་འདི་ཡང་ཇའི་སང་ཁོ་ཤོའི་ཆིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། སྐྱེ་བ་ཀུན་ལ་ཡང་དག་ལེགས་པའི་ལམ། །ཚུལ་བཞིན་སྟོན་མཛད་སྟོབས་བཅུ་མངའ་བའི་དཔལ། །ཟས་གཙང་སྲས་ཀྱི་རིང་ལུགས་འཛིན་པ་ལ། །ངག་གི་འདོད་འཇོར་དབང་ལ་གསོལ་བ་འདེབས། །བློ་གྲོས་རབ་ཡངས་མཁས་བཙུན་བཟང་པོ་ཡི། །གྲགས་པའི་དཔལ་ལྡན་རྒྱལ་དབང་བཙོང་ཁ་པའི། །དྲི་མེད་བསྟན་པ་རྒྱ་མཚོའི་གོས་ཅན་གཞིར། །སྤེལ་མཛད་བླ་མ་མཆོག་ལ་གསོལ་བ་འདེབས། །དེ་ལྟར་མཆོག་གསུམ་དམ་པའི་ཐུགས་རྗེ་ཡིས། །ཚེ་འདིར་འདོད་པའི་ལེགས་ཚོགས་ཀུན་འགྲུབ་ཅིང་། །གྲངས་མེད་སྐྱེ་བར་དམ་པའི་མགོན་གྱིས་བཟུང་། །གཏན་གྱི་མདུན་མ་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདི་ཐའི་ཇི་མགོན་པོ་ཚེ་དབང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། འགྲོ་ལ་རྗེས་བརྩེའི་ཐུགས་རྗེའི་སྒྱུ་འཕྲུལ་གར། །ཕྱག་ན་འཇམ་མཉེན་པད་དཀར་འཆང་བའི་ལྷ། །རྒྱལ་སྲས་གཞོན་ནུ་རྨད་བྱུང་སྙིང་རྗེའི་གཏེར། །ལྷ་བཅས་འགྲོ་བའི་མགོན་དེར་གསོལ་བ་འདེབས། །ནོར་འཛིན་སྐྱོང་བ་འཇིག་རྟེན་དབང་ཕྱུག་ཞབས། །མགོན་མེད་འགྲོ་བའི་གཉེན་གྱུར་ལྷའི་རྒྱལ་པོ། །བོད་ཁམས་རྒྱལ་པོར་སྤྲུལ་པ་གཉའ་ཁྲི་བཙན། །ནོར་འཛིན་དབང་པོར་བསྟན་ལ་གསོལ་བ་འདེབས། །གངས་ཅན་དམ་ཆོས་དབུ་བརྙེས་ཐོ་ཐོ་རི། །བྷཾ་ག་ལ་ཡི་མི་བདག་དད་པ་བརྟན། །ཨུ་རྒྱན་མཁའ་འགྲོའི་དབང་ཕྱུག་དཀོན་མཆོག་འབངས། སྤྲུལ་པས་རྣམ་པར་རོལ་ལ་གསོལ་བ་འདེབས། །(༧༣བ)


GLG015_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བོད་འབངས་སྐྱེ་རྒུའི་ལྷ་གཅིག་སྲོང་བཙན་རྗེ། །བཤད་སྒྲུབ་བསྟན་པ་རྒྱས་མཛད་ཁྲི་སྲོང་ཞབས། །གསར་བཅད་སྐད་དུ་འབེབས་པའི་ཁྲི་རལ་པ། །ཆོས་ལྡན་རྒྱལ་པོར་གྱུར་ལ་གསོལ་བ་འདེབས། །འཕགས་ཡུལ་ཆོས་ཀྱི་རྒྱལ་པོ་དགེ་བ་དཔལ། ཁ་ཆེའི་རྣལ་འབྱོར་ཆེན་པོ་དཀོན་པ་བ། །བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ། །འཕགས་ཆེན་དམ་པར་བསྟན་ལ་གསོལ་བ་འདེབས། །སྔགས་འཆང་ཆེན་པོ་རྩེ་ཆེན་ས་སྐྱ་པ། །བཀའ་ཕྱག་གཉིས་འདྲེས་གཡུ་བྲག་འགྲོ་བའི་མགོན། ཟབ་གཏེར་བསྟན་པ་རྒྱས་མཛད་མངའ་བདག་ཉིད། །རྡོ་རྗེ་འཛིན་པའི་དབང་པོར་གསོལ་བ་འདེབས། །ཚེ་ཡི་རིག་བྱེད་འཛིན་པ་དགེ་བ་འབུམ། །བལ་ཡུལ་པཎ་ཆེན་པདྨ་བཛྲ་དང་། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པའི་ཞབས། །གྲངས་མེད་འགྲོ་བའི་ཉེར་འཚོར་གསོལ་བ་འདེབས། །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་དཔལ། །ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་སྡེ། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ། །ས་གསུམ་འགྲོ་བའི་འདྲེན་པར་གསོལ་བ་འདེབས། །འཆད་རྩོད་རྩོམ་པའི་དཔལ་ལྡན་ངག་གི་དབང་། །བློ་གསལ་སྐལ་བཟང་ཐུབ་བསྟན་རྒྱ་མཚོའི་སྡེ། །ཆོས་ཀུན་གང་ཤར་རིག་པའི་རང་རྩལ་དུ། །ཡོངས་གྲོལ་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །ཚེ་རབས་ཀུན་དུ་དམ་པའི་མགོན་གྱིས་བཟུང་། །ཟབ་རྒྱས་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་དེ། །གནས་སྐབས་བསམས་པའི་དོན་ཀུན་ཐམས་ཅད་གྲུབ། །མཐར་ཐུག་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །ཅེས་པ་འདི་ཡང་བློ་བཟང་སྦྱིན་པས་དེ་ལྟ་བུ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱིས་བནྡེས་བགྱིས་པའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། །ཕྱག་ན་པད་དཀར་འཆང་བའི་སྒྱུ་འཕྲུལ་(༧༤ན)


GLG015_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གར། །དཀོན་མཆོག་འབངས་དང་སྲོང་བཙན་སྒམ་པོའི་ཞབས། །ཚངས་པ་ལྷ་ཡི་མེ་ཏོག་ཁྲི་རལ་པ། །ས་སྐྱོང་རྒྱལ་པོར་གྱུར་ལ་གསོལ་བ་འདེབས། །ཆོས་རྒྱལ་དགེ་བ་དཔལ་དང་འབྲོམ་སྟོན་རྗེ། །རྩེ་ཆེན་ས་སྐྱ་པ་དང་གཡུ་བྲག་མགོན། །ཉང་རལ་དགེ་འབུམ་པདྨ་བཛྲ་སོགས། །མཁས་གྲུབ་དམ་པར་སྤྲུལ་ལ་གསོལ་བ་འདེབས། །དགེ་ཚོགས་ལ་འདུན་མཁས་གྲུབ་རྒྱ་མཚོའི་དཔལ། །བསོད་ནམས་མཚན་ལྡན་བཞད་པའི་རྡོ་རྗེའི་ཞབས། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ། །གྲངས་མེད་འགྲོ་བའི་མགོན་ལ་གསོལ་བ་འདེབས། །ངག་དབང་འཇམ་དཔལ་དབྱངས་ཅན་ལྷ་མོ་ཡིས། །རྗེས་བཟུང་བློ་གྲོས་རྒྱས་པའི་སྐལ་བཟང་ཅན། །གཙུག་ལག་རྒྱ་མཚོ་འབྱུང་བའི་སྒོ་གཅིག་པུ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇིགས་མེད་སྤོབས་པ་དགེ་བའི་རྣམ་དཔྱོད་ཀྱིས། །འཆད་རྩོད་རྩོམ་པའི་གོ་ཆ་རབ་བགོས་ཏེ། །ཐུབ་བསྟན་ལང་ཚོ་དར་བའི་ལེགས་བཤད་སྡེ། །མཁས་བཙུན་གྲུབ་པའི་དབང་པོར་གསོལ་བ་འདེབས། །དགེ་འདིས་གནས་སྐབས་འགལ་རྐྱེན་བར་གཅོད་ཞི། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས། །མཐར་ཐུག་བླ་མེད་བྱང་ཆུབ་ལེགས་ཐོབ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་སྨད་གྲོང་ཚེ་དབང་དར་རྒྱས་ཀྱི་ངོར་ཟ་ཧོར་གྱི་བནྡེས་སེ་ར་ཐེག་ཆེན་གླིང་དུ་སྦྱར། ནམ་ཨཱརློ་ཏ་ར་པཱ་ཎཽ་པདྨཱ་ཡ། དུས་གསུམ་རྒྱལ་བའི་ངོ་བོ་པད་དཀར་འཛིན། །གང་དེས་རྗེས་བཟུང་མི་ཏྲ་ཛོ་ཀིའི་ཞབས། །སྐད་གཉིས་སྨྲ་བའི་དབང་པོ་བྱམས་པ་དཔལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གདམས་པའི་གཏེར་མཛོད་བསོད་ནམས་དབང་ཕྱུག་དང་། །མཁྱེན་བརྩེའི་བདག་ཉིད་བསོད་ནམས་སེང་(༧༤བ)


GLG015_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཞབས། །མཁས་གྲུབ་དམ་པ་རིན་ཆེན་སེང་གེ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གནས་ལྔ་རིག་པའི་པཎ་ཆེན་བུ་སྟོན་རྗེ། །རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་ཁྱུང་ལྷས་པ། །རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པའི་དཔལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ལུང་དང་རིགས་པའི་དབང་ཕྱུག་དགེ་ལེགས་དཔལ། །སྙན་བརྒྱུད་གདམས་པའི་བཀའ་བབས་བ་སོ་བ། །འཇམ་དབྱངས་གཞོན་ནུ་ལེགས་པ་ཆོས་འབྱོར་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞབས། རྒྱ་ཆེན་གཞུང་ལུགས་འཆད་མཁས་བསོད་ནམས་གྲགས། །ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་སྡེ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ལྷ་བཙུན་མཁས་གྲུབ་ཆེན་པོ་བསོད་ནམས་དཔལ། །མདོ་སྔགས་ཆོས་ཀྱི་འབྱུང་གནས་བྲག་དགོན་པ། །འཇམ་མགོན་གྲུབ་པའི་དཔའ་བོ་འཁོན་སྟོན་རྗེ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ཨཱ་ནནྡཱ། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལ་འཇིགས་ཤིང་། །མར་གྱུར་འགྲོ་ལ་བརྩེ་བའི་སྙིང་རྗེ་ཡིས། །ལེགས་དྲངས་སྙིང་ནས་སྐྱབས་སུ་འགྲོ་བ་དང་། །སྨོན་འཇུག་སེམས་སྐྱེད་འབྱོངས་པར་བྱིན་གྱིས་རློབས། །ཀུན་འདུས་ཡིད་བཞིན་ནོར་འདྲའི་བླ་མ་མཆོག །སྤྱི་བོར་བསྒོམས་པ་ཡན་ལག་བདུན་པ་དང་། །གསོལ་བ་བཏབ་པས་ལམ་མཆོག་སྒྲུབ་པ་ཡི། །འགལ་རྐྱེན་ཞི་ཞིང་ཚོགས་གཉིས་འཕེལ་བར་ཤོག །སྙིང་གར་ཡི་དམ་འཕགས་མཆོག་ཐུགས་རྗེའི་ལྷ། །ཡི་གེ་དྲུག་པའི་སྒྲ་(༧༥ན)


GLG015_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རྒྱུད་བསྐུལ་བས། །འགྲོ་དྲུག་སྡུག་བསྔལ་སྡིག་སྒྲིབ་ཀུན་སྦྱངས་ནས། །འཇིག་རྟེན་དབང་ཕྱུག་སྐུ་རུ་ལྡང་བར་ཤོག །ང་དེ་ཚོགས་པའི་སྟེང་དུ་ཕར་བཏགས་ལས། །རང་བཞིན་གྲུབ་པ་མེད་པར་ལེགས་རྟོགས་ནས། །ཀུན་རྫོབ་སྤྲོས་པའི་ཆོས་ཀྱི་སྣང་བ་ཀུན། །བདེན་མེད་སྒྱུ་མ་ལྟ་བུར་འཆར་བར་ཤོག །ཚེ་འདིའི་ལུས་དང་ལོངས་སྤྱོད་གཉེན་བཤེས་ལ། །ཆགས་ཤིང་ཞེན་པའི་འཁྲི་བ་ཀུན་བཅད་དེ། །འོད་ཀྱི་སྦུ་གུའི་ལམ་ནས་རྗེ་བཙུན་གྱི། །ཐུགས་ཀར་ཐོགས་པ་མེད་པར་འཕོ་བར་ཤོག །སྲིད་པ་བར་དོ་འཁྲུལ་མེད་ངོ་ཤེས་ནས། །སྣོད་བཅུད་རྟེན་དང་བརྟེན་པར་ལེགས་སྒྱུར་ཞིང་། །ཀུན་ཀྱང་བརྗོད་བྲལ་སྟོང་པའི་ངང་ཉིད་ནས། ཆོས་ལྡན་རྟེན་གྱི་སྲིད་པ་འཛིན་པར་ཤོག །ཀུན་རྫོབ་སྣང་བ་ཐམས་ཅད་སྟོང་པའི་གཤིས། །བྱིང་རྒོད་གེགས་དང་བྲལ་བའི་རྣལ་འབྱོར་གང་། །བྱར་མེད་ཕྱིན་དྲུག་ལམ་སློབ་བྱ་རྩོལ་ཅན། །ལྟ་སྒོམ་སྤྱོད་པའི་གནད་རྣམས་མཐར་ཕྱིན་ཤོག །མདོར་ན་ཚེ་རབས་ཀུན་ཏུ་བླ་མ་དང་། །ཡི་དམ་ཕྱག་ན་པདྨས་རྗེས་བཟུང་སྟེ། །འདི་ཕྱི་བར་དོའི་ལེགས་ཚོགས་ལྷུན་གྲུབ་ཅིང་། །བསྟན་དང་འགྲོ་བའི་ཉེར་འཚོར་བདག་གྱུར་ཅིག །སྙིང་པོ་དོན་གསུམ་གྱི་ཁྲིད་ཀྱི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བཻ་ཌཱུརྱའི་ཆུ་རྒྱུན་ཞེས་པ་འདི་ནི་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཚུལ་ལ་རྣམ་དཔྱོད་མཆོག་ཏུ་ཡངས་པའི་མཁས་པ་ཆེན་པོ། ཞ་ལུ་རི་སྦུག་སློབ་དཔོན་རིན་ཆེན་བསོད་ནམས་མཆོག་གྲུབ་ལ་ཟབ་ཆོས་འདི་ཉིད་ཉམས་ཁྲིད་དུ་བྱས་སྐབས་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །གང་ཤར་འཁོར་འདས་ཆོས་ཀུན་ཀ་དག་པར། །རང་གྲོལ་དབྱིངས་སུ་བླ་མེད་རྡོ་རྗེའི་ཐེག །ཞི་ཁྲོ་བཀའ་བརྒྱད་རིག་པའི་རྩལ་ཆེན་པོར། །ལྷུན་གྲུབ་འཇའ་ལྟར་བཀྲ་ལ་གསོལ་(༧༥བ)


GLG015_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །ངག་དབང་བློ་གཏེར་དུས་ཀྱི་དགྲ་ཆེན་པོར། །འདབ་བཟང་ལྟོ་འགྲོར་རྔམ་འདྲའི་ཟིལ་གནོན་ལྷའི། །དྲག་རྩལ་འཕྲིན་ལས་རྒྱ་མཚོའི་རླབས་འཕྲེང་ལྟར། །ནམ་ཡང་ཡོལ་བ་མེད་ལ་གསོལ་བ་འདེབས། །འགྱུར་མེད་གཡུང་དྲུང་རྟགས་ཀྱིས་ལེགས་མཚན་པའི། །རྡོ་རྗེའི་ཁམས་ལས་གྲུབ་པའི་ཁྲི་ཆེན་པོའི། །མགོན་ཁྱོད་བསྐལ་བརྒྱར་ཞབས་ཟུངས་ལེགས་བཀོད་དེ། །ཆོས་འཁོར་རྒྱུན་ཆད་མེད་པར་སྐོར་གྱུར་ཅིག །ཅེས་པ་འདི་ཡང་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་བྱང་པ་རིག་འཛིན་ཆེན་པོའི་མཆོག་སྤྲུལ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། སདྡྷརྨཀོཥཙབྷུཏེཿ པཊུཙཱནིརཱབྷོགཱརྠདྷཱིགོམིཙབསནྟཙབྷདྲལཀྵྨི། ནཱཐཻརྨ྄ིདུསྭརཙབཛྲདྷརཤྩཨོཥདྷྱཱཙཱཀུལཔྲབྷུཙབཻརིཀསརྦྦམཧྱ། སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ་དཔལ་ལྡན་དམ་པའི་ཆོས་ཀྱི་འབྱོར་པའི་མཛོད། །དོན་གཉིས་ལྷུན་གྲུབ་མཁས་བཙུན་བཟང་པོའི་དཔྱིད། །རིགས་རྣམས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །འཇམ་མགོན་གྲུབ་པའི་དཔའ་བོར་གསོལ་བ་འདེབས། །


GLG015_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཛྙཱདྭེཛཾནཱམཡཱཀཱིརྟིསུདྷཱིཙ། །ཤཱརཎྱརབྷཱུཏྲིཤྲཻཡཿཀུརུདཱན། ལོཀེཤྭརྱམཱཡཱནཾརྟིརྦྷོཊཱརཱཛཤྲེཡཱནིརྨ། །རྀཤྱཱསུཁྱཱཧིཏྱཱཧོབྻཧྱསྭདྦྷུཏྱཱཀརྱཱཡཙྪ། །ཤེས་བྱ་ཐམས་ཅད་མཁྱེན་པ་ཡི། །རྒྱལ་བ་གཉིས་པ་བློ་བཟང་གྲགས། །ས་གསུམ་འགྲོ་བ་རྣམས་ཀྱི་སྐྱབས། །ལེགས་པའི་ཚོགས་རྣམས་སྦྱིན་པར་མཛོད། །འཇིག་རྟེན་དབང་ཕྱུག་སྒྱུ་འཕྲུལ་དྲྭ་བའི་གར། །གངས་ཅན་བོད་ཀྱི་རྒྱལ་པོར་ལེགས་སྤྲུལ་ནས། །འགྲོ་བ་ཀུན་ལ་ཕན་བདེའི་དཔལ་སྩོལ་བའི། །ངོ་མཚར་བཀོད་པའི་མཛད་བཟང་དེ་རྨད་བྱུང་། །ཞེས་པ་འདི་གསུམ་ཤིང་ལུག་ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ལ་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་ཕེབས་སྐབས་གཟིམས་ཆུང་གི་སྒོ་འགྲམ་མཛེས་བྱེད་དུ་གནང་བའོ། །སྲིད་ཞིའི་ཆོས་ཀྱི་སྣ་ཆོགས་སྒྱུ་མའི་འཕྲུལ། །གང་ཤར་རིག་པའི་དབྱིངས་སུ་འཇའ་ཚོན་ལྟར། །རང་བཞིན་ཀ་དག་ངང་དུ་རབ་གྲོལ་བའི། །ཐེག་མཆོག་གྲུབ་པའི་དབང་པོར་གསོལ་བ་འདེབས། །བླ་མེད་སྙིང་པོ་བཀའ་བརྒྱད་འདུས་པའི་དཔལ། །རིག་འཛིན་བླ་མ་རྡོ་རྗེ་དྲག་པོ་རྩལ། །ཞི་ཁྲོ་རབ་འབྱམས་ལྷ་ཡིས་རྗེས་བཟུང་(༧༦བ)


GLG015_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །དངོས་གྲུབ་བྱེ་བའི་མཛོད་ལ་གསོལ་བ་འདེབས། །དུས་ཀྱི་དགྲ་བོར་འཇམ་དཔལ་ཁྲོས་པའི་གར། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཚེ་ཡི་བདག །མཐུ་སྟོབས་དྲག་རྩལ་རྡོ་རྗེའི་མཚོན་གདེངས་པས། །ནག་ཕྱོགས་དཔུང་བཅས་འཇོམས་ལ་གསོལ་བ་འདེབས། །ངག་དབང་ལྷ་ཡིས་རྗེས་བཟུང་བློ་གྲོས་གཏེར། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གྱུར་པ། །འཇིགས་མེད་སྨྲ་མཁས་གོ་ཆ་བཙན་པོ་ཅན། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་འདེབས། །གཞོམ་གཞིག་བྲལ་བ་རྡོ་རྗེས་མཚན་པའི་ཁྲིར། །འཁོར་ལོའི་མགོན་པོ་མི་འགྱུར་རབ་བརྟན་ཅིང་། །བདག་ཅག་འདི་ཕྱིའི་ལེགས་ཚོགས་མདུན་མ་ཀུན། །བསམས་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདི་ནི་སྔགས་འཆང་ཀུན་བཟང་དབང་པོས་ནན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། བློ་ཆེན་འཇམ་དཔལ་དཔའ་བོ་བཙོང་ཁ་པའི། །རྗེས་སུ་ལེགས་ཞུགས་སྐལ་བཟང་གདུལ་བྱའི་གཉེན། །མ་སྨད་བསྟན་པའི་རིན་ཆེན་ཡུ་བ་ཅན། །གྲགས་སྙན་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །འོད་གསལ་ལྷ་རིགས་བཻ་ཌཱུར་ཞུན་མའི་མཚོར། །སྤྲུལ་སྐུའི་ཟླ་གཞོན་གསར་པའི་ཟློས་གར་གཟུགས། །བྱང་ཕྱོགས་སྐྱེ་རྒུའི་འདྲེན་བྱེད་བདུད་རྩིའི་དཔྱིད། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །སྙིགས་མས་ཆེར་སྦགས་ལྔ་བརྒྱའི་ནགས་ཀླུང་ཁྲོད། སྐྱེས་རབས་ཙན་དན་འཕྲེང་བ་གཡུར་ཟ་བའི། །དྲི་བསུང་ཕྱོགས་ཀྱི་འཁོར་ལོ་འགེངས་པའི་དཔལ། །མཚུངས་བྲལ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །སྟོབས་ལྡན་མགྲིན་སྔོན་རལ་པའི་ཅོད་པན་དུ། །ཞབས་སེན་རབ་དཀར་ཟླ་ཚེས་ཉེར་འགོད་པའི། །དབང་ཕྱུག་བརྒྱད་ཀྱི་དཔལ་ལ་མངའ་འབྱོར་བ། །འགྲོ་བའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །ནོར་འཛིན་མ་འདིའི་རྒྱན་དུ་ལྷུན་པོ་དང་། །གླིང་བཞིར་བཅས་(༧༧ན)


GLG015_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཆང་བ་དེ་སྲིད་དུ། །མགོན་ཁྱོད་འཇིགས་པ་མེད་པ་སེང་གའི་ཁྲིར། །གཡོ་མེད་རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག །ཁལ་ཁ་ཐུ་ཤེ་ཡེ་ཐུ་རྒྱལ་པོའི་སྲས་བློ་བཟང་བསྟན་པའི་རྒྱལ་མཚན་ལ་གསོལ་འདེབས་བརྟན་བཞུགས་དང་བཅས་པ་ཞིག་དགོས་ཞེས་ཙིནྟ་མ་ཎི་ནང་སོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། བློ་གསལ་སྐལ་བཟང་འགྲོ་བའི་དཔུང་གཉེན་དུ། །འཕགས་ཆེན་དམ་པའི་སྒྱུ་འཕྲུལ་དྲ་བའི་གར། །བསོད་ནམས་བྱེ་བའི་འཛིན་མར་ལེགས་སྒྱུར་བའི། །མཚུངས་མེད་མཆོག་གི་སྤྲུལ་སྐུར་གསོལ་བ་འདེབས། །དམ་པའི་ངང་ཚུལ་ལྷུན་གྱིས་རབ་གྲུབ་པའི། །དགེ་ཚོགས་རྒྱ་མཚོའི་སྒོ་འཕར་ལེགས་ཕྱེ་ནས། །ཐུབ་བསྟན་འདོད་རྒུའི་དཔལ་འབྱོར་བཟང་པོ་ཡིས། ཁྱབ་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །རྨད་བྱུང་སྐྱེས་རབས་ལྗོན་པའི་འཕྲེང་བ་ལས། །ཕན་དང་བདེ་བའི་འབྲས་བཟང་ཡོངས་སྨིན་པས། །སྲིད་ཞིའི་རྒུད་པའི་དབུལ་བ་སེལ་མཛད་པའི། །རྒྱལ་སྲས་ཡོངས་འདུའི་དབང་པོར་གསོལ་བ་འདེབས། །མཆོག་གསུམ་ཐུགས་རྗེའི་ཟློས་གར་རྡོ་རྗེའི་ཁམས། །གྲུབ་པའི་རང་གཟུགས་གཞོམ་མེད་ཆོས་ཀྱི་ཁྲིར། །ཉི་ཟླའི་སྣང་བས་མུན་སེལ་དེ་སྲིད་དུ། །མགོན་ཁྱོད་གཡུང་དྲུང་ལྟ་བུར་བརྟན་གྱུར་ཅིག །རབ་དཀར་དགེ་ཚོགས་བསིལ་ཟེར་འབུམ་ཕྲག་གིས། །ལེགས་བྱས་ཨུཏྤལ་དཀར་པོའི་འདབ་མའི་ཁ། །རྣམ་པར་ཕྱེ་བའི་གཏན་བདེའི་འཛུམ་རླབས་ཀྱིས། །སྐལ་པ་བཟང་པོའི་དགའ་(༧༧བ)


GLG015_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་དར་གྱུར་ཅིག །ཅེས་རྒྱལ་བ་འཕགས་པ་ལྷའི་མཆོག་གི་སྤྲུལ་སྐུའི་གསོལ་འདེབས་བརྟན་བཞུགས་ཀྱི་རིམ་པ་འདི་ནི་སྤྲུལ་སྐུ་ངག་གི་དབང་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཚེ་རིང་ངོ་། །སྭསྟི་པྲ་ཛ་བྷྱཿ ཐབས་ཤེས་ཟུང་འཇུག་བླ་མེད་བདུད་རྩིའི་གཏེར། །འཆི་མེད་རྡོ་རྗེའི་ཁམས་སུ་གྲུབ་པའི་གཟུགས། །མཚན་དཔེའི་ལང་ཚོ་དར་བའི་རྣམ་འདྲེན་གཙོ། །ཚེ་དཔག་མེད་པས་དུས་ཀུན་དགེ་ལེགས་སྩོལ། །སྨྲ་མཁས་ངག་གི་དབང་པོའི་རྗེས་འགྲོ་བའི། །རྣམ་པར་རབ་བཀྲ་མཁྱེན་པའི་འོད་དཀར་ཅན། །བསྟན་འགྲོའི་ཀུ་མུད་ཉེར་འཚོར་ཤིས་པའི་དཔལ། །གྲུབ་རིགས་རྒྱ་མཚོའི་མགོན་དེར་གསོལ་བ་འདེབས། །རྒྱལ་གསུང་སྙིང་པོ་ངེས་དོན་སྦྲང་རྩིའི་བཅུད། །བགྲང་ཡས་ཆོས་ཀྱི་ཉི་མའི་གཟིས་སྨིན་པའི། །སྐལ་བཟང་བུང་བའི་དགའ་སྟོན་རྣམ་གྲོལ་ལམ། །སྩོལ་མཛད་མཆོག་གི་སྡེ་ལ་གསོལ་བ་འདེབས། །སྙན་འགྱུར་འབུམ་དུ་འཛག་པའི་ལུང་གི་དབྱངས། །ཟབ་ཡངས་རྟོགས་པའི་རྒྱུད་དུ་བཀུག་པའི་སྒྲ། །འགྲོ་མགོན་ཕག་གྲུའི་བཀའ་བརྒྱུད་སྲིད་རྩེའི་བར། །སྒྲོག་མཁས་བཤེས་གཉེན་དམ་པར་གསོལ་བ་འདེབས། །ངག་གི་དབང་ཕྱུག་རྒྱལ་བ་མ་ལུས་པས། །མི་འགྱུར་བདེན་པའི་ཚིག་གི་བཀྲ་ཤིས་གླུ། །མགྲིན་པའི་འཁོར་ལོ་གྲོལ་ཏེ་རབ་བླངས་པས། །དཔལ་ལྡན་གྲུབ་པའི་ཁྱུ་མཆོག་ཞབས་བརྟན་ཤོག །དྲང་ངེས་དོན་མང་ཆོས་ཀྱི་གནས་ལུགས་ཀུན། །སྒྲིབ་བྲལ་ཕྱག་རྒྱ་ཆེན་པོར་རྒྱས་བཏབ་སྟེ། །གཉུག་མའི་རང་ཞལ་ཉི་མ་ལྟར་གསལ་བའི། །རྣམ་གྲོལ་མཆོག་གི་སྡེ་གང་ཞབས་བརྟན་ཤོག །རྨད་བྱུང་སྙིང་རྗེ་སྨོན་ལམ་བསེར་བུ་ཡིས། །ཉེར་དྲངས་གཟུགས་སྐུའི་མ་ལ་ཡ་སྐྱེས་དྲི། །སྙིགས་མའི་ཚ་གདུང་བསིལ་བའི་ཆོ་ག་མཁན། །སྐལ་བཟང་དགའ་སྟོན་དཔལ་དུ་གནས་གྱུར་ཅིག །འགྲོ་འདྲེན་སྙིང་སྟོབས་གོ་གྱོན་རྒྱལ་སྲས་རྣམས། །བསམས་བཞིན་འཁོར་བར་སྐྱེ་བའི་སྲིད་འཛིན་ན། །མ་དག་ལྔ་བརྒྱའི་ལུས་ཅན་དཔུང་གཉེན་ཁྱོད། །ཞི་བདེར་མནལ་བ་སེམས་དཔའི་མཛད་པ་མིན། །(༧༨ན)


GLG015_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་བསླབ་གསུམ་རྩ་བ་རབ་ཏུ་བརྟན། །སྤང་རྟོགས་ཡོན་ཏན་ལོ་འདབ་ཁུར་གྱིས་བརྗིད། །མཁས་གྲུབ་དཔག་བསམ་ཡོངས་འདུ་ས་བརྟོལ་དབང་། །ཐུབ་བསྟན་ནོར་འཛིན་དཔྱིད་དུ་བརྟན་གྱུར་ཅིག །སྔོན་བསགས་རྣམ་དཀར་སྨོན་ལམ་ཤིང་རྟ་ཡིས། །རྗེ་བཙུན་དྭགས་པོའི་བཀའ་བརྒྱུད་སྐྱེད་ཚལ་དུ། །ཉེ་བར་དྲངས་རྣམས་ཕྱག་ཆེན་ཆོས་དྲུག་གི །མི་འཛད་འབྲས་བུའི་རོ་ལ་སྤྱོད་གྱུར་ཅིག །མཆོག་གསུམ་ཐུགས་རྗེའི་ཆུ་གཏེར་ཆེན་པོ་ལས། །དོན་གཉིས་ཡོལ་བ་མེད་པའི་རླབས་འཕྲེང་ཅན། །དངོས་གྲུབ་ཡིད་བཞིན་ནོར་བུའི་མཆོད་སྦྱིན་གྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་ཆེན་པོ་སྟག་ལུང་ཞབས་དྲུང་མ་ཆེན་ངག་དབང་བཀྲ་ཤིས་དཔལ་གྲུབ་ལ་གསོལ་འདེབས་བརྟན་བཞུགས་སྨོན་ལམ་ཤིས་པ་བརྗོད་པའི་འཕྲེང་བ་དངབཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་སྟག་ལུང་གྲྭ་ཚང་གི་གཉེར་པ་ངག་དབང་རྒྱ་མཚོས་བསྐུལ་བའི་ངོར། མགྲིན་པའི་རྫིང་བུར་དབྱངས་ཅན་འཁོར་ལོའི་ཡན་ལག་གི་རྩེ་དགའ་རྣམ་པར་རྒོད་པའི་ཟ་ཧོར་གྱི་རིགས་ལས་སྙན་ངག་མཁན་ཚངས་སྲས་བཞད་པའི་རྡོ་རྗེ། མིང་གཞན་རྒྱལ་བའི་དབང་པོ་བཙོང་ཁ་པའི་རིང་ལུགས་པ་ཨ་ཝཱ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཕོ་བྲང་ཆེན་པོ་ཏ་ལར་སྦྱར་བའོ། །སྭསྟི་པྲ་ཛཱ་བྷྱཿ ཕུན་ཚོགས་ངག་གི་འདོད་འཇོ་ཚངས་དབང་སྲས། །མགྲིན་པར་རབ་འགྱིང་བློ་གྲོས་མཆོག་བྱིན་པས། །སྐལ་བཟང་གདེངས་ཅན་གཙུག་ན་ཐོས་བསམ་ནོར། །སྤུད་མཛད་ལེགས་བཤད་རྒྱ་མཚོར་གསོལ་བ་འདེབས། །རྒོལ་ངན་གཉིས་འཐུང་ཚོགས་ལ་(༧༨བ)


GLG015_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་པའི། །རྩལ་གསུམ་རྫོགས་པའི་གོ་ཆ་བཙན་པོ་ཅན། །ཐུབ་བསྟན་ལང་ཚོ་རྒྱས་པའི་རྣམ་དཔྱོད་སྡེ། །འཇམ་དབྱངས་དགའ་བའི་དཔལ་ལ་གསོལ་བ་འདེབས། །མཐའ་མེད་ཚང་ཚིང་སྲིད་པའི་མ་ལ་ཡར། །བཤེས་གཉེན་དམ་པའི་དྲི་བསུང་ཡོངས་དངར་ཞིང་། །བསྐལ་བརྒྱར་རྡོ་རྗེས་མཚན་པའི་གདན་ཁྲི་ལ། །རབ་བཞུགས་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ། །ཞེས་པ་འདི་ནི་ངེས་དོན་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་དཔལ་འབྲུག་པའི་བསྟན་འཛིན་ལུང་རྟོགས་འབྲས་བུའི་ཁུར་གྱིས་དུད་པའི་མཁྱེན་དཔྱོད་ཡོངས་འདུའི་དབང་པོ་ལྷ་རྩེ་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་ལྷུན་གྲུབ་ཐུབ་བསྟན་དགེ་ལེགས་དཔལ་བཟང་པོས་ངོས་ཀྱིས་བསྐུལ་མ་མཛད་པར་བརྟེན། རང་ལ་མཚན་ཉིད་དང་ལྡན་པའི་ཡོན་ཏན་མེད་བཞིན་དུ་སྒྲོ་བཏགས་ཏེ་ཟ་ཧོར་གྱི་བནྡེ་ལྡོམ་བུ་པས་བྲིས། ཕུལ་བྱུང་གསང་བ་གསུམ་གྱི་འཁོར་ལོའི་ཆ། །ཡོངས་སུ་རྫོགས་པའི་ཕན་བདེའི་ཟིལ་མངར་རྒྱུན། །སྐལ་བཟང་ས་མོས་འབྱེད་པའི་དགའ་སྟོན་ཅན། །ཐུབ་དབང་མཚན་མོའི་མགོན་གྱིས་འགྲོ་འདི་སྐྱོངས། །རྣམ་པར་བྱམས་དང་བརྩེ་བའི་གྲུ་ཆར་གྱིས། །རིས་མེད་སྐྱེ་རྒུར་གཤེར་བའི་མི་ཕམ་མགོན། །རྒྱ་ཆེན་གསུང་རབ་མེ་ཞལ་ལམ་ཡངས་པར། །བློ་གྲོས་ཐོགས་མེད་རྒྱུ་བའི་ནམ་མཁའི་རྟ། །རབ་འབྱམས་ཤེས་བྱའི་དབྱིག་གི་བང་མཛོད་ལ། །ལེགས་པར་སྤྱོད་པའི་བཤེས་གཉེན་ཀླུ་དབང་གཙོ། །འཕགས་མཆོག་བྱམས་པའི་གཞུང་གི་དཀའ་གནས་མདུད། །རྣམ་པར་གྲོལ་བའི་འཇིགས་མེད་དཔའ་བོའི་སྡེ། །ཚུལ་ཁྲིམས་ངད་ལྡན་བཙུན་པའི་འདབ་སྟོང་ཅན། །བག་མེད་འདམ་གྱི་དྲི་ལས་(༧༩ན)


GLG015_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ཡི། །མཆོག་གི་བློ་གྲོས་ནམ་མཁའ་ལྟར་ཡངས་ལ། །གསུང་རབ་ཉི་མའི་འོད་ཆེན་འབར་བའི་སྡེ། །སྒོ་གསུམ་བག་དང་ལྡན་པས་རང་གི་སེམས། །མངོན་པར་དུལ་པས་ཞི་བའི་དབང་ཕྱུག་སྟེ། །སོ་ཐར་ཁྲིམས་ཀྱི་དཔག་བསམ་ལྗོན་པ་ཡི། །རྩ་བ་རབ་ཏུ་བརྟན་མཛད་རྣམ་སྣང་མཛད། །འཇིགས་མེད་སེང་གེའི་རྒྱུད་ལས་ཕ་རོལ་ཕྱིན། །དབྱངས་སུ་བསྒྲགས་པས་སྐལ་བཟང་དགའ་བ་བསྐྱེད། །རྫོགས་སངས་རྒྱས་ཀྱི་མངོན་པར་རྟོགས་པ་ཡི། །ཡེ་ཤེས་མཆོག་ལ་འགྲོ་ཀུན་ངེས་པར་སྦྱོར། །ལུང་དང་རྟོགས་པའི་ཡོན་ཏན་མཐའ་ཀླས་པས། །གདུལ་བྱ་རྗེས་སུ་འཛིན་པའི་བཤེས་གཉེན་མཆོག །གངས་ཅན་སྐྱེ་རྒུ་ཀུན་གྱི་མིག་གཅིག་པུ། །སྐད་གཉིས་སྨྲ་བ་རིན་ཅེན་བཟང་པོའི་ཞབས། །ཚུལ་འདིའི་བསྟན་པའི་ས་མོས་བཞད་མཛད་པ། །ཕྱོགས་ལས་རྣམ་པར་རྒྱལ་བ་ཟླ་བ་བཟང་། །ཐུབ་བསྟན་འཆད་རྩོད་རྩོམ་པས་ཉེར་སྐྱོང་བ། །མཁས་པའི་དབང་ཕྱུག་འབུམ་ཕྲག་གསུམ་པའི་ཞབས། །རིག་ལམ་སྨྲ་བའི་ཤིང་རྟ་ཆེན་པོ་བ། །རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཞབས། །གང་གསུང་རྒྱ་མཚོ་ལས་ཐོན་ལེགས་བཤད་ཀྱི། །བདུད་རྩིའི་བུམ་བཟང་འབྲེ་ཆེན་ཤེས་རབ་འབར། །བླ་མེད་བྱང་ཆུབ་ས་ལ་ཉེར་འཁྲིད་པའི། །ཡང་དག་ལམ་གྱི་མིག་བུ་ཡེ་ཤེས་མཚན། །སེམས་ཀྱི་གླང་ཆེན་ཉེ་བར་འདུལ་མཛད་པ། །བསྟན་འཛིན་དབུས་ན་ཟླ་ལྟར་ཆེས་དཀར་པོ། །རབ་དཀར་དགེ་བའི་བག་ཆགས་ཆུང་ངུ་ནས། །ཉེར་སད་རིང་མོར་དལ་བ་དོན་དང་ལྡན། །སྦས་དོན་མངོན་པར་རྟོགས་པའི་(༧༩བ)


GLG015_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལུགས་ལ། །སྦྱངས་པའི་རྣམ་དཔྱོད་མཐུ་བརྟས་ཞང་ཡེ་བ། །གཉལ་སྟོན་བདག་འཛིན་རྩ་བ་ཉེར་ཞིག་པ། །འཇམ་དཔལ་རྡོ་རྗེས་རྗེས་སུ་ངེས་པར་བཟུང་། །དངོས་བརྒྱད་དོན་གྱི་མདུད་པ་ཡོངས་གྲོལ་བའི། །གཟད་རིང་དར་མ་ཚུལ་ཁྲིམས་གྲགས་སྙན་འབར། །བློ་དང་བརྩོན་པས་རྒྱལ་བའི་གསུང་རབ་ལ། །རྟག་འགྲུབ་རྡོ་རྗེའི་མཚན་ཅན་བོ་དོང་པ། །གངས་ཅན་མཁས་པའི་གཙུག་ན་མངོན་མཐོ་བ། །རྟག་སྡེ་སེང་གེ་རྒྱལ་མཚན་དཔལ་བཟང་པོ། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལུགས་ཀུན། །ཐམས་ཅད་མཁྱེན་པ་དཔང་ལོ་བློ་གྲོས་བརྟན། །མདོ་རྒྱུད་རྒྱ་མཚོར་ཀུན་གཟིགས་འཇམ་དཔལ་དབྱངས། །བསོད་ནམས་རྒྱལ་མཚན་སྲིད་གསུམ་འགྲོ་བའི་སྐྱབས། །མཁས་པའི་གཙུག་རྒྱན་མཉམ་མེད་རེ་མདའ་བ། །གཞོན་ནུ་བློ་གྲོས་ཐུབ་བསྟན་མཛེས་པའི་རྒྱན། །རྒྱལ་ཀུན་ཡབ་གཅིག་འཇམ་དབྱངས་དུས་ཀྱི་མཐར། །ངུར་སྨྲིག་གར་བསྒྱུར་བློ་བཟང་གྲགས་པའི་ཞབས། །འཆད་རྩོད་རྩོམ་པས་ཐུབ་པའི་རིང་ལུགས་མཆོག །འཛིན་ལ་ཟླ་བྲལ་དར་མ་རིན་ཅེན་དཔལ། །ཁྱོད་གསུང་རོ་བརྒྱ་བདའ་བའི་ཟིལ་དངར་གྱིས། །ཐུགས་ཀྱི་ཟ་མ་ཏོག་གཏམས་གཉའ་རྒོད་པ། །མཁྱེན་པའི་གཟིངས་ཀྱིས་གསུང་རབ་རྒྱ་མཚོའི་མཐའ། །ཡོངས་བརྒལ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་པ། །བློ་གྲོས་ཡངས་པའི་གླིང་དུ་ལེགས་བཤད་ཀྱི། །རིན་ཅེན་ཕྱུར་བུར་བལྟམས་པའི་མུད་སྲས་པ། །དཔལ་ལྡན་ཆོས་ཀྱི་འབྱོར་པའི་བང་མཛོད་ལ། །འབད་མེད་ལྷུན་གྲུབ་དབང་སྒྱུར་གཉལ་སྟོན་རྗེ། །དོན་ཀུན་གྲུབ་པའི་གསུང་གི་སྙིང་པོ་མཆོག །ཡོད་མེད་མཐའ་བྲལ་སྟོན་(༨༠ན)


GLG015_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་དང་ལྡན། །རིག་པའི་རལ་གྲིས་རྒོལ་ངན་དམ་བཅའ་ཡི། །དྲ་བ་མ་ལུས་གཅོད་པའི་བློ་གྲོས་འཕེལ། །དགེ་ཚོགས་རྒྱ་མཚོར་འདུན་པའི་གདུལ་བྱ་ལ། །ལེགས་པའི་ལམ་བཟང་སྟོན་པའི་བཤེས་གཉེན་མཆོག །དགེ་འདུན་འདུས་པའི་རྒྱན་གྱུར་ཐོས་དང་བསམ། །འབད་མེད་ལྷུན་གྱིས་གྲུབ་པའི་ཡོངས་འཛིན་རྗེ། །བློ་གསལ་སྐལ་བཟང་ཡོངས་ལ་དམ་པའི་ཆོས། །ལེགས་པར་བྱིན་པས་ལུང་རྟོགས་ཡོན་ཏན་འཕེལ། །འཇམ་མགོན་ངུར་སྨྲིག་འཛིན་པའི་ཟློས་གར་ཅན། །དཀོན་ཅོག་ཆོས་འཕེལ་སྨྲ་བའི་ཟླ་བ་ཆེ། །ཡང་ན། དགེ་ལེགས་བཤེས་གཉེན་ནས། ལྷག་པའི་བསམ་པ་མཆོག་གིས་འགྲོ་བ་ཀུན། །འདྲེན་མཛད་སྐལ་བཟང་རྒྱ་མཚོ་སེམས་དཔའ་ཆེ། བསྐལ་བཟང་སངས་རྒྱས་ལྔ་པ་བྱམས་མགོན་གྱིས། །བཞེད་དོན་འཁྲུལ་མེད་འཛིན་པའི་བློ་གྲོས་རྒྱས། །ནམ་མཁའ་ལྟར་ཡངས་མཁྱེན་པས་ཤེས་བྱའི་དོན། །རྒྱ་ཆེན་འཆད་ལ་མཚོ་བྱུང་ལྷ་མོ་བཞིན། །རྗེ་དཀོན་ཅོག་ཆོས་འཕེལ་མན་འདྲ། །ཡང་ན་བོ་དོང་བརྩོན་འགྲུས་རྡོ་རྗེ་ནས། བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་བསགས་པས། །ཐུབ་བསྟན་རི་དྭགས་དབུས་ན་སེང་གེ་བཞིན། །མཁས་དང་གྲུབ་པའི་འཁོར་ལོས་ཡོངས་སྒྱུར་བས། །སྨྲ་བའི་སེང་གེ་མཚུངས་པ་མེད་པའི་མགོན། །ཀུན་གྱི་ཚད་མར་འཛིན་པའི་སྐྱེས་བུ་མཆོག །བསོད་ནམས་བྱེ་བའི་ཞིང་དུ་གྱུར་པའི་མགོན། །ཤེས་བྱར་སྲིད་པའི་ཆོས་རྣམས་མ་ལུས་པ། །ངེས་པར་མཁྱེན་པའི་བུ་སྟོན་རིན་ཅེན་གྲུབ། །གནས་ལྔ་རིག་པའི་ཕ་མཐར་ཡོངས་སོན་(༨༠བ)


GLG015_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རིན་ཅེེན་རྣམ་རྒྱལ་བུ་སྟོན་ཐུགས་ཀྱི་སྲས། །ཤེར་ཕྱིན་དགོངས་པ་འགྲེལ་མཁས་སངས་རྒྱས་དཔལ། །གཡག་ཕྲུག་མི་ཕམ་ཆོས་རྗེ་བླ་མའི་ཞབས། །རོང་སྟོན་ཤེས་བྱའི་གནད་རྣམས་ཀུན་རིགས་པ། །ཤཱཀྱའི་བསྟན་པ་འཛིན་པའི་རྒྱལ་མཚན་ཆེ། །ཟས་གཙང་སྲས་ཀྱི་རིང་ལུགས་འཛིན་པའི་གཙོ། །ཆོས་ཀུན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། །མུད་སྲས་པ་བློ་གྲོས་རིན་ཅེན་སེང་གེ་མན་འདྲ། །སྦས་དོན་མངོན་རྟོགས་གཞུང་གི་རྒྱུད་མང་གླུ། །བློ་གསལ་སྒྲ་འཛིན་ཡུལ་དུ་ཐོས་པའི་ཟོང་། །མ་འདྲེས་འགྲོ་ལ་རྟུལ་ཕོད་གཏོང་བའི་ཕྱག །ཡངས་པར་སྐྱོང་བའི་ཡོངས་འཛིན་ཚོགས་ལ་འདུད། །དགེ་ཚོགས་མཐུ་ཡིས་དམ་པའི་དྲི་བཞོན་གྱིས། །མི་ཤེས་ཚ་གདུང་སེལ་ལས་མི་འགོང་ཞིང་། །ཕྱིན་དྲུག་ཀུན་ལ་སྤྱོད་པའི་ལུས་འདེགས་ཀྱིས། །སྟོབས་བཅུའི་ལམ་གྱིས་མཁའ་ལ་སྤྱོད་པར་ཤོག །བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གྱི་ཊཱི་ཀ་འགྲེལ་མཐའ་དཔྱོད་ཀྱི་བརྒྱུད་འདེབས་ཀྱི་རིམ་པ་འདི་ཡང་རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་གནད་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་པོ་འཇམ་དཔལ་དབྱངས་དཀོན་ཅོག་ཆོས་འཕེལ་གྱིས་ས་བོན་ཞིག་དང་བཅས་བྲིས་ཤིག་ཅེས་བཀའ་སྩལ་བ་སྤྱི་བོས་ནོས་ཏེ་སྔོན་དུ་ཡི་གེར་བཀོད་ནའང་བརྒྱུད་པ་ཧོར་ཁོངས་སུ་ལུས་པ་སོགས་བྱུང་འདུག་པ་སླར་ཞུས་དག་པར་བྱས་ཏེ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །ན་མོ་གུ་ཎ་ནཱ་ཐཉྩ་དྷརྨསྭཱ་མ་ཡེ། དཔལ་ལྡན་སྟོབས་བཅུ་མངའ་བ་མ་ལུས་པའི། །གསང་གསུམ་འགྲོ་བའི་(༨༡ན)


GLG015_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སེལ་བའི་ཆེད། །མཆོག་གི་སྤྲུལ་སྐུའི་སྒྱུ་འཕྲུལ་དྲ་བའི་གར། །བདེ་གཤེགས་སྨན་གྱི་བླ་དེར་གསོལ་བ་འདེབས། །གང་གི་རྣམ་འཕྲུལ་རིག་པའི་ཡེ་ཤེས་དཔལ། །རྒྱུད་བཞིའི་གསོལ་འདེབས་བྱེད་པོ་ཡིད་ལས་སྐྱེས། །འཕགས་ཡུལ་མཁས་དབང་འཚོ་བྱེད་གཞོན་ནུའི་ཞབས། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཐུབ་བསྟན་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་མགོན། །གསུང་རབ་རྒྱ་མཚོའི་མཐར་སོན་མ་ཁོལ་དང་། །གནས་ལྔ་རིག་པ་ཟླ་བ་མངོན་དགའ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །གངས་ཅན་མིག་གཅིག་བཻ་རོ་ཙ་ནའི་ཞབས། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་དཔལ། །ཟབ་གཏེར་སྒོ་འབྱེད་གྲྭ་པ་མངོན་ཤེས་ལ། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །གང་དེའི་ཐུགས་སྲས་དར་མ་གྲགས་པ་དང་། །ཚེ་ཡི་རིག་བྱེད་འཛིན་པ་དཀོན་ཅོག་སྐྱབས། །འཇའ་ལུས་མངོན་གྱུར་རྗེ་བཙུན་གཡུ་ཐོག་པར། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །སྐྱེ་བར་སྙིང་ཐིག་མངའ་བདག་ཡེ་ཤེས་གཟུངས། །དྲི་མེད་ལུགས་འཛིན་གཞོན་ནུ་ཡེ་ཤེས་དང་། །གཞན་ཕན་གཏེར་གྱུར་གཡུ་ཐོག་འབུམ་སེང་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཚུལ་འདིར་མཁས་གྲུབ་བུངྔྷ་རཏྣའི་མཚན། །རིག་བྱེད་མང་ཐོས་དོན་གྲུབ་རིན་ཅེན་དང་། །དོན་ཀུན་གྲུབ་པའི་རྒྱལ་མཚན་དཔལ་བཟང་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཚིག་དོན་གསལ་བྱེད་དཀོན་ཅོག་རྒྱལ་མཚན་དཔལ། །མཁྱེན་པའི་སྤྱན་སྔ་དཔལ་ལྡན་འཚོ་བྱེད་དང་། །ཚངས་སྤྱོད་བརྟུལ་ཞུགས་འཛིན་པ་དབང་ཕྱུག་གྲགས། །ངེས་དོན་མངོན་གྱུར་རིགས་འཛིན་ཕུན་ཚོགས་བཟང་། །མཁས་གྲུབ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཞབས། །ལག་ལེན་མཐར་ཕྱིན་མཁས་པ་ཚེ་འབུམ་ལ། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །གསོ་རིག་བསྟན་འཛིན་བྱེད་(༨༡བ)


GLG015_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པོ་པཎྜི་ཏ། །མང་ཐོས་མཁས་པའི་གཙུག་རྒྱན་ཟླ་བའི་དབང་། །བྱང་སེམས་མཐར་ཕྱིན་བློ་བཟང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །གཡུ་ཐོག་རྣམ་སྤྲུལ་དྲང་སྲོང་བསྟན་འཛིན་རྒྱལ། །གསོ་རིག་བསྟན་པའི་ཉི་མ་གླིང་སྟོད་རྗེ། །སྨན་སྒོམ་སྙིང་ཐིག་འཛིན་པ་ངག་དབང་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཟབ་དོན་རྒྱ་མཚོའི་བཀའ་བབས་བློ་གྲོས་མཆོག །རྣམ་པར་ཡངས་པའི་ཁྱབ་བདག་རྡོ་རྗེ་འཛིན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཡང་ན། བྲང་ཏིས་རྗེས་བཟུང་ཟུལ་ཕུ་སྨན་མོ་ཆེ། །སྨན་གྱི་སྟོན་པ་དབང་ཕྱུག་དཔལ་བཟང་པོ། །མཁས་གྲུབ་ཆེན་པོ་མཉམ་ཉིད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཡང་ན། ཟུར་མཁར་ཆོས་རྗེའི་ཐུགས་སྲས་ཀོང་སྟོན་པ། །མཚོ་སྨད་མཁན་ཆེན་ཤཱཀྱ་དབང་ཕྱུག་དཔལ། །གདམས་པའི་མཛོད་འཛིན་བསོད་ནམས་རྒྱལ་པོ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །རིན་ཅེན་སྡིངས་པས་རྗེས་བཟུང་བསྟན་འཛིན་རྒྱལ། །གླིང་སྟོད་ཆོས་རྗེ་མན་སྔར་ལྟར་འདྲ། སྐབས་གསུམ་པ་དང་ཕྱི་ནང་དྲང་སྲོང་གི །འཆི་མེད་ཚེ་ཡི་རིག་པ་འཛིན་པ་ཀུན། །སྣང་རིག་རྗེས་སྦྱངས་འགྲོ་བའི་ཉེར་འཚོ་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །དངོས་གྲུབ་འདོད་རྒུའི་དཔལ་སྩོལ་ཡི་དམ་ལྷ། །མཐུན་རྐྱེན་ཀུན་བསྒྲུབ་ཆོས་སྲུངས་རྒྱ་མཚོའི་ཚོགས། ཁྱད་པར་ཆོས་འདིའི་བཀའ་སྲུང་ཞང་བློན་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །མི་མཐུན་འདུ་བ་འཁྲུགས་པའི་ལས་དབང་གིས། །ཉམ་ཐག་ནད་ཀྱིས་གཙེས་པའི་སྐྱེས་བུ་ཀུན། ལུས་སེམས་བདེ་བར་བསྐྱེད་པའི་བདུད་རྩི་ལ། །མི་ཟད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས། །རོ་ནུས་ཞུ་རྗེས་མཁས་པའི་ཕྱག་ལེན་ལྟར། །མཐུན་པར་བསྡེབས་པས་ཚ་གྲང་འདུས་པ་ཡི། །ནད་ཀྱི་གཡུལ་ལས་རྒྱལ་བའི་བ་དན་མཆོག །སྲིད་(༨༢ན)


GLG015_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩེ་མོར་བསྒྲེང་བར་བྱིན་གྱིས་རློབས། །སྣ་ཚོགས་སྨན་གྱིས་རླུང་མཁྲིས་བད་ཀན་དང་། །འདུས་པའི་ནད་ཀུན་འཇོམས་པའི་རྟེན་འབྲེལ་གྱིས། །རང་གཞན་འཁོར་བར་ལྟུང་བའི་དྲག་པོའི་ནད། །དུག་གསུམ་རྩད་ནས་གཅོད་པར་བྱིན་གྱིས་རློབས། །འགྲོ་མགོན་གུ་ཎའི་སྙིང་ཐིག་གདམས་པའི་མཛོད། །ཉམས་སུ་བསྟར་བས་མ་བཅོས་རང་གི་སེམས། །བདེ་ཆེན་ཆོས་ཀྱི་སྐུ་རུ་ངོ་འཕྲོད་ནས། །ཚེ་འདི་ཉིད་ལ་གྲོལ་བར་བྱིན་གྱིས་རློབས། །ལྷག་བསམ་ཁ་བའི་རྡུལ་བརྩེགས་ལས་འོངས་པའི། །རླབས་ཆེན་སྨོན་ལམ་མ་དྲོས་རླུང་ཆེན་གྱིས། །གསོ་རིག་བསྟན་པའི་ནོར་འཛིན་ཀུན་ཁྱབ་ནས། །གཞན་ཕན་ནོར་བུའི་དགའ་སྟོན་རྒྱས་པར་ཤོག །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་ལ་གསང་བ་མན་ངག་གི་རྒྱུད་བཞིར་གྲགས་པའི་བརྒྱུད་འདེབས་འདིའང་དོན་གཉེར་ཅན་དུ་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། ཕུན་ཚོགས་སྲིད་ཞིའི་ལེགས་ཚོགས་མ་ལུས་པའི། །འཇུག་ངོགས་བསམ་འཕེལ་ཡིད་བཞིན་ནོར་བུའི་དཔྱིད། །རིགས་ཀུན་ཁྱབ་བདག་དབང་པོའི་བདག་ཉིད་ཅན། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཞེས་པ་འདི་ནི་ཨེ་ཁེ་ཐའི་ཇིའི་ཁ་ཏོན་དུ་ཟ་ཧོར་གྱི་བནྡེས་བྲིས། དཔལ་ལྡན་གར་དབང་སྣང་མཐའ་ཡས་པའི་འོད། །ལྔ་རིག་སྡོམ་བརྩོན་ལྡན་པའི་རྣམ་རོལ་གྱིས། །རྒྱ་བོད་ཐུབ་བསྟན་ཉི་ལྟར་གསལ་མཛད་པའི། །མཉམ་མེད་དཱི་པམ་ཀ་རར་གསོལ་བ་འདེབས། །ཡི་དམ་འཕགས་མའི་དབྱར་སྐྱེས་མགྲིན་རྔའི་གླུས། །རྒྱལ་སྲས་སྤྱོད་པའི་རྨ་བྱ་དགའ་བའི་གར། །(༨༢བ)


GLG015_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་ཕན་བདེའི་ནགས་སུ་སྒྱུར་མཛད་པའི། །འབྲོམ་སྟོན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །འཇམ་དབྱངས་མཁྱེན་པའི་མེ་ཤེལ་དངས་བའི་ཁམས། །མཁས་བཙུན་བཟང་པོའི་འོད་སྟོང་འབར་བའི་གཟིས། །འཛམ་གླིང་སྲིད་ཞིའི་མུན་སེལ་བཙོང་ཁ་པ། །དུས་གསུམ་རྒྱལ་བའི་ངོ་བོར་གསོལ་བ་འདེབས། །ཟབ་རྒྱས་ཉམས་ལེན་བརྒྱུད་པའི་སྲད་བུ་ལ། །ཆད་མེད་མཁས་གྲུབ་མུ་ཐི་ལ་ཡི་འཕྲེང་། །སྐལ་ལྡན་སྐྱེ་རྒུའི་མགྲིན་མཛེས་དགའ་ལྡན་པའི། །བགྲང་ཡས་བསྟན་འཛིན་ཚོགས་ལ་གསོལ་བ་འདེབས། །ངག་དབང་ལྷག་པའི་ལྷ་མོས་རྗེས་བཟུང་མཐུས། །ཤེས་བྱའི་ས་ཆེན་བློ་གྲོས་གོམ་གཅིག་གིས། །གཞལ་ནུས་བཟང་པོའི་བག་ཆགས་ཡོངས་སད་པའི། །ལེགས་བཤད་རྒྱ་མཚོའི་གཏེར་ལ་གསོལ་བ་འདེབས། །འཆད་རྩོད་རྩོམ་ལ་འཇིགས་མེད་སྤོབས་པ་ཡིས། །བཙན་པོའི་གོ་ཆ་ཆེར་བགོས་ཐུབ་པའི་བསྟན། །ཐོས་བསམ་སྒོམ་པའི་ལང་ཚོ་རྒྱས་པའི་སྡེ། །ཚངས་སྲས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །དགེ་བའི་དཔྱིད་ཀྱི་མངལ་ལས་ལེགས་འཁྲུངས་པའི། འདི་ཕྱིའི་ལེགས་ཚོགས་མྱུ་གུའི་ཕོན་པོ་མཆོག །སྨོན་ལམ་ཆར་གྱིས་བསྐྲུན་པའི་འབྲས་བུ་ལ། ལོངས་སུ་སྤྱོད་པའི་དགའ་སྟོན་རྒྱས་པར་ཤོག །ནད་གདོན་དགྲ་བགེགས་ཆུ་འཛིན་རྒྱ་ལས་གྲོལ། །ཚེ་དང་བསོད་ནམས་སྟོབས་འབྱོར་སྣང་བ་དཀར། །སྲིད་པའི་ཕུན་ཚོགས་རི་དྭགས་གཟུགས་ཀྱིས་མཛེས། །འདི་སྣང་ཟླ་བའི་ཆ་ཤས་འཕེལ་གྱུར་ཅིག །ངན་སོང་གནས་གྱི་སྒོ་འཕར་རབ་ཏུ་བཅད། །ལྷ་མིའི་རྟེན་བཟང་བརྒྱུད་པའི་ཐེམ་སྐས་བཙུགས། །མྱ་ངན་འདས་པའི་རིན་ཅེན་(༨༣ན)


GLG015_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་པར་འཇུག །གཏན་བདེའི་འདུན་མ་ལྷུན་གྱིས་གྲུབ་པར་ཤོག །འདི་ཕྱི་ཀུན་ཏུ་རྣམ་པར་དགེ་བ་ཡི། །བསླུ་མེད་སྐྱབས་གནས་དཀོན་ཅོག་རྣམ་གསུམ་ཀྱང་། །གསང་བ་རབ་འབྱམས་འཁོར་ལོ་བཀྲ་ཤིས་པའི། །དབྱངས་སྙན་སྲིད་རྩེའི་བར་དུ་སྒྲོག་གྱུར་ཅིག །ཅེས་ཨོ་རོད་གཡོན་རུའི་དཔོན་པོ་གཅོད་པ་བཱ་དུར་གྱིས་ངེད་རང་གི་བསྟོད་པ་ཞིག་བསྐུལ་བ་ལ་བརྟེན་ནས་ཕན་ཡོན་ཆེ་བར་བསམས་ཏེ་ཇོ་བོ་ཡབ་སྲས་མཉམ་མེད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་དཔལ་རི་བོ་དགའ་ལྡན་པའི་བསྟན་འཛིན་སྤྱི་ལ་གསོལ་འདེབས་དང་ངེད་རང་ཡོན་ཏན་མེད་བཞིན་དུ་སྒྲོ་བཏགས་ཀྱི་བསྟོད་པ་སྨོན་ལམ་ཤིས་བརྗོད་དང་བཅས་ཏེ་ཚིག་གི་སྦྱོར་བ་བྱེད་པ་ལ་མགྲིན་པའི་འཁོར་ལོ་རྣམ་པར་གྲོལ་བ་ཟ་ཧོར་གྱི་བནྡེ་སྐད་གཉིས་སྨྲ་བ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། དགེ་ལེགས་ཟླ་བའི་མ་མ་འཁྱིལ་བའི་དབུས། །ཕུན་ཚོགས་འདོད་རྒུའི་འབྱུང་གནས་ཡིད་བཞིན་ནོར། །འདི་ཕྱིར་དགེ་བའི་ཕན་བདེའི་འཇོ་སྒེག་མཁན། །བསླུ་མེད་གཏན་གྱི་སྐྱབས་ལ་གསོལ་བ་འདེབས། །ལྷག་བསམ་དག་པའི་ཡིད་ཀྱི་མེ་ལོང་ངོས། །མི་ཕྱེད་དད་པའི་སྣང་བརྙན་ཡོངས་ཤར་བའི། །དགེ་ཚོགས་རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་གར། །གཏན་བདེའི་གཟིགས་མོར་ཚར་དུ་དངར་བར་ཤོག །དཀོན་ཅོག་རིན་ཅེན་རྣམ་གསུམ་ཐུགས་རྗེའི་སྤྲིན། །བྱིན་རླབས་ཆད་པ་མེད་པའི་ཆར་གྱི་རྒྱུན། །དེ་ཕྱིར་དགེ་བའི་བདེ་སྐྱིད་མྱུ་གུའི་འབྲས། །སྨིན་ཅིང་ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་དཔོན་མོ་མ་ག་དྷས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། གར་དབང་ཐུགས་(༨༣བ)


GLG015_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གསང་དཔལ་བེའི་ཟེའུ་འབྲུར། །བརྩེ་ལྡན་སྦྲང་རྩིའི་ཕུང་པོ་དཀར་བ་ལས། །བླ་མེད་ཡེ་ཤེས་རོ་བཅུད་ཆེས་དངར་བའི། །མཆོད་སྦྱིན་སྒོ་འཕར་འབྱེད་ལ་གསོལ་བ་འདེབས། །དགེ་ལེགས་སྣང་བས་འཁོར་བའི་དགྲ་ཚོགས་མུན། །བཅོམ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་གཟུགས། །མངོན་སུམ་ལྟ་བའི་དྲི་བྲལ་ཡེ་ཤེས་སྤྱན། །འགྲོ་ལ་དུས་དྲུག་གཟིགས་དེར་གསོལ་བ་འདེབས། །ཕྱེ་བའི་རླབས་འཕྲེང་ཡོལ་མེད་རྒྱ་མཚོ་ལས། །སྒྲོལ་བྱེད་བཤེས་གཉེན་དམ་པའི་གྲུ་གཟིངས་མཆོག །རྟག་ཏུ་བསྟེན་ལས་སྐུ་གསུམ་ཡིད་བཞིན་ནོར། །འགྲུབ་པའི་སྐལ་བ་བཟང་པོར་སྤྱོད་གྱུར་ཅིག །ཅེས་པ་འདི་ནི་ཁར་ཁ་ཐུ་ཤེལ་ཨེ་ཐུ་རྡོ་རྗེ་རྒྱལ་པོའི་རིགས་ལས་འཇམ་དབྱངས་སྤྲུལ་པའི་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། རྒྱ་ཆེར་ཤེས་བྱར་འབྱམས་ཀླས་སྤོབས་པ་དགེ །དོན་ཀུན་རྣམ་པར་བསམ་པའི་ལང་ཚོ་བོད། ཚུལ་བཞིན་བསྒོམས་པའི་འབྲས་བུ་ཡོངས་སྨིན་པའི། །བཤེས་གཉེན་དམ་པའི་མགོན་ལ་གསོལ་བ་འདེབས། །མི་བཟད་ངན་སོང་གསུམ་གྱི་སྡུག་བསྔལ་ལས། །ལེགས་ཐར་མངོན་མཐོ་ལྷ་མིའི་རྟེན་བཟང་མཆོག །ཐོབ་ནས་གནས་སྐབས་ཟག་བཅས་བདེ་བ་ལ། །སྤྱོད་པའི་སྐལ་བ་བཟང་པོར་བདག་གྱུར་ཅིག །ཐུབ་པའི་བསྟན་དང་མཇལ་ཞིང་དེའི་རྗེས་ཞུགས། །བྱང་ཆུབ་སེམས་བསྐྱེད་རླབས་ཆེན་སྤྱོད་པ་སྤྱད། །ཟབ་མོའི་ལམ་ཀུན་ཉམས་སུ་བླང་བའི་མཐུས། །སྐུ་གསུམ་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་པ་འདི་ནི་ཨོ་རོད་གཡོན་རུའི་དཔོན་མོ་དགེ་(༨༤ན)


GLG015_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བློ་བཟང་སྒྲོལ་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། དགེ་ཚོགས་འབྲས་བཟང་ཡོངས་སྨིན་སྟོབས་བཅུ་ཡི། །དཔལ་མངའ་ཤཱཀྱའི་བསྟན་པ་འཛིན་པ་ལ། །མི་དམན་འདུན་པའི་རྣལ་འབྱོར་ལྷུན་གྲུབ་པ། །ཐམས་ཅད་མཁྱེན་པར་ངེས་ལ་གསོལ་བ་འདེབས། །དབྱངས་ཅན་མགུལ་པར་ཆགས་པའི་རྒྱུད་མངས་གླུ། །དགེ་བའི་ལེགས་བཤད་སྒྲ་དབྱངས་འགྱུར་ཁུགས་ཅན། །བློ་གསལ་འདུན་ལྡན་རྣ་བར་བདུད་རྩིའི་བཅུད། །སྩོལ་བའི་སྔོན་མེད་རྒྱ་མཚོར་གསོལ་བ་འདེབས། །རབ་དཀར་བསོད་ནམས་སྤུངས་པའི་གངས་ལྡན་ལས། །སྡེ་བཞིའི་འཕྲིན་ལས་ཆད་མེད་ཆུ་བོའི་རྒྱུན། །རྒྱ་ཆེན་ཐུབ་པའི་རིང་ལུགས་འཁྱིལ་བའི་མཚོར། །འབབ་མཛད་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །སྲིད་ཞིའི་ཡོན་ཏན་ཆ་ཤས་གང་བའི་ཟླ། །ཐུགས་རྗེའི་བསིལ་བའི་ཟེར་གྱིས་འགྲོ་བ་རྣམས། །འཁོར་བའི་མུན་ཚོགས་རྒྱ་ལས་གྲོལ་མཛད་པའི། །འཕྲིན་ལས་མཚོ་ལྟར་འཕེལ་ལ་གསོལ་བ་འདེབས། །ངག་དབང་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི། །སྐལ་བཟང་གདུལ་བྱར་རྒྱ་ཆེ་རིག་པའི་གནས། སྟོན་ལ་སྨྲ་བའི་སྤོབས་པ་གཟེངས་མཐོ་བ། །མཚོ་བྱུང་ལྷ་མོར་སྦྱིན་དེར་གསོལ་བ་འདེབས། །མོས་པའི་ལྷག་བསམ་དག་པའི་ཞིང་ས་ལ། །སྨོན་ལམ་ས་བོན་ཡོངས་སུ་ལེགས་སྨིན་པས། །མགོན་ཁྱོད་གཡོ་མེད་བརྟན་པའི་མྱུ་གུའི་འབྲས། །སྨིན་པའི་སྐལ་བ་བཟང་པོར་སྤྱོད་པར་ཤོག །ཅེས་པ་འདི་ནི་རྗེ་བཙུན་འབྲུག་པ་རིན་པོ་ཆེ་སྤྲུལ་པའི་སྐུ་བློ་བཟང་མི་ཕམ་དབང་པོ་ངེས་དོན་གྲུབ་པའི་ཤིང་རྟའི་གསུང་གིས་བསྐུལ་བ་དང་(༨༤བ)


GLG015_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་བྲིས། །སྐྱབས་གསུམ་ཀུན་འདུས་བསླུ་མེད་རིན་ཆེན་གཏེར། །འདི་ཕྱིའི་ལེགས་ཚོགས་དགོས་འདོད་སྩོལ་མཛད་པའི། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བསམ་དོན་ལྷུན་གྲུབ་ཤོག །གསོལ་འདེབས་རྒྱུན་ཁྱེར་དུ་བདེ་བ་འདིའང་དཔོན་ས་ཨ་ཎི་དྲུང་གི་ཞལ་འདོན་དུ་བྲིས། ཕུལ་བྱུང་མྱང་འདས་ཞི་བ་ཆོས་ཀྱི་ལམ། །ལྷར་བཅས་འགྲོ་བའི་དཔྱིད་དུ་མངོན་གྱུར་ནས། །རྒྱལ་བའི་བསྟན་ལ་འཆད་རྩོད་རྩོམ་པའི་མཆེད། །པཎ་གྲུབ་དམ་པར་བསྟན་ལ་གསོལ་བ་འདེབས། །ཇོ་བོ་ཡབ་སྲས་གསང་ཆོས་གདམས་པའི་བཅུད། །བཅུ་དྲུག་ཐིག་ལེར་བསྡུས་ནས་ཉམས་ལེན་པའི། །བཀའ་བབས་བཤེས་གཉེན་ཆེན་པོ་ཕུལ་བྱུང་བ། །གཞོན་ནུ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །གཅིག་ལས་དུ་མར་རོལ་པའི་ཟློས་གར་གྱིས། །ཡེ་ཤེས་མཆོག་གི་དངོས་གྲུབ་ཆེས་འབར་བའི། །སྣེ་ཟུར་པ་ཞེས་མི་གཡོ་དངོས་གྲུབ་པ། །གྲུབ་པའི་དབང་ཕྱུག་དམ་པར་གསོལ་བ་འདེབས། །རྒྱལ་བ་ཀུན་འདུས་རྗེ་བཙུན་བཙོང་ཁ་པའི། །ཐུགས་སྲས་འཇམ་དཔལ་དབྱངས་ཀྱི་སྣང་བ་ཅན། །ཟབ་དོན་ཆོས་ཀྱི་རྒྱ་མཚོར་མངའ་སྒྱུར་བ། ཉམས་དང་རྟོགས་པའི་བདག་པོར་གསོལ་བ་འདེབས། །པད་དཀར་འཆང་བ་དགེ་འདུན་རྒྱ་མཚོ་ཡི། །ཐུགས་རྗེའི་འོད་ཀྱིས་ཉེར་བསྐྱངས་རྒྱལ་བའི་སྲས། །ཐབས་ཤེས་ཟུང་འཇུག་རབ་ཡངས་བློ་གྲོས་ཅན། །ལྷག་བསམ་གོང་དུ་འཕེལ་ལ་གསོལ་བ་འདེབས། །ལུང་རྟོགས་ཆོས་ཀྱི་ཆ་ཤས་ཡོངས་འཕེལ་བའི། །ཡང་དག་བཤེས་གཉེན་ཟླ་བའི་དཀྱིལ་འཁོར་གྱིས། །ཐུབ་བསྟན་རྒྱ་མཚོ་ཆེན་པོ་རྒྱས་མཛད་པའི། །(༨༥ན)


GLG015_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །བདག་ལས་གཞན་གཅེས་དོན་ལྡན་བྱང་ཆུབ་སེམས། །ཡོད་མེད་མཐའ་དང་བྲལ་བའི་སྟོང་པ་ཉིད། །ཟུང་འབྲེལ་ཆོས་ཀྱི་གྲུ་གཟིངས་ལ་བརྟེན་ནས། །སྐུ་གསུམ་རྒྱ་མཚོར་འཇུག་ལ་གསོལ་བ་འདེབས། །བློ་གྲོས་རབ་ཡངས་ཐོས་དང་བསམ་པ་ཅན། །འགྲོ་ལ་རྗེས་བརྩེ་བཟང་པོའི་ངང་ཚུལ་གྱིས། །ཀུན་མཁྱེན་ཤཱཀྱའི་བསྟན་པ་ལེགས་འཛིན་པ། །མཚུངས་མེད་རྒྱལ་བའི་སྲས་པོར་གསོལ་བ་འདེབས། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་གྱིས། །རྗེས་སུ་བཟུང་ནས་ཐོས་བསམ་སྒོམ་པའི་ཚོགས། །མཐར་ཕྱིན་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །ཅེས་རྒྱལ་སྲས་ཤེས་རབ་འཕེལ་བའི་སྐྱེས་རབས་འདི་ཉིད་དགེ་སློང་གྲགས་པ་འོད་ཟེར་གྱི་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་སྐྱེ་བརྒྱུད་འདི་ལྟར་ཡིན་ཞེས་གསུངས་པ་གྲྭ་རྒན་འགའ་ཞིག་གི་ངག་སྒྲོས་ལས་ཐོས་ཚུལ་གྱི་ས་བོན་དང་བཅས་ནན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། བློ་གསལ་སྐལ་བཟང་གདུལ་བྱའི་ཚོགས་རྣམས་ཀུན། །དྲི་མེད་ཐུབ་པའི་བསྟན་ལ་རབ་བཀོད་ནས། །རྣམ་དཀར་འཕྲིན་ལས་སྐྱོང་ལ་རྒྱ་མཚོའི་རླབས། །ཇི་བཞིན་ཡོལ་བ་མེད་དེར་གསོལ་བ་འདེབས། །གྲངས་མེད་ལེགས་བྱས་དཔལ་གྱིས་བརྗིད་པའི་སྐུ། །རང་རང་མོས་པའི་རྗེས་འཇུག་སྙན་པའི་གསུང་། །མཁའ་ལྟར་ཟབ་ཅིང་ཡངས་པའི་ཐུགས་མངའ་བ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཆེན་པོའི་ལས་འཛིན་དཔའ་མཛངས་རྟུལ་ཕོད་ཅིང་། །བསྟན་ལ་ཉེར་གུས་བྱང་ཕྱོགས་ས་སྐྱོང་གི །རིགས་ལས་བལྟམས་ཀྱང་སྙེམས་པ་མི་(༨༥བ)


GLG015_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བའི། །དམ་པའི་རྣམ་པར་འཛིན་ལ་གསོལ་བ་འདེབས། །གསུང་རབ་མང་པོར་ཐོས་དང་བསམ་པས་མཁས། །ངུར་སྨྲིག་གོས་མཛེས་བག་ཡོད་ཁྲིམས་ཀྱིས་བཙུན། །བདག་གཞན་མཉམ་བརྗེ་བྱང་ཆུབ་སེམས་ཀྱིས་བཟང་། །མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་དྲུག་གིས། །བདག་གཞན་རླབས་ཆེན་སྤྱོད་པར་ལེགས་སྦྱར་ཞིང་། །ངེས་གསང་ཐེག་པའི་རྣལ་འབྱོར་ལ་གཞོལ་བའི། །རྗེ་བཙུན་གྲུབ་པའི་དབང་པོར་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པ་ཡི། །དྲི་མེད་བསྟན་པ་ལེགས་པར་སྐྱོང་མཛད་པའི། །འདྲེན་པ་མཆོག་ཁྱོད་བསྐལ་བཟང་རྒྱ་མཚོའི་བར། །རྡོ་རྗེའི་གདན་ལ་རྟག་ཏུ་བཞུགས་སུ་གསོལ། །བསྟོད་ཅིང་གསོལ་བཏབ་དགེ་བའི་ས་བོན་རྣམས། །རབ་ཏུ་སྨིན་པའི་བསོད་ནམས་འབྲས་བུ་ཡི། ཁུར་གྱིས་དུད་པའི་དཔག་བསམ་ལྗོན་པའི་འབྲས། །ལོངས་སུ་སྤྱོད་ལ་ལེགས་བྲིས་སྤུན་ཟླར་ཤོག །ཅེས་སྐྱིད་ཤོད་སྡེ་པ་ཆོས་རྗེ་བློ་བཟང་བསྟན་སྐྱོང་རྒྱ་མཚོ་ལ་གསོལ་འདེབས་བརྟན་བཞུགས་དང་བཅས་པ་ཞིག་དགོས་ཞེས་བསམ་བློ་དཀའ་བཅུ་ཤེས་རབ་རིན་ཅེན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་དགའ་ལྡན་ཕོ་བྲང་དུ་སྦྱར་བའོ། །ངག་དབང་བློ་ཡི་འདབ་བརྒྱ་ཡོངས་བཞད་པས། །སྐལ་བཟང་བུང་བར་ཆོས་ཀྱི་སྦྲང་རྩིའི་བཅུད། །ལེགས་བྱིན་རྣམ་པར་རྒྱལ་བའི་གྲགས་སྙན་མཚན། །རྒྱ་མཚོའི་གོས་ཅན་ཁྱབ་པར་གསོལ་བ་འདེབས། །ཞེས་རྗེ་བཙུན་བཙོང་ཁ་པ་ཆེན་པོ་མཁན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་མཚན་དང་པོའི་མིང་རྣམས་སྤེལ་བ་ཤློ་ཀ་གཅིག་ཏུ་(༨༦ན)


GLG015_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བ་ཞིག་དགོས་ཞེས་དུར་བོད་དཔོན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། ནུབ་ཕྱོགས་བདེ་བ་ཅན་ན་འོད་དཔག་མེད། །གྲུ་འཛིན་སྤོ་ན་འཕགས་མཆོག་འཇིག་རྟེན་དབང་། །སིནྡུ་རྒྱ་མཚོར་མཚོ་སྐྱེས་རྡོ་རྗེའི་དཔལ། །ཨྱོན་ཡུལ་དུ་རྒྱལ་པོ་ཐོར་ཅོག་ཅན། །གསོལ་བ་འདེབས་སོ་སྤྲུལ་སྐུ་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་འཆི་མེད་རིགས་འཛིན་རྗེ། ཐུགས་རྗེས་གཟིགས་ཤིག་གངས་ཅན་ལྷ་གཅིག་པུ། །འདི་ཕྱིའི་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །སྦྱོར་སྒྲོལ་སྤྱོད་པས་ཤནྟ་རཀྵི་ཏ། །ལྷ་སྲིན་བྲན་འཁོལ་རྡོ་རྗེ་དྲག་པོ་རྩལ། །ཞི་ཁྲོ་ཀུན་གཟིགས་ཤཱཀྱ་སེང་གེའི་ཞབས། །ཤེས་བྱ་ཀུན་མཁྱེན་བློ་ལྡན་མཆོག་སྲེད་དཔལ། །གསོལ་བ་འདེབས་སོ་སྤྲུལ་སྐུ་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་འཆི་མེད་རིགས་འཛིན་རྗེ། །ཐུགས་རྗེས་གཟིགས་ཤིག་གངས་ཅན་ལྷ་གཅིག་པུ། །འདི་ཕྱིའི་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །འཆི་མེད་སྐུ་བརྙེས་ཚེ་དབང་རིགས་འཛིན་རྩལ། །ཟ་ཧོར་ཡུལ་དུ་པདྨ་སམ་བྷཱ་ཝ། །མེ་ཕུང་མཚོ་རུ་བསྒྱུར་བའི་པདྨ་རྒྱལ། །མུ་སྟེགས་འདུལ་མཛད་སེང་གེ་སྒྲ་སྒྲོག་པ། །གསོལ་བ་འདེབས་སོ་སྤྲུལ་སྐུ་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་འཆི་མེད་རིགས་འཛིན་རྗེ། །ཐུགས་རྗེས་གཟིགས་ཤིག་གངས་ཅན་ལྷ་གཅིག་པུ། །འདི་ཕྱིའི་བསམ་དོན་འགྲུབ་པར་བྱིན་གྱིས་བརློབས། །དངོས་གྲུབ་མཆོག་བརྙེས་རྡོ་རྗེ་ཐོད་འཕྲེང་རྩལ། ཁྲི་སྲོང་བཞེད་པ་ཡོངས་སྐོང་པདྨ་འབྱུང་། །བདུད་དང་དམ་སྲི་འདུལ་མཛད་གྲོ་བོ་ལོད། །ཟངས་མདོག་དཔལ་རིར་ཀརྨ་དྲག་པོ་རྩལ། །གསོལ་བ་འདེབས་སོ་སྤྲུལ་སྐུ་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་མཆི་མེད་རིགས་འཛིན་རྗེ། །ཐུགས་རྗེས་གཟིགས་ཤིག་གངས་ཅན་ལྷ་གཅིག་པུ། །འདི་ཕྱིའི་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །མགོན་ཁྱོད་འགྲོ་བ་ཀུན་གྱི་སྐྱབས་གྱུར་ཀྱང་། །བོད་ཡུལ་བསྟན་པ་ཉི་འོད་ལྟ་བུར་གསལ། །རི་བྲག་མཚོ་སོགས་གནས་ཀུན་བྱིན་གྱིས་རློབས། །ཟབ་གཏེར་གྲངས་མེད་རྒྱས་བཏབ་བཀའ་དྲིན་ཅན། །གསོལ་བ་འདེབས་སོ་སྤྲུལ་སྐུ་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་འཆི་མེད་རིགས་འཛིན་རྗེ། །ཐུགས་རྗེས་གཟིགས་ཤིག་གངས་ཅན་ལྷ་གཅིག་པུ། །འདི་ཕྱིའི་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །འཕྲིན་(༨༦བ)


GLG015_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞུང་བསྲངས་མཆོད་བསྟོད་གསོལ་འདེབས་པ། །མི་ཕྱེད་གུས་པས་ཐུགས་དམ་རྒྱུད་བསྐུལ་ན། །དུས་ཀྱི་རྒྱལ་པོ་ཚེས་བཅུ་ནམ་ཤར་ལ། །འབྱོན་པར་ཞལ་གྱིས་བཞེས་པའི་རྡོ་རྗེའི་གསུང་། །བསླུ་མེད་བདེན་པའི་འབྲས་བུ་ཡོལ་མེད་དུ། །ལེགས་པར་སྩོལ་ཅིག་ཨྱོན་སྤྲུལ་པའི་སྐུ། །རེ་བ་སྐོང་ཞིག་བསམ་འཕེལ་དབང་གི་རྒྱལ། །གསོལ་བཏབ་འབྲས་བུ་སྩོལ་ཞིག་པདྨ་འབྱུང་། །སྙིང་ནས་གདུང་ཤུགས་དྲག་པོའི་དད་པ་དང་། །ངག་ནས་ལྷང་ལྷང་དབྱངས་ཀྱིས་གསོལ་འདེབས་ན། །ཟངས་མདོག་དཔལ་གྱི་རི་ནས་པདྨ་འབྱུང་། །དཔའ་བོ་མཁའ་འགྲོའི་ཚོགས་བཅས་འདིར་གཤེགས་ལ། །གསལ་གསལ་སྐུ་ཡི་སྣང་བ་མིག་ལ་སྟོན། །སྙན་སྙན་གསུང་གི་ཆོས་སྒྲ་རྣ་བར་སྒྲོགས། །ལྷོད་ལྷོད་ཐུགས་ཀྱི་བྱིན་རླབས་སྙིང་ལ་སྟིམས། །བྱིན་ཆེན་ཕོབ་ལ་དབང་བཞི་བསྐུར་དུ་གསོལ། །སྔོན་ལས་ལྷ་སྲིན་འཁྲུགས་པའི་འཕྲལ་རྐྱེན་གྱིས། །མི་ཕྱུགས་ནད་རིམས་སད་སེར་དབུལ་ཞིང་འཕོངས། །ཕྱོགས་བཞིའི་དམག་འཁྲུག་མཚོན་ཆའི་བསྐལ་པ་སོགས། །མ་ལུས་ཞི་ཞིང་བཟློག་པར་བྱིན་གྱིས་བརློབས། །ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ཏུ་ལེགས། །ཚེ་རིང་ནད་མེད་ལུས་ངག་ཡིད་གསུམ་བདེ། །མཐའ་བཞིའི་འབྱོར་པའི་ལས་སྒོ་རྣམ་པར་ཕྱེ། །རྫོགས་ལྡན་དགའ་སྟོན་རྒྱས་པར་བྱིན་གྱིས་རློབས། །བོད་འབངས་ནམ་ཡང་ཡལ་བར་མི་འདོར་ཞེས། །མངའ་བདག་ཡབ་སྲས་འབངས་ལ་ཞལ་འཆེས་པའི། །འགྱུར་མེད་རྡོ་རྗེའི་གསུང་གི་དོན་གྱི་འབྲས། །མངོན་སུམ་སྩོལ་བའི་དགའ་སྟོན་དུས་ལ་བབས། །མདོར་ན་དེང་ནས་ལྷུན་གྲུབ་ཀུན་ཏུ་(༨༧ན)


GLG015_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །མ་ཐོབ་དེ་སྲིད་མགོན་པོ་ཁྱོད་ཉིད་ཀྱིས། །རྗེས་སུ་བཟུང་ནས་མཆོག་དང་ཐུན་མོང་གི །དངོས་གྲུབ་བདུད་རྩིའི་བཅུད་ཀྱིས་ཚིམས་པར་མཛོད། །ཅེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་འདི་ནི་འཕྲུལ་སྣང་ཚེས་བཅུ་པ་རྣམས་ཀྱི་ཉམས་ལེན་ལ་ཕན་པའི་ཆེད་དུ་བྱང་གླིང་བསམ་གྲུབ་རྒྱལ་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །བསྟན་པའི་བདག་པོ་བཅོམ་ལྡན་ཟས་གཙང་སྲས། །སྨྲ་མཁས་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །སངས་རྒྱས་གཉིས་པ་མགོན་པོ་ཀླུ་སྒྲུབ་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་བརློབས། །ངེས་དོན་ལྟ་བའི་གསལ་བྱེད་ཟླ་བ་གྲགས། །མཐའ་བྲལ་དོན་ཆེ་རིག་པའི་ཁུ་བྱུག་ཆེ། །ཟབ་དོན་བརྙེས་པའི་ཁུ་བྱུག་གཉིས་པའི་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་བརློབས། །གནས་ལྔ་རིག་པའི་གཙུག་རྒྱན་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ། །གསུང་རབ་རྒྱ་མཚོའི་མཐར་སོན་རིན་ཅེན་གསལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་བརློབས། །དེ་སྲས་ཐུ་བོ་བཤེས་གཉེན་རིན་ཅེན་གྲགས། །བདག་པས་གཞན་གཅེས་འབྱོངས་པའི་འཆད་ཀ་བ། །མཁས་བཙུན་གྲུབ་པའི་སར་ཞུགས་སྤྱིལ་བུ་བ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་བརློབས། །ལྷ་བཙུན་མཁས་གྲུབ་ལུང་གི་དབང་ཕྱུག་དང་། །གནས་བརྟན་ཆེན་པོ་འགྲོ་བའི་མགོན་པོ་རྗེ། །བསླབ་གསུམ་བདུད་རྩིས་མྱོས་པའི་ཟངས་ཆེན་པ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་བརློབས། །ཆོས་འདུལ་སྡེ་བཞིའི་འཐར་སོན་མཚོ་སྣ་བ། །མངོན་པའི་སྡེ་སྣོད་ཀུན་རིག་མོན་གྲ་པ། །མཁན་ཆེན་བསྟན་(༨༧བ)


GLG015_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉི་མ་ཆོས་སྐྱབས་བཟང་། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །ཡོངས་རྫོགས་བསྟན་པའི་མངའ་བདག་ཙོང་ཁ་པ། །རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཅེན་དཔལ། །རྒྱ་ཆེན་གཞུང་བརྒྱ་སྨྲ་བའི་ཉན་ཤཱཀ་པར། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་བརློབས། །རྗེ་བཙུན་ཆོས་ཀྱི་སྤྱན་ལྡན་དོན་ཡོད་དཔལ། །ལོག་སྨྲ་ཚར་གཅོད་ཆོས་ཀྱི་རྒྱལ་མཚན་རྗེ། །མཁས་བཙུན་ཆེན་པོ་དགེ་འདུན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་བརློབས། །སྨྲ་བའི་དབང་ཕྱུག་བློ་གྲོས་རྒྱལ་མཚན་དང་། །འཇམ་པའི་དབྱངས་དངོས་དཀོན་ཅོག་ཆོས་འཕེལ་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་བརློབས། །ཚེ་འདིའི་ཕུན་ཚོགས་རྨི་ལམ་བདེ་སྡུག་དང་། །འཁོར་བའི་བདེ་བ་འགྱུར་བའི་སྡུག་བསྔལ་དུ། །ཤེས་ནས་བདེན་བཞི་འབྱུང་ལྡོག་ཉམས་ལེན་གྱིས། །གཏན་གྱི་བདེ་བ་སྒྲུབ་པར་བྱིན་གྱིས་རློབས། །རྒུད་པའི་རྩ་བ་བདག་ཉིད་གཅེས་འཛིན་དུ། །ཤེས་ནས་བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས། །ལེགས་བསྐྱེད་སྦྱིན་སོགས་རླབས་ཆེན་སྤྱོད་པ་ལ། །ཉིན་མཚན་བརྩོན་པས་སྒྲུབ་པར་བྱིན་གྱིས་རློབས། །ཐ་སྙད་ཆོས་ཀུན་གྲུབ་པ་སྣང་བའི་ལམ། །དོན་དམ་དཔྱད་པས་མ་རྙེད་སྟོན་པའི་གཤིས། །མཐའ་བྲལ་ལྟ་དང་བྱང་སེམས་རིན་པོ་ཆེ། །ཟུང་འབྲེལ་ཉམས་སུ་ལེན་པར་བྱིན་གྱིས་རློབས། །དོན་དམ་ཡེ་ཤེས་ཚོགས་ཆེན་ནམ་མཁའ་ལ། །ཀུན་རྫོབ་བསོད་ནམས་ཚོགས་ཀྱི་སྤྲིན་འཁྲིགས་ལས། །ཆོས་གཟུགས་སྐུ་བརྙེས་ས་བོན་ལེགས་སྨིན་པའི། །སྟོབས་བཅུའི་མྱུ་གུ་གཡུར་དུ་ཟ་བར་ཤོག །ཅེས་ཟབ་མོ་ལྟ་བའི་རྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་ནི་དད་ལྡན་ཨ་ཡུ་ཥེས་བསྐུལ་བའི་ངོར་(༨༨ན)


GLG015_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་འཕྲིན་ལས་སོ། །ངག་དབང་འཇམ་དཔལ་བློ་གྲོས་རྣམ་པར་ཡངས། །ཕྱག་ན་པདྨའི་བཟང་པོའི་བརྩེ་བ་ཅན། གསང་བདག་མཐུ་སྟོབས་རྒྱ་མཚོ་རླབས་འཕྲེང་གཡོ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །གསུང་མཆོག་ཡང་སྙིང་ཡི་གེ་དྲུག་མའི་གདངས། །མགྲིན་པའི་འཁོར་ལོ་ལས་འོངས་དགེ་བ་ཡིས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །བོད་འབངས་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་ཡང་བླ་མ་གང་རས་དབང་ཕྱུག་གིས་ཡིག་དྲུག་དུང་ཕྱུར་བཙུགས་སྐབས་དགོས་ཚུལ་བྱུང་བ་ལྟར་བྲིས་པའོ། །བརྩེ་ཆེན་ལྷ་ཡིས་རྗེས་གཟུང་གསུང་ངག་མཆོག །སྨིན་བྱེད་དབང་གི་ཆུ་རྒྱུན་སྙིང་དབུས་སུ། །ལེགས་གཏམས་བློ་གསལ་སྐལ་བཟང་དགའ་བྱེད་དཔལ། །ཐུབ་བསྟན་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་རིགས་ཀུན་ཁྱབ་བདག་དབང་པོའི་རིགས་དང་ཆོས་ཀྱི་དབོན་འ་ཞ་མཁྱེན་རབ་རྣམ་རྒྱལ་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། ཕུན་ཚོགས་ཕན་དང་བདེ་སྐྱིད་མ་ལུས་པའི། །འབྱུང་གནས་སངས་རྒྱས་དེའི་གསུང་དམ་པའི་ཆོས། །འཁྲུལ་མེད་ཚུལ་བཞིན་སྟོན་མཛད་དགེ་འདུན་སྟེ། །དཀོན་ཅོག་རིན་ཅེན་གསུམ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་པད་དཀར་ལྟ་བུ་ཞེས། །རབ་བསྔགས་ཐམས་ཅད་མཁྱེན་པ་ཟས་གཙང་སྲས། །མི་ཕམ་འཇམ་དབྱངས་མཆོག་ཟུང་ལ་སོགས་པའི། །སྐྱེ་འཕགས་འཁོར་དང་བཅས་ལ་གསོལ་བ་འདེབས། །གནས་(༨༨བ)


GLG015_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བཅུ་དྲུག་གྲུབ་ཐོབ་བརྒྱད་ཅུའི་ཞབས། །རྒྱན་དྲུག་མཆོག་གཉིས་གཟུགས་ཅན་སྙིང་པོ་དང་། །མྱ་ངན་མེད་སོགས་འཕགས་ཡུལ་བསྟན་འགྲོའི་གཉེན། །པཎ་གྲུབ་ཆོས་རྒྱལ་རྣམས་ལ་གསོལ་བ་འདེབས། །མཁན་སློབ་རྣམ་གཉིས་ཆོས་རྒྱལ་མེས་དབོན་སོགས། །གངས་ཅན་བོད་ཀྱི་ཡུལ་འདིར་བཤད་སྒྲུབ་ཀྱི། །བསྟན་པ་རིན་ཅེན་སྤེལ་བར་མཛད་པ་ཡི། །ལོ་པཎ་རྒྱལ་བློན་རྣམས་ལ་གསོལ་བ་འདེབས། །ལྔ་བརྒྱའི་གཙུག་རྒྱན་ལྷ་གཅིག་མར་མེ་མཛད། །འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་བཤེས་གཉེན་རྔོག །སྐུ་མཆེད་རྣམ་གསུམ་གྲང་ཤར་ལ་སོགས་པའི། །བཀའ་གདམས་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །འཇམ་དབྱངས་གཞོན་ནུ་ངུར་སྨྲིག་ཟློས་གར་ཅན། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །འཇམ་མགོན་བདུན་སོགས་མཉམ་མེད་དགའ་ལྡན་པའི། །རིང་ལུགས་སྤེལ་བར་མཛད་ལ་གསོལ་བ་འདེབས། །ཁྱད་པར་མཐའ་འཁོབ་མུན་པའི་སྨག་རུམ་དུ། །དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་མཛད་པའི། །པད་དཀར་འཛིན་པ་བསོད་ནམས་རྒྱ་མཚོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དངོས་གྲུབ་ཀུན་སྩོལ་ཡི་དམ་དཀྱིལ་འཁོར་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་ཚོགས། འདོད་རྒུའི་ལོངས་སྤྱོད་སྟེར་བའི་ནོར་གྱི་ལྷ། །སྐྱབས་གནས་ཀུན་ལ་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་དམ་པ་འབུལ། །ཐོགས་མེད་བསགས་པའི་སྡིག་སྒྲིབ་མ་ལུས་བཤགས། །བདག་གཞན་དགེ་བ་ཀུན་ལ་རྗེས་ཡི་རང་། །རྒྱལ་དང་དེ་སྲས་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྡོ་རྗེ་ལྟར་བརྟན་གསོལ། །(༨༩ན)


GLG015_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་མ་ལུས་སངས་རྒྱས་ཐོབ་ཕྱིར་བསྔོ། །བསླུ་མེད་མཆོག་གསུམ་དམ་པའི་ཐུགས་རྗེ་ཡིས། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདི་ཡང་ནོར་འཛིན་སྐྱོང་བ་བསྟན་འཛིན་རྡོ་རྗེ་རྒྱལ་པོས་བསྐུལ་བ་ལྟར་ཚིག་སྦྱོར་རྣམས་གོ་བདེ་བར་འབོལ་རྩོམ་གྱི་ཚུལ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །སྭ་སྟི་སི་དྡྷཾ། གང་ལ་བརྟེན་ན་འདི་དང་གཏན་འདུན་གྱི། །ལེགས་ཚོགས་ཡོན་ཏན་མ་ལུས་ལྷུན་གྲུབ་པའི། །བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །རྩ་བརྒྱུད་དཔལ་ལྡན་བླ་མར་གསོལ་བ་འདེབས། ཁྱད་པར་འཇམ་དབྱངས་གཞོན་ནུ་དུས་མཐའ་འདིར། །ངུར་སྨྲིག་འཛིན་པའི་ཟློས་གར་ལྷུར་མཛད་ནས། །ཐུབ་བསྟན་རྒྱས་མཛད་བློ་བཟང་གྲགས་པའི་དཔལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །མཐའ་འཁོབ་མུན་པའི་རུམ་དུ་ཐར་པའི་ལམ། །དམ་ཆོས་ཉི་མའི་འོད་ཀྱིས་གསལ་མཛད་པའི། །འཇིག་རྟེན་དབང་ཕྱུག་བསོད་ནམས་རྒྱ་མཚོའི་དཔལ། །ཐམས་ཅད་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །རྨད་བྱུང་མཁྱེན་བརྩེ་ནུས་མངའ་སངས་རྒྱས་དང་། །འགོག་ལམ་བདེན་པ་གཉིས་ལྡན་དམ་པའི་ཆོས། །རིག་དང་གྲོལ་བའི་གཏེར་གྱུར་དགེ་འདུན་ཏེ། །སྐྱབས་གནས་དཀོན་ཅོག་གསུམ་ལ་གསོལ་བ་འདེབས། །དངོས་གྲུབ་འདོད་རྒུའི་མཆོག་སྦྱིན་ཡི་དམ་ལྷ། །འགལ་རྐྱེན་བར་ཆད་ཀུན་སེལ་མཁའ་འགྲོ་ཚོགས། །འཕྲིན་ལས་རྣམ་བཞི་མ་ལུས་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་གསོལ་བ་འདེབས། །མདོར་ན་རྒྱལ་བ་རྣམས་དང་དེ་ཡི་སྲས། །བྱང་ཆུབ་སེམས་དཔའ་(༨༩བ)


GLG015_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་རང་སློབ་མར་བཅས། །དངོས་དང་སྐུ་གསུང་ཐུགས་ཀྱི་རྟེན་ལ་སོགས། །བསོད་ནམས་ཞིང་གྱུར་ཀུན་ལ་གསོལ་བ་འདེབས། །མི་ཕྱེད་དང་བའི་དད་པས་རྒྱུད་བསྐུལ་ཞིང་། །ཤུགས་དྲག་བརྩོན་པ་ཆེན་པོས་ལྕག་གྲབས་ཏེ། །བདག་དང་འགྲོ་དྲུག་བྱེ་བ་ཕྲག་བརྒྱ་ཡི། །གྲངས་མེད་ལུས་སུ་སྤྲུལ་ནས་ཕྱག་འཚལ་ལོ། །བདག་པོས་ཡོངས་སུ་བཟུང་དང་མ་བཟུང་བའི། །འདོད་ཡོན་ལྔ་ལྡན་ཀུན་ཏུ་བཟང་པོ་ཡི། །མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་དབུལ་བར་བགྱི། །མི་དགེ་བཅུ་དང་མཚམས་མེད་ལྔ་ལ་སོགས། །ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །བསགས་པའི་སྡིག་ལྟུང་ཉེས་པའི་ཚོགས་རྣམས་ཀུན། །གནོང་འགྱོད་སྡོམ་སེམས་བཅས་ཏེ་མཐོལ་ལོ་བཤགས། །བདག་གཞན་བརྗེ་བའི་རླབས་ཆེན་སྤྱོད་པ་དང་། །རང་དོན་ཞི་བ་སྒྲུབ་པ་ཉན་རང་ལམ། །ལྷ་མིའི་བདེ་བ་དོན་དུ་གཉེར་བ་སོགས། །མཆོག་དམན་དགེ་བ་ཀུན་ལ་རྗེས་ཡི་རང་། །ལོག་སྨྲ་ཚར་གཅོད་ལྡན་སྐལ་ལྡན་རྗེས་སུ་འཛིན། །ཀུན་ཤེས་བྱེད་པོ་སྡེ་སྣོད་རྒྱུད་སྡེ་སོགས། །མཆོག་དམན་བར་མའི་བློ་དང་ལེགས་འཚམ་པར། །དམ་ཆོས་ཆད་པ་མེད་པར་སྐོར་དུ་གསོལ། །སྐལ་བ་དམན་ཞིང་རྨུ་རྒོད་གདུལ་དཀའ་ལ། །སྒྱིད་ལུག་བཏང་སྙོམས་ཞི་བདེར་བཞུགས་མེད་པར། །གཟུགས་སྐུའི་བཀོད་པ་བསྐལ་བ་རྒྱ་མཚོའི་བར། །མི་གཡོ་རྡོ་རྗེ་ལྟ་བུར་བརྟན་པར་བཞུགས། །ལུས་དང་སྲོག་ལ་མ་བལྟས་ཆོས་ཕྱིར་དུ། །དཀའ་སྤྱད་ནས་བཟུང་ཟན་ཆངས་གཅིག་སྦྱིན་པས། །མཐའ་བརྟེན་དགེ་བ་མ་ལུས་འགྲོ་ཀུན་དོན། །བླ་མེད་བྱང་ཆུབ་ཐོབ་པའི་(༩༠ན)


GLG015_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རུ་བསྔོ། །དགེ་བའི་འདི་ཡིས་ཚེ་རབས་ཐམས་ཅད་དུ། །དལ་བའི་རྟེན་ཐོབ་དམ་པའི་མགོན་གྱིས་ཟིན། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཉམས་བླངས་པས། །རྣམ་པ་ཐམས་ཅད་མཁྱེན་པའི་ས་འཐོབ་ཤོག །གནས་སྐབས་སུ་ཡང་ནད་གདོན་བར་ཆད་ཞི། ཚེ་རིང་བསོད་ནམས་སྟོབས་དང་མངའ་ཐང་རྒྱས། །མཁོ་རྒུའི་འབྱོར་པ་ཐམས་ཅད་ངང་གིས་འདུ། །བསམ་པའི་དོན་ཀུན་ལྷུན་གྱིས་འགྲུབ་པར་ཤོག །བསྟན་པ་དར་ཞིང་དེ་འཛིན་ཞབས་པད་བརྟན། །དགེ་འདུན་ཆོས་སྤྱོད་འཕེལ་ཞིང་འཇིག་རྟེན་བདེ། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཀྱིས། ཁྱབ་པའི་སྐལ་བ་བཟང་པོར་བདག་གྱུར་ཅིག །ཅེས་མཆོག་གསུམ་དམ་པར་གསོལ་འདེབས་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་འདི་ནི་ཡངས་པའི་ས་ཆེན་པོ་བདེ་བར་སྐྱོང་བའི་དབང་ཕྱུག་བསྟན་འཛིན་དཱ་ཡན་རྒྱལ་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །སྭསྟི་སིདྡྷཾ། སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་མཆོག །རྣམ་པ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ལོངས་སྤྱོད་རྫོགས་སྐུར་གསལ་ལ་གསོལ་བ་འདེབས། །གང་ལ་བརྟེན་ན་འདི་ཕྱིའི་འདུན་མ་ཀུན། །ཡིད་བཞིན་ནོར་ལྟར་ལག་རྩེར་སྩོལ་མཛད་པའི། །སླུ་མེད་གཏན་གྱི་རྣམ་འདྲེན་ཐུགས་རྗེའི་གཏེར། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །འཇམ་དབྱངས་གཞོན་ནུ་དུས་མཐར་ངུར་སྨྲིག་གར། །ལེགས་སྒྱུར་བློ་བཟང་སྙན་པའི་གྲགས་པ་ཅན། ཁམས་གསུམ་ཆོས་གྱི་རྒྱལ་པོ་བཙོང་ཁ་པ། །དུས་གསུམ་རྒྱལ་བའི་ངོ་བོར་གསོལ་བ་འདེབས། །(༩༠བ)


GLG015_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲིས་ཀུན་ལ་འཛའ་བའི་བཤེས་གྱུར་ཀྱང་། །བྱང་ཕྱོགས་ཧོར་གྱི་གདུལ་བྱའི་བསོད་ནམས་ཀྱི། །ཞིང་དུ་འཕྲིན་ལས་རྒྱ་མཚོའི་མཐའ་ཀླས་པར། །སྤེལ་མཛད་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །མདོ་རྒྱུད་ཆོས་ཕུང་གསུང་ངག་གཏེར་མཛོད་ལ། །དབང་སྒྱུར་བློ་གྲོས་བཟང་པོས་ཐུབ་པའི་བསྟན། །རྒྱ་ཆེན་འཆད་རྩོད་རྩོམ་པས་དབྱར་མཚོ་ལྟར། །འཕེལ་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །སྙིང་ནས་དད་པས་གསོལ་བ་བཏབ་པའི་འབྲས། །དུས་མིན་འཆི་བའི་འཇིགས་པ་ཀུན་ཞི་ནས། །རྡོ་རྗེའི་སྲོག་གི་ཀ་བ་རབ་ཚུགས་ཏེ། །ཚེ་མཐའ་ཡས་ཀྱི་གོ་འཕང་ཐོབ་གྱུར་ཅིག །རིང་པོར་འཚོ་བའི་དལ་བའི་རྟེན་བཟང་ལ། །སྟོབས་འབྱོར་དབང་ཐང་སྙན་གྲགས་ཕུན་ཚོགས་ཤིང་། །མི་དང་མི་མིན་གླགས་ལྟའི་ཉེར་འཚེ་དཔུང་། །བཅོམ་སྟེ་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །རིགས་དྲུག་དུ་འཕྱན་སྐྱེ་སྲིད་འཕྲང་རིང་པོར། །བསྟན་དང་ལེགས་མཇལ་དམ་པའི་མགོན་གྱིས་ཟིན། །ལྷག་པའི་བསླབ་པ་གསུམ་པོ་ཉམས་བླངས་པས། །འཁོར་བའི་ཆུ་གཏེར་ཆེ་ལས་སྒྲོལ་བར་ཤོག །བདག་པས་གཞན་གཅེས་བྱང་ཆུབ་སེམས་བསྐྱེད་དེ། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཉམས་བླངས་པས། །མཁའ་མཉམ་སྐྱེ་རྒུ་མ་ལུས་སྒྲོལ་བའི་ཆེད། །སྟོབས་བཅུ་མངའ་བའི་གོ་འཕང་འཐོབ་པར་ཤོག །ཐོག་མེད་དུས་ནས་བསགས་དང་གསོག་འགྱུར་པའི། །སྒོ་གསུམ་འབད་པས་བསྒྲུབ་པའི་དགེ་བ་རྣམས། །རྒྱུད་ལྔའི་འགྲོ་རྣམས་སྲིད་ཞིའི་སྡུག་བསྔལ་ལས། །(༩༡ན)


GLG015_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་ཀུན་མཁྱེན་ཡེ་ཤེས་རྒྱུ་རུ་བསྔོ། །དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས། །དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་ཚོགས་བཅས་ཀྱིས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བླ་མ་དང་ཚེ་དཔག་མེད་དབྱེར་མེད་དུ་གསོལ་བ་འདེབས་ཚུལ་འཁྱེར་བདེ་བ་ཞིག་དགོས་ཞེས་དུར་བོད་དཔོན་པོ་རྡོ་རྗེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །བརྩེ་ལྡན་དཀོན་ཅོག་འབངས་དང་གཉའ་ཁྲི་བཙན། །ཐོ་རི་སྙན་ཤལ་སྲོང་བཙན་ལྷའི་མེ་ཏོག །ཁྲི་རལ་དགེ་བ་དཔལ་སོགས་རྒྱ་བོད་ཀྱི། །ས་སྐྱོང་རྒྱལ་པོར་སྤྲུལ་ལ་གསོལ་བ་འདེབས། །རྒྱལ་བའི་འབྱུང་གནས་ས་ཆེན་སྙིང་པོའི་ཞབས། །བརྩོན་འགྲུས་གྲགས་པ་མངའ་བདག་ཆོས་ཀྱི་རྒྱལ། །དགེ་འབུམ་པཎ་ཆེན་པདྨ་བཛྲ་ཞབས། །མཁས་གྲུབ་དམ་པར་བསྟན་ལ་གསོལ་བ་འདེབས། །ཐུབ་བསྟན་སྙིང་པོ་དགེ་འདུན་འདུས་པའི་གཙུག །རིགས་ཀྱི་བདག་པོར་ལྷུན་གྱིས་གྲུབ་པའི་དཔལ། །བསོད་ནམས་ཡེ་ཤེས་ཟུང་འཇུག་ཡོན་ཏན་གཏེར། །འཕྲིན་ལས་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་བློ་གསལ་སྐལ་བཟང་ལ། །རྒྱ་ཆེན་ལེགས་བྱས་དབྱར་མཚོ་ལྟ་བུར་སྤེལ། །ཆོས་ཀུན་གང་ཤར་ཀ་ནས་དག་པའི་དབྱིངས། །རང་གྲོལ་བཞད་པ་རྩལ་ལ་གསོལ་བ་འདེབས། །གདོང་ལྔས་བཏེག་པའི་འོད་སྟོང་འབར་བའི་ཁྲིར། །མགོན་ཁྱོད་བསྐལ་བརྒྱར་འཚོ་ཞིང་རབ་ཞེས་ནས། །འགྲོ་ལ་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །འཁོར་ལོ་རྒྱུན་ཆད་མེད་པར་སྐོར་དུ་གསོལ། །པད་རྩའི་རྗེས་འགྲོ་དགེ་ཚོགས་གངྒཱའི་རྒྱུན། །ལྷག་བསམ་སྐལ་ལྡན་ཤིང་རྟས་དྲངས་པའི་མཐུས། །བོད་ཡུལ་ཉེས་བརྒྱའི་དྲི་མ་དྲུང་(༩༡བ)


GLG015_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་སྟེ། །ཕན་བདེའི་རྒྱལ་མཚན་སྲིད་རྩེར་སྒྲེང་བར་ཤོག །སྲིད་ཞིའི་ཆོས་ཀུན་སེམས་ཉིད་རིག་པའི་རྩལ། །དེ་ཡང་གདོད་ནས་དག་པའི་ལྷ་ལམ་ངོས། །བསླུ་མེད་རྟེན་འབྲེལ་ཉིན་མོར་བྱེད་པ་ཡི། །དོན་གཉིས་སྣང་བའི་དགའ་སྟོན་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་མངའ་བདག་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་གི་ལུང་ཟིན་ཉང་སྟོན་མཁས་གྲུབ་དམ་པའི་རིགས་ཆོས་ཀྱི་རྒྱུན་འཛིན་རིག་པ་འཛིན་པ་བློ་མཆོག་རིག་པའི་རྡོ་རྗེས་ཐུགས་རྗེ་ཆེན་པོའི་སྐུ་ལི་མ་ལས་གྲུབ་པའི་རྟེན་དང་བཅས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །མཁྱེན་བརྩེ་ནུས་པའི་འོད་ཀྱིས་འགྲོ་བློའི་མུན། །སེལ་མཛད་འཇམ་དབྱངས་དཔའ་བོ་ངུར་སྨྲིག་གར། །ལེགས་སྒྱུར་སྐལ་བཟང་རེ་སྐོང་གྲགས་པའི་དཔལ། །ཤེས་བྱ་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །གངས་ཅན་བློ་གསལ་བསྟན་འཛིན་ཐམས་ཅད་ཀྱི། །གཙུག་ན་མཁས་བཙུན་བཟང་པོའི་རྣམ་རོལ་གྱི། །གྲགས་པ་ཕྱོགས་བྲལ་ལུས་ཕྲའི་རྣ་ལུང་ཅན། །ཀུན་མཁྱེན་བཙོང་ཁ་པ་ལ་གསོལ་བ་འདེབས། །ཟབ་ཅིང་ཆེས་བརླིང་བློ་གྲོས་གྲུ་གཟིངས་ཀྱིས། །བསྐལ་བཟང་སྒྲོན་མེ་བཞི་བའི་ལུང་རྟོགས་མཚོའི། །མཐར་སོན་འཁྲུལ་མེད་ཟབ་དོན་ནོར་བུའི་དཔྱ། །སྙན་གྲགས་དོན་དང་ལྡན་པར་གསོལ་བ་འདེབས། །རིང་ནས་གོམས་པའི་དགེ་ཚོགས་སུམ་རྩེན་ནས། །རྣམ་དཔྱོད་ལེགས་ལྡན་དབང་པོའི་ཉག་ཕྲན་གྱིས། །རྒོལ་ངན་ལྷ་མིན་བཅོམ་པའི་དཔལ་འབར་བ། །སྐལ་བཟང་སྐྱེ་རྒུའི་འདྲེན་པར་གསོལ་བ་འདེབས། །མཁས་དང་གྲུབ་པའི་འཁོར་ལོས་ཐུབ་བསྟན་ལ། །དབང་སྒྱུར་རྣམ་དཀར་དགེ་བའི་ལེགས་བྱས་(༩༢ན)


GLG015_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ཕུང་པོ་ཟད་པ་མེད་པའི་དཔལ་མངའ་བ། །བློ་བཟང་རྒྱལ་བསྟན་ཉི་མར་གསོལ་བ་འདེབས། །དགེ་མཚན་སྣང་བས་ཐུབ་བསྟན་ལེགས་པའི་ལམ། །གསལ་མཛད་དཔལ་ལྡན་དཱི་པཾ་ཀ་ར་དང་། །རྒྱལ་དབང་བློ་བཟང་གྲགས་པའི་རིང་ལུགས་མཆོག །འཛིན་པའི་མཁས་གྲུབ་ཆེན་པོར་གསོལ་བ་འདེབས། །འགྲོ་ལ་རྗེས་བརྩེ་ཕྱག་ན་པདྨའི་གར། །སྐྱེ་རྒུའི་བསོད་ནམས་ཞིང་དུ་རྣམ་རོལ་བས། །ཐུབ་བསྟན་རྒྱ་མཚོའི་གོས་ཅན་ལ་ཁྱབ་པའི། །མཁྱེན་བརྩེ་ནུས་པའི་དབང་པོར་གསོལ་བ་འདེབས། །རིང་མོ་ཉིད་ནས་བསོད་ནམས་ཡེ་ཤེས་ཀྱི། །ས་བོན་སྨིན་པའི་སྐུ་གཉིས་དཔག་བསམ་ལྗོན། །ཐུབ་བསྟན་རྒྱ་མཚོའི་དབུས་ན་གཡུར་ཟ་བ། །རྗེ་བཙུན་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །གནམ་བསྐོས་བསོད་ནམས་སྟོབས་ཀྱི་དབང་ཕྱུག་སོགས། །ཤར་ཕྱོགས་རྒྱ་མཚོའི་མཐའ་གཏུགས་འགྲོ་ཀུན་གྱི། །གཙུག་ན་ཞབས་སེན་ངལ་གསོ་ཐམས་ཅད་མཁྱེན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་སྙན་པའི་གྲགས་འབར་བཙོང་ཁ་པའི། །རྨད་བྱུང་དམ་པའི་ཆོས་ཀྱི་རྒྱལ་སྲིད་ཆེ། །འཛིན་མཛད་མཁས་གྲུབ་དབུས་ན་རྒྱལ་མཚན་གྱི། །ནོར་བུའི་ཏོག་ལྟར་མཐོ་ལ་གསོལ་བ་འདེབས། །ཤེས་བྱའི་མཁའ་ལ་བློ་གྲོས་ཉིན་མོར་བྱེད། །མཁས་བཙུན་བཟང་པོའི་སྣང་བས་ཆོས་ཀྱི་གཟུགས། །རབ་གསལ་མེ་ཏོག་མདའ་ཅན་ལས་རྒྱལ་བའི། །མཚན་ལྡན་དགེ་བའི་བཤེས་ལ་གསོལ་བ་འདེབས། །བློ་ཆེན་ཚངས་དབང་དྲག་པོ་ཁྱབ་འཇུག་སོགས། །ལས་བཟང་ལྷར་བཅས་འགྲོ་བ་འདྲེན་པའི་ཆེད། །ཆོས་ཀྱི་རྒྱལ་མཚན་སྲིད་པའི་རྩེ་མོའི་བར། །(༩༢བ)


GLG015_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲེང་མཛད་ཡོངས་འཛིན་མཆོག་ལ་གསོལ་བ་འདེབས། །དྲི་མེད་བློ་གྲོས་ཡངས་པའི་བུམ་བཟང་དུ། །དམ་པའི་ཆོས་ཀྱི་བདུད་རྩིས་ལེགས་གཏམས་པ། །རྒྱལ་མཚན་ཏོག་གི་ཡིད་བཞིན་ནོར་བུ་ལྟར། །འདོད་དགུའི་ཆར་ཆེན་འབེབས་ལ་གསོལ་བ་འདེབས། །ངག་ལ་དབྱངས་ཅན་ལྷ་ཡིས་བྱིན་བརླབས་པས། །སྨྲ་བའི་དབང་ཕྱུག་གྲུབ་པའི་བློ་གྲོས་ཀྱིས། །སྐལ་བཟང་རྒྱ་མཚོའི་རེ་བ་ཡོངས་སྐོང་བའི། །མཚུངས་མེད་དམ་པའི་མགོན་ལ་གསོལ་བ་འདེབས། གསུང་ངག་ཆད་མེད་སྨིན་བྱེད་དབང་གི་རྒྱུན། །གྲོལ་ལ་བློ་བཟང་གྲགས་པའི་ཐུགས་ཀྱི་བཅུད། །གཞུང་ལུགས་རྒྱ་མཚོའི་ཆོས་འཁོར་གདུལ་བྱ་ལ། །སྐོར་མཛད་བླ་མ་དམ་པར་གསོལ་བ་འདེབས། །ངག་དབང་ལྷ་མོས་བློ་གྲོས་འདབ་བརྒྱའི་དབུས། །འཇོ་སྒེག་དགྱེས་པའི་ཞལ་བཟང་ལེགས་བསྟན་པས། །རྒྱ་ཆེན་གཙུག་ལག་མཚོ་ལྟར་གཏིང་ཟབ་པ། །དཔོག་པའི་རྣམ་དཔྱོད་མངའ་ལ་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་འབད་པ་དོན་ལྡན་གྱིས། དབང་ཕྱུག་བརྒྱད་མངའ་བློ་བཟང་རྒྱལ་བའི་བསྟན། །འཁོར་ལོ་གསུམ་གྱིས་རྒྱ་མཚོའི་གོས་ཅན་ཁྱོན། །ལེགས་བཀང་དགེ་བའི་བཤེས་ལ་གསོལ་བ་འདེབས། །དཔལ་ལྡན་ཐུབ་པའི་བསྟན་པ་བསྲུང་བ་ལ། །བདེ་ཆེན་འཁོར་ལོ་རྒྱས་འདེབས་སྲིན་མོའི་གཟུགས། །འདོད་པ་ཁམས་ཀྱི་དབང་ཕྱུག་རེ་མ་ཏཱི། །དཔག་དཀའ་རྫུ་འཕྲུལ་མངའ་ལ་གསོལ་བ་འདེབས། །མཐུ་སྟོབས་རྡོ་རྗེའི་མེ་ཆར་དྲག་པོ་ཡི། །ཚ་ཚ་རྣམ་པར་འཕྲོ་བའི་དམག་དང་ཟོར། །རྣོན་པོས་ཡིད་སྲུབས་འཇོམས་པ་ལྷག་པའི་ལྷ། །མ་མོ་ཀུན་གྱི་གཙོ་མོར་གསོལ་བ་འདེབས། །ཁྲོ་ཆགས་བརྗིད་འཇམ་རྣམ་འགྱུར་སྣ་ཚོགས་ཀྱི། །ཞི་རྒྱས་དབང་དྲག་འཕྲིན་ལས་(༩༣ན)


GLG015_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་པའི། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་མ། །ལྷ་མོ་རེ་མ་ཏཱི་ལ་གསོལ་བ་འདེབས། །རྒྱལ་དང་དེ་སྲས་ཉན་རང་སློབ་མར་བཅས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས། །བླ་མ་བསྟན་སྲུང་དབང་མོའི་ངོ་བོ་དང་། །དབྱེར་མེད་རོ་གཅིག་གྱུར་ལ་གསོལ་བ་འདེབས། །མཆོག་གསུམ་ཐུགས་རྗེ་རྟེན་འབྲེལ་བསླུ་མེད་དང་། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བཏབ་མཐུས། །གཏན་གྱི་སྐྱབས་མགོན་དཀོན་ཅོག་མ་ལུས་པའི། །བྱིན་རླབས་སྙིང་གི་པདྨོར་འཇུག་པར་ཤོག །ལུས་ལ་ཟག་པ་མེད་པའི་བདེ་ཆེན་རྒྱས། །ངག་ལ་གྲགས་སྟོང་ཚངས་པའི་དབྱངས་སྙན་ལྡིར། །ཡིད་ལ་བླ་མེད་ཡེ་ཤེས་འཆར་བ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །བྱེ་བ་ཕྲག་བརྒྱའི་ངན་སོང་རྟེན་ཁྲོད་ན། །ལན་ཅིག་རྙེད་པའི་དལ་འབྱོར་ཚང་བའི་དུས། །ཆུ་སྦུར་བཞིན་དུ་མྱུར་དུ་འཇིག་པ་ཡི། །མི་རྟག་ལོང་མེད་སྐྱེ་བར་བྱིན་གྱིས་རློབས། །དགེ་ཚོགས་ཁོང་ཁྲོས་བཅོམ་ཞིང་སྡིག་པའི་དཔུང་། །དབྱར་མཚོ་ལྟར་འཕེལ་ལས་འབྲས་ཕྲ་ཞིང་ཟབ། །ངན་སོང་སྡུག་བསྔལ་བཟོད་དཀའ་མེ་འོབས་དོང་། །བསམས་ཏེ་ཞེན་ལོག་སྐྱེ་བར་བྱིན་གྱིས་རློབས། །སྐྱབས་ཡུལ་སྤྱན་སྔར་འགྱོད་སྡོམ་བསམ་པ་ཡིས། །གཉེན་པོ་ཀུན་ཏུ་སྤྱོད་པས་སྡིག་བཤགས་ཤིང་། །སྒོ་གསུམ་དགེ་བ་བཅུ་ལ་རབ་བཀོལ་བ། །ཉིན་མཚན་བརྩོན་པས་བསྒྲུབ་པར་བྱིན་གྱིས་རློབས། །ཚངས་དབང་ཁྱབ་འཇུག་འཁོར་ལོས་སྒྱུར་བ་སོགས། །ལྷ་མིའི་གཙོ་བོ་རྣམས་ཀྱང་དམྱལ་བར་ལྟུང་། །འཁོར་བའི་བདེ་བ་འགྱུར་བའི་སྡུག་བསྔལ་དུ། །བསམས་ཏེ་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །རྣམ་དག་ཚུལ་ཁྲིམས་གྲུ་གཟིངས་ལེགས་བཅས་པར། །གཡོ་མེད་ཏིང་འཛིན་(༩༣བ)


GLG015_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པོའི་དེད་དཔོན་གྱིས། །ཆོས་རྣམས་འབྱེད་པའི་ཤེས་རབ་དར་འཕྱར་ནས། །སྲིད་མཚོ་བསྒྲལ་ཏེ་ཐར་པའི་གླིང་བགྲོད་ཤོག །བདག་འཛིན་དབང་གིས་དགྲ་གཉེན་སོ་སོ་རུ། །བཟུང་ཡང་ཚེ་རབས་མང་པོར་ཕན་བཏགས་མ། །འགྲོ་ཀུན་དུཿ ཁས་མནར་ལ་སྙིང་རྗེ་ཡིས། །དྲངས་པའི་ལྷག་བསམ་རྣམ་དག་སྐྱེ་བར་ཤོག །རང་བདེ་གཞན་ལ་གཏོང་ཞིང་གཞན་དག་གི །སྡུག་བསྔལ་སྙིང་ནས་དང་དུ་ལེན་ནུས་པའི། །བདག་གཞན་མཉམ་པར་བརྗེ་བའི་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །ཤེས་རབ་ཕ་རོལ་ཕྱིན་པ་རྣམ་པ་དྲུག །བསྐལ་བརྒྱར་ཉམས་སུ་ལེན་ལ་མི་ཞུམ་པའི། །སྙིང་སྟོབས་གོ་ཆ་བཙན་པོ་བགོ་བར་ཤོག །རང་བློ་དམན་པའི་ལྕགས་ཁམས་ཐེག་ཆེན་བློའི། །གཙོ་སྦྱངས་གསེར་དུ་བསྒྱུར་བའི་ཉམས་ལེན་རྩི། །དོན་ལྡན་འབད་པའི་སྙིང་པོ་ཚུལ་བཞིན་དུ། །བསྒྲུབ་ལ་མི་མཐུན་བགེགས་དང་བྲལ་བར་ཤོག །རྣམ་དག་བསམ་པས་བརྩམས་པའི་དམ་ཆོས་ཀུན། །ལོག་པའི་ལམ་དུ་ནམ་ཡང་མི་འགྲོ་བར། །འབད་པ་དོན་དང་ལྡན་པའི་འབྲས་བཟང་གི །རྣམ་སྨིན་དཀར་པོར་འཛག་པའི་སྐལ་བཟང་རྩོལ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་ཡིས། །འགྲོ་བ་ཀུན་དང་བྱེ་བྲག་འདིར་སྣང་གི ། མཛའ་བཤེས་འཇིག་རྟེན་ཕ་རོལ་སོང་བ་རྣམས། །འཁོར་བའི་རྒྱ་མཚོ་ཆེ་ལས་ཐར་བར་ཤོག །འཇིག་རྟེན་ཀུན་ཏུ་ནད་མུག་འཐབ་རྩོད་སོགས། །ཞི་ཞིང་ཚེ་རིང་ལོངས་སྤྱོད་དཔལ་འབྱོར་འཕེལ། །ཁྱད་པར་རྒྱལ་བ་གཉིས་པ་བཙོང་ཁ་པའི། །བསྟན་པ་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །ཅེས་རྒྱུན་ཁྱེར་ཉམས་ལེན་དུ་བྱེད་རྒྱུར་བླ་མ་སྔོན་མ་གསུམ་ལ་ཤློ་ཀ་གསུམ། །ཕྱི་མ་གཉིས་ལ་ཤོ་ལོོ་ཀ་(༩༤ན)


GLG015_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། འདོད་ཁམས་བདག་མོར་ཤློ་ཀ་གསུམ་རྣམས་ལ་ཤློ་ཀ་རེ་རེ་བཞིན་ནས་མཚན་སྒྲ་ཐེབས་པ། དེ་རྣམས་ལ་གསོལ་བ་བཏབ་པས་སྐྱབས་གནས་ཀུན་ལ་གསོལ་བ་བཏབ་པ་དང་མཚུངས་པར་བྱིན་རླབས་འཇུག་པའི་ཤློ་ཀ་གསུམ་བློ་སྦྱོང་དང་སྨོན་ལམ་གཉིས་གོ་ཆོད་པའི་ཤློ་ཀ་བཅུ། དགེ་བ་བསྔོ་བའི་ཤློ་ཀ་གཉིས་དང་བཅས་པ་ཞིག་དགོས་ཞེས་ཤངས་བཀྲ་ཤིས་རྩེ་པ་བཀྲ་ཤིས་རབ་བརྟན་གྱིས་བསྐུལ་བའི་ངོར། དཔལ་ལྡན་བླ་མ་དམ་པ་བཞི་ལ་དམིགས་པ་མེད་པའི་ཐུགས་རྗེ་དང་མཁྱེན་རབ་ཚད་མེད་པ་མངའ་བ་ཡིན་པས་བརྗོད་པ་དོན་ལྡན་དུ་སྣང་ཡང་རང་ཉིད་ལ་ལུང་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་པར་གཞི་མེད་ཀྱི་སྒྲོ་འདོགས་དེ་བཞིན་ཤེས་ལྡན་རྣམས་ཁྲེལ་བའི་གནས་སུ་འདུག་རུང་བླ་ཆེན་སྤྱི་པའི་ཕྱག་མཛོད་ནས་བཏོན་པའི་ཧམ་པ་སྟོང་ཤོབ་ཀྱི་སྒོ་ནས་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་འཇམ་དཔལ་ལོ། །རྡོ་རྗེ་འཆང་དབང་རིགས་ཀུན་བདག་པོའི་དཔལ། །རྡོ་རྗེ་བཙུན་མོ་རྗེ་བཙུན་བདག་མེད་མ། །རྡོ་རྗེ་འཛིན་པའི་ས་བརྙེས་བིཪྺ་པར། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། ས་དྲུག་རྟོགས་པ་མངོན་གྱུར་ནག་པོ་པ། །ས་ལམ་བརྟུལ་ཞུགས་མཐར་ཕྱིན་ཌཱ་མ་རུ། །ས་སྐྱོང་རྒྱལ་རིགས་ཨ་ཝ་དྷཱུ་ཏཱི་པར། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །འཇིག་རྟེན་གསུམ་མགོན་ག་ཡ་དྷ་རའི་ཞབས། །འཇིག་རྟེན་མིག་གཅིག་ལོ་ཆེན་འབྲོག་མི་རྗེ། །འཇིགས་བྲལ་རྟོག་པ་མཐར་ཕྱིན་མཁར་ཆུང་པར། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཐུགས་རྒྱུད་གསུང་ངག་གིས་གཏམས་ཞང་སྟོན་རྗེ། །ཐུགས་རྗེ་ཆེན་པོ་བླ་ཆེན་ས་སྐྱ་པ། ཐུགས་སྲས་འཇའ་ལུས་བརྙེས་པའི་བསོད་ནམས་རྩེར། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །མཁས་གྲུབ་དབང་པོ་གྲགས་(༩༤བ)


GLG015_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱལ་མཚན་དཔལ། །མཁས་པའི་མཐར་སོན་པཎ་ཆེན་ཆོས་ཀྱི་རྗེ། །མཁས་བཙུན་ཀུན་གྱི་གཙུག་རྒྱན་འཕགས་པའི་ཞབས། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །མཁྱེན་ཡངས་སྙན་བརྒྱུད་འཛིན་པའི་དཀོན་ཅོག་དཔལ། །མཁྱེན་ལྡན་བླ་མའི་དབོན་སྲས་བྲག་ཕུག་པ། །མཁྱེན་བརྩེ་ནུས་ལྡན་བསོད་ནམས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཟབ་དོན་བཀའ་བབས་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཟབ་གསལ་ཏིང་འཛིན་མཐར་ཕྱིན་བུདྡྷ་ཤྲཱི། །ཟབ་ལམ་བསྟན་པའི་སྲོག་ཤིང་ཀུན་དགའ་བཟང་། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །འཁོར་ལོ་སྡོམ་པ་དཀོན་ཅོག་རྒྱལ་མཚན་དཔལ། །འཁོར་ལོའི་མགོན་པོ་བློ་གྲོས་རྒྱལ་མཚན་ཞབས། །འཁོར་འདས་དབྱེར་མེད་གཟིགས་པའི་རྡོ་རིང་པར། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །གསུང་ངག་སློབ་བཤད་མངའ་བདག་མཚར་པ་རྗེ། །གསུང་བ་ཚུལ་བཞིན་འཛིན་མཁས་མཁྱེན་བརྩེའི་ཞབས། །གསུང་རབ་རྒྱ་མཚོའི་མཐར་སོན་བསླབ་གསུམ་པར། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །རིགས་བརྒྱའི་ཁྱབ་བདག་དབང་ཕྱུག་རབ་བརྟན་དཔལ། །རིགས་ཀུན་མགོན་པོ་བསོད་ནམས་མཆོག་ལྡན་རྗེ། །རིགས་ལྡན་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །མ་དག་འཁོར་བར་འཁྱམ་པའི་འཁྲུལ་སྣང་ཀུན། །ཏིང་འཛིན་ཉམས་ཀྱི་སྣང་བར་རབ་ཁྱེར་ནས། །གསང་གསུམ་དག་པའི་རང་ཞལ་ལེགས་མཐོང་ནས། །བཞི་ལམ་འབྲས་བུའི་སྣང་གསུམ་རྟོགས་པར་ཤོག །སྣ་ཚོགས་བདག་མེད་འཁོར་བའི་འཆར་སྒོའི་གདངས། །མྱང་འདས་སྟོང་པའི་དབྱིངས་སུ་དངས་པའི་གཤིས། །མེད་བཞིན་སྣང་བའི་རོལ་རྩེད་བསམ་བརྗོད་བྲལ། །ཟུང་འཇུག་བློ་འདས་གནས་ལུགས་རྟོགས་པར་ཤོག །ལུས་ཀྱི་(༩༥ན)


GLG015_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྩ་ལ་བུམ་པའི་དབང་། །ལེགས་ཐོབ་སྣང་སྟོང་ལྷ་ཡི་འཁོར་ལོ་མཆོག །རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེ། །བསྐྱེད་རིམ་ཟབ་མོའི་ལམ་བཟང་འབྱོངས་པར་ཤོག །ངག་གི་དག་པ་ཡི་གེར་གསང་བའི་དབང་། །ལེགས་ཐོབ་གསལ་སྟོང་བདག་བྱིན་རླབས་པའི་མཐུས། །རང་རིག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེ། །རྩ་རླུང་ཟབ་མོའི་ལམ་བཟང་འབྱོངས་པར་ཤོག །ཁམས་ཀྱི་དྭངས་མའི་བདུད་རྩིར་གསུམ་པའི་དབང་། །ལེགས་ཐོབ་བདེ་སྟོང་དཀྱིལ་འཁོར་འཁོར་ལོ་ཡིས། །ཞུ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེ། །ཕོ་ཉའི་ཟབ་མོའི་ལམ་བཟང་འབྱོང་བར་ཤོག །རླུང་གི་སྙིང་པོ་ཡེ་ཤེས་དཀྱིལ་འཁོར་ལ། །ཚིག་དབང་ལེགས་ཐོབ་རྦ་རླབས་རྣམ་གསུམ་གྱིས། །རྣམ་ཀུན་མཆོག་དང་ལྡན་པའི་ཟུང་འཇུག་སྐུ། །ཕྱག་ཆེན་ཟབ་མོའི་ལམ་བཟང་མཐར་ཕྱིན་ཤོག །དབང་བཞིས་སྨིན་པའི་གྲོལ་བྱེད་ལམ་གོམས་པར། །ཁམས་འདུས་གསུམ་གྱི་འཕྲང་གེགས་ཆེན་པོ་ལ། །སྙན་བརྒྱུད་ལས་འོངས་སྤྱད་པ་རྣམ་གསུམ་གྱི། །གདམས་པས་རྐྱེན་ངན་ལམ་དུ་ལྷོངས་པར་ཤོག །དབང་རྟུལ་བརྩོན་འགྲུས་ཞན་པས་ཚེ་འདི་ལ། །འཇའ་ལུས་རྡོ་རྗེ་འཆང་དབང་མ་ཐོབ་ན། །དྲན་པ་རྣམ་གསུམ་གདམས་པས་བར་དོའི་འཕྲང་། །ཡོངས་སྒྲོལ་རང་བྱུང་ཡེ་ཤེས་རྟོགས་པར་ཤོག །སྲིད་པ་བར་དོའི་ལམ་གྱི་ཚོད་འཛིན་དུ། །འདིར་སྣང་ཨ་འཐས་ཞེན་པ་ཡོངས་བཀག་ནས། །ཉིན་དང་མཚན་གྱི་སྣང་བ་གཅིག་ཏུ་བསྲེས། །ཐབས་མཁས་སྒྱུ་མ་རྨི་ལམ་འབྱོངས་པར་ཤོག །གལ་ཏེ་བར་དོ་ཉམས་འོག་མ་ཆུད་ན། །སྨོན་ལམ་དག་པས་མཚམས་སྦྱར་འདའ་ཀ་མའི། །འཕོ་བའི་རྣལ་འབྱོར་ཟབ་མོ་ཉམས་བླངས་ཏེ། (༩༥བ)


GLG015_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

།དག་པའི་ཞིང་དུ་ཐོགས་མེད་བགྲོད་པར་ཤོག །འཕགས་ཡུལ་གྲུབ་དབང་དཔལ་ལྡན་ཆོས་སྐྱོང་དང་། །ལམ་འདིའི་ཤིང་རྟའི་སྲོལ་འབྱེད་ས་སྐྱ་པའི། །གསུང་ངག་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས། ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ཤོག །རྩ་བ་བརྒྱུད་པའི་དཔལ་ལྡན་བླ་མ་དང་། །དགྱེས་མཛད་རྡོ་རྗེ་ཞལ་བརྒྱད་ཧེ་རུ་ཀཿ །རང་སེམས་དབྱེར་མེད་དག་པའི་རྣལ་འབྱོར་གྱིས། །གསོལ་བཏབ་སྨོན་པའི་རེ་བ་ལྷུན་གྲུབ་ཤོག །རྩ་ཁམས་ལུས་ཀུན་ལྷ་ཡི་ངོ་བོར་ཤར། །ངག་གི་བརྗོད་པ་སྔགས་ཀྱི་གདངས་སུ་སྒྲོག །རང་སེམས་གསལ་སྟོང་ཟུང་འཇུག་བདེ་བ་ཆེའི། །ཕུན་སུམ་ཚོགས་པའི་དཔལ་གྱིས་ཁྱབ་གྱུར་ཅིག །ཅེས་རྣལ་འབྱོར་དབང་ཕྱུག་ཆེན་པོ་བིར་ཝ་པའི་ལམ་སྲོལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་སྨིན་གྲོལ་བརྒྱུད་པའི་གསོལ་འདེབས་ལུགས་སྲོལ་འདི་ཀའི་རང་སྐད་ཐུན་མོང་མ་ཡིན་པའི་བསྐྱེད་རྫོགས་ཟབ་མོའི་ལམ་ལ་སྦྱར་བའི་སྨོན་ལམ་དང་བཅས་པ་འདི་ནི་ཆོས་སྡེ་ཆེན་པོ་རི་བོ་བདེ་ཆེན་གྱི་ཀྱེ་རྡོར་སྒྲུབ་མཆོད་པའི་ཆོག་དཔོན་དགེ་སློང་རིན་ཅེན་དཔལ་བཟང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །ངག་ལ་སྨྲ་བའི་སྤོབས་པ་དགེ་བའི་དབང་། །བློ་ཆེན་ཚངས་པའི་ཡུལ་ས་ལས་བརྒལ་བས། །འཇམ་དབྱངས་དགྱེས་པའི་སྐལ་བཟང་བཤེས་གཉེན་མཆོག །རྒྱ་ཆེན་རྣམ་དཔྱོད་མཚོ་ལྟར་འཕེལ་ལ་འདུད། །དེང་ནས་ཡང་སྲིད་ཟོ་ཆུན་འཁྱུད་མོ་ལྟར། །འཁོར་བའི་ཕ་མཐའ་རྫོགས་མིན་དེ་སྲིད་དུ། །མགོན་པོ་ཁྱོད་ཀྱི་ལེགས་པའི་ལམ་བཟང་པོ། །སྟོན་པའི་སྐལ་བ་ཅན་དུ་བདག་འགྱུར་ཤོག །ཅེས་པ་འདི་ནི་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱི་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། (༩༦ན)


GLG015_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཛིདྡྷིདྷཱིཿཀརཔྲྀབཱབྷནུམཱནུཥཱུཎཱཾཤཱརཱིརཀུཎྜལིཀབྷདྲནིམིཏྟཀཱཡ། ཤྲཱིཨེམཀཎྛཏུརུཏིསྭརཀརྟཀཱིརྟེཿ ཙཱཏུཪྠསེནསཀལཱབྷབཨེཧིཨཱཤྲེ། པྲཛྙེནཁཌྒཨནུབྷཱབབལཱསདྷཱརེཀཱདཱཡབཤྴཏདལཱགྲཧསེབྷུརཱིཤ །རྒྱལ་ཀུན་བློ་གྲོས་དྷཱིཿཡིག་ཞུ་བའི་འོད། །མི་ཡི་ལུས་སུ་འཁྱིལ་བའི་མཚན་བཟང་སྐུ། །ངོ་མཚར་དཔལ་གྱི་མགུར་ནས་ཚངས་དབྱངས་སྒྲ། །གྲགས་པས་སྡེ་བཞིའི་དངོས་ཀུན་འདི་ན་ཤིས། །མཁྱེན་རབ་རལ་གྲི་མཐུ་སྟོབས་འཆང་བཟུང་ཅན། །བརྩེ་ལྡན་འདབ་བརྒྱ་བཞད་རྩེར་གཡུར་ཟ་བ། །ཨདྷྱཤཡཱབཧུཨུཔོཙྩལ ནྲྀཏྟིཀཱུལཧྨཻཔྲཀཥུཀརབརྟཔའཎྜུཊུཁྱ། །རཱསཀྵརསྱརྀཅཏེགུཎཔཱཙྱཛིཧྭཱཀལྤེཥུསུཥྚཀརཀོཊིཨནུཥྛབཉྫཱ། ཛྙཀཱལརཱཛརྀཥབྷཱསྭརཏཱམདྷཱུརཾསཱམཱནབྷོཥབྷགབཱཨམུཀེཥུབྷདྲ། །ལྷག་བསམ་དཔུང་པས་ཉེར་བཏེག་རིགས་གསུམ་གར། །གངས་ཅན་ར་བར་སྒྱུར་མཛད་བཙོང་ཁ་པ། །ཉམས་འགྱུར་ཚིག་གིས་ཁྱོད་ཡོན་བརྗོད་པའི་ལྕེ། །བསྐལ་བར་ལེགས་བྱས་བྱེ་བས་བསྒྲུབས་ཟོང་གིས། །དུས་མཁྱེན་རྒྱལ་པོའི་བསོད་ནམས་ཟིལ་དངར་ལ། །ལྷན་ཅིག་(༩༦བ)


GLG015_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་སྐལ་པ་འདི་ན་བཟང་། །རྒྱལ་བས་གང་གཟིགས་ཇི་ལྟ་ཇི་སྙེད་ཀྱི། གནས་ལུགས་མངོན་སུམ་མཁྱེན་པའི་སྤྱན་གྱི་དཀྱུས། །ཕ་མཐར་འཇལ་ལ་ཚངས་པ་རྒན་པོ་འདི། །ངལ་བས་བསྐལ་བརྒྱར་ཟག་བཅས་གཉིད་ལ་ཡུར། ཁ་བ་རི་པའི་ཤ་ལླི་ཀ་ཚལ་དུ། །བརླང་པོར་སྤྱོད་པའི་སྡོམ་བརྩོན་གཉིས་འཐུང་སྣར། །བག་ཡོད་ལྕགས་ཀྱུས་ཉེར་དུལ་ཚུལ་ཁྲིམས་ཀྱིས། །འགྲམ་ཆང་དངར་པོས་འཐུལ་བའི་དྲི་བསུང་འཕྲོ། །ཆགས་སྡང་སྒང་གཤོང་སྲིད་པའི་གོ་ལ་རུ། །མཐོ་དམའ་ལུས་ཅན་ཉི་ཟླའི་འགྲོས་མིན་པར། །བདག་གཞན་མཉམ་བརྗེའི་དབུ་མར་རྟག་རྒྱུ་བའི། །སེམས་དཔའ་ཆེ་དེ་སྲིད་གསུམ་རྣམ་པར་རྒྱལ། །ཉེས་པས་ནམ་ཡང་མ་གོས་ཡོན་ཏན་གྱི། །དངོས་ཀུན་ཚངས་པ་སངས་རྒྱས་རང་བཞིན་ཏེ། །དམན་བློའི་ཡུལ་ལས་འགོང་ཡག་རྒྱ་མཚོ་ཆེ། །ཚི་གུས་འཇལ་བློའི་སྤོབས་པ་དེང་འདིར་མཐོ། །འཕགས་ཡུལ་མཁས་རྒྱན་སྙན་ངག་མེ་ཏོག་འཕྲེང་། །གངས་ཅན་ཚལ་དུ་སྤེལ་ལེགས་ཤོང་དཔང་རྗེ། །རིང་ལུགས་མ་རྙིང་ལོ་ཆེན་ཆོས་སྐྱོང་བཟང་། །རྗེས་འབྲང་དོན་གྱི་ལྔ་རིག་འཇིག་རྟེན་མིག །གྲོང་གཏམ་ཚིགས་སུ་བཅད་པའི་ངན་སྐྱུགས་ལ། །ལེགས་བཤད་བདུད་རྩིར་རེ་བ་འཆའ་མིན་པའི། ཉམས་འགྱུར་དངར་བའི་རོ་བརྒྱ་བདའ་བའི་གཡང་། །བློ་གསལ་(༩༧ན)


GLG015_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་དགའ་སྟོན་བཞད་ལ་ཆགས། །དཔྱོད་ལྡན་ཡིད་དབང་དབང་བྱེད་རྒྱུ་ཐབས་ཆེ། །ཤེས་བྱ་སྲིད་ཀུན་ཀུན་བཟང་འཁོར་ལོ་རུ། ཤར་བའི་སྒྱུ་འཕྲུལ་འཕྲུལ་གྱི་ལྟད་མོ་ཡིས། །གསེར་མངལ་ཅན་དེ་དེ་རིང་མཁའ་ལ་ལྷགས། །རྒྱུ་དང་མི་རྒྱུའི་ཡིད་ཅན་རྣམས་ཀྱི་བཤེས། །བཤེས་གཉེན་གདན་གསུམ་ཚང་བའི་འཁོར་ལོའི་མགོན། །ལེཊ ལྡན མཁྱེན བརྩེ ནུས པའི མངའ བདག མཆོག རྣམ པ ཐམས ཅད མཁྱེན པས བློ བཟང གྲཊས ལམ རྩེར སོན བླ མེད བྱང ཆུབ ཏུ འདྲེན བྱ སྐྱེ རྒུར ལྷག བསམ དག པའི དཔལའཇམ མགོན ཐབས ཀྱིས ངུར སྨྲིག རྣམ རོལ མི ལུང དོན རིག པས འབྱེད ལ་ དབྱངས སྙན་ ཅན་འཁོར འདས་ གནད་ ཤེས ཕ མཐར ལྷུང མི འགྱུར རྟོཊ མཆོག བྱང ཆུབ སེམས ཀྱིས ཐུགས རྒྱུད བལྟམསམདོ དང རྒྱུད སྡེ ཟུང ལྡན འཆད ལ བདེ རིང ནས སྦྱངས པའི ལེཊ བཤད རྒྱ མཚོའི གཏེརསྨིན གྲོལ་ བསྐྱེད རྫོཊ ལམ འཇུག ཟུང འབྲེལ བའི ལུཊ སྲོལ རྣམ བཤད སོ སོར མ འདྲེས འཆདཆོས མངོན ཤེས བྱ གཞི མངའ མཁྱེན པའི བདག གསལ པོར སྟོན པའི བློ གྲོས ཡངས ཤིང ཟབརྣམ དག ཁྲིམས གཙང ཉེ བར འཁོར དངོས ཉིད དེ མཛད རྗེས འབྲང ཐུབ བསྟན རྩ ལག མཆོགཟབ དོན ཕ རོལ ཕྱིན གཞུང སྨྲ མཁས རྒྱལ རྒྱལ ཀུན་ ཤུལ བཟང ལམ འདི རྙེད ཚོཊ དགེསྐར ནག རྩིས ཀྱིས ལྐོག གྱུར རྟོཊ པས རྒྱལ རྒྱལ ཕྱིར ཟབ གནད ངེས ཤེས ཐབས ཀུན མཁསཟློས གར སྐད རིཊ མཁའ ལྟར རབ ཡངས བཞིན ཁྱབ དེས ཤེས བྱར སྲིད ཀུན ཚད དུ འཇལབོན དང འདོད རྒྱལ མངོན བརྗོད བློ གྲོས རྩལ བསྟན བཅོས ཟབ ཅིང བརླིང བའི སྒོ འཕར འབྱེདཕྱི ནང སྡེབ་ སྦྱོར ཀུན རིག་ ངོ མཚར བྱེད སྲིད ཞེན མིན སེམས ཐུབ བསྟན མཛེས པའི རྒྱནསྙན ངག ཉམས འགྱུར རྣམ དཔྱོད གཞན ཡིད འཕྲོག ཆོས ཚུལ འགྲོ ལ ཕན ཐབས འབྱམས སུ ཀླསཚད མའི གཞུང ཀུན འཆད རྩོད རྩོམ པར དབང མཐར བྱེད རིག པའི མཚོན ལ རྣོ ངར ལྡནབདག གཞན དོན གཉིས མཉམ པར བརྗེ ནུས བཟང ཆེ ཕྲར རིས སུ མ ཆད ཀུན གྱི བཤེསཉིན དང མཚན ཀུན བག ཡོད སྡོམས པས བཙུན མཚོ ལྟར གཏིང ཟབ གསུང རབ དེ ཉིད གཟིཊབརྡ སྤྲོད ཀ ཙན གཙུག ལག རྣམས ལ མཁས རྒྱ་ ཆེན གནས ལྔ རིག པས ཐུབ བསྟན བདགམགོན་པོ་འཇམ་དབྱངས་ངུར་སྨིག་རྣམ་རོལ་ཚུལ། །ཚུལ་ལྡན་བསྟན་པས་རྒྱ་ཧོར་བོད་ཀུན་ཁྱབ། །རང་རང་གདུལ་བྱའི་ཁམས་དང་ལེགས་འཚམ་པར། །མང་མང་ཐེག་པའི་འཇུག་སྒོ་ཀུན་འབྱེད་ཀྱང་། །ཟབ་ཟབ་དོན་གྱི་སྙིང་པོ་སྟོན་པ་ལ། །མཁས་མཁས་ཡོངས་ཀྱི་ཟླ་བྲལ་བཙོང་ཁ་པ། །གང་ལ་བསྟོད་པའི་འཇིགས་མེད་སྤོབས་བའི་མཚོར། །བསོད་ནམས་རྩ་བ་སྦོམ་པོར་སྐྱེད་བསྲིངས་པའི། །བདེ་སྐྱིད་འབྲས་ཁུར་ལྕི་བའི་དཔག་བསམ་ལྗོན། །རོ་བརྒྱའི་བཅུད་མྱང་རྩེ་དགའ་དགོད་གྱུར་ཅིག །སྤྱི་དང་ཁྱད་པར་བསྟན་པའི་ཙནྡ་དྲི། །ངད་འཐུལ་འགྲོ་བའི་སྙིང་ཞུགས་གདུང་བ་ཀུན། །རབ་གཞིལ་གཏན་བདེའི་ངལ་གསོ་མ་ལ་ཡའི། །བྱང་ཆུབ་སྙིང་པོའི་ཚལ་དུ་བྱེད་གྱུར་ཅིག །སྡིག་ལྟའི་དྲི་བྲལ་གངས་ཅན་གངྒཱའི་ཡབ། །རྣམ་སྨིན་གཅིག་ཏུ་དཀར་བ་ཉལ་འགྲོའི་རྒྱུན། །འཛད་མེད་འབབ་བྱེད་དགེ་ཚོགས་ཁ་བའི་གོས། །རྣམ་པ་ཐམས་ཅད་མཁྱེན་པར་གྱོན་གྱུར་ཅིག །མང་བཀུར་གནམ་བསྐོས་ཁྲིམས་ཀྱི་ས་ཟླའི་ཤིང་། །མཆོག་དམན་གཉའ་བར་ལྕི་བ་དྲང་པོའི་ཐིག །ཛཱ་ཏིའི་མེ་ཏོག་འཆར་ནས་ཟ་འོག་ཐགས། །འཐག་པའི་ནོར་འཛིན་ཁྱོད་ལ་འདེགས་གྱུར་ཅིག །མཁའ་དང་མཉམ་པའི་འཁོར་བའི་མཚོར་ལྷུང་མ་རྒན་སེམས་ཅན་ལ། །རང་གི་བདེ་དངོས་གཞན་ལ་(༩༧བ)


GLG015_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བའི་སྙིང་སྟོབས་ཆ་ཤས་ཉ། །ཡོངས་གང་སྔོན་མེད་ཟླ་བ་རླབས་ཆེན་སྤྱོད་མཆོག་མཁར་བགྲོད་པའི། །རྒྱལ་སྲས་དམ་པའི་བཤུལ་རྗེས་སྙེག་འདོད་སྨོན་པ་འགྲུབ་གྱུར་ཅིག །སྒྲིབ་གཉིས་རྒྱ་གྲོལ་ཡེ་ཤེས་མཆོག་གི་འོད་སྟོང་འབར་བའི་གཟི་བྱིན་གྱིས། །སྲིད་ཞིར་རྗེས་ཆགས་མ་རིག་མུན་བཅོམ་སྨིན་གྲོལ་སྣང་མཛད་ངེས་གསང་ལམ། །འཇིག་རྟེན་གསུམ་གྱི་སྒྲོན་མེ་གཅིག་པུ་འགྲོ་རྣམས་རྡོ་རྗེ་འཛིན་པའི་ས། །ཐོབ་མིན་དེ་སྲིད་འཕེལ་འགྲིབ་སྤངས་པའི་ཉིན་མོར་བྱེད་ལུས་འཛིན་གྱུར་ཅིག །དེ་ལྟར་མཁས་དབང་དཎྜིའི་དགོངས་དོན་རྒྱ་གར་ཁ་སྤུ་ཅན་གྱི་ལུགས་ཀ་སྨི་ར་པའི་ཀུན་འཁོར་ཁོ་བོའི་སློབ་དཔོན་ཆེན་པོ་སྨོན་འགྲོ་པཎྜི་ཏ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་ཡབ་སྲས་ཀྱི་གསུང་ལས་ཐོས་པ་ལྟར་གཅིག་གཉིས་ཤིག་བཀོད་པ་ལ་རིག་གནས་རང་བྱོན་དུ་ཤེས་རློམ་ཅན་འགའ་ཞིག་གིས་མ་རྟོགས་པས་མཚར་དུ་མི་འཛིན་པ་ཙཱུ་ཏའི་ཡུལ་གྱི་རྐང་གཉིས་པ་ལྟར་ལ་ད་ལམ་བཀོད་པའི་ཀུན་འཁོར་འདི་འདྲ་སྔོན་ཆད་འགོད་པ་མང་དུ་བྱུང་ཞིང་། ཚུལ་དེ་སྙན་ངག་གི་གཙུག་ལག་ཤེས་པ་རྣམས་ཧ་ཅང་མགུ་བའི་གནས་མིན་ཀྱང་སྔོན་དུས་འདི་རིགས་རྩོམ་ཤེས་པའི་ང་རྒྱལ་བར་མཆོག་འཛིན་ཅན་རྣམས་ཀྱི་འཁྲུལ་བློ་སེལ་བ་དང་། རྟོག་གེ་དང་མདོ་རྒྱུད་རིག་བྱེད་ལ་སྦྱངས་པའི་ཁུར་ལྡན་བློ་གྲོས་གཞོན་ནུའི་ངང་ཚུལ་ཅན་རྣམས་ངོ་མཚར་བའི་ཆེད་དུ་ཟ་ཧོར་གྱི་བནྡེས་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ཧོར་གྱི་ཟླ་བ་བདུན་པའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཚེས་ལ་བོད་དང་བསྟུན་པའི་ཀུན་བཟང་འཁོར་ལོའི་སྒོ་ནས་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ལ་བསྟོད་པ་ཤྲི་ཡེ་ཛ་ཡནྟུ།


GLG015_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སུབྷཱགསདྷརྞརུཙཱིཨལངྐརེཥུསམྦབྷཱབཱདམགུཎྱཨཱམད། ཕྲབེདུཔཱཡོབྷཡབིཥྛཨཱིཤརཱཛྱབཛྲསཏྭཔྲབྷབཱཤིཥ། །སྐལ་བཟང་སྣང་བ་དམ་པའི་མཛེས་རྒྱན་དུ། །ཕུན་ཚོགས་སྲིད་ཞིའི་ཡོན་ཏན་ཀུན་གྱི་དཔྱིད། །ཐབས་ཤེས་ཟུང་འཇུག་དབང་གི་རྒྱལ་པོའི་མཛོད། ཁྱབ་བདག་རྡོ་རྗེ་སེམས་དཔའ་དངོས་ཀུན་ཤིས། །


GLG015_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཏྱཱཔཱརམུདྲཱབིཤཨུཏྟམཛྙནཾནཱགཪྻམེཙིཏྟྱཙཧེརུཀཔྲབྷཱུ། ཧྲཾདྨདྷྱནོཔཏྱནཊོཏྠིཏསྱབརྟིསྶེཏྲསཿ མཽབྷསུནེརུཙཱཕལཾ། །སྒྲིབ་གསུམ་རྒྱ་བྲལ་ཡེ་ཤེས་མཆོག་གི་གྲོང་། །རང་སེམས་དག་པའི་ཁྱབ་བདག་ཧེ་རུ་ཀ །སྙིང་དབུས་འོག་མིན་ཞིང་དུ་བཞེངས་པའི་གར། །བསྒྱུར་དེ་སྨིན་གྲོལ་ཐེག་པའི་རྩེར་སོན་འབྲས། །(༩༩ན)


GLG015_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནཻགུཔརྦྷུཀྵིཨུཥྞཱིཥཡུགྨཏྲནོཤུདྡྷཨཱདྷཱཔྲུཥཱདྷཱཏུམཱུརྡྷཡཏཱཿཨིནྡྲཙཱཔསྱརཱུཔཱམྲྀཏཱབཛྲཀཱཡཱབྷབཾསཱ དྷྱཀལྤེབིཛཻཀཱཡུརཾ། །ངེས་གསང་བརྒྱ་བྱིན་གཙུག་ཏོར་རེག་ཙམ་གྱིས། །མ་དག་སྦྱང་གཞིའི་ཕུང་ཁམས་སྐྱེ་མཆེད་རྣམས། །འཇའ་ལུས་རྡོ་རྗེའི་འཆི་མེད་སྐུར་གྱུར་ཚེ། །བསྐལ་པར་བསྒྲུབ་བྱའི་ས་བོན་ཚེ་གཅིག་སྨིན། །སྔོན་གོམ་གཟུང་འཛིན་དྭངས་ཤེལ་རྩིག་པའི་ངོས། །འཁྲུལ་སྣང་དགྲ་འདྲེར་ཤར་བ་ལང་ཀའི་མགོ །གཅོད་དང་ལྷན་ཅིག་བརྟན་གཡོའི་སཱི་ཏ་མ། །འགུགས་པའི་དབང་དྲག་ལས་འདི་སྒྱུ་ཐབས་ཆེ། །མི་འཛད་བདུད་རྩིས་ཉེས་བརྒྱའི་ཟུག་ངུ་རྣམས། །རབ་བཅིལ་བསོད་ནམས་རང་བློའི་དྲོད་ཆེན་པོས། །ཚེ་དཔལ་སྟོབས་འབྱོར་གསེར་སྒོང་ཉེར་སྦྲུམ་པས། །ཞི་རྒྱས་ཕན་བདེའི་རྩེ་དགའ་ཁོང་ནས་དགོད། །འདི་དང་ཡང་སྲིད་ཀུན་ཏུ་ཉེར་བདེ་ཞིང་། །གྲགས་ཆེན་སངས་རྒྱས་ཚེགས་(༩༩བ)


GLG015_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་གིས་ཐོབ་པའི། །གསང་ཆེན་ནཱ་དའི་དབྱར་རྔ་སྒྲ་བོ་ཆེས། །དབང་རྣོན་མདོངས་མཐའ་རབ་དགའི་མངལ་ཁུར་འཛིན། །ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རྒྱལ་བ་ཀུན། །དཀྱིལ་འཁོར་གཅིག་གི་གཙོ་བོར་ཡོངས་ཤར་ཡང་། ཉིད་ལས་གཞན་མིན་བྱེ་བ་ཕྲག་བརྒྱའི་འཁོར། །གདན་གསུམ་ཚང་བའི་མགོན་དེ་རྟག་ཏུ་རྒྱལ། ཁ་སྦྱོར་བདུན་དང་ལྡན་པའི་ལོངས་སྤྱོད་རྫོགས། །ངོ་མཚར་བཀོད་པ་རྒྱ་མཚོའི་ཞིང་ཁམས་སུ། །མཆོག ཐུན དངོས གྲུབ ཡིད བཞིན དབང གི རྒྱལ འདོད དགུར སྩོལ མཛད རྡོ རྗེའི སློབ་ དཔོན དཔལབུམ དབང ཆུ རྒྱུན ཉོན མོངས སྦྱོང བ ལ རྗེས ཆགས ལམ བྱེད ཆོས འདི སྐལ ལྡན ཡུལམ ལུས རིགས རྣམས ཁྱབ བདག སྲས དང བཅས བཞུ མྱང གསང དབང རྩ ཁམས བདེ བ ཆེབྱང སེམས འབེབས འཛིན ལྡོག དང གྲེམ པ ཡིས དགའ བཞིའི བདེ ལམ རྩལ ཆེན ཕྱག རྒྱའི དབངབརྗོད བྲལ ཟུང འཇུག སློབ ལས རབ འཕགས པའི ཚིག དབང རིགས ཀུན བདག པོར མངའ གསོལ བརིག པ སོ མར རྗེ དཔོན རྐང འཁྱམས རང ངོ འཕྲོད དེ ཉིད ལས གཞན ཐེག མཆོག གངཕྲ ཞིབ རིམ པ དང པོའི ས བསྒོམས པས ཐ མལ སྣང ཞེན འགོགས པའི དོན དེ རྙེདཟུང འཇུག ཟབ མོའི ལམ བཟང ལེགས ཐོབ པའི གྲོལ བྱེད རྫོགས རིམ མངོན རྟོགས ཀུན གྱི མཆོགདབང ཕྱུག བརྒྱད ཀྱི དཔལ ལ མངའ སྒྱུར སྡེ སྡེ ཚན འདུས མདོས གདུལ བྱ ཐེག བཀུར འདྲེནདཔལ ལྡན ཀུན བཟང ཐུགས བཅུད སེམས ཀྱི སྡེ སྡེ བཞིའི སྒོ འཕར ཕྱེ འདི ངོ མཚར དཔྱིདམྱང འདས ས རྙེད ཞི ཁྲོའི གར གྱུར པས ཀུན ཕན སྒྱུ འཕྲུལ བཀའ བརྒྱད འདུས ཚོགས ལྷདུས ཀྱི འཁོར ལོ རྣལ འབྱོར མཆོག གི ཆོས ཕྱི ནང གཞན གསུམ འགྲོ རྣམས ལམ དུ འཁྲིདརྒྱུད ཀུན སྨྲ མཁས གནད ལ འཇིག མེད བློ ནམ མཁའ ལྟར ཡངས དེ འཛིན འདུས པའི གཞུངགཞི ལམ འབྲས བུར སྤེལ ལེགས གསུང ངག ཆོས རྩ ཁམས རླུང རྣམས རབ འབར གསང མཐའི ལམབྱ རྩོལ གཙོར སྟོན བྱེད པོ རིགས གསུམ གྲགས ཏིང འཛིན བཞི བཅའ རྣལ འབྱོར ཆ མཉམ སྤྱོདམ རུངས དགའ རབ དབང ཕྱུག སྙིང ཁ ལ མཚོན བསྣུན དམ ཅན གར དགུའི མངའ བདག འགྱིངབློ ལྡན ཞི པས འགྲོ འདུལ འཇམ པའི ཚུལ མཐུ ལྡན ནུས རྩལ དྲག ཤུལ ཞིང བཅུ སྒྲོལལེགས ཚོགས བཤད སྒྲུབ དེ འབྲས ལུང རྟོགས བསྟན སྟོབས འབྱོར ཚེ སྤེལ ཁམས གསུམ རང གིར དབངསྨིན་གྲོལ་འཕྲིན་ལས་ཕྲ་རགས་སྒོ་འཕར་བརྒྱ། །རབ་ཕྱེ་ཡོན་ཏན་མཁའ་ལྟར་འབྱམས་སུ་ཀླས། །རྒྱལ་གསུང་ཆོས་ཕུང་རྒྱ་མཚོའི་རྩེ་མོ་རུ། །ཨེ་ཝཾ་ཟུང་འཇུག་རྡོ་རྗེའི་ཐེག་པ་མཆོག །བསྟོད་པའི་ལེགས་བྱས་རྩ་བ་སྦོམ་པོ་རུ། །སྐྱེད་བསྲིང་འབྲས་བུར་རོ་བརྒྱའི་གཡང་ཞིག་ཆགས། །གསལ་གསལ་རང་སྣང་ལྷར་ཤར་ཞི་ཁྲོའི་གར། །དུང་དུང་འཁྲུལ་ངོར་ལོགས་སུ་མཆོད་བསྟོད་ཀྱང་། །གང་དག་གཟུང་འཛིན་བྲལ་བའི་ཕ་རོལ་ན། །ཡང་ཡང་དཔྱད་ཚེ་རང་རིག་རྡོ་རྗེའི་སེམས། །འོན་ཏེ་སྙན་སྙན་ཉམས་ཀྱི་རྒྱུད་མང་པོ། །ཐ་སྙད་འགྲིག་འགྲིག་སྡེབ་སྦྱོར་གཞུས་བསྐུལ་ནས། །བསྟོད་བསྔགས་ལེགས་ལེགས་སྤེལ་བའི་ཚིག་སྦྱོར་འཕྲེང་། །(༡༠༠ན)


GLG015_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྡན་མཁས་མཁས་ཡིད་དབང་འདི་ན་འཕྲོག །ཕྱོགས་རེར་སྦྱངས་པའི་ཡོན་ཏན་ལ་བརྟེན་ནས། །ཕྱོགས་འཛིན་རང་འདྲའི་སློབ་མས་བསྟོད་མིན་པའི། །ཕྱོགས་མེད་ཤེས་བྱ་ཀུན་རིག་སྙན་པའི་སྒྲ། །ཕྱོགས་ཀྱི་སྒེག་མོས་ཉེར་སྒྲོགས་ཤོང་དཔང་རྗེ། །ལྔ་རིག་སྨྲ་ལ་འཇིགས་པ་མེད་པའི་བློ། །བློ་ལྡན་དགེ་དབང་སྙེམས་འཕྲོག་ཐམས་ཅད་མཁྱེན། །མཁྱེན་ཡངས་གང་གིས་མཆེད་ཟླའི་འཇིག་རྟེན་མིག །མིག་སྟོང་ཅན་གྱིས་རྙེད་མིན་ཆོས་སྐྱོང་བཟང་། ངེས་པར་གནས་ལྔ་རིག་པའི་ཞལ་གྱི་ལུང་། །ཆད་མེད་འཛིན་མཁས་སྨོན་འགྲོ་ལོ་ཙཱ་བའི། །དྲིན་ལས་དབྱངས་ཅན་སྙིང་གི་ཐིག་ལེ་རུ། །རྗེས་ཆགས་དཔྱིད་ཀྱི་རྒྱལ་མོའི་གླུ་འདི་ལེན། །དོན་ལྡན་སྙན་དངགས་སྤུངས་པའི་གངས་རི་ལས། །ལེགས་བྱས་རབ་འཕེལ་ཡན་ལག་བརྒྱད་ལྡན་ཆུ། །དུས་གསུམ་བསགས་པའི་རྣམ་དཀར་ཉལ་འགྲོ་དང་། །ལྷན་ཅིག་བྱང་ཆུབ་སྙིང་པོའི་མཚོར་འབབ་ཤོག །མ་རིག་གཉིད་སློང་དགེ་བའི་སྐྱ་རེངས་མས། །ཉེར་དྲངས་བསོད་ནམས་ཉི་མའི་གཟི་བྱིན་གྱིས། །འཇིག་རྟེན་ཀུན་ཏུ་སྡིག་ལྟའི་འབྲས་བུའི་མུན། །མཐར་བྱེད་བདེ་སྐྱིད་སྣང་བ་འབར་གྱུར་ཅིག །བརྒྱ་ཕྲག་བྱ་དཀའི་ཕྱིན་དྲུག་སྤྱོད་པ་ཡིས། །བསྐལ་པར་ཚེགས་ཀྱི་སངས་རྒྱས་བསྒྲུབ་མིན་པར། །ཚེ་གཅིག་ཀུན་མཁྱེན་འཐོབ་བྱེད་ཉེ་བའི་ལམ། །ངེས་གསང་བསྟན་རྒྱས་སྐྱེ་བར་དེར་འཇུག་ཤོག །བློ་གསལ་གདུལ་བྱར་བསྐལ་བཟང་རྣམ་འདྲེན་བཞི་པའི་གསུང་། །འཁྲུལ་མེད་གྲགས་སྙན་ཇི་བཞིན་སྟོན་མཛད་བཙོང་ཁ་པའི། །རིང་ལུགས་རྡོ་རྗེ་རྣོན་(༡༠༠བ)


GLG015_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཚོན་གྱིས་ཡིད་སྲུབས་སྡེ། །བཅོམ་ནས་བསྟན་པའི་རྒྱལ་རྔ་སྲིད་པའི་རྩེར་སྒྲོག་ཤོག །ཚེ་རིངས་གནམ་གྱི་ཤེ་མོང་དཔུང་པས་དུས་ཀྱི་བདག་པོ་རུ། དབང་སྐུར་ཅོད་པན་ཉེར་བཅིངས་རྩོད་དུས་འཁོར་ལོས་བསྒྱུར་བའི་ལྷ། །དགའ་བའི་དཔལ་ལྡན་མཆོད་ཡོན་ཉི་ཟླ་ཟུང་གི་ཆོས་སྲིད་ཁྲིམས། །གླིང་བཞིའི་དཔལ་ལ་འདོད་རྒུར་སྤྱིད་པའི་དབང་ཕྱུག་ཆེ་གྱུར་ཅིག །པདྨའི་རྩ་བ་ལྟར་དཀར་རབ་དཀར་ལྷག་བསམ་བྱེད་པོ་ཡིས། །ཟབ་གསང་རྡོ་རྗེའི་ཐེག་པ་ལས་བརྩམས་ཡོན་ཏན་བརྗོད་པའི་གཏམ་སྙན་པོས། །ལུས་ཅན་ཀུན་ཀྱང་དཀོན་ཅོག་གསུམ་ལ་ཆེད་དུ་བརྗོད་པའི་བསོད་ནམས་ཀྱིས། །ཆེས་དཀར་ཕུང་པོ་དུས་མཁྱེན་རྒྱལ་པོའི་སྐལ་བ་མཆོག་དང་མཚུངས་པར་ཤོག །དེ་ལྟར་རྒྱ་གར་འཕགས་པའི་ཡུལ་གྱི་པཎ་ཆེན་ཁ་སྤུ་ཅན་རྣམས་ཀྱི་ལུགས་སྲོལ་བོད་འདིར་འཇམ་ཁ་སོགས་མཁས་པ་རྣམས་ཀྱིས་ལེགས་པར་བཀྲལ་བའི་ཀ་སྨི་ར་པའི་ཀུན་འཁོར་སློབ་དཔོན་མཁས་པའི་དབང་པོ་སྨོན་འགྲོ་པཎྜི་ཏ་ཡབ་སྲས་ཀྱི་གསུང་བགྲོས་ལྟར་སྔོན་ཆད་བཀོད་པ་རྣམས་ཕྱོགས་རེའི་མིག་ཅན་གྱི་མཁས་རློམས་རྣམས་ཀྱིས་བྱིས་པས་ལྷ་ཁང་མཐོང་བ་ལྟར་གྱུར་པ་ནས་བོད་རྣམས་དགའ་བའི་ཀུན་འཁོར་དང་བསྟུན་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་དོན་སྨིན་གྲོལ་འཕྲིན་ལས་ཀྱི་རིམ་པ་ལས་བརྩམས་ཏེ་ཟ་ཧོར་གྱི་བནྡེས་དགེ་བྱེད་ཀྱི་ལོ་ཐ་སྐར་གྱི་ཉ་བའི་ཕྱོགས་སྔ་མའི་རྒྱལ་བ་གསུམ་པའི་ཚེས་ལ་སྦྱར་བ་ལཤྨིསིདྡྷིརསྟུ། ངག་ལ་སྨྲ་དབང་བློ་གྲོས་མཚོན་རྣོན་པོ། །སྐལ་བཟང་སོར་མོས་རབ་གབས་རྨོངས་པའི་(༡༠༡ན)


GLG015_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། །གྲོལ་བས་མཚོ་བྱུང་ངང་མོའི་མགྲིན་པའི་གླུ། །མདོ་རྒྱུད་དབྱངས་སུ་ལེན་ལ་གསོལ་བ་འདེབས། །རླབས་ཆེན་སྤྱོད་ལ་འཇིགས་མེད་ལྷག་བསམ་ཟླ། །བྱམས་དང་སྙིང་རྗེའི་ཆ་ཡིས་ཉེར་གང་བའི། །འཕྲིན་ལས་འོད་སྟོང་ཟེར་གྱིས་མཐའ་ཀླས་འགྲོའི། །ཕན་བདེའི་ཀུནྡ་བཞད་ལ་གསོལ་བ་འདེབས། །རྒྱལ་ཀུན་མཐུ་སྟོབས་ཕྱག་ན་འབར་བའི་མཚོན། །ས་འཁྲེགས་རྡོ་རྗེའི་བཞུ་བླུག་གོ་ཆ་ཅན། །ཡིད་སྲུབས་གཡུལ་ལས་རྒྱལ་ཏེ་ཐུབ་པའི་བསྟན། །ལང་ཚོའི་དཔལ་འཛིན་སྡེ་ལ་གསོལ་བ་འདེབས། །འཁོར་བའི་ཚེར་རྣོོན་ངར་གཞོམ་འཇམ་པའི་དཔྱ། །མྱང་འདས་དབྱངས་སྙན་གཏན་བདེའི་མགྲིན་པ་ན། །གཡས་ངོས་དགའ་བ་ལེགས་འཁྱིལ་མཛའ་བའི་བཤེས། །རིས་མེད་སྐྱེ་རྒུའི་གཉེན་ལ་གསོལ་བ་འདེབས། །མི་ཕྱེད་དད་པའི་འཆི་མེད་སྐྱེད་ཚལ་དུ། །ཕུན་ཆོགས་དགེ་བའི་ས་བོན་སྨིན་པ་ལས། །སྐྱེ་བར་རྡོ་རྗེ་སློབ་དཔོན་ཡོངས་འདུའི་ལྗོན། །ལེགས་བསྟེན་ཟུང་འཇུག་འབྲས་བུར་སྤྱོད་གྱུར་ཅིག །ཅེས་པ་འདི་ཡང་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་ཆོས་ཀྱི་གདན་ཁྲི་ལ་མངོན་པར་འཛེགས་པའི་མཁན་ཆེན་གཏིང་སྐྱེས་པ་ཀུན་དགའ་བསོད་ནམས་ལེགས་པའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །སྤྱི་གཙུག་འདབ་སྟོང་ཟེའུ་འབྲུར་ཉི་ཟླའི་སྟེང་། །དུས་གསུམ་སངས་རྒྱས་པདྨ་འབྱུང་གནས་དང་། །དྲིན་ཅན་རྩ་བའི་བླ་མ་དབྱེར་མེད་དུ། །ངེས་རྙེད་མི་ཕྱེད་དད་པས་(༡༠༡བ)


GLG015_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །དཔལ་ལྡན་བླ་མ་རྣམ་པ་ཐོད་འཕྲེང་རྩལ། །གསང་གོས་རྣམ་སྦྱར་ཟ་བེར་པད་ཞུ་ཅན། །རྡོ་རྗེ་ཐོད་པ་ཁ་ཊཱཾ་རྩེ་གསུམ་འཆང་། །སྲིད་གསུམ་ཟིལ་གནོན་སྐུ་ལ་གསོལ་བ་འདེབས། །མཆོག་དམན་བར་པའི་གདུལ་བྱ་མ་ལུས་པའི། ཁམས་དང་དབང་པོར་འཚམ་པ་དམ་པའི་ཆོས། །སྣ་ཚོགས་ཐེག་པ་ཀུན་སྟོན་ཚངས་པའི་གསུང་། །ཡན་ལག་དྲུག་ཅུའི་རྗེས་འགྲོར་གསོལ་བ་འདེབས། །ཀུན་རྫོབ་སྣང་བའི་མཁའ་ལ་ཞི་ཁྲོ་ཡི། །རྟེན་དང་བརྟེན་པ་ལྷུན་གྲུབ་རབ་བཀྲ་ཡང་། །ཀ་དག་ཆོས་དབྱིངས་རིག་པའི་རང་རྩལ་དུ། །ལེགས་ཤར་དྲི་མེད་ཐུགས་ལ་གསོལ་བ་འདེབས། །ངག་ལ་སྨྲ་མཁས་དབང་པོར་གྲུབ་པའི་བློའི། །མཚོན་རྣོན་ལྷག་བསམ་དཔུང་པས་རབ་བཏེག་ནས། །སྐལ་བཟང་ཐེ་ཚོམ་དྲ་བ་ཡོངས་གཅོད་པའི། །ཆོས་ཀུན་འཁྲུལ་མེད་སྟོན་ལ་གསོལ་བ་འདེབས། །རྒྱ་མཚོ་ལྟར་ཟབ་སྨིན་གྲོལ་གསང་སྔགས་ལམ། །འཇིགས་མེད་སེང་གེའི་རྒྱུད་ཀྱི་ང་རོ་ཡིས། །ཡིད་སྲུབས་དཔུང་ལས་རྒྱལ་བའི་གོ་ཆ་ཅན། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་འདེབས། །བཟང་ངན་རྟོག་ཚོགས་གང་ཤར་ཆོས་ཀྱི་སྐུ། །རང་གྲོལ་སྣང་སྲིད་ཟིལ་གནོན་དུས་དགྲའི་དབང་། །འགྲོ་ལ་རྗེས་ཆགས་འཇམ་དབྱངས་དགའ་བའི་བཤེས། །མཁྱེན་བརྩེ་ནུས་ལྡན་དབང་པོར་གསོལ་བ་འདེབས། །དགེ་དེས་མགོན་ཁྱོད་བསྐལ་བརྒྱར་ཞབས་བརྟན་ཞིང་། །བསྟན་འགྲོའི་ཕན་བདེ་ཡར་ངོའི་ཟླ་ལྟར་འཕེལ། །བདག་སོགས་འདི་ཕྱིའི་གཏན་འདུན་མ་ལུས་པ། །ལྷུན་གྲུབ་བསམ་པའི་རེ་བ་སྐོར་གྱུར་ཅིག །ཅེས་(༡༠༢ན)


GLG015_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཨྱོན་གྱི་སློབ་དཔོན་ཆེན་པོ་དང་རྩ་བའི་བླ་མ་ཐ་མི་དད་པར་གསོལ་བ་གདབ་པའི་རིམ་པ་འདི་ལྟ་བུ་ཞིག་དགོས་ཞེས་ཐོན་ནོར་འཛིན་སྐྱོང་བ་ལེགས་ལྡན་དབང་པོར་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །གསུང་ངག་དབང་གིས་བློ་ལྡན་སྐལ་བཟང་རྣམས། །སྟོང་གཟུགས་ཕྱག་རྒྱ་ཆེན་པོར་ཡོངས་སྨིན་པ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དུས་འཁོར་ལོའི། །བདག་ཉིད་དཔལ་ལྡན་བླ་མར་གསོལ་བ་འདེབས། །རོ་རྐྱང་ལས་རླུང་དྡྷུ་ཏཱིར་དངས་པའི་མདངས། །ཉི་ཟླ་སྒྲ་གཅན་བརྩེགས་པའི་མི་འགྱུར་ཁྲིར། །རྣམ་ཀུན་མཆོག་དང་ལྡན་པ་རྡོ་རྗེའི་སྐུ། །གྲུབ་པའི་རང་གཟུགས་རྟག་ཏུ་འཆར་གྱུར་ཅིག །ཕྱི་རོལ་འཇིག་རྟེན་ཁམས་ཀྱི་ལེའུའི་དོན། །ཐོས་དང་བསམ་པས་གཏན་ལ་ཉེར་ཕབ་པས། །ཚེ་འདིར་ཟུང་འཇུག་དུས་ཀྱི་འཁོར་ལོ་ཡི། །གོ་འཕང་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་གྲྭ་ནང་རྩིས་ཀྱི་གཙུག་ལག་འཛིན་པ་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །ནམ་མཁའ་ལྟར་ཡངས་ཤེས་རབ་གྲུ་གཟིངས་ཀྱིས། །མདོ་རྒྱུད་གསུང་རབ་རྒྱ་མཚོའི་ཕ་མཐའ་ལས། །རབ་བརྒལ་གཏན་བདེའི་ནོར་བུ་ལེགས་རྙེད་པ། །བཤེས་གཉེན་དེད་དཔོན་དམ་པར་གསོལ་བ་འདེབས། །ཆེ་བ་བཞི་ལྡན་བསྟན་པར་འཇུག་པའི་སྒོ། །འཁྲུལ་མེད་ཐོས་བསམ་རྒྱ་ཆེན་ལྡེ་མིག་གིས། །ཕྱི་ནས་དམ་པའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་བསྐུར་(༡༠༢བ)


GLG015_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་བཙུན་བཟང་པོར་གསོལ་བ་འདེབས། །རབ་ཡངས་ཤེས་བྱའི་གནས་ལ་འབྱམས་ཀླས་པ། །རྣམ་དཔྱོད་དབྱིག་གཉེན་ཞབས་ཀྱི་རྗེས་འགྲོ་བའི། །མང་ཐོས་ཉིན་བྱེད་ཁྱོད་དྲུང་མཁས་པ་གཞན། །མེ་ཁྱེར་ལྟ་བུར་མཛད་ལ་གསོལ་བ་འདེབས། །རང་བདེ་ལྷུར་ལེན་དམན་ལམ་ངལ་གསོའི་སྟེགས། །རབ་སྤངས་མཐའ་འཁོབ་ཡངས་པའི་རྒྱལ་ཁམས་སུ། །བསྟན་འགྲོའི་བདེ་སྐྱིད་མེ་རོ་ཉེར་གསོ་བའི། །རླབས་ཆེན་སྤྱོད་པ་མཛད་ལ་གསོལ་བ་འདེབས། །གཞུང་ལུགས་མང་པོ་ཐོས་ཤིང་བསམས་པས་མཁས། །རང་རྒྱུད་བག་ཡོད་ཁྲིམས་ཀྱིས་དུལ་བས་བཙུན། །རིས་མེད་འགྲོ་ལ་མཉམ་པར་བརྩེ་བས་བཟང་། །དམ་པའི་རྣམ་ཐར་འཛིན་ལ་གསོལ་བ་འདེབས། །སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་ཀྱིས། །རང་རྒྱུད་ལེགས་སྨིན་འབྲས་བུའི་ཁུར་དུད་ནས། །བསྡུ་བའི་དངོས་པོ་བཞི་ཡིས་གདུལ་བྱའི་ཚོགས། །རྣམ་པར་གྲོལ་བར་མཛད་ལ་གསོལ་བ་འདེབས། །དབང་བཞིའི་རྡུལ་བརྩེགས་མེས་པོའི་རལ་ཀླུང་ལས། །བསྐྱེད་དང་རྫོགས་པའི་ཟབ་ལམ་གངྒཱའི་རྒྱུན། །ཟུང་འཇུག་རྒྱ་མཚོ་འབབ་བྱེད་སྒྱུ་ཐབས་མཁན། །བཤེས་གཉེན་སྐལ་ལྡན་ཤིང་རྟར་གསོལ་བ་འདེབས། །ནམ་མཁའི་མཐའ་ལྟར་ཚད་དུ་གཟུང་དཀའ་ཞིང་། །རྒྱ་མཚོ་ལྟར་ཟབ་མར་གྱུར་སེམས་ཅན་དོན། །མགོན་པོ་ཁྱོད་ཀྱི་ངོ་མཚར་སྐྱེས་རབས་འཕྲེང་། །བདག་སོགས་གདུལ་བྱའི་དོན་དུ་གྱུར་སྟོན་ཤོག །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །དཀོན་ཅོག་རྣམ་གསུམ་ཐུགས་རྗེའི་བྱིན་རླབས་ཀྱིས། །ལེགས་(༡༠༣ན)


GLG015_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྨོན་པ་ཇི་བཞིན་འགྲུབ་གྱུར་ཅིག །དཀར་ཕྱོགས་དགའ་བའི་ལྷ་དང་དྲང་སྲོང་སོགས། ཚིག་དང་དམོད་པ་ལ་དབང་བདེན་ཚིག་དང་། །བདག་སོགས་བཅོས་མིན་བསམ་པ་ཐག་པ་ཡིས། །གསོལ་བ་བཏབ་པས་འབྲས་བུ་ལྷུན་གྲུབ་ཤོག །དེང་ནས་བཟུང་སྟེ་མི་གནས་མྱང་འདས་ཀྱི། །ས་ཆེན་མངོན་དུ་མ་གྱུར་དེ་སྲིད་དུ། །ཡོངས་འཛིན་བླ་མས་རྗེས་སུ་ཉེར་བཟུང་སྟེ། །ཕན་བདེའི་དཔལ་ལ་སྤྱོད་པར་བདག་བྱིན་རློབས། །ཞེས་ཆེ་ཆེན་ཆོས་རྗེ་ནམ་མཁའ་རྒྱ་མཚོ་ལ་གསོལ་འདེབས་སྐུ་སྐྱེ་མྱུར་འབྱོན་གྱི་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་དགེ་བའི་བཤེས་གཉེན་ཆེན་པོ་སྒོ་མང་སློབ་དཔོན་ཟུར་པ་ངག་དབང་དཔལ་འབྱོར་དང་། གུང་ཐང་དཀའ་བཅུ་པ་བློ་བཟང་གིས་གཙོས་པའི་ཆོས་རྗེ་ཉིད་ཀྱི་གྲྭ་རིགས་རྣམས་ཀྱིས་བསྐུལ་བར་བརྟེན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་སོ། །བསོད་ནམས་ཞིང་མཆོག་སོ་ཐར་བསྟན་པའི་དཔལ། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ཡི། །གདན་ཁྲིར་ཆོས་ཀྱི་རྒྱལ་མཚན་ལེགས་འཛིན་པ། །མཁན་ཆེན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཇོ་གདན་ཆག་མིག་མཁན་ཆེན་བསོད་ནམས་རྒྱལ་མཚན་གྱི་གསོལ་འདེབས་འདི་ནི་སེར་བྱེས་པ་དཀའ་བཅུ་པ་མཁས་བཙུན་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། མཐོ་རིས་བདུན་ལྡན་རྟེན་བཟང་ལེགས་ཐོབ་སྐུ། །འཆད་རྩོད་རྩོམ་ལ་སྤོབས་པ་དགེ་བའི་གསུང་། །རིམ་གཉིས་ཏིང་འཛིན་རྣལ་འབྱོར་ལ་གོམས་ཐུགས། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ལུས་ངག་ཡིད་ཀྱི་སྤྱོད་ཚུལ་མ་ལུས་པ། །གདུལ་བྱའི་རེ་(༡༠༣བ)


GLG015_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐོང་བའི་ཡོན་ཏན་གཏེར། །མཆོག་དམན་དབང་པོར་འཚམ་པའི་འཕྲིན་ལས་ཀྱི། །སྒོ་བརྒྱ་ཕྱོགས་བཅུར་འབྱེད་ལ་གསོལ་བ་འདེབས། །བློ་ལྡན་བཟང་པོའི་ལས་ཅན་ཚོགས་རྣམས་ལ། རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་ལམ། །མར་མེ་མཛད་དཔལ་བཞེད་སྲོལ་ལྟར་བསྟན་པས། །དབྱར་མཚོ་ཇི་བཞིན་འཕེལ་ལ་གསོལ་བ་འདེབས། །སྲིད་པར་འཇིགས་མེད་བཟོད་པའི་གོ་ཆ་ཡིས། །ཐུབ་པའི་དྲི་མེད་བསྟན་ལ་འགྲོ་བ་རྣམས། །མངོན་པར་བཀྲིས་ནས་ངེས་ལེགས་ལང་ཚོའི་དཔྱིད། །རབ་སྤེལ་ཡོངས་འདུའི་སྡེ་ལ་གསོལ་བ་འདེབས། །དེང་ནས་ཀུན་མཁྱེན་ཡེ་ཤེས་གྲོང་ཁྱེར་དུ། །ཞུགས་མིན་དེ་སྲིད་དགེ་བའི་བཤེས་གཉེན་གྱིས། །རྗེས་བཟུང་མཐོ་རིས་ཐར་པའི་བདེ་བ་ལ། །སྤྱོད་པའི་སྐལ་བ་བཟང་པོར་བདག་བྱིན་རློབས། །ཞེས་པ་འདི་ཡང་བཤེས་གཉེན་ཆེན་པོ་གྲ་པ་མངོན་ཤེས་ཀྱི་གདན་ས་སྤྱན་གཡས་མཁན་པོ་རྩིས་དཀར་ནག་དང་གསོ་བ་རིག་པའི་གཙུག་ལག་སོགས་གཞུང་ལུགས་མང་པོ་ཐོས་པའི་སྡོམ་བརྩོན་དམ་ཆོས་རིན་ཅེན་གྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་སྦྱར་བ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོ་མ་ཆོགས་པར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །ལུས་ངག་ཡིད་གསུམ་དབང་གིས་ལེགས་སྨིན་ནས། །གྲོལ་བྱེད་རྟོགས་པའི་བློ་གྲོས་སྐལ་བཟང་ལ། །ཟབ་ཅིང་རྒྱ་ཆེན་དབྱར་མཚོ་ལྟར་འཕེལ་བའི། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཡོངས་འཛིན་དམ་པའི་དེད་དཔོན་ལ་བརྟེན་ནས། །སྲིད་ཞིའི་རྒྱ་མཚོ་ཆེ་ལས་རབ་བརྒལ་ཏེ། །བླ་མེད་བྱང་ཆུབ་རིན་ཅེན་གླིང་


GLG015_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར། །མྱུར་འགྲོད་རང་གཞན་དོན་ཀུན་འགྲུབ་པར་ཤོག །ཅེས་སྨོན་ལམ་གསོལ་འདེབས་དང་བཅས་པ་འདི་ནི་བཻ་རོ་ཙ་ནའི་ཁ་ཏོན་དུ་ཟ་ཧོར་གྱི་བནྡེས་བྲིས། ངག་དབང་ཚངས་སྲས་ལྷ་མོས་མགྲིན་འཁྱུད་པས། །སྨྲ་བའི་སྤོབས་པ་གཟེངས་མཐོའི་ལེགས་བཤད་ཀྱི། །བློ་གསལ་སྐལ་བཟང་རྒྱ་མཚོའི་འདོད་འཇོ་མཁན། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །རྡོ་རྗེའི་རྒྱན་གྱིས་སྤྲས་པའི་སེང་གེའི་ཁྲིར། །མགོན་ཁྱོད་བསྐལ་བརྒྱར་བཞུགས་གསོལ་ཉེར་འདེབས་པ། །བསམ་པ་ཇི་བཞིན་འགྲུབ་པར་མཆོག་གསུམ་གྱིས། །མཁྱེན་བརྩེ་ནུས་པའི་བྱིན་རླབས་མྱུར་འཇུག་ཤོག །བདག་སོགས་འདིར་སྣང་སྲིད་པའི་བདེ་ལྡན་ཞིང་། །རིང་པོར་མི་ཐོགས་མཁའ་མཉམ་འགྲོ་བ་ཀུན། །རྣམ་འདྲེན་ཡེ་ཤེས་འཐོབ་པའི་ལམ་སྟོན་མཁན། །དམ་པའི་མགོན་གྱིས་རྟག་ཏུ་རྗེས་འཛིན་ཤོག །ཅེས་པ་འདི་ཡང་ལྕོགས་སྦུག་པ་ཚེ་བརྟན་རྡོ་རྗེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་ནོ། །ཆོས་རྣམས་ཀ་དག་ཀུན་བཟང་དབྱིངས་ཀྱི་ཀློང་། །རང་གྲོལ་ལྷུན་གྲུབ་འོད་ལྔ་མཚན་དཔེའི་གར། །ཚད་མེད་ཐུགས་རྗེས་འགྲོ་ལ་ཉེར་འཇུག་པ། ཁྱབ་བདག་པདྨ་དབང་ལ་གསོལ་བ་འདེབས། །དྲིན་ཅན་བླ་མ་ཟུར་ཆེན་ཆོས་ཀྱི་རྒྱལ་པོར་གསོལ་འདེབས། །ཚིགས་སུ་བཅད་པ་འདི་ནི་དགེ་སློང་འཇམ་དབྱངས་དཔལ་བཟང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་ནོ། །བག་ཡོད་ཁྲིམས་(༡༠༤བ)


GLG015_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དུལ་བས་རྣམ་པར་འཇམ། །ལེགས་བཤད་སྨྲ་མཁས་དབྱངས་ཅན་མགྲིན་པར་ཆགས། །མཁས་བཙུན་བཟང་པོའི་གྲགས་སྙན་ཀུན་ཁྱབ་པའི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐྱིད་ཤོད་ཉང་བྲན་ཕ་ཕོང་ཁའི་གདན་ས་པ་ཆོས་རྗེ་འཇམ་དབྱངས་གྲགས་པའི་གསོལ་འདེབས་འདི་ནི་དགེ་སློང་འཇམ་དབྱངས་དཔལ་བཟང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་ནོ། །དཀྵིཎྱཀུཎྜལིཙཀཎྛསུཏཱནིམིཏྟཱནུབྱཉྫནཱཀརུཏཤིཥྱསདྷརྨྨནཱད། ཏྲཻརཏྣརཱུཔཀརསཱཉྩཡིཀཔྲཤུཀླཻཿ ཤཾཁཱཔཊངྐཨ། བོདྷིཙམདྷྱདཱིརྒྷ། གཡས་འཁྱིལ་མཚན་དཔེར་ལྡན་པའི་མགྲིན་པ་ནས། །ཚངས་དབྱངས་ཆོས་སྒྲས་བྱང་སེམས་སློབ་མར་བཅས། །མཆོག་གསུམ་ངོ་བོར་སྡུད་མཛད་རབ་དཀར་དུང་། །བཀྲ་ཤིས་དར་དཔྱང་བྱང་ཆུབ་བར་དུ་རིང་། །སྲིད་ཞིའི་ཡོན་(༡༠༥ན)


GLG015_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གཟུགས་སུ་ཤར་བའི་གཏམ། །དྲ་མིག་སྣ་ཚོགས་ཀློག་ཚུལ་སྒྱུ་ཐབས་ཀྱིས། །ངོ་མཚར་ཡིད་ལ་བཀོད་པ་གངྒཱའི་རྡུལ། །དེ་སྙེད་གྲངས་ཀྱི་ཁྱད་པར་གྱིས་མཚོན་མིན། །ཚིག་གི་ཆུ་ཀླུང་གར་བཏུང་ལེགས་བཤད་གསེར། །འགྱུར་བའི་རྣམ་དཔྱོད་འཛམ་བུའི་སྙེ་མ་རྣམས། །སྐྱེས་ཐོབ་ཤེས་རབ་ཡལ་གའི་རྩེར་དུད་པར། །བརྩོན་པའི་ལོ་འདབ་གཡོ་བ་འདི་ན་མཚར། །སྣ་ཚོགས་བརྗོད་པའི་ཚིག་གིས་མི་ཡི་ལུས། །ངོ་མཚར་སྒྲ་དོན་བརྒྱ་བྱིན་གཙུག་ཏོར་གྱིས། དག་པས་སྙན་འགྱུར་གསུམ་ལྡན་འཆི་མེད་གཟུགས། །མངོན་སུམ་འགྱུར་བའི་དགའ་སྟོན་འདི་ཀོ་མཚར། །གནས་ལྔ་རིག་པའི་ཉི་མ་སྙིང་དབུས་ནས། །ཤར་པའི་བློ་གྲོས་སྣང་བ་འོད་པོ་ཆེ། །འཇིགས་མེད་སྤོབས་པ་དགེ་བའི་སྐྱ་རེངས་སྟེར། །གྲངས་མེད་ཤེས་བྱའི་ཡུལ་ལ་གཟིགས་མོར་ཆེ། །དེ་འདྲ་རྟགས་ཙམ་མ་ཡིན་ལྔ་རིག་ཀུན། །ཀུན་མཁྱེན་སྨོན་འགྲོ་ལོ་ཙཱའི་ལེགས་བཤད་རྒྱུན། །རྒྱུན་དུ་འཐུངས་ལས་ཉམས་འགྱུར་གཟེགས་མའི་གཏེར། །གཏེར་མཛོད་གངྒཱའི་ཆུ་བོ་ཟད་མི་ཤེས། །ངག དབང ལྷ མོས སྙིང ལ བྱིན རླབས བློ ཆེན གྲགས ལྡན རྣམས ལས གཟེངས སུ མཐོཀུན ལ དཀར བའི ལྷག བསམ རབ ཡངས གསལ མཆོག སེམས བསྐྱེད འགྲོ རྣམས མངའ རིས ཡུལཡོད པར སྨྲ བའི རིང ལུགས ཤེས པས མཁས བཙུན རབ གྱུར ཉེས ལྟུང ཐམས ཅད སྤངསརིང པོར འཚོ བའི ཕན བྱར ཚེའི རིག པ སངས ལྟར གསལ ཐམས ཅད ཁོང དུ ཆུདབཟོ རིག གནད ལ སྤོབས མཁོའི གཞུང མང ཀུན ནས སྦྱངས པས མཁྱེན རློམ ཁེངས པ འཕྲོགབརྡ སྤྲོད རིག པ སྟོན པ ཀ ཙན གྱི ནར མིན པའི སྦྱངས པས མཁས རྩེར སོནསྙན ངག དགེ དབང རྗེས འགྲོ རབ ཏུ དགའ བྱེད རྒྱུད ཀྱི སྙེམས པས འགྲན ནུས མིནམཛེས བྱེད སྡེབ སྦྱོར རྣམ དཔྱོད ཡོངས རྒྱས སྟོན པ མཁས དབང བསྟེན པས དཔེ བྲལ སྙམམཚོ ལྟར ཆེས ཟབ རྩིས རིག ལ སྦྱངས མཆོག གྱུར འདི ལྡན དོན ཤེས ལེགས ཚུལ བཟངཡོངས འཛིན དྲིན ལས ཤེར ཕྱིན དོན རབ རྟོགས པས འཁོར ལོ ཐོག མཐར འགལ མེད གོམངོན སུམ རྗེས དཔག ཚད མ མཁྱེན པའི ལུང དོན བསླབས པའི རིག པ ངེས པར རྣོརིམ གྱིས བཀྲི ཡུལ འཁྲིད ནུས རིགས གསུམ མཚུངས པར སྟོན པ ཟབ ལམ སྐྱེས བུ གསུམཁམས འདུས དང འཚམ འདུལ ནུས སློབ བཤད རྒྱུན ཆད མེད འབབ སྤྱོད བྱ རྣལ འབྱོར ཤེསརྒྱུད དོན རྟོགས དཀའ ཡོངས ལས གསང བདེ ཟབ ལམ རྣམ གྲོལ དུས ཀྱི འཁོར ལོ རྟོགསའདུལ བྱ གདུལ ལ གྲངས མེད འཕྲིན ལས ཆེས བརླིང བཅིངས བཀྲོལ ཞི ཁྲོ ཡོངས རྫོགས རིགསྣང བ མངོན སུམ ལྟར འཆར རྫོགས ཆེན མཚོ ཡིས གསལ བའི བྱད ལྟར མཐོང བ མཚརའགྲོ ཀུན རྣམ མཁྱེན ཐོབ ལ འཆིང བའི རྒྱ འཁྲོལ དེ སྲིད ངེས པ ལྔ ལྡན རྒྱལརྒྱལ་ཀུན་ཐུགས་རྗེ་དར་དྲག་(༡༠༥བ)


GLG015_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འདུའི་ལྗོན། །འདབ་སྟོང་སྲིད་ཞིའི་ལེགས་བྱས་རྩ་ལག་ཅན། །གཅིག་ཏུ་རུ་བཞིའི་འཛིན་མའི་ཐིག་ལེ་འདིར། །རབ་འཁྱིལ་ཕན་བདེའི་གྲིབ་ཏུ་ཉེར་བསིལ་ཤོག །རྟག་ཏུ་སྙན་ངག་ལ་དགའི་བག་ཆགས་རིགས། །ཚེ་རབས་མང་པོར་སད་པའི་བཟང་པོའི་འབྲས། །མཁའ་མཉམ་སྐྱེ་རྒུ་ཀུན་གྱིས་ལོངས་སྤྱོད་ནས། །དུས་མཁྱེན་རྒྱལ་པོའི་ངང་ཚུལ་འཛིན་གྱུར་ཅིག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་གྲྭ་ཁང་བཀྲ་ཤིས་ཁང་གསར་དུ་འདྲི་རྒྱུའི་རྟོགས་པ་བརྗོད་ལས་བརྩམས་པའི་ཀུན་བཟང་འཁོར་ལོ་ཞིག་དགོས་ཞེས་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་གཉེར་པ་བློ་བཟང་སྤྱིན་པ་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཀུན་འཁོར་འདི་རིས་ལོ་པཎ་མཁས་པའི་ཕྱག་ལེན་མ་ཡིན་ཀྱང་བོད་འདིར་སྔོན་ཆད་མཁས་རློམ་བློ་གྲོས་གཞོན་ནུའིངང་ཚུལ་ཅན་དུ་མས་བརྩམས་འདུག་པ་དང་མཐུན་པར་བྱས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་གིས་བགྱིས་པ་སིདྡྷི་རསྟུ། ངག་དབང་འཇམ་དབྱངས་དབྱངས་ཅན་བློ་གྲོས་གཏེར། །ཐོབ་པའི་སྐལ་བཟང་བཟང་པོའི་ལས་འཕྲོ་ཅན། །རྒྱ་མཚོ་ལྟར་ཟབ་ཟབ་རྒྱས་ཆོས་ཚུལ་ལ། །སྨྲ་བའི་རྣམ་དཔྱོད་དཔྱོད་ལྡན་དགའ་སྐྱེད་པར། །མི་ཕྱེད་སྙིང་ནས་དད་པས་གསོལ་འདེབས་ན། །ཉེ་དང་རིང་པར་ལྟོས་མིན་ཐུགས་རྗེ་ཡིས། །བདག་སོགས་གདུལ་བྱར་མཆོག་ཐུན་དངོས་གྲུབ་རྣམས། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཐུབ་བསྟན་དར་ཞིང་དེ་འཛིན་སྐྱེས་བུ་ཀུན། །ཞབས་བརྟན་འགྲོ་རྣམས་བདེ་སྐྱིད་(༡༠༦ན)


GLG015_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལ་སྤྱོད། །བརྒྱད་ཁྲིའི་ཚེ་ལྡན་འཛམ་གླིང་སྐྱེ་རྒུ་ལྟར། །དགེ་བཅུའི་འབྲས་བཟང་ལོངས་སུ་སྤྱོད་གྱུར་ཅིག །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་དགའ་ལྡན་གསང་སྔགས་ཡང་རྩེའི་སློབ་དཔོན་ཟུར་པ་ཉག་རེ་རབ་འབྱམས་པ་བློ་བཟང་རྣམ་རྒྱལ་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ལྔ་རིག་སྨྲ་ལ་སྤོབས་པ་དགེ་བའི་ངག །དབང་ཕྱུག་གྲུབ་པ་མེས་པོའི་བློ་གྲོས་ཅན། །སྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །བསྐལ་བརྒྱར་བརྟན་བཞུགས་བདག་བྱིན་བརླབ་ཏུ་གསོལ། །ཞེས་པ་འདི་ཡང་ཕུ་ལུང་སྐྱ་རྒྱལ་ནོར་བུའི་ངག་འདོན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་ནོ། །ངག་དབང་འཇམ་མགོན་བློ་བཟང་གྲགས་པའི་བསྟན། །རྒྱ་ཧོར་བོད་ཆེན་ཀུན་ལ་དབྱར་མཚོ་ལྟར། །སྤེལ་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །བསྐལ་བརྒྱར་རྟག་བཞུགས་ཐུགས་རྗེས་བདག་བྱིན་རློབས། །ཞེས་གསོལ་འདེབས་བརྟན་བཞུགས་ཚང་བའི་ཉུང་ངུ་འདི་ལྟ་བུ་ཞིག་དགོས་ཞེས་རེ་སྒོ་ཤག་ལྷོ་པའི་བློ་བཟང་མཁས་བཙུན་དང་བློ་བཟང་ཆོས་སྒྲོན་ཐུན་མོང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། སྭསྟི་པྲཛཱ་བྷྱཿ རྨད་བྱུང་ལྷག་བསམ་དཔུང་པས་ལེགས་བཏེག་རྩེར། །གཞན་ཕན་སྦྲང་རྩིའི་བཅུད་འཁྱིལ་འདབ་བརྒྱའི་འཛུམ། །འགྲོ་ཀུན་ཐར་པར་འཁྲིད་པའི་ཆོ་ག་མཁན། །འཕགས་མཆོག་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །མགོན་ཁྱོད་བྱེ་བ་(༡༠༦བ)


GLG015_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བརྒྱའི་ཞིང་ཁམས་སུ། །དངོས་བརྒྱུད་སྤྲུལ་པའི་སྒྱུ་འཕྲུལ་རོལ་གར་ལས། །བསམས་བཞིན་སྲིད་བཟུང་རྒྱལ་བུ་འཇིག་རྟེན་དབང་། །ས་སྤྱོད་རིགས་སུ་བལྟམས་ལ་གསོལ་བ་འདེབས། །དྲི་མེད་བླ་མའི་ཐུགས་སྲས་དཀོན་ཅོག་འབངས། །གངས་ཅན་མགོན་དུ་ལེགས་བྱོན་སྲོང་བཙན་རྗེ། །མི་གཡོ་ཏིང་འཛིན་མཆོག་བརྙེས་ལྷའི་མེ་ཏོག །འཕགས་བོད་ཆོས་རྒྱལ་གསུམ་ལ་གསོལ་བ་འདེབས། །ཐུབ་བསྟན་བླ་ནས་བླར་འདེགས་ཁྲི་རལ་པ། །འཕགས་ཡུལ་ནོར་འཛིན་སྐྱོང་བ་དགེ་བ་དཔལ། །མར་མེ་མཛད་དཔལ་ཐུགས་སྲས་བཤེས་གཉེན་འབྲོམ། །སྙིང་སྟོབས་གཏེར་ཆེན་གསུམ་ལ་གསོལ་བ་འདེབས། །ཟབ་གཏེར་རྒྱ་མཚོའི་བཀའ་བབས་མངའ་བདག་ཉང་། །བལ་ཡུལ་བསྟན་འཛིན་པདྨ་བཛྲ་ཞབས། །བཀའ་གདམས་བསྟན་པའི་ཤིང་རྟ་དགེ་འདུན་གྲུབ། །མཁས་གྲུབ་དབང་པོ་གསུམ་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་དགེ་འདུན་རྒྱ་མཚོའི་དཔལ། །བསོད་ནམས་རྒྱ་མཚོའི་ཞིང་གྱུར་བཞད་པའི་མཚན། །ཡོན་ཏན་གཏེར་གྱུར་བདེ་ཆེན་ཆོས་ཀྱི་རྒྱལ། །བསྟན་པའི་ཉི་མ་གསུམ་ལ་གསོལ་བ་འདེབས། །ལོངས་སྤྱོད་འཁོར་ལོའི་དབུས་ན་ངག་དབང་ལྷ། །བློ་གྲོས་རྒྱུད་མངས་འཁྲོལ་པའི་སྐལ་བཟང་ཅན། །རྒྱ་ཧོར་བོད་ཡུལ་ཀུན་ཁྱབ་འཕྲིན་ལས་རྒྱུན། །དབྱར་གྱི་མཚོ་ལྟར་འཕེལ་ལ་གསོལ་བ་འདེབས། །བསླུ་མེད་རྟེན་ཅིང་འབྲེལ་འབྱུང་སེང་གེའི་ཁྲི། །མི་འགྱུར་བདེན་ཚིག་རྡོ་རྗེས་མཚན་པའི་གཞིར། །མགོན་ཁྱོད་འགྲོ་ལ་རྗེས་བརྩེའི་ལྷག་བསམ་གྱིས། །ཞིང་འདིར་ཆོས་འཁོར་བསྐོར་(༡༠༧ན)


GLG015_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྟག་བཞུགས་གསོལ། །ཤུགས་དྲག་གསོལ་འདེབས་རླུང་གིས་ཉེར་དྲངས་པའི། །མཆོག་གསུམ་ཐུགས་རྗེ་བརྒྱ་ཕྲག་ཉི་མའི་གཟིས། །བདུད་བཞིའི་མུན་པ་མཐར་བྱས་བསྐལ་བའི་བར། ཁྱོད་སྐུའི་སྣང་བ་གཡོ་མེད་འབར་གྱུར་ཅིག །འདིས་མཚོན་ཡང་སྲིད་མང་པོར་ཉེར་བསགས་པ། །བསོད་ནམས་གཟུགས་ཅན་བཞིན་གྱུར་འབྲས་བཟང་ཀུན། །འགྲོ་རྣམས་སྲིད་ཞི་ལས་སྒྲོལ་དེད་དཔོན་ཆེ། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་སྨིན་ཤོག །མངོན་པར་མཐོ་བའི་རིན་ཅེན་ཐེམ་སྐས་ལ། །དེང་ནས་གྲངས་མེད་སྐྱེ་བར་རབ་འཛེགས་ནས། །བླ་མེད་ཡེ་ཤེས་མཆོག་གི་ཁང་བཟང་དུ། །འཁྲིད་པའི་བཤེས་གཉེན་མགོན་དང་མི་འབྲལ་ཤོག །རྩོད་ལྡན་སྣོད་དུ་ཚེ་ལོ་བརྒྱད་ཁྲི་བའི། །བསོད་ནམས་ཕུང་པོར་སྤུངས་ཀུན་ལེགས་ཤོང་ཞིང་། །དེ་དོན་ལོངས་སུ་སྤྱོད་ལ་བདག་སོགས་འགྲོ། །བཟང་པོའི་སྐལ་བ་ཅན་དུ་འགྱུར་བར་ཤོག །ཐར་ལམ་མ་རྙེད་དེ་སྲིད་མཐོ་རིས་རྟེན། །གྲིབ་མའི་གྲོགས་ལྟར་ནམ་ཡང་མི་འབྲལ་ཞིང་། །རིང་མིན་དོན་གཉིས་དཔག་བསམ་ལྗོན་པ་ལས། །ཕན་བདེའི་འདོད་རྒུ་ཕྱོགས་བརྒྱར་འབེབས་གྱུར་ཅིག །ཅེས་པ་འདི་ཡང་ལུགས་གཉིས་ཀྱི་ཚུལ་ལ་འཇུག་པའི་བློ་ལྡན་འཕན་ཡུལ་དྲུག་བརྒྱ་བ་དཀོན་ཅོག་ཚེ་དབང་སོགས་ཀྱི་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས། །སྔ་སོར་བགྱིས་པ་རྣམས་སྤྲུལ་པ་དང་ཐུགས་བརྒྱུད་གཅིག་པའི་དབང་དུ་བཏང་པའི་དུས་མཚུངས་སུ་བྱུང་བ་འགའ་རེ་ཡོད་ལ། འདི་ནི་སྡེ་བརྒྱད་རིམ་པར་བྱུང་བ་ཁོ་ནའི་དབང་དུ་(༡༠༧བ)


GLG015_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཤིང་ངེད་རང་ཡང་དམ་པ་དེ་དག་དང་ལས་ཀྱི་འབྲེེལ་བ་ཐོགས་པ་རྒྱུ་མཚན་དུ་བསམས་ནས་མཇུག་འཐུད་དེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །ཕྱག་ན་པད་དཀར་སྒྱུ་འཕྲུལ་དཀོན་ཅོག་འབངས། །སྲོང་བཙན་ལྷ་ཡི་མེ་ཏོག་རལ་པ་ཅན། །དགེ་བ་དཔལ་སོགས་འཕགས་ཡུལ་གངས་ཅན་གྱི། །ས་སྤྱོད་དབང་པོར་བསྟན་ལ་གསོལ་བ་འདེབས། །རྒྱལ་བའི་འབྱུང་གནས་བརྩེ་ཆེན་ས་སྐྱ་པ། །གཡུ་བྲག་ཞང་སྟོན་ཉི་མ་འོད་ཟེར་དང་། །བོད་ཡུལ་ཕན་བདེའི་སྲོག་ཤིང་དགེ་བ་འབུམ། །བཤེས་གཉེན་དམ་པར་བསྟན་ལ་གསོལ་བ་འདེབས། །ཁྲིམས་ལྡན་དགེ་འདུན་གཙུག་ན་མཁས་གྲུབ་མཐུས། །བསོད་ནམས་ཞིང་གྱུར་མཛད་པས་གདུལ་བྱའི་ཚོགས། །ལུང་རྟོགས་ཡོན་ཏན་རྒྱ་མཚོར་འགོད་མཛད་ཕྱིར། །སྤྲུལ་པའི་ཟློས་གར་བསྒྱུར་ལ་གསོལ་བ་འདེབས། །སྔོན་བྱོན་དམ་པ་རྣམས་ཀྱིས་རྗེས་བཟུང་བའི། །བཟང་པོའི་བག་ཆགས་སད་ལ་སྒྲོ་བཏགས་ཀྱིས། །མེ་ཁྱེར་ཉི་ཟླའི་གྲལ་གྱི་རྗེས་སྙེག་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །དགེ་འདིས་བསྟན་འགྲོའི་བདེ་ལེགས་རྣམ་པར་རྒྱལ། །བདག་སོགས་བསོད་ནམས་གསེར་གྱི་ལག་པ་ལས། །སྲིད་ཞིའི་ཕུན་ཚོགས་དངུལ་དཀར་འབུམ་ཕྲག་སྲང་། །སངས་རྒྱས་ཐོབ་མིན་དེ་སྲིད་ཆད་མེད་ཤོག །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་དྭགས་པོ་བྷྲུཾ་ནས་མི་དབང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །(༡༠༨ན)


GLG015_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་པྲ་ཛཱ་བྷྱཿ མཐོང་བས་དོན་ལྡན་མཚན་དཔེ་གསལ་རྫོགས་སྐུ། །ཐོས་པས་གདུང་སེལ་ཡན་ལག་དྲུག་ཅུའི་གསུང་། །དྲན་པས་འཇིགས་སྐྱོབ་ཀུན་མཁྱེན་ཡེ་ཤེས་ཐུགས། །རྒྱལ་དབང་ཟས་གཙང་སྲས་པོར་གསོལ་བ་འདེབས། །བརྒྱ་རྩ་བརྒྱད་པའི་མཚན་གྱི་གཟུངས་སྔགས་བཟླས། །མཆོད་བསྟོད་ཙམ་གྱིས་དུས་མིན་འཆི་བའི་མུན། །མཐར་བྱས་ཕན་བདེའི་འོད་སྣང་སྩོལ་མཛད་པ། །བཅོམ་ལྡན་ཚེ་དཔག་མེད་ལ་གསོལ་བ་འདེབས། །མཁྱེན་ཡངས་རལ་གྲིས་རྨོངས་པའི་དྲ་བ་གཅོད། །བརྩེ་ཆེན་འཇམ་མཉེན་ཕྱག་ན་པད་དཀར་འཆང་། །ནུས་མཐུ་རྡོ་རྗེས་ཡིད་སྲུབས་དཔུང་འཇོམས་པ། །རྒྱལ་སྲས་རིགས་གསུམ་མགོན་པོར་གསོལ་བ་འདེབས། །སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་འཕྲུལ། །འཕགས་ཡུལ་ལྔ་རིག་པཎ་ཆེན་ཚུལ་བཟུང་ནས། །གངས་ཅན་བསྟན་པའི་མར་མེ་སྤར་མཛད་པ། །མགོན་པོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །སྲས་བཅས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི། །གསང་གསུམ་སྒྱུ་འཕྲུལ་དྲ་བའི་གར་མཁན་ཅན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །བླ་མེད་གཏན་གྱི་སྐྱབས་ལ་གསོལ་བ་འདེབས། །མཐའ་འཁོབ་ཡངས་པ་ཧོར་གྱི་རྒྱལ་ཁམས་སུ། །དམ་པའི་ཆོས་ཀྱི་མི་འཇིགས་སྦྱིན་པ་ཡིས། །མཐོ་རིས་ཐར་པའི་ས་བོན་འདེབས་མཛད་པ། །བསོད་ནམས་རྒྱ་མཚོའི་ཞིང་ལ་གསོལ་བ་འདེབས། །ངག་དབང་ལྷ་ཡི་བློ་གྲོས་ལྡན་པས་མཁས། །བག་ཡོད་ཁྲིམས་ཀྱིས་ཉེ་བར་དུལ་བས་བཙུན། །གཞན་དོན་ལྷུར་ལེན་ལྷག་པའི་(༡༠༨བ)


GLG015_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པས་བཟང་། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །རྒྱ་མཚོ་ལྟར་ཟབ་གསུང་རབ་འཆད་ལ་དབང་། །འཇིགས་མེད་སྤོབས་པའི་རིག་པ་རྩོད་ཚེ་རྣོ། །སྐྱོན་བྲལ་རིང་ལུགས་གོ་ཆ་རྩོམ་ལ་སྲ། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་འདེབས། །ཐོས་བསམ་སྒོམ་ལ་རྣམ་པར་རབ་འབྱེད་པའི། །ཤེས་རབ་ལང་ཚོ་བརྟས་པས་འཇམ་དབྱངས་ཀྱང་། །དགའ་བས་མགྲིན་པའི་པད་མཚོ་ལེགས་བཞུགས་པ། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །གཏན་གྱི་སྐྱབས་མགོན་ཁྱེད་རྣམས་སངས་རྒྱས་དངོས། །ཐུགས་རྒྱུད་སྤང་རྟོགས་ཡོན་ཏན་དམ་པའི་ཆོས། །དེ་དོན་བསྒྲུབ་པའི་འཁོར་རྣམས་དགེ་འདུན་ཏེ། །བསླུ་མེད་དཀོན་ཅོག་གསུམ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་པ་འདོད་པའི་ཡོན་ཏན་དང་། །བདག་པོས་བཟུང་དང་མ་བཟུང་འདོད་རྒུའི་གཏེར། །ཡིད་ཀྱིས་སྤྲུལ་པའི་ཀུན་བཟང་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་ནས་མཆོད། །མཐའ་དང་ཚད་གཟུང་མེད་པའི་འཁོར་བ་འདིར། །སྔོན་ཆད་བསགས་པའི་སྡིག་ལ་སྙིང་ནས་འགྱོད། །སླད་མར་མི་བགྱིད་སྡོམ་སེམས་དྲག་པོ་ཡིས། སྟོབས་བཞིའི་སྒོ་ནས་ཉེས་ཚོགས་མ་ལུས་བཤགས། །རྫོགས་སངས་རྒྱས་དང་བྱང་སེམས་གཞན་ཕན་བསྒྲུབ། །ཉན་རང་བདེར་གཞོལ་སྐྱེ་ཕལ་རྣམ་དཀར་ལས། །བསྒྲུབས་ཟིན་གསོག་འགྱུར་ད་ལྟ་བྱེད་བཞིན་པའི། །དགེ་ཚོགས་རྒྱ་མཚོར་སྙིང་ནས་རྗེས་ཡི་རང་། །མཆོག་བར་དམན་བློའི་གདུལ་བྱ་དང་འཚམ་པར། །ཟབ་ལམ་གསང་སྔགས་རྒྱ་ཆེན་ཕ་རོལ་ཕྱིན། །ཆགས་བྲལ་སྤྱོད་པའི་ཆོས་ཀྱི་འཁོར་ལོ་རྣམས། །


GLG015_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་སློབ་མར་བཅས་པས་བསྐོར་བར་བསྐུལ། །གདུལ་དཀའ་སྙིགས་མར་སྤྱོད་ལ་ཐུགས་དབྱུང་ནས། །ཆོས་སྐུའི་ཀློངས་སུ་ཞི་བར་གཤེགས་བཞེད་རྣམས། །ལྔ་བརྒྱའི་འགྲོ་བ་ཉམ་ཐག་ངང་ཚུལ་ལ། །དགོངས་ཏེ་བསྐལ་པ་རྒྱ་མཚོར་བཞུགས་པར་གསོལ། །ཡ་མཐའ་མི་མངོན་སྐྱེ་བའི་འཕྲེང་བརྒྱུད་ནས། །ད་ལྟའི་བར་དུ་ལུས་ངག་ཡིད་གསུམ་གྱིས། །འབད་པས་བསགས་པའི་རྣམ་དཀར་དགེ་ཚོགས་ཀུན། །བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ། །ཡན་ལག་བརྒྱད་པའི་དུས་ཁྲིམས་བསྲུངས་པ་སོགས། རྣམ་སྨིན་དཀར་པོར་འཛག་པའི་དགེ་ཚོགས་ཀྱིས། །བདག་སོགས་དེང་ནས་བྱང་ཆུབ་སྙིང་པོའི་བར། །ལྷ་མིའི་རྟེན་བཟང་རྒྱུད་མར་འཐོབ་པར་ཤོག །དེ་ལྟར་ཡང་སྲིད་རིམ་པར་རྙེད་འགྱུར་བའི། །བདེ་འགྲོའི་ལུས་ལ་ཕུན་ཚོགས་མཐོ་རིས་ཀྱི། །མ་སྨད་ཡོན་ཏན་བདུན་གྱི་རིན་ཅེན་རྒྱན། །ནམ་ཡང་མི་འབྲལ་བརྒྱན་པས་མཛེས་པར་ཤོག །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་གྱིས། །ལེགས་བཏབ་ཆོས་ཀྱི་ས་བོན་རང་རྒྱུད་ལ། །སྨིན་པའི་ས་བཅུ་ལམ་ལྔར་ཡོངས་འདུའི་རྩེར། །ཆོས་གཟུགས་འབྲས་བུ་གཡུར་དུ་ཟ་བར་ཤོག །ཚེ་འདིར་ནད་གདོན་ཟུག་རྔུའི་མིང་བྲལ་བ། །བདེ་ལྡན་ཞིང་གནས་སྐྱེ་རྒུའི་དགའ་སྟོན་དང་། །རྫོགས་ལྡན་དུས་སུ་འཚོ་བ་བརྒྱད་ཁྲིའི་ལོ། །རྣམ་ཐོས་བུ་ཡི་སྟོབས་འབྱོར་འཐོབ་པར་ཤོག །ཞྭ་སེར་ཅོད་པན་འཆང་བའི་བསྟན་པའི་ཁུར། །བློ་དང་བརྩོན་འགྲུས་ཕྲག་པའི་རྩེར་བླངས་ནས། །ཚངས་པའི་ཡུལ་སར་འདེགས་པའི་སྟོབས་


GLG015_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་རྩལ། །མཆོག་གསུམ་མཐུ་ཡིས་བདག་སྙིང་ལ་འཇུག་ཤོག །བོད་དང་བོད་ཆེན་ཧོར་གྱི་རྒྱལ་ཁམས་ཀུན། །ཕན་བདེའི་གྲིབ་མར་རྟག་ཏུ་ངལ་གསོ་བ། །དགའ་ལྡན་ཆོས་སྲིད་བསྟན་པའི་གདུགས་དཀར་པོ། །འདེགས་པའི་ཡུ་བ་བདག་གིས་འཛིན་ནུས་ཤོག །དཔལ་ལྡན་དུས་དགྲའི་དབང་པོ་མ་ཧེའི་ཞལ། །ལེགས་ལྡན་ཕྱག་དྲུག་ལས་ཀྱི་གཤིན་རྗེ་དང་། །འདོད་ཁམས་མ་སོགས་བསྟན་སྲུང་རྒྱ་མཚོ་ཡིས། །སྨོན་པའི་རེ་བ་འགྲུབ་པའི་གྲོགས་མཛད་ཤོག །འབད་རྩོལ་འཕྲུལ་ལ་ལྟོས་མིན་དུས་བབས་ཚེ། །སྟོང་གསུམ་མི་འཇིག་བདག་པོ་ཚངས་པ་ཡིས། །གཙུག་ན་རིན་ཅེན་བུམ་པས་དབང་བསྐུར་ཏེ། །ཚེ་རིང་གནམ་གྱི་ཤེ་མོང་འཐོབ་པར་ཤོག །རྣམ་འདྲེན་བྱང་སེམས་ཉན་ཐོས་རང་སངས་རྒྱས། ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་རྣམས་ཀྱིས། །བདེ་ལེགས་ཕུན་སུམ་ཚོགས་པའི་མེ་ཏོག་ཆར། །ཕབ་ནས་དུས་ཀུན་དགེ་བའི་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་སྨོན་ལམ་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པའི་ངག་འདོན་རྒྱས་བསྡུས་འདི་ལྟ་བུ་ཞིག་དགོས་ཞེས་སའི་ཚངས་པ་བསྟན་འཛིན་དཱ་ཡན་རྒྱལ་པོའི་རིགས་ཀྱི་ཐུ་བོ་རཏྣས་བསྐུལ་བའི་ངོར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཇ་ཡུན་གཅིག་ལ་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །མཐའ་གཉིས་དགྲ་ཚོགས་བཅོམ་པའི་རྒྱལ་རྔ་ཆེ། །རྣམ་པ་ཐམས་ཅད་མཁྱེན་པའི་ཁང་བཟང་རྩེར། །རབ་བརྡུངས་སྒྲ་དབྱངས་སྲིད་གསུམ་ཁྱབ་མཛད་པ། །ཐུབ་དབང་ཉིན་མོ་ཁྱེད་ལ་གསོལ་བ་འདེབས། །ཡེ་ཤེས་ཕུང་(༡༡༠ན)


GLG015_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྤུངས་པའི་གཙུག་ཏོར་དུ། །གསེར་ཞུན་ཅོད་པན་འོད་ཀྱིས་རྨོངས་པའི་མུན། །མཐར་མཛད་ཆོས་ཀུན་ཡོངས་མཁྱེན་བཙོང་ཁ་པ། རྗེ་བཙུན་འཇམ་དཔལ་སྙིང་པོར་གསོལ་བ་འདེབས། །རྣམ་པར་འབྱེད་པར་ཤེས་རབ་ལྷ་ལམ་ངོས། །བཟང་པོའི་ལྷག་བསམ་ཤིང་རྟས་ཉེར་དྲངས་པའི། །བྱང་ཆུབ་སེམས་ཀྱི་ཉི་མ་འོད་པོ་ཆེ། །སྐལ་བཟང་པད་ཚལ་རྒྱས་ལ་གསོལ་བ་འདེབས། །ངག་དབང་དབྱངས་ཅན་རྒྱུད་མངས་ལེགས་འཁྲོལ་བའི། །བློ་གྲོས་བུམ་བཟང་གསུང་རབ་རྒྱ་མཚོ་ཆེ། །ཐོས་བརྩོན་རི་བོ་སྒྲིལ་ལས་ཉེར་འཐོན་པ། །ལེགས་བཤད་བདུད་རྩིའི་གཏེར་ལ་གསོལ་བ་འདེབས། །རྒྱལ་ཀུན་འགྲོ་ལ་རྗེས་སུ་རབ་བརྩེ་བ། །འཕགས་ཆེན་དམ་པའི་སྐྱེས་རབས་འཕྲེང་བ་ཅན། །ལྷ་བཅས་འགྲོ་བའི་གཉེན་དུ་སྤྲུལ་པའི་གར། །སྒྱུར་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །རྡོ་རྗེའི་རང་བཞིན་ལས་གྲུབ་སེང་གེའི་ཁྲིར། །ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་སྡེ། །ངེས་པ་ལྔ་ལྡན་བཞིན་དུ་རྟག་བཞུགས་ནས། །ཆོས་འཁོར་རྒྱུན་མི་ཆད་པར་སྐོར་གྱུར་ཅིག །བྱམས་པའི་བསྟན་པ་དབུས་འགྱུར་འཆང་བའི་ཡུལ། །ཤར་མིན་དེ་སྲིད་ཁྲིམས་ལྡན་འདུས་པའི་གླིང་། །ཞྭ་སེར་འཛིན་པའི་སྣང་བ་རབ་གསལ་ཆེད། །འདོད་ཁམས་མུན་སེལ་སྒྲོན་མེར་འབར་གྱུར་ཅིག །ཅེས་རྒྱལ་བ་འཕགས་པ་ལྷ་སྤྲུལ་པའི་སྐུ་བློ་བཟང་འཕགས་པ་བསོད་ནམས་ལྷུན་གྲུབ་དགེ་ལེགས་དཔལ་བཟང་པོས་རིང་པོར་འཚོ་བའི་སྨོན་ལམ་གྱི་ཚིགས་བཅད་ཅིག་དགོས་ཚུལ་གསུང་བར་འབྲེལ་ཆགས་ཀྱི་དབང་དུ་བྱས་པའི་གསོལ་འདེབས་བདེན་ཚིག་བརྗོད་པ་དང་། (༡༡༠བ)


GLG015_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །ཕུན་ཚོགས་བཀྲ་ཤིས་སྒོ་འཕར་བརྒྱ་ཕྱེ་ནས། །རྣམ་མང་འཕྲིན་ལས་ཡན་ལག་བརྒྱད་ལྡན་རྒྱུན། །གཞན་ཕན་རྒྱ་མཚོ་ཆེན་པོར་ལེགས་འབབ་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྣམ་བཀྲ་རིག་པས་ལུང་དོན་འབྱེད་པ་ལ། །སྲས་བཅས་རྒྱལ་བས་ཤིས་པ་བརྗོད་པའི་སྒོ། །གཞུང་ལུགས་མང་པོར་དཔྱད་བཟོད་འདུས་པའི་སྡེ། །དེ་འཛིན་བཤེས་གཉེན་ཚོགས་རྣམས་ཞབས་བརྟན་ཤོག །ཅེས་སྒོ་མང་སློབ་དཔོན་འཕྲིན་ལས་རྒྱ་མཚོའི་གསོལ་འདེབས་བརྟན་བཞུགས་འདི་ནི་བཀྲ་ཤིས་སྒོ་མང་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །རིན་ཆེན་ལྟ་བུའི་བློ་གསལ་གདུལ་བྱ་ལ། །ལམ་བཟང་རྡོ་རྗེའི་ཐེག་པ་ལེགས་བསྟན་ནས། དལ་འབྱོར་དོན་ཡོད་སྒྲུབ་མཛད་དགེ་བའི་བཤེས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་སྨད་རྒྱུད་བློ་བཟང་དོན་ཡོད་ཀྱི་གསོལ་འདེབས་འདི་ནི་བླ་མ་བརྒྱུད་པའི་ཁ་སྐོང་དུ་དགོས་ཞེས་དབུ་ཆོས་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དངོས་གྲུབ་བོ། །ལེགས་བྱས་ཕུན་ཚོགས་མངོན་མཐོའི་མངལ་ཁུར་ནང་། །རིང་གོམས་ཆོས་ཀྱི་དབྱར་སྐྱེས་གཞོན་ནུའི་འབྲས། །སྣོད་ལྡན་གདུལ་བྱའི་ཚོགས་ལ་ལེགས་སྟོན་པའི། །ཡོངས་འཛིན་ཐོས་བརྩོན་དབང་པོར་གསོལ་བ་འདེབས། །དངོས་གྲུབ་ལེགས་ཚོགས་འབྱུང་གནས་དགེ་བའི་བཤེས། །རིང་པོར་(༡༡༡ན)


GLG015_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ནས་གསུང་རབ་རྒྱ་མཚོ་ཆེ། །རྣམ་དཔྱོད་གཟིངས་ཀྱིས་ཕ་མཐར་ལེགས་བརྒལ་བ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །མདོ་རྒྱུད་ལུང་དོན་མ་ལུས་རིག་པ་ཡིས། །བརྒལ་ཞིང་ཉེར་བརྟགས་རྒྱ་ཆེན་གསུང་རབ་གནད། །ལྟ་བའི་བློ་མིག་དབྱར་མཚོ་ལྟར་རྒྱས་པ། །བཤེས་གཉེན་དམ་པའི་མགོན་ལ་གསོལ་བ་འདེབས། །ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་གྱིས། །གྲུབ་མཐའ་རྣམ་བཞིའི་བཀའ་དང་བསྟན་བཅོས་ཀུན། །འཆད་རྩོད་རྩོམ་པས་བསྟན་པ་རབ་འཛིན་པ། །སྨྲ་བའི་དབང་ཕྱུག་དམ་པར་གསོལ་བ་འདེབས། །ཞེས་བདེ་ཡངས་གྲྭ་ཚང་གི་འཆད་ཉན་སློབ་དཔོན་རིམ་བཞིའི་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་འདི་ནི་གྲྭ་ཚང་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་སོ། །དོན་ཀུན་མ་ལུས་གྲུབ་པའི་ཐུབ་པའི་དབང་། །འཆི་མེད་དཔལ་སྟེར་ཡིད་བཞིན་འཁོར་ལོའི་ཞབས། །གནས་ལྔ་རིག་པ་ངག་དབང་གྲགས་པ་ལ། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །པཎ་གྲུབ་གཙུག་རྒྱན་རྡོ་རྗེ་གདན་པ་དང་། །འཇིག་རྟེན་མིག་གཅིག་བ་རི་རིན་ཅེན་གྲགས། །གང་དེས་རྗེས་བཟུང་གྲུབ་ཆེན་སླེ་ནག་པར། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །སྐུ་ཚེ་མཐར་ཕྱིན་བཤེས་གཉེན་སྒྲ་པའི་ཞབས། །བཀའ་ཕྱག་གཉིས་འདྲེས་ཟླ་འོད་གཞོན་ནུ་རྗེ། །དབོན་རིགས་སྒོམ་པ་ཚུལ་ཁྲིམས་སྙིང་པོ་ལ། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །ཐུགས་སྲས་བསྒོམ་ཆུང་ཤེས་རབ་བྱང་ཆུབ་དང་། །དྲི་མེད་ཚུལ་ཁྲིམས་རྣམ་དག་འདུལ་འཛིན་(༡༡༡བ)


GLG015_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས། །རྟོག་པའི་བདག་ཉིད་འབྲི་གུང་གླིང་པ་ལ། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །མཚུངས་མེད་བླ་མ་དམ་ཆོས་གླིང་པ་དང་། །མཁས་གྲུབ་ཆེན་པོ་ཆོས་ཀྱི་ཚུལ་ཁྲིམས་དཔལ། །སྐྱེ་རྒུའི་གཙུག་རྒྱན་མཉམ་མེད་ལྷ་ལུང་པར། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །བཤེས་གཉེན་དམ་པས་རྗེས་བཟུང་ཐོག་གནས་པ། །གདམས་པའི་མཛོད་འཛིན་ཆོས་ཀྱི་དབང་ཕྱུག་ཞབས། །འགྲོ་བའི་གཉེན་གྱུར་བྱང་ཆུབ་བཟང་པོ་ལ། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །ཀུན་མཁྱེན་ཆེན་པོ་བཀྲ་ཤིས་རྣམ་པར་རྒྱལ། །མཁས་བཙུན་སྤྱན་སྔ་བསོད་ནམས་ལྷའི་དབང་པོ། །སྐྱེ་རྒུའི་རྣམ་འདྲེན་དཔལ་ལྡན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །མང་ཐོས་མཁས་པའི་རྩེར་སོན་འཕྲིན་ལས་ཞབས། །རྒྱལ་བ་ཀུན་དངོས་མཚར་བ་རྡོ་རྗེ་འཆང་། །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཞབས། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །གསང་ཆེན་སྙན་བརྒྱུད་འཛིན་པའི་བསླབ་གསུམ་རྗེ། །རིགས་ཀུན་ཁྱབ་བདག་དབང་ཕྱུག་རབ་བརྟན་དཔལ། །རྡོ་རྗེ་འཆང་དབང་མགོན་པོ་བསོད་ནམས་ལ། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། ཀུན་མཁྱེན་བླ་མ་ཆོས་དབྱིངས་རང་གྲོལ་ཞབས། །གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་གྱིས། །རྗེས་བཟུང་ངག་དབང་བློ་བཟང་རྒྱ་མཚོའི་སྡེར། །གསོལ་བ་འདེབས་སོ་འཆི་མེད་འགྲུབ་བྱིན་རློབས། །དམན་ལོག་ལམ་ལས་ཟློག་བྱེད་སྐྱབས་སེམས་དང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་བསགས་ནས། །རྒྱལ་ཡུམ་འཕགས་མའི་གཟུགས་སྐུའི་ཕྲ་རགས་ལ། །གསལ་སྣང་བརྟན་པ་འཐོབ་པར་བདག་བྱིན་རློབས། །ཐུགས་ཀར་འཁོར་ལོ་ཡིག་འབྲུའི་སྤྲོ་བསྡུ་དང་། །རིགས་ཀྱི་(༡༡༢ན)


GLG015_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོའི་བྱིན་རླབས་བདུད་རྩིའི་རྒྱུན། །དྲུག་ལྡན་འོད་གུར་བསྲུང་བའི་འཁོར་ལོ་ཡི། །མཉམ་གཞག་ཏིང་འཛིན་གཡོ་བ་མེད་པར་ཤོག །མཐོ་རིས་ཆུ་རྒྱུན་ཇི་བཞིན་ཆད་མེད་པ། །གྲག་སྟོང་སྔགས་ཀྱི་བཟླས་བརྗོད་ལྷུར་བླངས་པས། ལྷག་པའི་ལྷ་མཆོག་འཛད་མེད་བྱིན་རླབས་ཀྱི། །ཕུང་པོ་སྙིང་གི་པད་མཚོར་འཇུག་པར་ཤོག །ཚིག་ཙམ་མ་ཡིན་དེང་ནས་བྱང་ཆུབ་བར། །ཡིད་བཞིན་འཁོར་ལོ་ལྷག་པའི་ལྷར་བསྟེན་མཐུས། །འཆི་བདག་གཡུལ་ལས་རྣམ་པར་རབ་རྒྱལ་ཏེ། །གཞོམ་མེད་རྡོ་རྗེའི་ཚེ་སྲོག་འགྲུབ་པར་ཤོག །རྡུལ་བྲལ་སྟོན་གྱི་ཟླ་ལྟར་དཀར་བའི་དགེས། །འགྲོ་ཀུན་ལྔ་པའི་འཇིགས་པ་ལས་སྒྲོལ་བ། །ཐར་པའི་ཁང་བཟང་རྩེར་སོན་བདག་གཞན་གྱི། །དོན་ཀུན་ལྷུན་གྱིས་གྲུབ་པའི་དཔལ་འགྱུར་ཤོག །ཅེས་པའི་ལུགས་ཀྱི་རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་རྗེས་གནང་ཚེ་ཁྲིད་དང་བཅས་པའི་བརྒྱུད་པའི་གསོལ་འདེབས་སྨོན་ལམ་གྱིས་མཐའ་རྟེན་པ་འདི་ནི། ཏྲེ་བོ་ཧོར་ཚང་ཆོས་རྗེ་ཏའི་སི་ཏུ་ངག་དབང་ཕུན་ཚོགས་ཀྱིས་རྒྱང་རིང་པོ་ནས་གསེར་གྱི་མཎྜལ་དང་བཅས་བསྐུལ་བ་ལ་བརྟེན་ནས། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། །ཡིད་གཉིས་ཟ་བའི་ཐེ་ཚོམ་གི་རྙོག་པ་དང་བྲལ་ཞིང་གཞན་རྐྱེན་གྱི་མི་ཕྱེད་དད་པའི་མཚོར་དྭངས་པ། །རང་ངོས་ཀྱི་མོས་པའི་སྒོ་ནས་མཆོག་གསུམ་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་འདུས་པའི་བདག་ཉིད་དགེ་བའི་བཤེས་གཉེན་གྱི་རྣམ་པར་བསྟན་པའི་ཟླ་བའི་གཟུགས་བརྙན་དང་མཚུངས་པ། །སྲིད་པ་འཁོར་བ་དང་(༡༡༢བ)


GLG015_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་མྱ་ངན་ལས་འདས་པའི་མཐའ་གཉིས་སུ་ལྟུང་བའི་ཚ་བའི་གདུང་བ་མ་ལུས་པ་སེལ་བའི་ཐུགས་རྗེ་ག་བུར་ལྟ་བུའི་གཟེགས་མ་ཡིས། །བདག་གི་སྙིང་གི་དབུས་ཀྱི་འདི་ཕྱི་བར་གསུམ་དགེ་བའི་བདེ་སྐྱིད་ཀྱི་ཀུནྡ་བཞད་པ་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་དབྱངས། མགོན་པོའི་རྗེས་སུ་འགྲོ་བའི་བློ་གྲོས་ཀྱི་རྩལ་རྣམ་པར་ཡངས་ཤིང་། །ལག་ན་པདྨ་དཀར་པོ་འཆང་བའི་ཐུགས་རྒྱུན་ཀྱིས་ཀུན་ལ་རྗེས་སུ་བརྩེ་བའི། ལྷག་པའི་བསམ་པ་བཟང་པོར་དོ་ཟླའི་ཚུལ་གྱིས་འགྲན་པར་ནུས་པ། །རྒྱ་མཚོ་ལྟ་བུ་ར་ཟབ་ཅིང་རྟོགས་དཀའ་བའི་གསང་བའི་བདག་པོ་དང་མཐུ་སྟོབས་ནུས་པ་ཆོས་མཚུངས་པ། ར་ལྡན་པའི་དཀྱིལ་འཁོར་ཀུན་གྱི་གཙོ་བོ་རུ། །རྡོ་རྗེ་འཛིན་པའི་དབང་པོའི་གར་གྱི་རོལ་པ་ལ་གསོལ་བ་འདེབས། །དུས་དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་བར་གྱི་སྐྱེ་བ་ནས་ཚེ་རབས་བ་ར་དུ་ཕན་པ་དང་བདེ་བའི་རོ་མཆོག་བརྒྱ་དང་ལྡན་པའི་ཟས་ལྟ་བུ། །ཤིན་ཏུ་དངར་པོར་གྱུར་པ་ལུས་སེམས་བདེ་བ་བསྐྱེད་ནུས་པ་ལ་ལོངས་སུ་སྤྱོད་པ་དང་མི་འབྲལ་ཞིང་། །འགྲོ་བ་ཐམས་ཅད་ཐར་པའི་གླིང་དུ་འདྲེན་པའི་དེད་དཔོན་སྟོབས་བཅུ་མངའ་བ་ཐུབ་པའི་དབང་པོ་ཡི། །གོ་འཕང་ཚོགས་ཀྱིས་བསྒྲུབ་པ་ལ་མ་ལྟོས་པར་སྨན་རྒྱལ་གུ་ཎའི་གསང་ལམ་ཟབ་མོ་ལ་བརྟེན་ནས་ཡུན། རིང་པོར་མི་ཐོགས་པར། མངོན་པར། འགྱུར་པར། ཤོག །ཅེས་གསོལ་འདེབས་སྨོན་ལམ་གྱི་ཚིགས་བཅད་འགྲོལ་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཤེལ་དཀར་རྫོང་སྡོད་བྱ་ར་དངོས་གྲུབ་ཀྱིས་རྟེན་སྒམ་གྲ་མཚུངས་དང་དོད་ཀྱིས་བཟོས་པའི་དོ་དམ་བྱས་ཚེ་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །ན་མོ་བཛྲ་ཝཱ་ར་ཧྱཻ། རྡོ་རྗེའི་འཆང་དང་རྗེ་བཙུན་རྣལ་(༡༡༣ན)


GLG015_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ། །ནཱ་རོ་ཕམ་ཐིང་ཀློག་སྐྱ་མལ་ལོའི་ཞབས། །གོང་མ་ལྔ་དང་ཞང་སྟོན་བྲག་ཕུག་པར། །གསོལ་བ་འདེབས་སོ་མཁའ་སྤྱོད་འགྲུབ་བྱིན་རློབས། །བླ་མ་དམ་པ་ཡར་ཀླུངས་ཁུ་དབོན་གཉིས། །འཇམ་དབྱངས་ཆོས་རྗེ་ཡབ་སྲས་ཀུན་སྤངས་ཞབས། །མཚར་ཆེན་མཁྱེན་བརྩེའི་དབང་ཕྱུག་བསླབ་གསུམ་པར། །གསོལ་བ་འདེབས་སོ་མཁའ་སྤྱོད་འགྲུབ་བྱིན་རློབས། །དབང་ཕྱུག་རབ་བརྟན་རྗེ་བཙུན་བཀའ་འགྱུར་བ། །ཆོས་དབྱིངས་རང་གྲོལ་མཁན་ཆེན་ཞ་ལུ་རྗེ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཁའ་སྤྱོད་འགྲུབ་བྱིན་རློབས། །དབང་བཞི་བསྐུར་པས་རྒྱུད་སྨིན་སིནྡྷུ་རའི། །དཀྱིལ་འཁོར་ལ་བརྟེན་བདག་བྱིན་རབ་བརླབས་ནས། །བསྐྱེད་རྫོགས་སློབ་བཤད་ཟབ་མོའི་རྣལ་འབྱོར་གྱིས། ཚེ་འདིར་ཟུང་འཇུག་སྐུ་བཞི་མངོན་གྱུར་ཤོག །ཅེས་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་ཤིན་ཏུ་འཁྱེར་བདེ་བ་ཞིག་བྲིས་ཤིག་ཅེས་ཞ་ལུའི་གདན་ས་ཉེར་གཅིག་པ་རིགས་ཀུན་ཁྱབ་བདག་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ།།འོད་དཔག་མེད་མགོན་བཅོམ་ལྡན་ཚེ་མཐའ་ཡས། །དཔལ་ཆེན་རྟ་མཆོག་ཚེ་དབང་རིགས་འཛིན་རྩལ། །ཐང་སྟོང་རྒྱལ་པོ་རྡོ་རིང་ཀུན་སྤངས་རྗེར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །རྗེ་བཙུན་གྲོལ་མཆོག་བསྟན་འཛིན་ཉི་ཟླ་བཟང་། །དབང་ཕྱུག་རབ་བརྟན་འཇམ་(༡༡༣བ)


GLG015_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་བསོད་ནམས་མཚན། །ཆོས་དབྱིངས་རང་གྲོལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཨེ་ཧཾ་ཉི་ཟླ་ཟུང་འཇུག་མི་ཤིགས་པ། །འགྱུར་མེད་སྲོག་གི་ཀ་བ་རྡོ་རྗེའི་ཁམས། །ལྷུན་གྲུབ་འཆི་བ་མེད་པའི་རིག་པ་འཛིན། །འཐོབ་པའི་སྐལ་བ་བཟང་པོར་བདག་འགྱུར་ཤོག །ཅེས་ཚེ་དབང་འཆི་མེད་དཔལ་སྟེར་གྱི་བརྒྱུད་འདེབས་འདིའང་རིགས་ཀུན་ཁྱབ་བདག་མཁན་ཆེན་ཞ་ལུ་བ་ཆེན་པོའི་ཐུགས་དམ་དུ་ཟ་ཧོར་གྱི་བནྡེས་དང་བས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །གནས་ཐུབ་བསྟན་དགེ་འཕེལ་དབེན་གནས་སུ། །མཚར་ཆེན་རྡོ་རྗེ་འཆང་དབང་ལ་གསོལ་བ་འདེབས། །གནས་དབུར་སྟོད་ལོ་དགོན་བཞུགས་གནས་སུ། །མཻ་ཏྲི་དོན་གྲུབ་རྒྱལ་མཚན་ལ་གསོལ་བ་འདེབས། །གནས་དཔལ་ལྡན་རྩེ་ཡི་བསྟི་གནས་སུ། །སྤྱན་སྔ་ཆོས་ཀྱི་རྒྱ་མཚོ་ལ་གསོལ་བ་འདེབས། །གནས་ཆོས་འཁོར་ཡང་རྩེའི་བཞུགས་གནས་སུ། །ཁྱབ་བདག་དབང་ཕྱུག་རབ་བརྟན་ལ་གསོལ་བ་འདེབས། །གནས་བཀྲ་ཤིས་ཆོས་སྡེའི་བཞུགས་གནས་སུ། །འཇམ་མགོན་བསོད་ནམས་མཆོག་ལྡན་ལ་གསོལ་བ་འདེབས། །གནས་ཞ་ལུ་གསེར་བཀང་གི་བཞུགས་གནས་སུ། །ཀུན་མཁྱེན་བསོད་ནམས་མཆོག་གྲུབ་ལ་གསོལ་བ་འདེབས། །ཞེས་གཤེད་དམར་བརྒྱུད་འདེབས་ཐུགས་སྲས་ལོ་ཙཱ་བས་མཛད་པའི་འགྲོས་ཐུགས་སྲས་སེམས་དཔའ་ཆེན་པོ་ནས་རྡོ་རིང་རིན་པོ་ཆེའི་བར་མཚར་ཆེན་གྱིས་གནང་བའི་འཇུག་རྣམས་ཞ་ལུ་འདུས་པའི་ཚོགས་འདོན་དུ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་(༡༡༤ན)


GLG015_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བྱས་སོ། །འོད་མཚན་སྟོང་དུ་འབར་བའི་མགོན་པོ་ཡི། །ཐུགས་རྗེའི་སྒྱུ་འཕྲུལ་རོལ་གར་སྲིད་གསུམ་ན། །ཆེ་བཙན་རིགས་སྔགས་གྲུབ་པའི་བརྟུལ་ཞུགས་ཅན། །དུས་གསུམ་སངས་རྒྱས་ངོ་བོ་པདྨ་འབྱུང་། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །སིནྡྷུའི་མཚོ་གླིང་གདེངས་ཅན་འཇོག་པོ་ཡི། ཁང་བཟང་རྩེ་མོར་འདབ་སྟོང་བཞད་པའི་མཐུས། །རྫུས་སྐྱེས་ངོ་མཚར་མཚན་དཔེའི་དཔལ་འབར་བ། །མཚོ་སྐྱེས་རྡོ་རྗེ་རང་བྱུང་སྤྲུལ་པའི་སྐུ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །དག་པའི་ལས་སད་ཨིནྡྲ་བྷུ་ཏི་ཡི། །རྒྱལ་ཁབ་ཆེན་པོར་སྤྱན་དྲངས་མངའ་གསོལ་ཚེ། །འབངས་རྣམས་རྫོགས་ལྡན་བཞིན་དུ་བདེ་ལ་བཀོད། །ཨཽཌྜི་ཡཱ་ཎའི་ས་སྤྱོད་ཐོར་ཅོག་ཅན། །མགོན་ཁྱོད་ཟངས་མདོག་དཔལ་རིང་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །སྲིད་འབྱོར་སྒྱུ་མའི་རོལ་རྩེད་ཐབས་མཁས་ཀྱིས། །ཉེར་སྤངས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ། །བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་སྦྱོར་སྒྲོལ་གྱིས། །མ་ཚོགས་མཁའ་འགྲོའི་དབང་ཕྱུག་ཞི་བ་འཚོ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །ཕྱོགས་ལས་རྣམ་པར་རྒྱལ་བའི་གར་གྱི་དལ། །མཁའ་འགྲོས་བྱིན་རླབས་ཕག་མོ་མངོན་སུམ་གཟིགས། །ནམ་མཁའི་གཟའ་(༡༡༤བ)


GLG015_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྡེ་བརྒྱད་བྲན་དུ་བཀོལ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་དྲག་པོ་རྩལ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །རིགས་འཛིན་མཆོག་བརྙེས་པྲ་བྷ་ཧ་སྟི་ཡིས། །རྗེས་བཟུང་ཡོ་གའི་ལྷ་ཚོགས་དངོས་སུ་མཇལ། །ངུར་སྨྲིག་གོས་ཀླུབས་སྡོམ་བརྩོན་དམ་པ་མཆོག །ཐུབ་དབང་གཉིས་པ་ཤཱཀྱ་སེང་གེའི་ཞབས། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །མཁས་གྲུབ་རིགས་འཛིན་མང་བསྟེན་མདོ་རྒྱུད་དང་། །ཐ་སྙད་རིག་པའི་གནས་སོགས་ཤེས་བྱའི་མཐའ། །རྙེད་མིན་དེ་སྲིད་སྤྲོས་པ་དམར་ཐག་བཅད། །ཐམས་ཅད་མཁྱེན་པ་བློ་ལྡན་མཆོག་སྲེད་དཔལ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །མངོན་སུམ་བྱིན་བརླབས་མི་ཤིགས་རྡོ་རྗེའི་སྲོག །ལྷུན་གྲུབ་འཆི་མེད་འཇའ་ལུས་སྐུ་བརྙེས་པ། །ཚེ་ལ་དབང་བའི་རིགས་འཛིན་པདྨ་འབྱུང་། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །རྫུ་འཕྲུལ་བཀོད་པས་ཟ་ཧོར་རྒྱལ་པོ་སོགས། །བྷཾ་ག་ལ་ཡི་འགྲོ་རྣམས་ཐར་ལམ་དྲངས། །ཡིད་འཛིན་དབང་མོ་ལ་བརྟེན་དགའ་བ་བཞིའི། །ཡེ་ཤེས་སྐྱེད་མཛད་པདྨ་སཾ་བྷ་ཝ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །ཞུགས་ཀྱི་ཕུང་པོ་དལ་འགྲོར་འཁྱིལ་བའི་དབུས། །པདྨའི་སྦུབས་ནས་ཡབ་ཡུམ་ཟུང་འཇུག་སྐུ། །མངོན་སུམ་བསྟན་པས་འབྱུང་པོའི་དབང་པོ་སོགས། །ཨྱོན་འགྲོ་འདུལ་སྲས་མཆོག་པདྨ་རྒྱལ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །བདུད་འདུལ་ཡེ་ཤེས་ཌཱ་ཀིས་རྗེས་སུ་བཟུང་། །ལུང་རིག་མཚོན་ཆས་(༡༡༥ན)


GLG015_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ངན་གྲུབ་མཐའ་བཅོམ། །མཐུ་སྟོབས་རྩལ་གྱིས་མུ་སྟེགས་ཐལ་བར་བརླག །འཕགས་པ་སེང་གེ་སྒྲ་སྒྲོགས་གསང་བའི་བདག །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །ཡང་ལེ་ཤོད་དུ་བཛྲ་ཧེ་རུ་ཀའི། དབང་དང་རིམ་གཉིས་ལས་བྱུང་ཕྱག་རྒྱ་ཆེ། །བསྒྲུབས་ཚེ་བགེགས་དཔུང་དཔལ་ཆེན་ཕུར་པས་བསྒྲལ། །དངོས་གྲུབ་མཆོག་བརྙེས་རྡོ་རྗེ་ཐོད་འཕྲེང་རྩལ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །གངས་ཅན་ལྷ་སྲིན་གདུག་པའི་སྲོག་སྙིང་བླངས། །ཆོས་འཁོར་བསམ་ཡས་ལྗོངས་ཞིང་བོད་ཡུལ་ཀུན། །དཀར་པོར་བསྒྱུར་ནས་མངའ་བདག་བཞེད་པ་བཀང་། །སངས་རྒྱས་གཉིས་པ་སྤྲུལ་སྐུ་པདྨ་འབྱུང་། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །མཆིམས་ཕུར་ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་དུ། །རྗེ་འབངས་གྲོགས་གསུམ་དགུ་དང་ཉེར་ལྔ་སོགས། །སྨིན་གྲོལ་ལ་བཀོད་གྲུབ་རྟགས་མངོན་དུ་འབྱུང་། །བཀའ་དྲིན་འཁོར་མེད་པདྨཱ་ཀ་རའི་ཞབས། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །སྟག་ཚང་ཕུག་ཏུ་དམུ་བདུད་དམ་སྲི་བཏུལ། །བསིལ་ལྡན་རི་བྲག་གནས་ཀུན་གཏེར་གྱིས་བཀང་། །ལས་འཕྲོ་ཅན་གྱིས་འདོན་པར་སྨོན་ལམ་བཏབ། །སྙིགས་དུས་འགྲོ་འདྲེན་རྡོ་རྗེ་གྲོ་ལོད་རྩལ། མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །དབེན་གནས་ཀེའུ་ཚང་ཕལ་ཆེན་བྱིན་གྱིས་བརླབས། །སྐུ་དང་ཕྱག་ཞབས་རྗེས་རྣམས་བྲག་མཚོར་བཞག །དོང་སྤྲུགས་ཆོ་གས་འགྲོ་ཀུན་ལས་སྒྲིབ་སྦྱངས། །མ་འདྲིས་ལུས་ཅན་ཡོངས་ཀྱི་གཉེན་(༡༡༥བ)


GLG015_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །སྐུ་དངོས་རྔ་ཡབ་དཔལ་རིར་བཞུགས་བཞིན་དུ། །བོད་ཀྱི་ཡུལ་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་བཏབ་ཚེ་དངོས་སུ་བྱིན་རློབས་པ། །ལང་ཀའི་དབང་ཕྱུག་རྡོ་རྗེ་ཐོད་འཕྲེང་རྩལ། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཐུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །ཁྱོད་ཞལ་དངོས་མཇལ་ལས་ཅན་རྗེ་འབངས་ཚོགས། །སྙིགས་དུས་འགྲོ་བའི་དཔལ་མགོན་གཏེར་སྟོན་དུ། །སྤྲུལ་ནས་བསྟན་འགྲོའི་ཕན་བདེ་སྤེལ་མཛད་རྣམས། །ལྷ་གཅིག་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །མགོན་ཁྱོད་ཟངས་མདོག་དཔལ་རིར་རྟག་བཞུགས་ཀྱང་། ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས། །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས། །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ། །གཅམ་བུ་མིན་པར་སྙིང་ནས་གསོལ་འདེབས་ན། །ཆེར་སྙིགས་དུས་ཀྱི་ལུས་ཅན་མ་ལུས་དང་། ཁྱད་པར་བོད་འབངས་མཐའ་དག་ཐུགས་རྗེ་ཆེས། །རྗེས་སུ་ཟུངས་ཤིག་རིགས་འཛིན་པདྨ་འབྱུང་། །རིམས་འཁྲུག་དབུལ་ཕོངས་སད་སེར་བཙའ་ཐན་སོགས། །སྔོན་ལས་འཕྲལ་རྐྱེན་བོད་སྐྱོང་ལྷ་སྲིན་འཁྲུགས། །སྟོད་སྨད་མཐའ་འདྲེའི་ས་རླང་ལས་བྱུང་བའི། །ངན་པའི་འབྲས་ཀུན་ཞི་བར་བྱིན་གྱིས་རློབས། །དགེ་བཅུར་ལེགས་སྤྱོད་རིང་པོའི་བར་དུ་འཚོ། །དཔལ་འབྱོར་ལོངས་སྤྱོད་མཐའ་བཞིའི་ལས་སྒོ་འདུ། །འབྱུང་ལྔའི་ནུས་ཉམས་མ་ལུས་གསོས་པ་དང་། །སྣོད་བཅུད་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །འབྱུང་པོ་རྣམས་ཀྱང་འགྲོ་ལ་བྱམས་བརྩེ་ཞིང་། །ས་སྤྱོད་རྒྱལ་པོའི་མངའ་ཐང་ཆབ་སྲིད་རྒྱས། །མཆོད་གནས་སྡེ་གཉིས་ཆོས་སྤྱོད་རྣམ་བཅུ་འཕེལ། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཁྱད་པར་འདུས་མདོ་སྒྱུ་འཕྲུལ་སེམས་(༡༡༦ན)


GLG015_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སོགས། །ཆད་མེད་བཀའ་ནས་རིམ་པར་བྱོན་པ་དང་། །བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ལ་སོགས། །ཟབ་གཏེར་བསྟན་པ་འཕེལ་བར་བྱིན་གྱིས་རློབས། །བསིལ་ལྡན་སྐྱེ་རྒུའི་སྡུག་བསྔལ་ཚེ་རིང་ཀུན། །ཞི་བྱེད་དུས་བབས་ཟབ་གཏེར་ག་བུར་ཐིགས། འདོན་པའི་ལས་འཕྲོ་ཉེར་སད་སྐལ་ལྡན་གྱིས། །རྟེན་འབྲེལ་འཕྱུག་མེད་འགྲིག་པར་བྱིན་གྱིས་རློབས། །མགོན་ཁྱོད་ཐུགས་རྗེའི་ཉི་མ་བདག་སྙིང་ལ། །ཤར་བས་སྲིད་ཞིའི་གདུང་མུན་ཀུན་ཞི་ནས། །འཁོར་འདས་ཕན་བདེའི་སྣང་བ་འོད་པོ་ཆེ། །འབྲལ་མེད་རྩེ་དགའ་ཁོང་ནས་དགོད་པར་ཤོག །སྐྱེ་བར་ཁྱོད་གསུང་ཟབ་གཏེར་མཁའ་འགྲོ་ཡི། ཁ་རླངས་མ་ཉམས་རོ་བརྒྱའི་འབྲས་བུ་ལ། །ལོངས་སུ་སྤྱད་ནས་ལས་བཞི་སྒྲུབ་ཆེན་བརྒྱད། །བསྐྱེད་རྫོགས་རྫོགས་ཆེན་ལམ་བཟང་མཐར་ཕྱིན་ཤོག །མདོར་ན་བོད་འབངས་ནམ་ཡང་མི་འདོར་བར། །རྗེས་སུ་འཛིན་ཞེས་མངའ་བདག་ཡབ་སྲས་ལ། །ཞལ་བཞེས་རྡོ་རྗེའི་རི་མོ་སྲིད་མཐའི་བར། །ནམ་ཡང་འགྱུར་བ་མེད་པར་བྱིན་གྱིས་རློབས། །གདོད་ནས་དག་པའི་རང་རིག་ཐོད་འཕྲེང་རྩལ། །རང་ངོ་འཕྲོད་ནས་སྐྱོང་བའི་རྣལ་འབྱོར་གྱི། །དངོས་གྲུབ་འདོད་འཇོའི་བཀྲ་ཤིས་དཔལ་འབར་བས། །ཀུན་ཁྱབ་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སངས་རྒྱས་ཀུན་འདུས་དཔལ་ཨྱོན་ཆེན་པོ་ལ་རྣམ་ཐར་དང་རྗེས་སུ་མཐུན་པར་གསོལ་བ་གདབ་ཅིང་སྨོན་ལམ་དུ་བྱ་བའི་རིམ་པ་དངོས་གྲུབ་འདོད་འཇོ་ཞེས་པ་འདི་ནི་གཉོས་ཀྱི་གདུང་ལས་ཟབ་མོ་གཏེར་གྱི་བཀའ་བབས་རིགས་འཛིན་ཆེན་པོ་ངག་དབང་(༡༡༦བ)


GLG015_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པདྨས་དོན་གཉེར་ཆེན་པོའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་གང་ཤར་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །འཁོར་འདས་ཕྱག་རྒྱ་མ་ལུས་ཟིལ་གནོན་སོགས། །དྲག་པོའི་རྣམ་རོལ་འགྲོ་ངོར་རེས་སྟོན་ཀྱང་། །གདོད་ནས་རང་རིག་འཇམ་དཔལ་ཀུན་ཏུ་བཟང་། །རྒྱལ་ཀུན་ཡབ་གྱུར་མགོན་ལ་གསོལ་བ་འདེབས། །འོད་མཚན་སྟོང་འབར་མཚོ་སྐྱེས་རྡོ་རྗེའི་གར། །ལེགས་བསྒྱུར་སྲིད་གསུམ་ཆེ་བའི་བརྟུལ་ཞུགས་ཀྱིས། །ལྷ་སྲིན་སྲོག་ཕྲོགས་བོད་ཡུལ་དཀར་པོར་བསྒྱུར། །གངས་ལྗོངས་ཕན་བདེའི་ཉི་མར་གསོལ་བ་འདེབས། །ལུང་བསྟན་དུས་བབས་ལྷ་སྲས་སྐྱུ་ར་ཡི། །བསམས་བཞིན་སྲིད་བཟུང་ཟབ་གཏེར་སྒོ་ཕྱེ་ནས། །རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་རྒྱལ་དཔལ། །རིན་ཅེན་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །སླར་ཡང་རང་གི་མཛད་འཕྲིན་ཡིད་བཞིན་ནོར། །འཁྲུལ་བའི་འདམ་ལས་འདྲེན་པའི་ཤིང་རྟ་ཆེར། །ལེགས་བྱོན་མཁྱེན་བརྩེ་ནུས་པའི་དབང་ཕྱུག་མཆོག །རིགས་འཛིན་ཆོས་ཀྱི་གྲགས་པར་གསོལ་བ་འདེབས། །ཨྱོན་སངས་རྒྱས་གཉིས་པའི་ཟབ་གཏེར་ལ། །སྔོན་བསགས་ལས་འཕྲོ་སད་པའི་ངག་གི་དབང་། །བློ་གྲོས་སྤོབས་པ་བཟང་པོས་རྒྱ་ཆེན་ཆོས། །དབྱར་མཚོ་ལྟ་བུར་སྤེལ་ལ་གསོལ་བ་འདེབས། །སྐྱབས་མགོན་རྣམས་ལ་ཕྱག་འཚལ་མཆོད་སྤྲིན་སྤྲོ། །སྡིག་པའི་ཚོགས་བཤགས་དགེ་ཀུན་ལ་རྗེས་རང་། །ཆོས་འཁོར་བསྐོར་བསྐུལ་བསྐལ་བརྒྱར་རྟག་བཞུགས་གསོལ། །བསོད་ནམས་བྱས་ཀུན་བྱང་ཆུབ་མཆོག་རྒྱུར་བསྔོ། །བདག་སོགས་མཐོ་དམའ་(༡༡༧ན)


GLG015_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བར་པའི་སྲིད་ལམ་དུ། །དཀར་ནག་ཤུགས་དྲག་ལས་ཀྱིས་རྒྱུ་བ་ན། །འབྲལ་མེད་བཤེས་གཉེན་ཚོགས་ཀྱིས་སྡུག་བསྔལ་ལས། །རྣམ་གྲོལ་ཐར་པའི་ས་ལ་འགོད་བྱིན་རློབས། །ཞེས་པ་འདི་ཡང་འབྲི་གུང་ཕྱག་མཛོད་དཀོན་ཅོག་རྒྱལ་མཚན་གྱིས་ཁ་ཏོན་ཏུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །བཟོད་བརྩོན་ཤེས་རབ་ཤིང་རྟས་ཉེར་དྲངས་ནས། །ཐོས་པའི་མཁར་འགྲོད་བཤེས་གཉེན་མཚན་མོའི་མགོན། །རྒྱ་ཆེན་གདུལ་བྱའི་ཀུནྡ་དབྱར་མཚོ་ལྟར། །འཕེལ་མཛད་ཡོངས་འཛིན་དམ་པར་གསོལ་བ་འདེབས། །ཞེས་དགའ་ལྡན་བཤད་སྒྲུབ་གླིང་སློབ་དཔོན་པའི་གསོལ་འདེབས་འདི་ཡང་བསྟན་པ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། གཞུང་མང་ཐོས་དང་བསམས་པས་སྤོབས་པའི་མགྲིན། །ཆེར་བཏེག་སྨྲ་བ་ངག་གི་དབང་ཕྱུག་གིས། ཁྲིམས་ལྡན་རྒྱ་མཚོའི་དབུས་ན་མངོན་མཐོ་བ། །མཁན་ཆེན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་སྤོས་ཁང་ཚོགས་པའི་མཁན་པོ་ངག་དབང་རྒྱ་མཚོའི་གསོལ་འདེབས་འདི་ནི་སྤོས་ཁང་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར།གངས་ཅན་ལྷ་གཅིག་ཕྱག་ན་པད་དཀར་འཆང་། །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་འཇིག་རྟེན་དབང་། །བདེན་པའི་ཚིག་གིས་བདུད་བཟློག་ལྷའི་རྒྱལ་པོ། །ལུས་ཅན་ཀུན་གྱི་གཉེན་ལ་གསོལ་བ་འདེབས། །བོད་ཡུལ་མང་བཀུར་རྒྱལ་པོ་གཉའ་ཁྲི་བཙན། །རྒྱལ་(༡༡༧བ)


GLG015_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཐོག་མར་དབུ་བརྙེས་ཐོ་ཐོ་རི། །རྒྱ་གར་ཤར་ཕྱོགས་ས་སྐྱོང་དད་པ་བརྟན། །ནོར་འཛིན་དབང་པོ་གསུམ་ལ་གསོལ་བ་འདེབས། །ཨྱོན་ཡུལ་བགྲོད་དཀོན་ཅོག་གསུམ་གྱི་འབངས། །དམ་ཆོས་སྲོལ་བཏོད་སྲོང་བཙན་སྒམ་པོའི་ཞབས། །བཤད་སྒྲུབ་བསྟན་པ་རྒྱས་མཛད་ལྷའི་མེ་ཏོག །ཆོས་ཀྱི་རྒྱལ་པོར་གྱུར་ལ་གསོལ་བ་འདེབས། །གསར་བཅད་སྐད་དུ་གཏན་འབེབས་ཁྲི་རལ་པ། །དབུས་འགྱུར་ས་སྤྱོད་རིགས་ལྡན་དགེ་བ་དཔལ། །གྲུབ་བརྙེས་རྣལ་འབྱོར་ཁ་ཆེ་དགོན་པ་བ། །སྐྱེ་རྒུའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ། །རྡོ་རྗེ་འཆང་དབང་བླ་ཆེན་ས་སྐྱ་པ། །གནས་ལུགས་དོན་གཟིགས་གཡུ་བྲག་འགྲོ་བའི་མགོན། །ཐུབ་བསྟན་ཉིན་མོར་བྱེད་ལ་གསོལ་བ་འདེབས། །ཟབ་གཏེར་བསྟན་པའི་ཉི་འོད་མངའ་བདག་ཉིད། །རྫུ་འཕྲུལ་མཐུ་ཡིས་ཆུ་བཟློག་དགེ་བ་འབུམ། །ལྔ་རིག་པདྨ་བཛྲ་བལ་པོའི་ཞབས། །མཁས་གྲུབ་འཁོར་ལོས་སྒྱུར་ལ་གསོལ་བ་འདེབས། །ཆོས་ཀུན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། །དབྱངས་ཅན་མགྲིན་ཆགས་དགེ་འདུན་རྒྱ་མཚོའི་དཔལ། །ས་གསུམ་རྣམ་འདྲེན་བསོད་ནམས་རྒྱ་མཚོའི་སྡེ། མཚུངས་མེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །སྙིང་སྟོབས་མཆོག་མངའ་ཡོན་ཏན་རྒྱ་མཚོའི་ཞབས། །སྔོན་བྱོན་རྣམས་དང་ལས་སྨོན་འབྲེལ་ཙམ་ལ། །སྙན་པོའི་སྒྲོ་བཏགས་ཟ་ཧོར་བྷུ་སུ་ཀུ། །ངེས་ལེགས་ས་མཁན་དམ་པར་གསོལ་བ་འདེབས། །གྲངས་མེད་ལུས་ཀྱིས་ཕྱག་འཚལ་དེ་སྙེད་མཆོད། །སྡིག་ཚོགས་འགྱོད་སྡོམ་(༡༡༨ན)


GLG015_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཤིང་དགེ་ལ་རང་། །ཆོས་འཁོར་བསྐོར་བསྐུལ་བསྐལ་བརྒྱར་བཞུགས་གསོལ་འདེབས། །རྣམ་དཀར་ལས་རྣམས་བྱང་ཆུབ་མཆོག་རྒྱུར་བསྔོ། །ཐུབ་བསྟན་སྤྱི་དང་ཀུན་མཁྱེན་བཙོང་ཁ་པའི། དྲི་མེད་རིང་ལུགས་ཕྱོགས་བཅུར་རབ་རྒྱས་ཤིང་། །དེ་འཛིན་ཚོགས་རྣམས་བསྐལ་བརྒྱར་ཞབས་པད་བརྟན། །ལུས་ཅན་མ་ལུས་བདེ་ཞིང་སྐྱིད་པར་ཤོག །བསྟན་ལ་རི་མོར་བྱེད་པའི་སྦྱིན་པའི་བདག །ཚེ་དཔལ་འབྱོར་སྟོབས་ཡར་ངོའི་ཟླ་ལྟར་འཕེལ། །རིང་མིན་ས་ལམ་ཡོན་ཏན་ཀུན་རྫོགས་ནས། །བླ་མེད་བྱང་ཆུབ་སྙིང་པོ་འཐོབ་པར་ཤོག །ཅེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུར་བརྩོན་པའི་ས་སྐྱོང་དགའ་ལྡན་པ་རྡོ་རྗེ་རྣམ་རྒྱལ་གྱིས་སྐུ་རྟེན་གྲྭ་ཚར་བཞེངས་པའི་སྐབས་དེ་དང་མཐུན་པའི་གསོལ་འདེབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །ངག་ལ་སྨྲ་བའི་དབང་ཕྱུག་གྲུབ་པའི་བློས། །ཟབ་རྒྱས་ཆོས་ཚུལ་ཡན་ལག་བརྒྱད་ལྡན་རྒྱུན། །སྐལ་བཟང་གདུལ་བྱའི་རྒྱ་མཚོར་ལེགས་བབས་པ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། སྐྱེ་བར་བཤེས་གཉེན་དམ་པའི་གྲུ་གཟིངས་ལ། །བརྟེན་ནས་སྲིད་པའི་ཆུ་གཏེར་ལས་བསྒྲལ་ཏེ། །སྐུ་གསུམ་ནོར་བུའི་གླིང་དུ་ཉེར་བགྲོད་ནས། །འགྲོ་ལ་ཕན་བདེའི་འདོད་དགུའི་ཆར་འབེབས་ཤོག །ཅེས་པ་འདི་ཡང་ཨུ་པ་སན་ཆས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་(༡༡༨བ)


GLG015_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇམ་དཔལ་ལོ། །འཕགས་བོད་མཁས་པའི་གསུང་ངག་ལས་བརྒྱུད་པ། །གཞུང་བརྒྱ་འཆད་རྩོད་རྩོམ་ལ་རབ་དབང་བས། །སྐལ་བཟང་གདུལ་བྱའི་དོན་ཀུན་གྲུབ་མཛད་རྗེ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཞེས་བདེ་འབྱོར་གྲྭ་ཚང་གི་བླ་མ་ངག་དབང་དོན་གྲུབ་ཀྱི་གསོལ་འདེབས་འདི་ནི་གྲྭ་ཚང་སྤྱི་སོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །ངག་དབང་འཇམ་དཔལ་བློ་ཡིས་རྗེས་འགྲོ་ཞིང་། །བཟང་པོའི་འཕྲིན་ལས་རྒྱ་མཚོའི་མཐར་ཁྱབ་རྗེ། །ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་རུ། །རྟག་ཏུ་གསོལ་བ་འདེབས་སོ་བདག་བྱིན་རློབས། །ཞེས་པ་འདི་སློབ་དཔོན་འཕྲིན་རྒྱམ་པའི་ཁ་ཏོན་དུ་ཟ་ཧོར་གྱི་བནྡེས་བཀོད་དོ། །མགོན་ཁྱོད་སྐུ་ལ་རྒྱལ་སྲས་སློབ་མར་བཅས། །ཡོངས་ཚང་མཆོག་གསུམ་འདུས་པའི་ངོ་བོ་རུ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །འདི་ཕྱིའི་བསམས་དོན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་དཔོན་མོ་ཚེ་རིང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །འདི་ཕྱིའི་དངོས་གྲུབ་ལེགས་ཚོགས་འབྱུང་བའི་གཞི། །རྡོ་རྗེའི་སློབ་དཔོན་དམ་པར་ངེས་རྙེད་ནས། །སྒོ་གསུམ་འབད་པས་རྟག་ཏུ་གསོལ་བ་འདེབས། །འདི་དང་གཏན་གྱི་མདུན་མ་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་ཨ་མི་ད་རས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའོ། །ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་དང་། །སྤྲུལ་སྐུ་རིགས་གསུམ་མགོན་པོར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་(༡༡༩ན)


GLG015_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རློབས། །སྨུག་ནག་དབང་གི་ཌཱ་ཀཱི་མཁའ་འགྲོའི་གཙོ། །ལྷ་ཡི་རྒྱལ་པོ་ཚངས་པ་གདོང་བཞི་པ། །བརྒྱ་བྱིན་ལྷ་ཡི་དབང་པོར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །ཀླུ་རྒྱལ་འཇོག་པོ་གདེངས་ཅན་ཡོངས་ཀྱི་གཙོ། །ཏནྟྲ་བཅོ་བརྒྱད་བཀའ་བབས་རྒྱལ་བ་ཛ། །མཁས་པ་ཤཱཀྱ་པྲ་བྷར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །དུས་གསུམ་མཁྱེན་པ་ཨྱོན་པདྨ་འབྱུང་། །རྒྱལ་ཡུམ་མཁའ་འགྲོའི་དབང་མོ་མཁར་ཆེན་བཟའ། །སྣ་ནམ་རྣལ་འབྱོར་ཆེན་པོར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །སྤྲུལ་པའི་གཏེར་སྟོན་དངོས་གྲུབ་རྒྱལ་མཚན་དང་། །རིག་སྔགས་འཆང་བ་རྡོ་རྗེ་མགོན་པོའི་ཞབས། །མཚན་ལྡན་ངག་དབང་གྲགས་པར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །མཁས་གྲུབ་ཆེན་པོ་སངས་རྒྱས་དཔལ་བཟང་རྗེ། །ཐུགས་སྲས་མེས་སྟོན་ནམ་མཁའ་རྒྱལ་མཚན་དཔལ། །སྔགས་འཆང་ཤཱཀྱ་བཟང་པོར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །སྤྲུལ་པའི་སྐུ་མཆོག་ལེགས་ལྡན་རྡོ་རྗེའི་ཞབས། །ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །རིགས་འཛིན་ངག་གི་དབང་པོར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་ལུང་དུ། །ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་ཞབས། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །ཡང་ན། མེས་སྟོན་སྲས་མཆོག་གནུབས་ཆེན་ངག་གི་དབང་། །སྐྱི་སྟོན་སྔགས་འཆང་ཆེན་པོ་ཚེ་རིང་པ། །(༡༡༩བ)


GLG015_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་ཀླུ་སྒྲུབ་རྗེ་ལ་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །སེ་སྟོན་ཆེན་པོ་ནམ་མཁའ་རིགས་འཛིན་དང་། །བཀྲ་བཟང་ཆོས་རྗེ་ཐུགས་མཆོག་འོད་འབར་མཚན། །ཁྱབ་བདག་བློ་མཆོག་རྡོ་རྗེར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། ཡང་ན། །རིགས་འཛིན་ཆོས་རྗེའི་དངོས་སློབ་དཀོན་ཅོག་ལེགས། །སྐྱི་སྟོན་སྔགས་འཆང་ཆེན་པོ་ཚེ་རིང་པ། །མན་གོས་མ་འདབས། ཡང་ན། སྤྲུལ་པའི་གཏེར་སྟོན་དངོས་གྲུབ་རྒྱལ་མཚན་དང་། །རིགས་འཛིན་བླ་མ་སངས་རྒྱས་བྱམས་པ་བཟང་། །སེ་སྟོན་ཉི་མ་བཟང་པོར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །སེ་ཡི་སྔགས་འཆང་མགོན་པོ་བཟང་པོ་དང་། །སེ་བན་རིན་ཅེན་རྒྱལ་མཚན་དཔལ་བཟང་པོ། །སྤྱན་ཚབ་མགོན་པོ་ཟླ་བར་གསོལ་བ་འདེབས། །བར་གཅོད་གཡུལ་ལས་རྒྱལ་བར་བདག་བྱིན་རློབས། །ནུབ་དགོན་བྱམས་པ་ཆོས་ཀྱི་རྒྱལ་མཚན་དཔལ། །ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །མན་སྔར་བཞིན་ནོ། །དལ་བའི་རྟེན་ཐོབ་བཤེས་གཉེན་མགོན་གྱིས་ཟིན། །དཔལ་ཆེན་ཕུར་པ་སྤུ་གྲིའི་དཀྱིལ་འཁོར་དུ། །སྨིན་བྱེད་དབང་གི་ཆུ་བོ་ལེགས་ནོས་ནས། །བདག་རྒྱུད་སྐུ་བཞིའི་ས་བོན་ཐེབས་པར་ཤོག །གཞོམ་ཞིག་མེད་པ་བསྲུང་བའི་གུར་ཁང་ནང་། །སྲིད་པ་ཕུར་བུར་གྲུབ་པའི་རྒྱ་མདུད་དབུས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་གསལ་བའི། །ཕྲ་རགས་བསྐྱེད་རིམ་རྣལ་འབྱོར་མཐར་ཕྱིན་ཤོག །གྲོལ་བྱེད་ཐུན་མོང་རྫོགས་པའི་རིམ་པ་དང་། །ཐུན་མོང་མ་ཡིན་སྣང་བཞི་ལྷུན་གྲུབ་ལམ། །བསྟར་བས་ཚེ་འདིར་(༡༢༠ན)


GLG015_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཟད་ས་རུ། །ལེགས་འཁྱོལ་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །གནམ་ལྕགས་འབར་བ་དྲག་པོའི་ཧོམ་ཁུང་དུ། །གནོད་བྱེད་དགྲ་དང་བདུད་དཔུང་བགེགས་བཀུག་ནས། །རྫོང་འཕྲང་སྲོག་གསུམ་ལམ་དུ་ཡོངས་བསྒྲལ་ཏེ། །འཚེངས་པོ་གསུམ་གྱི་རང་གཞན་དོན་བྱེད་ཤོག །རྫས་ཀྱི་ཕུར་བུས་དགྲ་བགེགས་ཐལ་བར་རློག །དོན་གྱི་ཕུར་བུས་མ་རིག་རྩ་བ་གཅོད། །རང་སེམས་དོན་གྱི་ཀརྨ་ཧེ་རུ་ཀ །མངོན་སུམ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཞལ་བྱང་གཏེར་ཕུར་བུ་ལུགས་གསུམ་ལས་འབྲིང་པོ་སྤུ་གྲིའི་དབང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་ནི་དགེ་སློང་བློ་བཟང་དོན་འགྲུབ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོ། ཆོས་རྗེ་རྫོང་རི་བ་བློ་བཟང་པདྨ་རྣམས་ཕུར་པའི་བསྙེན་མཚམས་བྱེད་སྐབས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །གང་གི་སྐུ་ལ་གདན་གསུམ་ཚང་བའི་ལྷ། །ཡོངས་རྫོགས་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེ། །དངོས་གྲུབ་ཀུན་འབྱུང་དབང་གི་རྒྱལ་པོ་རུ། །ངེས་རྙེད་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །ཤཱཀྱ་མུ་ནིའི་ཞལ་སྐྱིན་བལྟ་བ་སོགས། །སྒོ་གསུམ་རྣམ་དཀར་དགེ་བ་བསྒྲུབ་བའི་ཆེད། །རྒྱུ་དང་མི་རྒྱུའི་སྤྱོད་ཡུལ་རབ་ཡངས་པར། །དཀོན་ཅོག་ཐུགས་རྗེ་ཆེན་པོས་འགྲུབ་བྱིན་རློབས། །ཞེས་པ་འདིའང་བསོད་ནམས་སྒྲོལ་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་སོ། །མཆོག་ཏུ་རབ་ཡངས་བློ་གྲོས་གཏེར་བུམ་ནས། །ལེགས་བཤད་ཆུ་ཀླུང་སྐལ་བཟང་གདུལ་བྱའི་མཚོར། །ཕབ་སྟེ་ཐོས་ནོར་(༡༢༠བ)


GLG015_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རིན་ཅེན་ལ། །དབང་འབྱོར་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཞེས་སློབ་དཔོན་བློ་བཟང་དཔལ་འབྱོར་གྱི་གསོལ་འདེབས་འདི་ནི་ཆོས་འཁོར་གླིང་སྤྱི་སོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། བློ་བཟང་མི་ལྡན་པའི་གཟུགས་ཅན། ཞོ་འཐུངས་ལག་ཉལ་ཐུབ་བསྟན་མཁར། །ཚིག་འཕྲེང་གཟས་ཙམ་མཛངས་རློམ་གྱེན་འཕྱུར་ཚོགས། །གནས་ལྔར་འགྲོད་པའི་ངལ་བ་མངོན་བཏང་ཚེ། །རབ་དཀར་གྲགས་སྙན་ས་སྲུངས་སྟེང་ན་འགྱིང་། །ཨེ་མ་འཇམ་དཔལ་མཁྱེན་རབ་ཕ་མཐའ་ིལེའུ་དང་པོ་ནས་བསྟན་པའི་མཛེས་པའི་ཡོན་ཏན་ཤར་ཕྱོགས་རྒོ་ཊ་པར་གྲགས་པ་ཚད། །མིག་ཟླའི་ཞགས་པ་སྙིམ་པས་ལེགས་འཛིན་པའི། །མདོག་ལྔའི་བགྲོད་པ་ཅན་དེའི་བསམ་པའི་ཁུར། །ཡོལ་གོར་བྱེད་པོས་དབྱིག་འཛིན་ལྟོ་བ་སྤྲུལ། །ཐུབ་གཟུགས་ཅན་རབ་རྟོག །བསྟན་ས་ལ་ལེགས་བཤད་གོམ་གསུམ་གྱིས། །མཁས་མང་སྟོབས་ལྡན་མི་སྨྲའི་ས་འོག་ཞུགས། །པད་དཀར་མིག་དེ་འཕྱང་མོ་སེལ་བའི་སླད། །འདབ་བཟང་དབང་པོའི་བཞོན་པ་ཆེད་དུ་བསྟེན། །ཕུལ་གཟུགས་ཅན་ཕུལ་བྱུང་། བྱུང་ཤེས་རབ་གསེར་གྱི་འཁོར་ལོ་ཡིས། །རྟོགས་དཀའི་གསུང་རབ་རྟ་ལྗང་དྲི་མ་བདར། །སྐལ་ལྡན་ཧེ་རུ་ཀ་ཡི་འདོད་ཚིམ་ཚེ། །བི་ཤྭ་གཞན་ཞིག་ས་སྟེང་འདི་ན་སྣང་། །དེ་ལྟའི་རྒྱལ་མཆོག་བསྟན་པའི་ཞིང་ས་ལ། །རྣམ་དཀར་ས་བོན་བཟང་པོ་ལེགས་བཏབ་པས། །བསོད་ནམས་སྨིན་པའི་ཆར་ཆེན་བྱེད་པ་ཡིས། །གསུམ་ལྡན་གང་བའི་གཡུར་ཟ་རབ་ལྡེམ་པ། །ཟ་ཧོར་རིགས་ཀྱི་འཆི་མེད་དགའ་ཚལ་དུ། །ངག་དབང་ཡོངས་འདུའི་བློ་མཆོག་དྲི་བསུང་ལས། །བཟང་པོའི་འཕྲིན་ལས་རྒྱ་མཚོ་ཆེན་པོའི་མཐའ། །ཀུན་ཁྱབ་ཚངས་སྲས་བཞད་པའི་རྡོ་རྗེ་དཔལ། །ཤེས་བྱའི་འཛིན་མར་(༡༢༡ན)


GLG015_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་དཔུང་ཚོགས་དང་། །གཞུང་ལུགས་ཤིང་རྟ་ཐ་སྙད་གསེར་འཁོར་གྱིས། །ལྔ་རིག་ཡངས་པའི་གླིང་བཞིར་དབང་སྒྱུར་བ། །གདོང་དྲུག་སྙེམས་པའི་ལང་ཚོར་གསོལ་བ་འདེབས། །ལྕིད་ཀྱིས་ནོན་པའི་ཆུ་འཛིན་སྟུག་པོའི་གོས། །ལྷ་ལམ་མཛེས་མས་གྱོན་ཚེ་མདོངས་མཐའི་གར། །ལྡོག་མེད་དེ་བཞིན་གནས་སྐབས་མཐར་ཐུག་གི །འདོད་དོན་ལུས་པ་མེད་པར་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་དིང་སང་མཁས་རློམ་གྱི་ཁུར་འཆང་བ་རྣམས་ཀྱང་། མཁས་པ་མགུ་བ་བསྐྱེད་པའི་ཐ་སྙད་ཀྱི་གཙུག་ལག་ལ་མི་སྨྲ་བའི་བརྟུལ་ཞུགས་ཀྱི་མུན་ཁུང་སྐྱབས་སུ་བསྟན་པ་མང་བས་སྙན་ངག་གི་སྤྲོས་པ་སྤངས་ཀྱང་ཡུལ་བྱང་ཕྱོགས་ཀྱི་ས་ནས་བློ་གྲོས་ཀྱི་མིག་ཅན་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་གསེར་ཡིག་པ་ཆེ་ཆེན་དཔོན་པོས་སྙན་ངག་དམ་པ་ཞིག་གྱིས་ཞེས་བསྐུལ་བ་ལས། རྒྱལ་བ་བཙོང་ཁ་པ་ཆེན་པོར་བསྟོད་པ་ཤློ་ཀ་བཞི་དང་། ངོས་ཅག་ལ་ཡོན་ཏན་དེ་དག་གི་ཆ་ཤས་ཙམ་ཡང་མེད་པར་སྒྲོ་བཏགས་ཏེ། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་སྙན་ངག་མཁན་སྐད་གཉིས་སྨྲ་བ་ཚངས་སྲས་བཞད་པའི་རྡོ་རྗེས་འཕྲལ་དུ་བྲིས། ཇི་སྙེད་རླབས་ཆེན་བསོད་ནམས་ཕུང་པོའི་ཚོགས། །གཅིག་ཏུ་མངོན་ཟླུམས་རྣམ་པར་དཀར་བའི་ལས། །འཆད་རྩོད་རྩོམ་པའི་གྲགས་སྙན་མཐོན་པོ་ཅན། །རྗེ་བཙུན་དམ་པའི་ཞབས་ལ་གསོལ་བ་འདེབས། །སྔོན་བསགས་མཐུ་དང་བཤེས་གཉེན་མཆོག་གི་མགོན། །མཐའ་ཡས་བཀའ་དྲིན་དག་ལས་ཡེ་ཤེས་ལྷ། །ཟླ་བའི་ཅོད་པཎ་རྣལ་འབྱོར་དབང་པོ་མཆོག །གཞན་ཕན་ལྷུན་གྱིས་གྲུབ་ལ་གསོལ་བ་འདེབས། །བརྩོན་འགྲུས་བྱེད་པོའི་མཐུ་ལས་དགེ་ལེགས་ཀྱི། །ཡོན་ཏན་དཔལ་གྱིས་མཛངས་པར་གྲགས་པ་ཡིས། །(༡༢༡བ)


GLG015_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་དྲི་བསུང་འཕྲོ་བའི་རྐང་འཐུང་འཕྲེང་། །མཚུངས་བྲལ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཕུན་ཚོགས་གྲགས་པའི་སྣང་བརྙན་ལྷ་ལམ་ངོས། །གཞའ་ཚོན་གསར་པའི་ངང་ཚུལ་ལེགས་ཤིས་པའི། །གྲངས་མེད་རྣམ་དཀར་རྒྱལ་མཚན་འཛིན་པ་ཅན། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །དེ་ལྟར་བསྟོད་པའི་དགེ་ཚོགས་ཆུ་གཏེར་གྱིས། །བཤེས་གཉེན་དམ་པའི་མགོན་གྱི་ཀུན་གསལ་གོས། །འབྲལ་མེད་བརྩེ་བས་འཛིན་པའི་གྲུ་ཆར་གྱིས། །མཐའ་ཡས་འདོད་དོན་སྙེ་མ་རྒྱས་པར་ཤོག །གསེར་མངལ་གཙུག་ན་ཟླ་བ་ལ་མོས་པ། །མཐུ་ལྡན་རྣམས་ཀྱི་སྟོབས་དང་བདེན་ཚིག་གིས། །དམ་པ་གང་དེ་ཇི་སྲིད་བསྐལ་བརྒྱའི་བར། །མི་འགྱུར་བརྟན་ཕྱིར་བསྲུང་ཞིང་སྐྱོང་གྱུར་ཅིག །ཅེས་སྤྲུལ་པའི་སྐུ་གྲགས་པ་རྒྱལ་མཚན་གྱི་གསོལ་འདེབས་བརྟན་བཞུགས་དང་བཅས་པ་འདི་ཡང་རབ་འབྱམས་པ་བཀྲ་ཤིས་རྒྱ་མཚོས་བསྐུལ་ངོར་བྲིས། རྒྱལ་ཀུན་གསང་བ་གསུམ་གྱི་རྒྱ་མཚོ་ལས། །རབ་སྐྱེས་སྤྲུལ་སྐུ་པདྨའི་སྡོང་བུའི་རྩེར། །ཕན་བདེའི་འབྱུང་གནས་རྡོ་རྗེའི་ཐེག་མཆོག་གི །གེ་སར་མངོན་པར་རྒྱས་ལ་གསོལ་བ་འདེབས། །གང་གིས་རྗེས་བཟུང་ངག་གི་རང་བཞིན་ཀུན། །ཡོངས་གྲུབ་དབང་ཕྱུག་ཡོན་ཏན་བློ་གྲོས་རྫིངས། །ཀུན་བཟང་དགོངས་པའི་རྒྱ་མཚོའི་མཐར་བགྲོད་པས། །དོན་གཉིས་ནོར་བུ་སྩོལ་ལ་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་རྡོ་རྗེ་སློབ་དཔོན་མཆོག །ཉེ་བར་བསྟེན་པས་གསང་ཆེན་ཟབ་མོའི་ཆོས། །དབང་ཁྲིད་ལམ་གྱི་གོ་རིམ་ཇི་བཞིན་དུ། །བརྩོན་པའི་ཉམས་སུ་བསྟར་བར་བྱིན་གྱིས་རློབས། །གདོད་(༡༢༢ན)


GLG015_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཁྲུལ་མ་མྱོང་བའི་རིག་པའི་མཁའ། །མ་རིག་འཐུག་པོའི་སྤྲིན་གྱིས་ཉེར་བསྒྲིབས་པ། །རྐང་འཁྱམས་རྒྱལ་པོའི་དཔེ་བཞིན་རང་གི་སེམས། །ཡེ་གྲོལ་ཀུན་ཏུ་བཟང་པོར་ངོ་འཕྲོད་ཤོག །མདོར་ན་རྒྱལ་དབང་འཆི་མེད་གྲུབ་པ་དང་། །བི་མ་མི་ཏྲའི་ལུགས་བཟང་སྣང་བཞིའི་ལམ། །ལེགས་རྟོགས་བདེ་ཆེན་སྐུ་གསུམ་གྲོང་ཁྱེར་དུ། །ཞུགས་ནས་རང་གཞན་དོན་རྣམས་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་བྱང་པ་རིགས་འཛིན་གྱི་བཀའ་འབངས་ཀུན་བཟང་དབང་པོའི་ངོར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། རྨད་བྱུང་རྣམ་པར་དཀར་བའི་འཕྲིན་ལས་ཀྱིས། །ཐོས་བསམ་སྒོམ་པའི་དོན་རྣམས་མ་ལུས་པ། །ལྷུན་གྲུབ་སྐལ་བཟང་གདུལ་བྱ་ཉེར་འཚོའི་གཞི། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །མགོན་ཁྱོད་ཞིང་གཞན་འགྲོ་བའི་དོན་གྱི་ཕྱིར། །རབ་དཀར་མཛད་པའི་བཞེད་དོན་ལེགས་འགྲུབ་ཅིང་། །བདག་སོགས་ཚེ་རབས་ཀུན་ཏུ་རྗེས་བཟུང་ནས། །དལ་འབྱོར་དོན་ལྡན་འགྲུབ་པར་བྱིན་གྱིས་རློབས། །ཞེས་བྱེས་པ་སློབ་དཔོན་འཕྲིན་ལས་བསམ་གྲུབ་ལ་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་རབ་འབྱམས་པ་འཇམ་དབྱངས་གྲགས་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། རྒྱལ་ཀུན་གསུང་ངག་སྙན་འགྱུར་བྱེ་བའི་གླུ། །ཐུབ་བསྟན་ལྷ་དབང་མདུན་སར་བླངས་བའི་གདངས། །བློ་ལྡན་སྐལ་བཟང་རྣར་འཇེབས་རྒྱ་ཆེན་གཞུང་། །(༡༢༢བ)


GLG015_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་ལ་མཚོ་བྱུང་ལྷ་མོ་མགྲིན་པར་རོལ། །འཇིགས་པ་མེད་པའི་རྣམ་དཔྱོད་བཙན་པོའི་གོ །དཀར་ཆའི་ཟླ་ལྟར་རབ་འཕེལ་ཐུབ་པའི་བསྟན། །ལང་ལོང་དལ་བུར་གཡོ་བའི་ཆུ་འཛིན་ཚོའི། །སྤུན་ཟླར་སྡེ་བཞི་འབྱུང་ཁུངས་བྱེད་པོས་བརྗོད། །འཇམ་དཔལ་དབྱངས་དངོས་བླ་མའི་གསུང་རབ་རྣམས། །སྨྲ་ལ་དགའ་ཞིང་རྟུལ་ཕོད་འགྲོ་བའི་མགོན། །མ་འདྲིས་ཀུན་གྱི་བཤེས་དང་གཉེན་གཅིག་པུ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མ་སྨད་དད་པའི་འོད་ཟེར་གྱིས་ཞུ་བའི། །བྱིན་རླབས་གངས་ཀྱི་རི་ལས་བབས་པའི་ཆབ། །སྲིད་བཞིའི་ཚ་གདུང་སེལ་བའི་ཆོ་ག་མཁན། །སྐལ་བཟང་འགྲོ་བའི་ཉེར་འཚོར་འགྲུབ་གྱུར་ཅིག །ཕུན་ཚོགས་དཔལ་འབྱོར་གཤིན་པོའི་ཞིང་ས་ལ། །ཐོས་བསམ་སྒོམ་པའི་ས་བོན་ལེགས་བཏབ་པ། །དྲི་མེད་སྨོན་ལམ་དྲོད་གཤེར་གྱིས་སྨོན་པས། །སྐུ་གསུམ་འབྲས་བུའི་སྙེ་མ་རྒྱས་གྱུར་ཅིག །ཅེས་པ་འདི་ཡང་བྱིང་བསམ་གཏན་རྩེའི་བླ་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །རྒྱལ་ཀུན་འགྲོ་འདྲེན་བཞེད་པའི་དམ་བཅའི་ཁུར། །དུས་མཐར་ངུར་སྨིག་གར་གྱིས་ལེགས་མནབས་ཏེ། །ཐུབ་བསྟན་ཡོངས་ཀྱི་ཤིང་རྟ་ཆེན་པོ་པ། །འཇམ་མགོན་བློ་བཟང་གྲགས་པར་གསོལ་བ་འདེབས། །གང་གི་གསུང་ངག་མདོ་རྒྱུད་མ་ལུས་པ། །འཆད་རྩོད་རྩོམ་ལ་དབང་བའི་བློ་གྲོས་ཀྱིས། །སྐལ་བཟང་གདུལ་བྱའི་རེ་སྐོང་འཕྲིན་ལས་རྒྱུན། །རྒྱ་མཚོའི་གོས་ཅན་(༡༢༣ན)


GLG015_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ལ་གསོལ་བ་འདེབས། །འདི་དང་བར་དོ་ཕྱི་མའི་ཡང་སྲིད་ཀུན། །མངོན་གྱུར་སྡུག་བསྔལ་ཟུག་རྔུས་མི་གཙེ་ཞིང་། །མཐོ་རིས་བདེ་བའི་ལམ་བརྒྱུད་ཐར་པའི་གྲོང་། །མྱུར་འཇུག་སྐལ་བ་བཟང་པོར་བདག་བྱིན་རློབས། །ཞེས་པ་འདི་ཡང་། གོང་གི་གསེར་ཡིག་པ་དེ་ཁེ་དགེ་སློང་དང་། བློ་བཟང་ཕུན་ཚོགས་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་སོ། །དྲི་མེད་བློ་གྲོས་སྐལ་བཟང་ཡོལ་གོའི་ནང་། །འཇམ་དབྱངས་བླ་མའི་གསུང་རྒྱུན་བདུད་རྩིའི་བཅུད། །རབ་འཁྱིལ་སྣོད་ལྡན་གདུལ་བྱར་སྩོལ་མཛད་པ། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་དེ་གསུང་སློབ་མར་བཅས་པ་ཡི། །བྱིན་རླབས་ལྷ་དང་དྲང་སྲོང་བདེན་པའི་ཚིག །ཆོས་སྐྱོང་སྲུང་མའི་ནུས་མཐུས་ཡོངས་འཛིན་རྗེ། །ཞབས་བརྟན་སྡེ་འདི་སྲིད་མཐར་རྒྱས་གྱུར་ཅིག །ཅེས་ཐང་སག་དགའ་ལྡན་ཆོས་འཁོར་བའི་སློབ་དཔོན་བློ་བཟང་འཇམ་དབྱངས་ཀྱི་གསོལ་འདེབས་དང་བརྟན་བཞུགས་འདི་ནི་གྲྭ་ཚང་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །ངག་ལ་འཇམ་མགོན་བྱིན་རློབས་ཉེར་ཞུགས་པས། །ཆོས་ཀུན་སྨྲ་བར་དབང་བའི་བློ་གྲོས་ཅན། །སྐལ་བཟང་རྒྱ་ཆེན་གདུལ་བྱར་ལེགས་བཤད་མཚོའི། །རླབས་འཕྲེང་ཡོལ་བ་མེད་ལ་གསོལ་བ་འདེབས། །ཁྱོད་སྐུ་ཚེ་མཐའ་ཡས་པའི་(༡༢༣བ)


GLG015_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལྟར། །རབ་བཞུགས་ཐུབ་བསྟན་འཕེལ་ཞིང་འགྲོ་རྣམས་བདེ། །བདག་གི་འདི་དང་གཏན་འདུན་མ་ལུས་པ། །གེགས་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་ཆོས་མཛད་རྒྱལ་པོ་དོན་གྲུབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །གང་གི་སྐུ་ལ་རབ་འབྱམས་རྒྱལ་བ་ཀུན། །མ་ལུས་ཚང་བའི་རྡོ་རྗེའི་སློབ་དཔོན་ཆེ། །ངག་དབང་ལྷ་ཡིས་རྗེས་བཟུང་བློ་གྲོས་ཅན། །སྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་ཨ་པན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །དགེ་བའི་བཤེས་ཁྱོད་སྙིང་གི་འདབ་སྟོང་དབུས། །རྟག་པར་འབྲལ་མེད་གསོལ་བ་འདེབས་བྱེད་ན། །དེང་ནས་བྱང་ཆུབ་བར་དུ་རྗེས་བཟུང་སྟེ། །ཀུན་མཁྱེན་ཡེ་ཤེས་མྱུར་དུ་འཐོབ་བྱིན་རློབས། །ཞེས་དབུ་མཛད་བསམ་གཏན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །ནམ་མཁའ་ལྟ་བུར་ཡངས་པའི་བློ་གྲོས་ཀྱི། །ཕ་མཐའ་འཇིག་རྟེན་མེས་པོར་རྟོགས་དཀའ་བས། །འཆད་རྩོད་རྩོམ་པའི་རྒྱལ་མཚན་སྲིད་པའི་རྩེར། །བསྒྲེང་བའི་བཤེས་གཉེན་དམ་པར་གསོལ་བ་འདེབས། །བློ་བཟང་སྙན་པའི་གྲགས་འབར་བཙོང་ཁ་བའི། །བསྟན་པ་འཆི་མེད་ལམ་གྱི་ཚད་བཞིན་དུ། །རྒྱ་ཆེར་སྤེལ་ཞིང་འཛིན་ལ་མཚོ་བྱུང་མའི། །རྗེས་འགྲོ་དཔལ་ལྡན་བླ་མར་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་དཔལ་སྙིང་པོ་ཡི། །བསྟན་པ་(༡༢༤ན)


GLG015_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ། །འཛིན་པའི་འཕྲིན་ལས་ཤིང་རྟ་འདྲེན་མཁས་པ། །མཚུངས་མེད་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །དུས་གསུམ་བསགས་པའི་དགེ་བས་དམ་པ་ཁྱོད། །རྡོ་རྗེ་ལྟ་བུར་མི་གཡོ་རྟག་བརྟན་ཅིང་། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་བཟུང་སྟེ། །དལ་བའི་རྟེན་བཟང་དོན་ལྡན་བྱེད་པར་ཤོག །ཅེས་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་སྐྱེས་རབས་ཀྱི་གསོལ་འདེབས་འདི་ནི་པཱ་ཁན་བནྡེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །བློ་གྲོས་ཡངས་པའི་སྐལ་བཟང་གདུལ་བྱའི་ཚོགས། །གཙུག་ན་བསོད་ནམས་ཡེ་ཤེས་འབྲས་བུ་ཡིས། །ལེགས་དུད་རླུང་གི་རྒྱལ་མཚན་ལྟར་བཀྲ་བ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཞེས་སྤྲུལ་པའི་སྐུ་བློ་བཟང་ཡེ་ཤེས་ཀྱི་གསོལ་འདེབས་འདི་ནོ་མོན་ཨེ་ཆིང་གི་པའི་སྐྱེ་བས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །སྒོ་གསུམ་བག་ཡོད་ལ་གོམས་ཚུལ་ཁྲིམས་ཀྱི། །ཞིང་སར་གཏན་བདེའི་མྱུ་གུ་ལེགས་དར་ནས། །གདུལ་བྱའི་རྒྱུད་ལ་རྣམ་དག་བསླབ་པ་གསུམ། །རྒྱས་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །རྟེན་འབྲེལ་འགྱུར་བ་མེད་པའི་ཆོས་ཉིད་མཁར། །རྒྱུ་འབྲས་ཉི་ཟླ་ཟུང་འཇུག་སྣང་བ་ཡིས། །འཆི་བདག་མུན་པའི་སྨག་རུམ་མཐར་བྱས་ཏེ། །མགོན་ཁྱོད་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག །ཅེས་སེར་སྨད་སློབ་དཔོན་ཚུལ་ཁྲིམས་དར་རྒྱས་ལ་གསོལ་འདེབས་བརྟེན་བཞུགས་འདི་ལྟ་བུ་ཞིག་དགོས་(༡༢༤བ)


GLG015_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྔགས་རམས་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །སྙིང་ནས་སྐྱབས་སུ་གསོལ་ཚེ་བྱང་ཆུབ་བར། །བསླུ་མེད་དཀོན་ཅོག་གསུམ་གྱི་ངོ་བོ་ཉིད། །ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བཙོང་ཁ་པར། །གསོལ་བ་འདེབས་སོ་དངོས་གྲུབ་ཆར་དུ་ཕོབ། །འཇམ་མགོན་ངག་གི་དབང་ཕྱུག་དམ་པ་དེའི། །ལུགས་འཛིན་བློ་གྲོས་རབ་གསལ་རྣམ་དཔྱོད་ཀྱིས། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་འདྲེན་པ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་ཆར་དུ་ཕོབ། །དུས་ཀྱི་དགྲ་བོ་འཇིགས་མཛད་རྡོ་རྗེའི་ལྷ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ལས་གཤིན་གྱིས། །བར་ཆད་ཉེས་པའི་གཡུལ་ལས་རབ་རྒྱལ་ཞིང་། །འདོད་པའི་རེ་བ་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་ཐག་ཞི་བོ་ལོད་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །བདེ་གཤེགས་ཀུན་འདུས་པདྨ་ཐོད་འཕྲེང་གིས། །ཚེ་རབས་དུ་མར་རྗེས་བཟུང་བག་ཆགས་མཐུས། །ཐེག་མཆོག་རྒྱ་མཚོའི་བཀའ་བབས་བཞད་པ་རྩལ། །གང་ཤར་རང་སར་གྲོལ་ལ་གསོལ་བ་འདེབས། །འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་མཚོན། །གདེངས་པས་ཡིད་སྲུབས་གཡུལ་ལས་རྣམ་རྒྱལ་བས། །གཞོམ་མེད་དྲག་རྩལ་རྡོ་རྗེར་ལྷུན་གྲུབ་པ། །ཆེ་མཆོག་འདུས་པ་རྩལ་ལ་གསོལ་བ་འདེབས། །མཚོ་སྐྱེས་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན་ཟུང་། །ངོ་མཚར་སྐུ་ཡི་བཀོད་པས་བྱིན་བརླབས་ཏེ། །གངས་ཅན་ཕན་བདེའི་གཞིར་གྱུར་རྡོ་རྗེ་(༡༢༥ན)


GLG015_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །རྩ་གསུམ་ཐུགས་རྗེས་བསྐལ་བརྒྱར་བརྟན་གྱུར་ཅིག །སེ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ནང་ཚན། ཟུར་འུག་བྱ་ལུང་པའི་རིགས་འཛིན་ཆེན་པོ་ཤཱཀྱའི་མཚན་ཅན་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཏན་དུ་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། །མཆོག་གསུམ་ངོ་བོར་ངེས་རྙེད་གདུང་ཤུགས་ཀྱིས། །སྤྱི་གཙུག་པད་མཚོར་འབད་མེད་གསོལ་འདེབས་ན། །དེང་ནས་ཚེ་རབས་ཀུན་ཏུ་ཉེར་བདེ་ཞིང་། །རིང་པོར་མི་ཐོགས་སངས་རྒྱས་འཐོབ་པར་ཤོག །ཅེས་ཀརྨ་མཚོ་མོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །མན་འགོས་གསུང་ངག་ཆད་མེད་བཤད་སྲོལ་རྒྱུན། །དབང་ཕྱུག་བརྒྱད་ལྡན་བློ་བཟང་གྲགས་པ་ཡི། བཞེད་གཞུང་ནོར་བུའི་གན་མཛོད་སྒོ་ཕྱེ་ནས། །གདུལ་བྱའི་རེ་བ་སྐོང་ལ་གསོལ་བ་འདེབས། ཞེས་སྨད་རྒྱུད་སློབ་དཔོན་ངག་དབང་ནོར་བུའི་གསོལ་འདེབས་འདི་ནི་དགེ་བསྐོས་བྱང་འདྲེན་གཉིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །ལྟ་ན་ཉེར་སྡུག་མཐོན་མཐིང་ཟུར་ཕུད་ལྔ། །སིན་དྷུ་ཝ་རའི་མདངས་ཀྱི་ཅོད་པན་དུ། །ལེགས་བསྒྱུར་ཀུན་མཁྱེན་བློ་བཟང་གྲགས་པ་དང་། །དབྱེར་མེད་རྩ་བའི་བླ་མར་གསོལ་བ་འདེབས། །ཚེ་འདིར་ནད་གདོན་རྒུད་པའི་མུན་པ་སངས། །སྐྱེ་བ་བརྒྱུད་མར་མཐོ་རིས་རྟེན་བཟང་ཐོབ། །རིང་མིན་འགྲོ་རྣམས་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །ཅེས་པ་འདི་ཡང་དོའི་རེ་སེ་ཁོས་བསྐུལ་བའི་དོན་དུ་ཟ་(༡༢༥བ)


GLG015_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་ངོ་། །འཁོར་བར་གྲངས་མེད་སྐྱེ་བ་བླངས་བླངས་ཀྱང་། །ཕལ་ཆེར་མི་ཁོམ་གནས་བརྒྱད་ཁོ་ནར་འཁྱམས། །ད་ལམ་དལ་འབྱོར་རྟེན་བཟང་རྙེད་པ་འདི། །རྣམ་དག་ཚུལ་ཁྲིམས་བསྲུངས་པའི་འབྲས་བུ་སྟེ། །དེ་ཡང་མཁན་སློབ་དགེ་བའི་བཤེས་ལས་བྱུང་། །དེ་ཕྱིར་འཁོར་ཐབས་མེད་པའི་བཀའ་དྲིན་དྲན། །ཟོལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །མི་ལུས་དོན་དང་ལྡན་པར་བྱིན་གྱིས་རློབས། །རྙེད་དང་དལ་འབྱོར་ཐོབ་ཀྱང་མཐུན་པའི་རྐྱེན། །ཉུང་ཞིང་མི་དགེའི་གྲོགས་ཀྱིས་དབང་སོང་མང་། །དེང་དུས་ཐུབ་བསྟན་རིན་ཅེན་སྒོར་ཞུགས་འདི། །སྔོན་ཚེ་སྨོན་ལམ་འཚམས་སྦྱར་འབྲས་བུར་ངེས། །དེའི་ཚུལ་དགེ་བའི་བཤེས་ཀྱི་བསྟན་ལ་རག །དེ་ཕྱིར་འཁོར་ཐབས་མེད་པའི་བཀའ་དྲིན་དྲན། །ཟོལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །མི་ལུས་དོན་དང་ལྡན་པར་བྱིན་གྱིས་རློབས། །ཐོས་གྲར་ཞུགས་ཀྱང་ཚིག་སྦྱོར་བློར་ཆུད་ཅིང་། །བསམས་ན་གོ་བ་རྙེད་པ་ཤིན་ཏུ་ཉུང་། །ཐོས་བསམ་གང་བགྱིས་གོ་ཡུལ་ཆགས་པ་འདི། །ཚེ་སྔོན་སྦྱངས་པའི་བག་ཆགས་སད་པའི་མཐུ། །དེ་ཡང་སྟོན་བྱེད་དགེ་བའི་བཤེས་ཀྱི་དྲིན། །དེ་ཕྱིར་འཁོར་ཐབས་མེད་པའི་བཀའ་དྲིན་དྲན། །ཟོལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །མི་ལུས་དོན་དང་ལྡན་པར་བྱིན་གྱིས་རློབས། །མང་པོར་ཐོབ་ཀྱང་གོ་ཡུལ་ཙམ་ལུས་ནས། །ཁ་བཤད་ཆོས་དྲེད་ཁྱེར་བ་ཤིན་ཏུ་མང་། །གང་ཤེས་སྒོམ་དོན་ཉམས་ལེན་ཕྱོགས་དྲིལ་པ། །སྔོན་ཚེ་ཡང་དག་འཇོག་ལ་གོམས་པའི་འབྲས། །དེ་ཡང་ཚུལ་དེར་སྦྱོར་མཁས་བླ་མའི་དྲིན། །དེ་ཕྱིར་འཁོར་ཐབས་མེད་པའི་བཀའ་དྲིན་དྲན། །ཟོལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །(༡༢༦ན)


GLG015_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལུས་དོན་དང་ལྡན་པར་བྱིན་གྱིས་རློབས། ཁ་ཞུ་གཏིང་འཁྱགས་ཉི་ཚེའི་ངེས་འབྱུང་དང་། །མི་མཚུངས་གཏིང་ནས་འཁོར་བར་ཞེན་ལོག་བློས། །ཚེ་དང་སྒྲུབ་པ་མཉམ་པའི་དམ་བཅའ་འདི། །སྐྱེས་བུ་གསུམ་གྱི་ལམ་ལ་གོམས་པའི་མཐུ། །དེ་ཡང་སྟོན་བྱེད་ཡོངས་འཛིན་བླ་མའི་དྲིན། །དེ་ཕྱིར་འཁོར་ཐབས་མེད་པའི་བཀའ་དྲིན་དྲན། །ཟོལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །མི་ལུས་དོན་དང་ལྡན་པར་བྱིན་གྱིས་རློབས། །འཆི་བར་བྲོད་ཁ་རྙེད་པའི་ཉམས་ལེན་གྱིས། །འཇིག་རྟེན་ཕྱི་མའི་འདུན་མ་ལྷུན་གྲུབ་ནས། །ཕ་ཁྱིམ་བུ་འཇུག་ལྟ་བུའི་སྤྲོ་བ་འདི། །ཐོས་དང་བརྩོན་པས་ཉམས་ལེན་བྱས་པའི་མཐུ། །དེ་ཡང་བཤེས་གཉེན་དམ་པའི་མགོན་གྱི་དྲིན། །དེ་ཕྱིར་འཁོར་ཐབས་མེད་པའི་བཀའ་དྲིན་དྲན། །ཟོལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །མི་ལུས་དོན་དང་ལྡན་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རློབས་ཀྱིས། །དེང་ནས་ཀུན་མཁྱེན་རྒྱ་མཚོར་འཇུག་མིན་པར། །དེ་ཉིད་བཅུ་ལྡན་དམ་པས་རྗེས་འཛིན་པ། །གཞོན་ནུ་ནོར་བཟང་ལྟ་བུར་བདག་གྱུར་ཅིག །ཅེས་རང་ལ་བཀའ་དྲིན་གང་ཆེའི་བླ་མ་ལ་སྦྱར་ཆོག་པའི་བཀའ་དྲིན་རྗེས་དྲན་གྱི་གསོལ་འདེབས་འདི་ནི་བི་རི་དགེ་སློང་དབང་ཕྱུག་གྲགས་པས་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །མཁྱེན་བརྩེ་ནུས་པའི་གྲིབ་ཏུ་ཉེར་བསིལ་བར། །རིས་མེད་འགྲོ་ཀུན་བདེ་བར་ངལ་གསོ་བའི། །མ་འདྲིས་ཡིད་ཅན་གཉེན་གྱུར་ཤཱཀྱའི་ཏོག །དོན་ཀུན་གྲུབ་པའི་དབང་པོར་གསོལ་འདེབས། །འཕགས་བོད་མཁས་གྲུབ་བདེ་འབྱུང་རལ་པའི་རྩེར། །ཞབས་སེན་ཟླ་ཚེས་གསར་པས་ཡོངས་སྤུད་པ། །མར་མེ་མཛད་དཔལ་གར་(༡༢༦བ)


GLG015_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྒྱུ་མའི་འཕྲུལ། །ཕུལ་བྱུང་ལྷག་བསམ་ཅན་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱིས་གང་གཟིགས་ཤེས་བྱའི་ཡུལ། །ཀུན་ལ་ལྐོག་ཏུ་མ་གྱུར་ཐམས་ཅད་མཁྱེན། །བློ་བཟང་སྙན་པའི་གྲགས་འབར་བཙོང་ཁ་པ། །གངས་ཅན་བསྟན་པའི་བདག་པོར་གསོལ་བ་འདེབས། །ངག་དབང་འཇམ་དཔལ་དབྱངས་དངོས་བླ་མ་ཡི། །རིང་ལུགས་འཆད་རྩོད་རྩོམ་པས་འཛིན་པ་ལ། །བློ་གྲོས་སྤོབས་པ་དགེ་བའི་སྐལ་བཟང་རླབས། །ཡོལ་མེད་རྒྱ་མཚོའི་གཏེར་ལ་གསོལ་བ་འདེབས། །རྟོག་གེའི་ཚིག་དོན་མཐའ་དག་བརྒལ་བརྟག་གིས། །དཔྱོད་ལ་འཇིགས་མེད་ལུང་དང་རིག་པའི་གོས། །རང་བསྟན་དམ་བཅའི་ཆ་ཤས་མ་ལུས་པ། །བཞོམ་མེད་ལྷུན་གྲུབ་དབང་པོར་གསོལ་བ་འདེབས། །རྣམ་གསུམ་སྡེ་སྣོད་ངེས་གསང་རྒྱུད་སྡེ་བཞིའི། །ཐུབ་བསྟན་ཡོངས་འདུ་གསར་པའི་ལང་ཚོ་ཀུན། །ཐོས་བསམ་སྒོམ་པའི་རླན་གྱིས་རབ་རྒྱས་པས། །སྡེ་གཞིའི་སྒོ་འཕར་འབྱེད་ལ་གསོལ་བ་འདེབས། །སྐྱེ་རྒུའི་ཕན་བདེ་མ་ལུས་ཀུན་གྱི་གཞི། །སྤྱི་དང་ཁྱད་པར་ཞྭ་སེར་འཆང་བའི་བསྟན། །ལེགས་འཛིན་འཇམ་དབྱངས་དགའ་བའི་བཤེས་གཉེན་མཆོག །ཆོས་འཁོར་བསྐོར་ཕྱིར་བསྐལ་བརྒྱར་ཞབས་བརྟན་ཤོག །མ་སྨད་དད་པའི་ཞིང་ས་གཤིན་པོ་ལ། །བསོད་ནམས་ས་བོན་བཏབ་པ་ཡོངས་སྨིན་པའི། །བདེ་སྐྱིད་གསེར་གྱི་སྙེ་མ་གཡུར་ཟ་བར། །བྱེད་པོར་གཏོགས་སོ་ཅོག་རྣམས་ལོངས་སྤྱོད་ཤོག །རྣམ་འདྲེན་སྤྱན་སྔར་དཀར་ཕྱོགས་ལེགས་སྐྱོང་བར། །ཞལ་གྱིས་ཉེར་འཆེས་མཐུ་ལྡན་སྲུང་མ་ཡིས། །དེང་འདིར་སྨོན་པའི་རེ་བ་ལེགས་འགྲུབ་ཅིང་། །བཀྲ་ཤིས་དཔལ་གྱིས་དུས་(༡༢༧ན)


GLG015_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་པར་མཛོད། །ཅེས་པ་འདིའང་ལྷ་རིགས་ནོར་འཛིན་དབང་མོ་ལྕམ་བསོད་ནམས་ཆོས་བཟང་གིས་བསྐུལ་བའི་ངོར་སྡེ་སྣོད་གསུམ་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །རྒྱལ་ཀུན་མཛད་པའི་ཞགས་པས་མགོན་ཁྱོད་ཀྱི། །འཕྲིན་ལས་ནམ་མཁའི་མཐའ་འཇལ་ནུས་མིན་ཡང་། །རྩོད་ལྡན་འགྲོ་ངོར་མཚོ་སྐྱེས་སྤྲུལ་པའི་གར། །ལེགས་བསྒྱུར་ཐོད་འཕྲེང་རྩལ་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་རོལ་བའི་རྩལ། །རང་རིགས་རྟགས་དང་ཁ་དོག་བརྒྱ་ཕྲག་མཚོན། །འཆར་བའི་དྭངས་ཤེལ་ཇི་བཞིན་མ་འདྲེས་པ། །འཕྲིན་ལས་བསྒྲུབ་ཆེད་བསྟན་ལ་གསོལ་བ་འདེབས། །བདེ་ཆེན་ཝཾ་གདངས་སྟོང་ཉིད་ཤེས་རབ་ཨེར། །ཡོངས་ཤར་རྩེ་དགའ་ཁོང་ནས་ཉེར་དགོད་པའི། །ཁྲོ་ཆགས་སྒེག་པའི་ཉམས་ལྡན་པདྨ་འབྱུང་། །ཁྱབ་བདག་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །བག་ཡོད་མ་ལ་ཡ་ལས་ཚུལ་ཁྲིམས་ངད། །འཐུལ་བས་སྲིད་པའི་ཚ་གདུང་དྲུངས་འབྱིན་པ། །ཚངས་སྤྱོད་རྩེར་སོན་པདྨ་སམྦྷ་ཝ། །ཐུབ་པའི་ཉན་ཐོས་ཆེ་ལ་གསོལ་བ་འདེབས། །ཁྱོད་ཐུགས་རྙོག་པའི་དྲི་བྲལ་མཚོ་ནང་དུ། །ཤེས་བྱར་སྲིད་པའི་ཟླ་གཟུགས་རབ་འཆར་བ། །བློ་ལྡན་མཆོག་སྲེད་ངེས་པར་ཀུན་མཁྱེན་ཞེས། །སྙན་པའི་གྲགས་པ་འབར་ལ་གསོལ་བ་འདེབས། །རྗེས་སུ་ཆགས་པའི་དམར་འོད་ཞགས་པ་ཡིས། ཁམས་གསུམ་བརྟན་པ་འཕྲོག་པའི་ཆོམ་རྐུན་མ། །དབང་གི་དངོས་གྲུབ་ཚོགས་ལ་མངའ་འབྱོར་བ། །པདྨ་རྒྱལ་པོར་གྲགས་ལ་གསོལ་བ་འདེབས། །དུག་ལྔའི་མཚན་མོར་རྨོངས་(༡༢༧བ)


GLG015_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མལ་སྟན་ལས། །སློང་བའི་ཐུགས་རྗེའི་སྐྱ་རེངས་རིགས་དྲུག་གནས། །འཆར་བྱེད་ཉི་མའི་འོད་ཟེར་རྣལ་འབྱོར་མཆོག །བརྟུལ་ཞུགས་གྲུབ་པའི་དབང་པོར་གསོལ་བ་འདེབས། །མཐོང་ན་མི་མཐུན་མེད་པ་མཚན་དཔེའི་སྐུ། །རྒྱལ་བའི་ཞལ་སྐྱིན་འགྲོ་ལ་མངོན་སུམ་དུ། །བསྟན་ནས་ཡིད་སྲུབས་མྱ་ངན་ཁང་བུ་རུ། །འཇུག་མཛད་ཤཱཀྱ་སེང་གེར་གསོལ་བ་འདེབས། །གནམ་ལྕགས་ཚ་ཚ་འཕྲོ་བའི་དཔལ་གྱི་རྩེར། །མུ་སྟེགས་སྡེ་བཅས་མི་རྟག་ལམ་བཀོད་ནས། །འཇིགས་མེད་སེང་གེའི་རྒྱུད་ཀྱི་བརྟུལ་ཞུགས་སྒྲ། །སྒྲོག་མཛད་དཔའ་བོ་ཆེན་པོར་གསོལ་བ་འདེབས། །ཆོལ་བའི་ཁྲོ་ཚོགས་ཉེར་སྤྲོས་གཟི་བརྗིད་ཀྱིས། །དྲེགས་པ་ཀུན་གྱི་ལག་ཆ་སྟབས་གཅིག་ཏུ། །བོར་ནས་གཙུག་ཏོར་ཁྱོད་ཞབས་ལ་རེག་པའི། །རྡོ་རྗེ་གྲོ་བོ་ལོད་ལ་གསོལ་བ་འདེབས། །སྟོང་ཉིད་སྙིང་རྗེའི་རང་རྩལ་ལུས་ཕྲ་མར། །ཡོངས་ཤར་མནྡ་ར་དང་མཚོ་རྒྱལ་ཡུམ། །རྡོ་རྗེ་ཕག་མོའི་སྒྱུ་འཕྲུལ་རོལ་རྩེད་མཁན། །མཁའ་སྤྱོད་ཞིང་གི་དབང་མོར་གསོལ་བ་འདེབས། །དོར་སྟབས་ཞབས་ཀྱིས་བདུད་སྡེ་འདམ་བཞིན་དུ། །བརྫིས་ཀྱང་མ་ཚིམ་ཁྲག་དྲོན་གྲུབ་མཛད་པ། །དབང་ཆེན་རྟ་མཆོག་རྡོ་རྗེ་རྣལ་འབྱོར་མ། །ཟུང་འཇུག་ཧེ་རུ་ཀ་ལ་གསོལ་བ་འདེབས། །རིགས་བཞི་མཁའ་འགྲོ་ཕོ་ཉ་ཀིང་ཀ་ར། །དཔའ་བོ་དཔའ་མོ་ཆོས་སྐྱོང་གཏེར་སྲུང་ཚོགས། །གཙོ་ལས་གཞན་མིན་རྒྱུ་མའི་རོལ་རྩེད་ཀྱིས། །དབང་པོའི་གཞུ་ལྟར་བཀྲ་ལ་གསོལ་བ་འདེབས། །སྐྱབས་མགོན་གཞན་ནས་མི་འཚོལ་རང་གི་སེམས། །རྩ་གསུམ་འཁོར་ལོ་ངེས་པའི་རྣལ་འབྱོར་གྱིས། །འདི་ཕྱིའི་འདུན་མ་སྒྲུབ་པའི་རིག་སྔགས་འཆང་། །གང་ཤར་རང་སར་གྲོལ་ལ་གསོལ་བ་འདེབས། །(༡༢༨ན)


GLG015_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྣང་ཞིང་སར་བཏབ་པའི་ལེགས་བྱས་འབྲུ། །བགྲང་ཡས་སྐྱེ་བར་སྨིན་པའི་སྙེ་མ་ལ། །འཛད་མེད་སྤྱད་ནས་རིང་པོར་མི་ཐོགས་པར། །རང་རིག་དོན་གྱི་པད་འབྱུང་མངོན་འགྱུར་ཤོག །ཅེས་སློབ་དཔོན་ཆེན་པོ་མཚན་བརྒྱད་འཁོར་བཅས་དང་འཇུག་ཏུ་ངེད་རང་ལ་གསོལ་འདེབས་ཤིག་དགོས་ཞེས་གླང་ཕུ་བ་རྡོ་རྗེ་འགྱུར་མེད་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །དལ་བའི་རྟེན་ལ་གཞུང་འགའ་བརྩོན་པ་ཡིས། །ཉེར་སྦྱངས་འཆད་པར་རྟག་ཏུ་འགྲུས་མིན་ཡང་། །སྤོང་བའི་བརྟུལ་ཞུགས་རྒྱལ་མཚན་འཛིན་པ་ལ། །མོས་པའི་ཟློས་གར་བསྒྱུར་དེར་གསོལ་བ་འདེབས། །དབུ་ཚད་ཆོས་མངོན་འདུལ་སོགས་དམ་པའི་ཆོས། །འཆད་པའི་རྣམ་དཔྱོད་དཔལ་མདས་ཕས་རྒོལ་ལས། །རྣམ་པར་རྒྱལ་བའི་རྟགས་མཚན་རབ་འཆང་བ། །ཡོངས་འཛིན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་དཀྱིལ་ཁང་སློབ་དཔོན་པ་གཉིས་ཀྱི་གསོལ་འདེབས་འདི་ཡང་ཁལ་ཁ་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བའི་ཟ་ཧོར་གྱི་བནྡེས་སྦྱར། །ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་དང་། །བྱ་བ་ལས་ཀྱི་འཁོར་ལོ་རྣམ་གསུམ་གྱིས། །བདག་སོགས་གདུལ་བྱའི་རེ་བ་ཡོངས་སྐོང་བ། །བཀའ་དྲིན་མཉམ་མེད་བློ་བཟང་འཇམ་དཔལ་དབྱངས། །མགོན་ཁྱོད་བྱེ་བ་ཕྲག་བརྒྱའི་རྡུལ་རྙེད་ཀྱི། །དག་པའི་ཞིང་ཁམས་གང་དུ་ལེགས་བཞུགས་ཀྱང་། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །མ་སྨད་ཐུགས་རྗེ་ཆེན་པོས་བདག་བྱིན་རློབས། །གང་གི་ཐུགས་རྗེའི་འཕྲིན་ལས་མཁའ་(༡༢༨བ)


GLG015_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཀྱི། །མ་འདྲིས་འགྲོ་ལ་འཇུག་བཞེད་ལྷུན་གྲུབ་ཅིང་། །བདག་སོགས་རྣམ་པ་ཐམས་ཅད་མཁྱེན་མིན་བར། །འབྲལ་བ་མེད་པར་བརྩེ་བས་རྗེས་འཛིན་ཤོག །ཅེས་ཐང་སག་སློབ་དཔོན་པ་བློ་བཟང་འཇམ་དབྱངས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་གསོལ་འདེབས་སྨོན་ལམ་འདི་ནི་ཐང་སག་དགའ་ལྡན་ཆོས་འཁོར་གྱི་གྲྭ་ཚང་སྤྱི་ཚོགས་དང་དྲུག་བརྒྱ་གྲུབ་ཆེན་བློ་བཟང་དཀོན་ཅོག་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ཐུབ་དབང་བྱམས་མགོན་ཐོགས་མེད་དབྱིག་གི་གཉེན། །གྲོལ་སྡེ་རྣམ་གཉིས་གུ་ཎ་མི་ཏྲ་དང་། །སེང་གེ་བཟང་པོ་གང་པ་སྤེལ་ཀུ་སཱ་ལི་ཆེ་ཆུང་། །གསེར་གླིང་མངྒ་ཆོས་ཀྱི་གྲགས་པ་རྣམས་ལ་གསོལ་བ་འདེབས། །མར་མེ་མཛད་དཔལ་འབྲོམ་སྟོན་པོ་ཏོ་པ། །ཤ་ར་རུ་འཆད་ཁ་པ་དང་སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན་ལྷ་སྟོན་པ་འོད་ཟེར་བླ་མ། །ལྷ་སྡིངས་པ་བྱང་ཆུབ་འབུམ་ལྷ་སྡིང་དཔོན་པོ་ཀུན་རྒྱམ་ཚོགས་པའི་དབུ་མཛད་ཡོན་ཏན་དཔལ། །མཁན་ཆེན་བདེ་བ་དཔལ་རྣམས་ལ་གསོལ་བ་འདེབས། །དཀའ་བཞི་པ་གྲགས་པ་གཞོན་ནུ་བྱང་སེམས་བསོད་ནམས་གྲགས་པ་ཐོགས་མེད་བཟང་པོ་དཔལ། །རྒྱ་མ་བ་ཡོན་ཏན་འོད་དང་འཕགས་པ་བློ་འཕེལ་སྤྱན་སྔ་ཚུལ་ཁྲིམས་དར། །ལོ་པ་སྤྱན་སྔ་བསོད་ནམས་ལྷ་དབང་རྒྱལ་སྲས་བསོད་ནམས་ལེགས་མཆོག་དང་། །གཉུག་ལ་པཎ་ཆེན་ངག་དབང་གྲགས་པ་རྣམས་ལ་གསོལ་བ་འདེབས། །ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་བྲག་དགོན་སྤྱན་སྔ་བ་རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཞབས། །རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ་རྗེ། །ཡང་ན་རྒྱལ་སྲས་ཐོགས་མེད་པ་མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་གྲགས་པ། བཤེས་གཉེན་པ། །(༡༢༩ན)


GLG015_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས། རིན་ཅེན་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །མཁན་ཆེན། རྒྱལ་བ་ཕྱག་ན་མཁན་ཆེན། ཀུན་དགའ་བློ་གྲོས་གཉུག་ལ་བ་པཎ་ཆེན་ངག་དབང་གྲགས་པ། །ཡང་ན། རྒྱལ་སྲས་ཐོགས་མེད་པ་མང་མཁར་པ་ཚུལ་ཁྲིམས། དཔལ་སེམས་དཔའ། གཞོན་ནུ་རྒྱལ་མཆོག་པ། །མུས་ཆེན་དཀོན་ཅོག་རྒྱན་མཚན་གུང་རུ་ཤེརབ་བཟང་པོ་གཉུག་ལ་པཎ་ཆེན། ངག་དབང་གྲགས་པ། །ལོ་པ་སྤྱན་སྔ། ངག་དབང་ཆོས་གྲགས་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་ཆོས་འབྱོར་ལོ་པ་སྤྱན་སྔ། ཀུན་དགའ་དོན་གྲུབ་དང་། །རྩ་བའི་བླ་མ་དྲིན་ཅན་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན། །ཡང་ན། མུས་ཆེན་དཀོན་ཅོག་རྒྱལ་མཚན་ཀུན་མཁྱེན། སངས་རྒྱས་འཕེལ། །འཇམ་དབྱངས། ཀུན་དགའ་ཆོས་བཟང་རྣམས་ལ་གསོལ་བ་འདེབས། །མཁས་པ། ལྷ་དབང་བློ་གྲོས་རྗེ་བྱམས་པ་ཕུན་ཚོགས་དང་། །རྗེ་དཔལ་འབྱོར་ཤེས་རབ་གྲུབ་ཁང་པ། དཔལ་ལྡན་དོན་གྲུབ་ཞབས། །གནས་གསར་རྗེ་བཙུན་མགོན་པོ་བསོད་ནམས་མཆོག་ལྡན། ཡང་ན་སེམས་དཔའ་གཞོན་ནུ་རྒྱལ་མཆོག་པ། །རི་པ། དཔལ་ལྡན་གྲགས་པ་རྣམས་ལ་གསོལ་བ་འདེབས། །མཁན་ཆེན། གྲགས་པ་རྒྱ་མཚོ་མཁན་ཆེན། རིན་ཅེན་གྲགས་པ་དང་། །མཁན་ཆེན། སངས་རྒྱས་བཀྲ་ཤིས་མཁན། དབང་ཕྱུག་དཔལ་བཟང་པོ། །ཡངས་ཅན་མཁན་པོ། ངག་དབང་ཆོས་གྲགས་དྲིན་ཅན་བཀའ་འགྱུར་བ། །མགོན་པོ། བསོད་ནམས་མཆོག་ལྡན་རྣམས་ལ་གསོལ་བ་འདེབས། །སྔོན་འགྲོ་སྐྱེས་བུ་ཆུང་འབྲིང་ལམ་བསྒོམས་པས། །སྲིད་པའི་བདེ་ལ་སྲེད་པ་ཡོངས་སྤངས་ཏེ། གཏན་འདུན་ཐར་པ་དོན་དུ་གཉེར་བའི་བློ། །བཅོས་མིན་བསམ་པ་ཐག་པས་འབྱོངས་པར་ཤོག །ཆོས་ཀུན་སེམས་ཡིན་སྐྱེ་འགག་གནས་གསུམ་(༡༢༩བ)


GLG015_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ། །ཅིར་ཡང་མ་གྲུབ་གང་སྣང་སྒྱུ་མའི་འཕྲུལ། །བདག་བདེ་གཞན་གཏོང་གཞན་གྱི་སྡུག་བསྔལ་རྣམས། །ཚུར་ལེན་བྱང་ཆུབ་སེམས་གཉིས་འབྱོངས་པར་ཤོག །ཀུན་རྫོབ་དོན་དམ་སེམས་བསྐྱེད་རྣམ་གཉིས་ཀྱིས། །བསམ་དང་སྦྱོར་བས་རྐྱེན་ངན་མ་ལུས་པ། །བྱང་ཆུབ་བསྒྲུབ་པའི་ལམ་དུ་ལེགས་བསྒྱུར་ནས། །བདག་ཉིད་གཅེས་འཛིན་དྲུངས་ནས་འབྱིན་པར་ཤོག །འཕེན་གོམས་ས་བོན་སུན་འབྱིན་སྨོན་ལམ་སྟེ། །སྟོབས་ལྔ་ཚེ་གཅིག་ཉམས་ལེན་ལ་བསྒྲིལ་ཞིང་། །ཆགས་མེད་སྨོན་ལམ་འཚམས་སྦྱར་བདག་འཛིན་བློ། །སུན་ཕྱུང་འཕེན་གོམས་སྟོབས་ཀྱིས་འཕོ་བར་ཤོག །གང་བྱས་ཆོས་རྣམས་བདག་འཛིན་གཉེན་པོར་འགྲོ། །རང་ཞེ་རང་ལ་མ་ཁྲེལ་དཔང་པོའི་མཆོག །རྐྱེན་ངན་ལམ་ལོངས་གང་ཤར་བློ་སྦྱོང་གི །གྲོགས་སུ་འབད་མེད་འགྲོ་བར་བྱིན་གྱིས་རློབས། །སྤྱི་དོན་གསུམ་བསླབས་མངོན་ཆུང་སེམས་རྒྱུད་འདུལ། །རང་རྒྱལ་གཞན་ཕམ་གཡོ་རྒྱུའི་བསམ་སྦྱོར་སྤོང་། །དག་སྣང་ཉེར་སྦྱོང་ཆོས་ཀྱི་ང་རྒྱལ་དང་། །རློམ་སེམས་བསྐྱེད་པའི་བདུད་ལས་སྤོང་བར་ཤོག །ཉེས་འཕེལ་བཀའ་བཀོལ་གོ་ལོག་སྙན་གྲགས་ཡུས། །གང་ཆེའི་ཉོན་མོངས་གཉེན་པོ་གཙོ་བོར་བསྟེན། །བཟོད་བརྟན་ཕྱོགས་མེད་རྟག་ཏུ་བློ་སྦྱོང་ཞིང་། །རང་རྒྱུད་ཆོས་དང་ཞུ་དག་ཕེར་བར་ཤོག །དོན་ཚན་བདུན་གྱི་ལྕགས་ཀྱུ་རྣོན་པོ་ཡིས། །བདག་སེམས་གླང་པོ་ཉེ་བར་དུལ་བྱས་ཏེ། །ཐབས་ཤེས་ཟུང་དུ་འབྲེལ་བའི་གོམ་སྟབས་ཀྱིས། །རྣམ་མཁྱེན་ཐར་པའི་གྲོང་དུ་བགྲོད་པར་ཤོག །ཅེས་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་བློ་སྦྱོང་དོན་བདུན་མའི་སྟེང་ནས་ཉམས་ཁྲིད་ལེགས་(༡༣༠ན)


GLG015_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནོས་པའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་ནི་འདི་ཉིད་དང་བློ་སྦྱོང་སྙན་བརྒྱུད་ཆེན་མོ་ལེགས་བཤད་ཀུན་དུས་གསུམ་པར་དུ་བརྐོ་བའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ལྷར་བཅས་སྐྱེ་རྒུའི་འདྲེན་པ་ཟས་གཙང་སྲས། །རྒྱལ་བའི་སྲས་མཆོག་མགོན་པོ་འཇམ་དཔལ་དབྱངས། །བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ། །ཁྲི་སྲོང་ལྡེ་བཙན་རྣམས་ལ་ཕྱག་འཚལ་ལོ། །ལྷ་ཡིས་སྲས་པོས་སྲད་ན་ལེགས་འཇིན་ཡོན། །གསར་བཅད་སྐད་ཀྱིས་གཏན་འབེབས་ཁྲི་རལ་པ། །ཡིད་སྲུབས་གཤེད་གྱུར་ལྷ་ལུང་དཔལ་རྡོ་རྗེ། །མངའ་བདག་འོད་སྲུངས་རྣམས་ལ་ཕྱག་འཚལ་ལོ། །དཀོན་ཅོག་བླ་མར་འཛིན་པའི་དཔལ་འཁོར་བཙན། །བསྟན་ལ་ཉེར་གུས་སྐྱིད་ལྡེ་ཉི་མ་མགོན། །མངའ་བདག་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་ལྡེ། །ལྷ་ཡི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ནོར་འཛིན་སྐྱོང་བ་མངའ་བདག་ལྷ་ཡི་ལྡེ། །མང་བཀུར་རིགས་ཀྱི་བཙུན་པ་འོད་ལྡེའི་ཞབས། །གངས་ཅན་གཉེན་གྱུར་ལྷ་གཅིག་རྩེ་ལྡེའི་མཚན། །མངའ་རིས་དགྲ་བཅོམ་རྣམས་ལ་ཕྱག་འཚལ་ལོ། །དགེ་བའི་བཤེས་གཉེན་ཞུ་ལྷན་ཤེས་རབ་གྲགས། །ར་ས་ཆུ་ལྷད་དར་མ་རྒྱལ་མཚན་རྗེ། །སྣར་ཐང་བསྟན་པའི་ཉི་མ་གྲོ་མོ་ཆེ། །སངས་རྒྱས་སྒོམ་པ་རྣམས་ལ་ཕྱག་འཚལ་ལོ། །གཉགས་ཀྱི་རིག་འཁྲུངས་སྙིང་པོ་རྒྱལ་མཚན་དཔལ། །མཚུངས་མེད་སྤྲུ་ལུང་ཀུན་དགའ་སྨོན་ལམ་ཞབས། །སྤང་ཁང་བླ་མ་གྲགས་པ་དཔལ་བཟང་པོ། །ཞང་སྟོན་བསོད་གྲགས་རྣམས་ལ་ཕྱག་འཚལ་ལོ། །ཆོས་ལུང་མཁན་ཆེན་གྲགས་པ་རྒྱལ་མཚན་དཔལ། །འཇམ་(༡༣༠བ)


GLG015_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དབྱངས་དངོས་རིན་ཅེན་རྒྱལ་མཚན་ཞབས། །འདུལ་འཛིན་མཆོག་གྱུར་རྒྱལ་བ་ཕྱག་ནའི་མཚན། །ཀུན་དགའ་བློ་གྲོས་རྣམས་ལ་ཕྱག་འཚལ་ལོ། །སྡོམ་བརྩོན་ཆེན་པོ་ཚུལ་ཁྲིམས་དཔལ་འབྱོར་དང་། །འཁྲུལ་ཞིག་ཀུན་བཟང་མཐུ་སྟོབས་དཔལ་འབར་རྗེ། །ངེས་པར་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས། །དབང་ཕྱུག་རབ་བརྟན་རྣམས་ལ་ཕྱག་འཚལ་ལོ། །ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་དཔལ། །རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོ་དང་། །མཁས་གྲུབ་བློ་མཆོག་རིག་པའི་རྡོ་རྗེའི་མཚན། །དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བསྟན་སླར་ཡང་པའི་རྩ་ལག་བོ་དྷི་ས་ཏྭ་ཡི། །རིགས་དབོན་བོ་དྷི་སཏྭ་ཆུང་བའི་ཞབས། །ཟ་ཧོར་ཆོས་ཀྱི་རྒྱལ་པོ་དགེ་བ་དཔལ། དཱི་པཾ་ཀ་ར་རྣམས་ལ་ཕྱག་འཚལ་ལོ། །བསྟན་པའི་སྲོག་ཤིང་ལྷ་བཙུན་བྱང་ཆུབ་འོད། །འགྲོ་བའི་འདྲེན་པ་ཏི་སི་ཆེན་པོའི་མཚན། །བྱང་ཆུབ་སེམས་དཔའ་ཆེན་པོ་ཟླ་རྒྱལ་རྗེ། །ཀོང་པོ་ལོ་ཙཱ་རྣམས་ལ་ཕྱག་འཚལ་ལོ། །ཉོན་མོངས་དགྲ་ཚོགས་བཅོམ་པ་རྒྱལ་མཚན་རྗེ། །གྱ་བ་དབང་པོར་མཛེས་པའི་གྲགས་སྙན་འབར། །གྱ་བ་དཔལ་མཛེས་སྡོམ་བརྩོན་བརྟུལ་ཞུགས་ཅན། །ཡོན་ཏན་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ། །མཁས་བཙུན་ཆེན་པོ་ཤངས་པ་འདུལ་བ་འཛིན། །མཁན་ཆེན་བྱང་སེམས་ཞང་སྟོན་འདི་མན་བརྒྱུད་པ་གོང་མ་དང་གཅིག་པས་དེའི་ཁོངས་སུ་འཐུས་བསོད་གྲགས་སོགས། །བདེ་བར་གཤེགས་པ་བདུན་གྱི་མདོ་ཆོག་གི །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་སྨན་བླའི་མདོ་ཆོག་གི་ཕྱག་འཚལ་གྱི་སྐབས་འཇུག་རྒྱུའི་བརྒྱུད་རིམ་འདི་ནི་ཤངས་དགའ་ལྡན་ཆོས་འཁོར་གྱི་སློབ་དཔོན་པ་(༡༣༡ན)


GLG015_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས་པའི་བདག །རིགས་གསུམ་འདུས་པའི་ངོ་བོར་ངེས་རྙེད་ནས། །མི་ཕྱེད་དད་པས་སྙིང་ནས་གསོལ་བ་འདེབས། །འདོད་པའི་དོན་རྣམས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་མོན་པ་ཨ་ཆོག་གིས་ཁ་ཏོན་དུ་བྱེད་རྒྱུའི་གསོལ་འདེབས་ཤིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །མཁྱེན་བརྩེ་ནུས་པར་ལྡན་པའི་རྫོགས་སངས་རྒྱས། །བདེན་པ་གཉིས་དང་ལྡན་པ་དམ་པའི་ཆོས། །རིག་དང་གྲོལ་བའི་དཔལ་ལྡན་དགེ་འདུན་ལ། །སྙིང་ནས་གསོལ་བ་འདེབས་ཤིང་སྐྱབས་སུ་མཆི། །དཀོན་ཅོག་རིན་ཅེན་རྣམ་གསུམ་ཐུགས་རྗེ་ཆེས། །འདི་དང་ཡང་སྲིད་ཕྱི་མ་ཐམས་ཅད་དུ། །འཁོར་བའི་སྡུག་བསྔལ་ཚོགས་ཀྱིས་མི་བརྫི་བར། །སྒོ་གསུམ་རྟག་ཏུ་བདེ་བ་ཆེན་པོ་ལ། །སྤྱོད་པའི་སྐལ་བ་བཟང་པོར་བྱིན་གྱིས་རློབས། །མཐོ་རིས་རྟེན་མང་བརྒྱུད་པར་དམ་པའི་ཆོས། །ཉམས་སུ་བླངས་པས་ཐར་པའི་ལམ་ཞུགས་ཏེ། །འགྲོ་ཀུན་འདྲེན་པར་ནུས་པའི་རྫོགས་སངས་རྒྱས། །རིང་མིན་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་འོར་དུ་སུ་གུ་རུ་དབང་གིས་ཚེ་འདི་ཕྱི་གཉིས་ལ་ཕན་པའི་གསོལ་འདེབས་ཤིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །མཚན་དཔེའི་གཟུགས་སྐུ་མཐོང་དང་ཚངས་དབྱངས་གསུང་། །ལྷན་ཅིག་ཐོས་པའི་མོད་ལ་སྲིད་ཞིའི་གདུང་། །རབ་གསལ་ཁྱོད་ཐུགས་རྣམ་མཁྱེན་ལ་སྦྱོར་བ། །ཀུན་མཁྱེན་ཉི་(༡༣༡བ)


GLG015_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཉེན་ལ་གསོལ་བ་འདེབས། །ཤཱ་རིའི་བུ་དང་རྒྱལ་རིགས་སྒྲ་གཅན་འཛིན། །བྲམ་ཟེའི་བཙུན་པ་རཱ་ཧུ་ལ་གུཔྟ། །འཕགས་མཆོག་ཀླུ་སྒྲུབ་སློབ་དཔོན་ལེགས་ལྡན་འབྱེད། །དཔལ་སྦས་ཡེ་ཤེས་སྙིང་པོར་གསོལ་བ་འདེབས། །བོ་དྷི་ས་ཏྭ་སྦ་རིགས་རཏྣའི་མཚན། །ཤཱཀྱ་མུ་ནི་གཡོར་པོ་དགེ་བ་འབྱུང་། །དགོངས་པ་རབ་གསལ་སྤ་གོང་ཡེ་ཤེས་གཡུང་། །གྲུབ་པ་ཡེ་ཤེས་རྒྱན་ལ་གསོལ་བ་འདེབས། །ཀླུ་མེས་ཚུལ་ཤེ་རྡོ་རྗེ་རྒྱལ་མཚན་དང་། །སྣེ་པོ་གྲགས་རྒྱན་འབྲེ་ཆེན་ཤེས་རབ་འབར། །བརྩོན་འགྲུས་འབར་དང་གཞོན་ནུ་སེང་གེའི་ཞབས། །གྲོ་སྟོན་བདུད་རྩི་གྲགས་ལ་གསོལ་བ་འདེབས། །མཆིམས་ཆེན་ནམ་མཁའ་གྲགས་དང་གྲགས་ཤེ་བ། །མཆིམས་སྟོན་བློ་བཟང་གྲགས་པ་ཀུན་རྒྱལ་རྗེ། །གྲུབ་པ་ཤེས་རབ་པཎ་ཆེན་དགེ་འདུན་གྲུབ། །གནས་རྙིང་ཀུན་དགའི་མཚན་ལ་གསོལ་བ་འདེབས། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་། །དགེ་ལེགས་དཔལ་བཟང་བསོད་ནམས་རྒྱ་མཚོའི་སྡེ། །དམ་ཆོས་ཡར་འཕེལ་བློ་བཟང་ཆོས་རྒྱན་ཞབས། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ངན་སོང་གནས་གསུམ་སྡུག་བསྔལ་དྲག་པོས་མནར། །མི་དང་འདོད་ལྷ་འགྱུར་བའི་དུཿཁས་གཟིར། །གཟུགས་དང་གཟུགས་མེད་འདུ་བྱེད་འཆིང་བས་བཅིངས། །འཁོར་བའི་རང་འཚང་མངོན་སུམ་མཐོང་བར་ཤོག །ཆོས་དེས་བཅོས་མིན་ཡིད་འབྱུང་ངེས་པ་ལྔ། །ཡོངས་བྲལ་ད་ཆོག་སྒོ་ནས་གསོལ་བཞིའི་ལས། །འཁྲུལ་མེད་ཆོ་གས་ཚངས་སྤྱིད་དཔལ་ཐོབ་སྟེ། །ངུར་སྨྲིག་འཛིན་པའི་མཆོག་ཏུ་འགྱུར་བར་ཤོག །མཐའ་གཉིས་སྤངས་པའི་བསོད་སྙོམས་ཟས་ཀྱིས་འཚོ། །(༡༣༢ན)


GLG015_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དྲུང་ལྕོག་བུ་ཙམ་གྱི་གནས་མལ་དང་། །རྙེད་སླ་ཕྱག་དར་ཁྲོད་པའི་ངུར་སྨྲིག་གོས། །གཞན་གྱིས་སྤྱད་ཟིན་དམན་ལ་བརྟེན་པར་ཤོག །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་གྲངས། །སྤང་ལྟུང་སུམ་ཅུ་ལྟུང་བྱེད་བཅུ་ཕྲག་དགུ། །སོར་བཤགས་བཞི་དང་ཉེས་བྱས་བརྒྱ་བཅུ་གཉིས། །བག་ཡོད་བརྟན་པོས་ཚུལ་བཞིན་བསྲུང་བར་ཤོག །གཞན་གྱིས་ཁྲོ་དང་མཚོན་སོགས་ཉེ་བར་རྡེག །གཤེ་དང་མཚང་འདྲུ་ལ་སོགས་གནོད་ཀུན་ལ། །དྲན་ཤེས་བརྟན་པོས་གཉེན་པོ་ལེགས་བསྟེན་ནས། །རྟག་ཏུ་བཟོད་པའི་གོ་ཆ་བགོ་བར་ཤོག །མཁན་སློབ་དགེ་བའི་བཤེས་ལ་མཆོག་ཏུ་དད། །ཚངས་པར་མཚུངས་པར་སྤྱོད་ལ་གཅིག་ཏུ་གུས། །སྡེ་སྣོད་ལུང་ལ་རབ་སྦྱངས་བསླབ་པ་གསུམ། །མངོན་པར་རྟོགས་པས་བདག་རྒྱུད་ཕྱུག་པར་ཤོག །བག་ཡོད་མཐུན་པའི་རླུང་གིས་ཚུལ་ཁྲིམས་གཟིངས། །མངོན་མཐོའི་རིན་ཅེན་གླིང་བགྲོད་ཐར་པའི་ནོར། །ལྷག་བསམ་རྒྱལ་མཚན་རྩེ་མོར་ཡོངས་བཀོད་ནས། །འགྲོ་རྣམས་ཕན་བདེའི་འདོད་དགུས་ཚིམ་བྱེད་ཤོག །ཅེས་སོ་ཐར་སྡོམ་རྒྱུན་གྱི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་གཏེར་སྟོན་རིགས་འཛིན་ཆེན་པོའི་གཏེར་གསར་གྱི་རྩ་བའི་ཆོས་བདག་ལྔའི་ནང་ཚན་དུ་ཞང་སྣ་ནམ་གྱི་སྤྲུལ་པར་ལུང་གིས་ཟིན་པ་རིགས་ཀྱི་གཅུང་གནས་ལྔ་རིག་པ་སྨྲ་བ་རྒྱལ་སྲས་བསྟན་པའི་ཉི་མས་བསྐུལ་བ་ལ་བརྟེན་ནས་པཎ་ཆེན་དམ་ཆོས་ཡར་འཕེལ་གྱིས་པཎ་ཆེན་བློ་གྲོས་ལེགས་བཟང་ལ་བསྙེན་པར་རྫོགས། དེས་ཆོས་ལུང་ཚོགས་སུ་བསྙེན་རྫོགས་མཛད་ཀྱང་རྗེས་སུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཐེགས་ཁར་བསྐྱར་སྒྲུབ་མཛད་པར་བརྟེན་སོ་སོའི་བློ་དང་བསྟུན་པའི་བརྒྱུད་པ་གཉིས་ཀ་འདྲེན་པ་འདུག་ནའང་སྡོམ་གསུམ་རིམ་(༡༣༡བ)


GLG015_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནོས་ན་སྔོན་མ་སྟོངས་ཤིང་བསྙེན་རྫོགས་རྐྱང་པ་བསྒྲུབས་ན་ཕྱི་མ་མི་སྐྱེ་བས་སོ་ཐར་གྱི་སྡོམ་པ་གཟུགས་ཅན་ལ་སྔགས་དང་བྱང་སེམས་ལྟར་བརྒྱུད་གཉིས་འདྲེས་མི་འཐད་པའི་ཕྱིར་ཕྱི་མ་བཙན་པའི་དབང་དུ་བགྱིས་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །མཁས་བཙུན་བཟང་པོའི་གར་སྒྱུར་དོན་གྲུབ་དཔལ། །དེ་དབོན་རབ་འབྱམས་སྨོན་ལམ་དཔལ་ལྡན་རྗེ། །མཚུངས་མེད་ཀོང་སྟོན་ཆོས་ཀྱི་སེང་གེ་དང་། །བྱང་ཆུབ་ཚེ་བརྟན་རྣམས་ལ་གསོལ་བ་འདེབས། །སྡོམ་བརྩོན་དམ་པ་བསོད་ནམས་བཟང་པོ་དང་། །བསླབ་གསུམ་རྣམ་པར་དག་པའི་ལྷ་རི་རྩེ། །བཤེས་གཉེན་དམ་པ་ཆོས་ཀྱི་རྣམ་པར་རྒྱལ། །དཔལ་འབྱོར་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །བསྐྱེད་རྫོགས་ཟུང་འཇུག་ནམ་མཁའ་འབྱམས་པའི་ཞབས། །གདན་གཅིག་མཁན་ཆེན་རིན་ཅེན་རྒྱ་མཚོ་དང་། །གཞུང་བརྒྱ་སྨྲ་བ་བསོད་ནམས་བསམ་གྲུབ་རྗེ། །བློ་བཟང་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །མཐུ་སྟོབས་མངའ་བདག་བློ་གྲོས་རིན་ཅེན་དང་། །ལུགས་ཟུང་རྣམ་པར་སྤངས་པའི་དགེ་ལེགས་མཚན། །རབ་འབྱམས་སྨྲ་བ་རིན་ཅེན་རབ་རྒྱས་དང་། །བློ་བཟང་བསྟན་འཕེལ་རྣམས་ལ་གསོལ་བ་འདེབས། །ལེགས་བྱས་གཏེར་མཛོད་བསོད་ནམས་རྒྱལ་མཚན་དང་། །རྒྱལ་བའི་སྲས་པོ་བློ་བཟང་བསྟན་འཛིན་དཔལ། །ཆོས་གླིང་གདན་རབས་བྱོན་དང་འབྱོན་འགྱུར་གྱི། །ཡོངས་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་ལམ་རིམ་གསོལ་འདེབས་ཀྱི་མཇུག་ཏུ་འདོགས་རྒྱུའི་རི་བོ་ཆོས་གླིང་གི་བླ་རབས་ཀྱི་གསོལ་འདེབས་འདི་ནི་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །(༡༣༣ན)


GLG015_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་བདེ་ཆེན་སྣང་མཐའ་ཡས་པའི་འོད། །ཐུགས་རྗེའི་སྒྱུ་འཕྲུལ་རྣམ་རོལ་པད་དཀར་འཆང་། །མ་འདྲིས་ལུས་ཅན་ཀུན་གྱི་གཉེན་གཅིག་པུ། །གང་དེས་འགྲོ་ལ་ཕན་བདེའི་དཔལ་སྩོལ་ཅིག །ལྔ་བརྒྱའི་དཔུང་གཉེན་ལྷ་གཅིག་མར་མེ་མཛད། །རབ་འབྱམས་རྒྱལ་བའི་འབྱུང་གནས་འབྲོམ་སྟོན་རྗེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། རྗེ་བཙུན་བླ་མའི་ཚོགས་ལ་གསོལ་བ་འདེབས། །གསུང་ངག་ལེགས་བཤད་དབང་གི་འདོད་འཇོ་མཁན། །རྨད་བྱུང་བློ་གྲོས་རྒྱས་པའི་དཔག་བསམ་ལྗོན། །མཁས་བཙུན་བཟང་པོའི་འབྲས་བུས་ལེགས་དུད་པའི། །རྡོ་རྗེའི་སློབ་དཔོན་མཆོག་ལ་གསོལ་བ་འདེབས། །རྒྱ་ཆེན་རྣམ་དཔྱོད་ཡངས་པའི་ནམ་མཁའ་ལ། །མཚོ་བྱུང་ཐུགས་རྗེའི་དཀྱིལ་འཁོར་གང་བའི་ཟླ། །རྨོངས་མུན་སྙིང་ལ་འཇིགས་པ་སྟེར་བྱེད་པའི། །སྔོན་མེད་རི་བོང་འཛིན་ལ་གསོལ་བ་འདེབས། །རྒྱལ་གསུང་ཐོས་འཛིན་ལམ་དུ་ལེགས་གོ་བའི། །ཆ་ཤས་བདུད་རྩིས་ཐུབ་པའི་ལུང་རྟོགས་བསྟན། །རབ་རྒྱས་བཤད་དང་སྒྲུབ་པའི་འཁོར་ལོ་ཆེ། །གསེར་ལྡན་ལྟོ་བར་བསྐོར་ལ་གསོལ་བ་འདེབས། །མཆོག་གསུམ་ཐུགས་རྗེའི་ལང་ལོང་ཆུ་འཛིན་ལས། །མཐུ་སྟོབས་གནམ་ལྕགས་རྡོ་རྗེ་འབར་བ་ཡིས། །ནག་ཕྱོགས་མི་བསྲུན་བདུད་སྡེའི་དཔུང་ཚོགས་ཚོ། །ཕྱེ་མར་འཐག་པའི་སྡེ་ལ་གསོལ་བ་འདེབས། །འཇམ་ཞིང་ཆེས་དུལ་སྡོམ་བརྩོན་དམ་པའི་དཔལ། །དབྱངས་ཅན་ལྷ་མོས་རྗེས་སུ་རབ་བཟུང་ནས། །གཙུག་ལག་དགའ་སྟོན་བྱེ་བའི་ཟིལ་དངར་ལ། །འཛད་མེད་ལོངས་སུ་སྤྱོད་དེར་གསོལ་བ་འདེབས། །ཀུན་ལ་རྗེས་བརྩེའི་ས་བོན་(༡༣༣བ)


GLG015_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྨིན་པས། །མ་འདྲིས་མཛའ་བའི་བཤེས་སུ་གྱུར་པའི་འབྲས། །འགྲོ་རྣམས་ཕན་བདེར་སྤྱོད་པའི་གཉེན་གཅིག་པུ། །རབ་འབྱམས་རྒྱལ་བའི་ངོ་བོར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པས་ནམ་མཁའ་ལས། །རྨད་བྱུང་ཐུགས་རྗེའི་གྲུ་ཆར་བབས་པ་ཡིས། །དོན་གཉིས་འདོད་པའི་མྱུ་གུ་ལེགས་སྨིན་ཏེ། །ཕན་བདེ་སྙེ་མའི་དགའ་སྟོན་གཡུར་ཟ་ཤོག །རྡོ་རྗེའི་མིང་དང་ལྡན་པ་མི་ཡི་རྗེ། །འབངས་དང་བཅས་པའི་ནད་གདོན་བར་ཆད་བགེགས། །ཞི་ཞིང་ཚེ་དང་བསོད་ནམས་གོང་དུ་འཕེལ། །བསམས་པའི་དོན་ཀུན་ཐམས་ཅད་གྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་མགོན་ཁྱོད་ཞམ་རིང་དུ། །སྐྱེས་ནས་དམ་པའི་ཆོས་ལ་ལོངས་སྤྱོད་དེ། །རང་གཞན་ཀུན་གྱི་དོན་དུ་སངས་རྒྱས་ཀྱི། །གོ་འཕང་ཐོབ་པའི་བཀྲ་ཤིས་རྒྱ་མཚོ་སྩོལ། །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་ཨེ་ཆིར་ཐུ་ཐའི་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ར་ས་འཕྲུལ་སྣང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ངག་གི་གཏེར་གྱུར་དབང་ཕྱུག་དགའ་མ་སོགས། །གསུམ་འགྱིང་མི་ཟད་བློ་གྲོས་གཏེར་བུམ་ལས། །བཟང་པོའི་ཤེས་རབ་ཆར་དུས་རྒྱ་མཚོ་ལྟར། །རབ་འཕྱུར་བཤེས་གཉེན་དམ་པར་གསོལ་བ་འདེབས། །བསོད་ནམས་ཞིང་དུ་མགོན་ཁྱོད་ཇི་སྲིད་བར། །རྣམ་པར་རབ་བརྟན་བདག་གི་འདོད་པའི་དོན། །གེགས་མེད་འགྲུབ་ཕྱིར་བྱེད་པོ་ཚངས་པས་ཀྱང་། །རྟག་ཏུ་བསྲུང་ཞིང་སྐྱོང་བ་ཉིད་གྱུར་ཅིག །ཅེས་པ་ཡང་སྟར་སྡོང་རབ་འབྱམས་པ་ངག་དབང་དཔལ་བཟང་གི་ངོར་བྲིས། ངོ་བོ་ཀ་དག་ཆོས་སྐུ་སྣང་མཐའ་ཡས། །རང་བཞིན་ལྷུན་གྲུབ་(༡༣༤ན)


GLG015_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུ་དབང་ཆེན་ལྷ། །ཐུགས་རྗེ་སྤྲུལ་སྐུའི་རྣམ་རོལ་པདྨ་འབྱུང་། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །ཟབ་གཏེར་སྒོ་འབྱེད་རྒྱ་གོང་སངས་རྒྱས་དབང་། །རིན་ཅེན་བདུན་བརྒྱུད་ནང་ཆེན་སྐྱེར་སྒང་པ། །སྐར་ཆུང་རྒྱལ་པོ་འདུལ་མཛད་གཉན་སྟོན་པར། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །དངོས་གྲུབ་མཆོག་བརྙེས་སངས་རྒྱས་སྟོན་པའི་ཞབས། །མཁས་གྲུབ་དབང་ཕྱུག་གཙག་མ་ཤངས་སྟོན་པ། །ཟབ་དོན་རྟོགས་པ་མཐར་ཕྱིན་རྒྱལ་མཚན་འབུམ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། ཆོས་དྲུག་གདམས་པའི་མངའ་བདག་འཇག་ཆེན་པ། །དཔལ་ལྡན་བླ་མ་མཁས་བཙུན་འོད་ཟེར་མཚན། །བྱང་ཆུབ་སེམས་འབྱོངས་ཀུན་དགའ་ཆོས་རྒྱལ་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །ཉམས་རྟོགས་མཐར་ཕྱིན་མོན་རྫོང་རས་པ་དང་། །སྐུ་ཞང་མཁྱེན་རབ་རིན་ཅེན་མཆོག་གྲུབ་རྗེ། །ངེས་གསང་བསྟན་པའི་ཉི་མ་རྡོ་རིང་པར། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །རྡོ་རྗེ་འཆང་དབང་ཚར་པ་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཞབས། །འཁོར་ལོའི་མགོན་པོ་དབང་ཕྱུག་རབ་བརྟན་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །རིགས་ཀུན་ཁྱབ་བདག་རྗེ་བཙུན་བཀའ་འགྱུར་བ། །རྒྱལ་ཀུན་ངོ་བོ་ཆོས་དབྱིངས་རང་གྲོལ་རྗེ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །སླར་ཡང་རྒྱལ་མཚན་འབུམ་གྱིས་རྗེས་བཟུང་ཚུལ་ཁྲིམས་མགོན། །རི་ཁྲོད་དབང་ཕྱུག་སངས་རྒྱས་སེང་གེའི་ཞབས། །མཚུངས་མེད་སྤྲུལ་སྐུ་སངས་རྒྱས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །ཕ་རྒོད་མཁས་གྲུབ་ཐར་པ་དཔལ་བཟང་པོ། །དྲིན་ཅན་བླ་མ་སངས་རྒྱས་རྣམ་པར་རྒྱལ། །(༡༣༤བ)


GLG015_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ཆེན་བློ་གསལ་རྒྱ་མཚོ་དཔལ་བཟང་པོར། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །སླར་ཡང་རྒྱལ་མཚན་འབུམ་གྱི་ཐུགས་སྲས་བྱམས་པ་དཔལ། །བློ་གྲོས་དཔལ་བཟང་འཇམ་དབྱངས་ནམ་མཁའ་རྒྱལ། །མཁས་པའི་གཙུག་རྒྱན་ཀུན་མཁྱེན་སངས་རྒྱས་དཔལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །ཆོས་ཀྱི་སྤྱན་ལྡན་རིན་ཅེན་རྣམ་པར་རྒྱལ། །གཞུང་ལུགས་བརྒྱ་པ་དངོས་གྲུབ་དཔལ་འབར་དང་། །རུ་ཐོག་བླ་ཆེན་ནམ་མཁའ་གཟི་བརྗིད་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །འཇམ་དཔལ་དབྱངས་དངོས་ཐུགས་རྗེ་ཆོས་རྒྱལ་དང་། །རྣལ་འབྱོར་དབང་ཕྱུག་དོན་ཡོད་རྒྱལ་མཚན་དཔལ། །རྡོ་རྗེ་འཆང་དབང་ཀུན་དགའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཁྱེན་རྩེ་མན་གོང་གིས་འཐུས། ཁྱུང་པོ་ཚུལ་མགོན་ནས། མཚོའི་སྡེ། །མཁས་ཤིང་གྲུབ་པ་བརྙེས་པའི་ཡོན་ཏན་མཆོག །མཁྱེན་བརྩེ་ནུས་ལྡན་བསོད་ནམས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །གཉོས་སྟོན་ལྷ་བཙུན་ལྷ་དབང་རྒྱ་མཚོ་དང་། །རྡོ་རྗེ་འཆང་དབང་དཔལ་འབྱོར་ལྷུན་གྲུབ་ཞབས། །ཆོས་དབྱིངས་རང་གྲོལ་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །དབང་བཞིན་བྱིན་རླབས་ཚུལ་གྱི་སྨིན་བྱེད་ཆུས། །སྒོ་གསུམ་སྡིག་སྒྲིབ་བག་ཆགས་ཀུན་བཀྲུས་ནས། རྟ་མཆོག་རོལ་པའི་བསྐྱེད་རྫོགས་ཟབ་མོའི་ལམ། །ཚུལ་བཞིན་ཉམས་སུ་བསྟར་བའི་སྣོད་དུ་ཤོག །རྡོ་རྗེའི་བསྲུང་འཁོར་བསྐལ་པའི་མེ་གུར་ནང་། །དབང་ཆེན་ང་རྒྱལ་གསལ་སྣང་བརྟན་པོ་ལས། །ཉེར་འཕྲོག་རྡོ་རྗེའི་ཚ་ཚ་མེ་དཔལ་གྱིས། །ཡིད་སྲུབས་སྡེར་བཅས་ཕྱེ་མར་འཐག་པར་ཤོག །བགྲང་ཡས་རྒྱལ་བ་ཞི་ཁྲོ་སྲས་བཅས་ལ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ཉེར་བསྟིབས་པས། །ལུས་ངག་ཡིད་ལ་གཞི་(༡༣༥ན)


GLG015_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱིན་རླབས་དཔུང་། །ཉེར་ཞུགས་དག་པའི་སྣང་བར་འབྱམ་ཀླས་ཤོག །དབང་དྲག་ལས་ཀྱི་གཞན་སྡེ་ཚར་གཅོད་སྡུད། །ནད་གདོན་རྩ་བ་སྒྲིབ་གཉིས་དྲུང་ནས་ཞི། །བདེ་ཆེན་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཞར། །གནས་སྐབས་ཚེ་དཔལ་རྣམས་ཀྱང་རྒྱས་པར་ཤོག །རྩ་ཐིག་རླུང་གི་རྣལ་འབྱོར་རྫོགས་རིམ་ལམ། །འོད་གསལ་སྣང་བཞི་རིམ་བགྲོད་རྫོགས་པ་ཆེ། །ཉམས་སུ་བླངས་ཏེ་དབང་ཆེན་ཀུན་ཏུ་བཟང་། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །འཕགས་ཡུལ་པཎ་ཆེན་མཚོ་སྐྱེས་རྡོ་རྗེ་དང་། །གངས་ཅན་གྲུབ་དབང་ཆོས་ཀྱི་སེང་གེ་ཡི། །སྨིན་གྲོལ་འཕྲིན་ལས་རྣམ་བཞིའི་གདམས་པ་ལ། །བརྟེན་ནས་མཆོག་ཐུན་དངོས་གྲུབ་ཆར་འབབས་ཤོག །ཅེས་རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་ནི་སྔགས་བན་ཡོན་ཏན་དཔལ་བཟང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པའོ། །གང་ཐུགས་བྱམས་པའི་ཆུ་རྒྱུན་མ་འདྲིས་འགྲོ། །ཀུན་ཁྱབ་རྣམ་དཔྱོད་ཤེལ་ལ་ལེགས་བཤད་ཚོན། །རབ་བཀྲ་སྐལ་བཟང་གདུལ་བྱར་ཤིས་མཛད་པའི། །མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞེས་ཤར་པ་ཆོས་རྗེ་བྱམས་པ་བཀྲ་ཤིས་ཀྱི་གསོལ་འདེབས་འདི་ནི་ཉིད་ཀྱི་དབོན་པོ་དགེ་སློང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །ཀུན་ཁྱབ་ཀུན་བཟང་འོད་མཚན་སྟོང་འབར་མགོན། །འཛམ་གླིང་ཆེ་བའི་རིག་སྔགས་འཆང་བའི་མཐུས། །འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་ཐོད་འཕྲེང་(༡༣༥བ)


GLG015_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ། །གསོལ་བ་འདེབས་སོ་ནད་གདོན་དགྲ་བགེགས་བཟློག །འཕགས་ཡུལ་རིགས་འཛིན་བརྒྱད་སོགས་གྲུབ་པའི་དབང་། །གངས་ཅན་མིག་གཅིག་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་རིགས་ཁྱབ་བདག་ཧེ་རུ་ཀར། །གསོལ་བ་འདེབས་སོ་ནད་གདོན་དགྲ་བགེགས་བཟློག །ཇ་མཆོད་ཀྱི་དུས་མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ་ཞེས་འདོན་པ་བསྒྱུར། །མངའ་བདག་ཉང་རལ་ཆོས་ཀྱི་དབང་ཕྱུག་སོགས། །འཁྲུལ་མེད་ཟབ་གཏེར་སྒོ་འབྱེད་རིག་པ་འཛིན། །བཀའ་བབས་ལས་ཅན་སྙིང་གི་བུ་རྣམས་ལ། །གསོལ་བ་འདེབས་སོ་ནད་གདོན་དགྲ་བགེགས་བཟློག །ཁྲི་སྲོང་ཡང་སྲིད་ཡེ་ཤེས་རོལ་པ་རྩལ། །རྒྱལ་དབང་པདྨའི་གདུང་འཚོབ་མངའ་རིས་པ། །ལེགས་ལྡན་བདུད་འཇོམས་རྡོ་རྗེ་དཔལ་བཟང་པོར། །གསོལ་བ་འདེབས་སོ་ནད་གདོན་དགྲ་བགེགས་བཟློག །ཐུགས་སྲས་འབྲི་གུང་གནམ་ལྕགས་མེ་འབར་རྗེ། །ལང་འགྲོའི་རྣམ་སྤྲུལ་ཀུན་མཁྱེན་མཁྱེན་བརྩེའི་དབང་། །ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེར། །གསོལ་བ་འདེབས་སོ་ནད་གདོན་དགྲ་བགེགས་བཟློག །དམ་ཉམས་འདྲེས་ཁྱེར་དུག་ཆུས་བསླད་མིན་པར། །སྨིན་གྲོལ་བདུད་རྩིས་ཐུགས་ཀྱི་ཟ་མ་ཏོག །ལེགས་གཏམས་སྩོལ་མཛད་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་ནད་གདོན་དགྲ་བགེགས་བཟློག །ཞི་ཁྲོ་ཀུན་འདུས་བཀའ་བརྒྱད་འཁོར་ལོའི་ལྷ། །ལེགས་ལྡན་ཚོགས་བདག་འབར་མ་མ་ནིང་དང་། །དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་ལ། །གསོལ་བ་འདེབས་སོ་གདོན་བགེགས་འདུལ་བྱིན་རློབས། །རང་རིག་ཀ་ནས་དག་པའི་དབྱིངས་ཀྱི་ངང་། །ལྷུན་གྲུབ་རྩ་གསུམ་འཇའ་ལྟར་ཡོངས་ཤར་བའི། །གནས་ལུགས་རང་ཞལ་མཇལ་བས་གསོལ་མཆོད་པའི་དུས་མཆོད་བྱེད་ན་འདོན་པ་བསྒྱུར། འདེབས་ན། །གདོད་ནས་བཞུགས་པའི་བྱིན་རླབས་སྙིང་ལ་སིམ། །ཐག་ཁྲར་སྦྲུལ་བཞིན་འཁྲུལ་བའི་སེམས་ཀྱི་ངོར། །(༡༣༦ན)


GLG015_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བའི་བདག་སོགས་རྒྱུ་སྦྱོར་ཡོན་མཆོད་གྱི། །མི་མཐུན་ཉེས་བརྒྱའི་སྒྱུ་མའི་རོལ་རྩེད་ཀུན། །སྤྲོས་བྲལ་ངང་དུ་དག་པར་བྱིན་གྱིས་རློབས། །སཱ་ལའི་སྨན་ལྗོངས་བོད་ཀྱི་རྒྱལ་ཁམས་འདིར། །ནད་ཁྲུག་ཕོངས་རྒུད་དམ་སྲི་འབྱུང་པོའི་དཔུང་། །ཁྲོ་རྒྱལ་གདངས་པའི་ཞལ་གྱི་ཧོམ་ཁུང་དུ། །ཉེར་དྲངས་ཡེ་ཤེས་མེ་ཡིས་བསྲེག་ཏུ་གསོལ། །གནས་སྐབས་ལྷ་ཡི་བདེ་སྐྱིད་དཔལ་བཞིན་སྤྱོད། །རིང་མིན་རང་རིག་རྡོ་རྗེ་སེམས་དཔའི་ཞལ། །མཇལ་བར་རྩ་གསུམ་ཚོགས་ཀྱི་བདག་བྱིན་རློབས། །ལམ་བཟང་འདི་འདྲའི་དགའ་སྟོན་ཨེ་མ་ཧོ། །ཞེས་རྩ་བ་གསུམ་གྱི་ལྷ་ཚོགས་ལ་གསོལ་འདེབས་དང་ཇ་མཆོད་གཉིས་ཀར་བསྒྱུར་ཆོག་པ་འདི་ནི་ཁྲོ་ཆར་གཡུལ་བཟློག་གཏོང་བའི་སྔགས་འཆང་རྣམས་ཀྱི་ཞལ་འདོན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །འཇམ་དབྱངས་དགྱེས་པའི་སྨྲ་མཁས་རྣམ་དཔྱོད་ཀྱི། །བཀྲ་ཤིས་དུང་དཀར་མགྲིན་པར་གཡས་འཁྱིལ་བའི། །ལེགས་བཤད་སྙན་པའི་སྒྲ་ཡིས་གདུལ་བྱ་རྣམས། །ཚིམ་མཛད་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞེས་རི་བོ་བདེ་ཆེན་མཁན་པོ་འཇམ་དབྱངས་བཀྲ་ཤིས་ཀྱི་གསོལ་འདེབས་འདི་ནི་དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །མཁྱེན་བརྩེ་ནུས་པ་མངའ་བ་རྫོགས་སངས་རྒྱས། །བདེན་པ་གཉིས་དང་ལྡན་པ་དམ་པའི་ཆོས། །རིག་དང་གྲོལ་བའི་དཔལ་སྟེར་དགེ་འདུན་ཏེ། །དཀོན་ཅོག་རིན་ཅེན་གསུམ་ལ་གསོལ་བ་འདེབས། །ངག་(༡༣༦བ)


GLG015_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འཇམ་དཔལ་ངུར་སྨྲིག་གར་བསྒྱུར་བ། །བློ་བཟང་གྲགས་པའི་རིང་ལུགས་གངྒཱའི་རྒྱུན། །གངས་ཅན་ཕན་བདེའི་རྒྱ་མཚོར་ཆད་མེད་དུ། །འབེབས་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །དགེ་བའི་རྩ་བ་སྦོམ་པོར་སྐྱེད་བསྲིངས་པའི། །བསོད་ནམས་ཨ་མྲའི་ནགས་ཀླུང་སྟུག་པོའི་ཚལ། །ལེགས་བྱས་རོ་བརྒྱ་འདའ་བའི་འབྲས་བུ་ལ། །བདག་སོགས་ལུས་ཅན་ཀུན་གྱིས་སྤྱོད་པར་ཤོག །ཅེས་པ་འདི་ནི་དཔོན་ས་བསོད་ནམས་རྒྱལ་མོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་པའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །འཆི་མེད་སྣང་བ་མཐའ་ཡས་སྒྲིབ་བྲལ་སྤྱན། །འགྲོ་ལ་ཉེར་གཟིགས་མཚོ་སྐྱེས་བདེ་ཆེན་སྐུ། །སྟོང་གཟུགས་རང་སྣང་མཚོ་རྒྱལ་ཡུམ་དང་སྦྱོར། །པད་འབྱུང་རྡོ་རྗེ་འཆང་ལ་མཆོད་པ་འབུལ། །འཕྲིན་ལས་བསྒྲུབ་པར་མཁའ་ལ་འཇའ་ཚོན་བཞིན། །མ་འདྲེས་ཤར་བའི་སྐུ་མདོག་ཕྱག་མཚན་ཅན། །བདེ་གཤེགས་རིགས་ལྔའི་བདག་ཉིད་ཐོད་འཕྲེང་རྩལ། །མཆོད་པ་འབུལ་ལོ་དངོས་གྲུབ་གསོལ་འདེབས་ཀྱི་དུས་འདོན་པ་བསྒྱུར། མ་ལུས་སྩོལ། །གཅིག་ལས་དུ་མར་སྣང་བའི་སྒྱུ་འཕྲུལ་གར། །ཡ་མཚན་མཆོག་ལ་མངའ་བརྙེས་པདྨ་འབྱུང་། །ཐམས་ཅད་མཁྱེན་པ་བློ་ལྡན་མཆོག་སྲེད་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་མ་ལུས་སྩོལ། །འཕྲིན་ལས་འགྲོ་འདུལ་ཉི་མ་འོད་ཟེར་ཞབས། །མུ་སྟེགས་ཕྱེར་འཐག་སེང་གེའི་སྒྲ་ཆེན་སྒྲོགས། །ཡོན་ཏན་ཀུན་བརྙེས་པདྨ་སཾ་བྷ་བར། །མཆོད་པ་འབུལ་ལོ་དངོས་གྲུབ་མ་ལུས་སྩོལ། ཁམས་གསུམ་དབང་དུ་སྡུད་པ་པདྨ་རྒྱལ། །ཤཱཀྱ་སེང་གེ་བདུད་སྡེ་ཟིལ་གྱིས་གནོན། །དྲེགས་པ་ཚར་གཅོད་རྡོ་རྗེ་གྲོ་(༡༣༧ན)


GLG015_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལོད་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་མ་ལུས་སྩོལ། །ཁྲོ་རྒྱལ་དབང་ཆེན་རིགས་བཞི་མཁའ་འགྲོའི་ལྷ། །དཔལ་མགོན་མ་ནིང་བསྟན་སྲུང་རྒྱ་མཚོའི་གཙོ། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་མ་ལུས་སྩོལ། །ཀུན་ཀྱང་རང་སེམས་རོལ་པར་ངེས་རྙེད་ནས། །མཆོད་བྱ་མཆོད་བྱེད་བྲལ་བའི་གཤིས་ལུགས་དང་། །མིག་འཕྲུལ་ཇི་བཞིན་ནམ་མཁའ་མཛོད་ཀྱི་སྒོ། །ལེགས་པར་འབྱེད་དོ་བསམ་དོན་འགྲུབ་བྱིན་རློབས། །ཞེས་ཇ་མཆོད་དང་གསོལ་བ་འདེབས་གཉིས་ཀར་བསྒྱུར་ཆོག་པ་འདི་ནི་ལྷ་ལྡན་རུ་བཞིའི་ཚེས་བཅུ་པ་རྣམས་ཀྱི་ངག་འདོན་དུ་ཟུར་གྱི་སྔགས་འཆང་གཞིས་ཀ་ཤར་པ་ཨ་གུར་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །བདེན་གཉིས་དོན་ལྡན་དཀོན་ཅོག་རིན་ཅེན་ཆོས། །ཚུལ་བཞིན་སྟོན་ལ་རྒྱལ་ཀུན་སྤྱི་ཡི་གཟུགས། །བཤེས་གཉེན་དམ་པར་རྣམ་རོལ་དངོས་བརྒྱུད་ཀྱི། །ཡོངས་འཛིན་བླ་མའི་ཚོགས་ལ་གུས་གསོལ་འདེབས། །ཡངས་པའི་གསེར་ལྡན་ཁྱོན་ལ་ཐུབ་པའི་བསྟན། །ལེགས་པར་དེ་འཛིན་ཚོགས་རྣམས་ཞབས་པད་བརྟན། །མ་རྒན་འགྲོ་རྣམས་ཕན་དང་བདེ་བ་ལ། །ལོངས་སུ་སྤྱོད་པར་མཆོག་གསུམ་མཐུས་བྱིན་རློབས། །ཉི་མའི་གཉེན་གྱི་གསུང་གསང་བདུད་རྩིའི་བཅུད། །རབ་དཀར་ཤོག་བུའི་ཟ་མ་ཏོག་འཁྱིལ་བས། །སྲིད་ཞིའི་ལེགས་ཚོགས་འཆི་མེད་སྲོག་འགྲུབ་པའི། །མེས་པོའི་ངང་ཚུལ་འཛིན་པའི་དགེ་ལེགས་སྩོལ། །འཇམ་ཞིང་ཆེས་དུལ་དགེ་སྦྱོང་ཆོས་བཞིར་ལྡན། །དབྱངས་ཅན་མགྲིན་པར་ཆགས་པའི་སྨྲ་མཁས་ཅན། །འགྲོ་ལ་ལྷག་བསམ་དཀར་བའི་གྲགས་པའི་སྒྲ། །ཀུན་ཁྱབ་དཔལ་ལྡན་བླ་མར་གསོལ་(༡༣༧བ)


GLG015_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །འཇམ་མགོན་བཙོང་ཁ་པ་ཡི་གསུང་རབ་རྣམས། །དབྱངས་བདུན་རྒྱུད་དུ་འགུགས་ལ་ཟླ་མེད་པས། །དཔྱོད་ལྡན་དགའ་བ་སྐྱེད་པའི་གྲགས་པ་ཡིས། །ལེགས་བྱས་ཡོངས་འཛིན་དམ་པར་གསོལ་བ་འདེབས། །བདག་སོགས་གདུལ་བྱའི་བསོད་ནམས་མཆོད་སྡོང་དུ། །མགོན་ཁྱོད་བསྐལ་བརྒྱར་ཞབས་པད་ལེགས་བརྟན་ཅིང་། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བཤེས་གཉེན་དམ་པས་འབྲལ་མེད་རྗེས་འཛིན་ཤོག །ཅེས་ཆོས་རྗེ་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་དྲུག་བརྒྱ་བ་བློ་བཟང་དཀོན་ཅོག་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །བློ་གྲོས་ཏེ་སེའི་གཙུག་ཏོར་ལས་བབས་པའི། །མ་སྨད་ལེགས་བཤད་ཡན་ལག་བརྒྱད་ལྡན་བདུན། །འདུས་པ་རྒྱ་མཚོའི་སྒྲ་འཛིན་མཛེས་རྒྱན་དུ། །འདེབས་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །མང་ཐོས་ངུར་སྨྲིག་འཆང་བ་ངང་པའི་ཁྱུས། །མགྲིན་པའི་ལམ་ནས་བདེན་ཚིག་གླུར་ལེན་ན། །དགེ་འདུན་མི་ཕྱེད་མཐུ་ཡིས་མགོན་པོ་ཁྱོད། །རབ་བརྟན་ཆོས་ཀྱི་འཁོར་ལོ་སྐོར་གྱུར་ཅིག །ཅེས་སྒོ་མང་སློབ་དཔོན་རྒྱ་མཚོའི་གསོལ་འདེབས་འདི་ནི་གྲྭ་ཚང་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་རབ་བརྟན་ནོ། །དཀོན་ཅོག་གསུམ་གྱི་འཕྲིན་ལས་ཐུགས་རྒྱུད་ལ། །ཞུགས་པས་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །འཇིགས་མེད་སེང་གེའི་ཁྲི་ལ་རབ་འགྱིང་པ། །དཔལ་ལྡན་སྐལ་བཟང་དབང་པོར་གསོལ་བ་འདེབས། །བྱམས་མགོན་(༡༣༨ན)


GLG015_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་ཀྱི་ལུགས་འཛིན་པ། ཤིང་རྟ་ཆེ་གཉིས་མདོ་དང་སྔགས་ཀྱི་གཞུང་། །འཆད་ལ་སྨྲ་བའི་རྣམ་དཔྱོད་ཟླ་བྲལ་བས། །རྒྱལ་བརྟན་སྲིད་རྩེར་འདེགས་ལ་གསོལ་བ་འདེབས། །སྔོན་བསགས་དག་པའི་སྨོན་ལམ་ལས་འཕྲོའི་མཐུས། །བློ་བཟང་གྲགས་སྙན་འབར་བའི་བསྟན་པའི་རྒྱུན། །མི་ནུབ་རྒྱལ་མཚན་འཛིན་པའི་དགེ་བའི་བཤེས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་གྲོས་ཡངས་པས་མདོ་སྔགས་གཞུང་ལ་སྦྱངས། །བཟང་པོའི་མཛད་པས་ལྷག་བསམ་གཅིག་ཏུ་དཀར། །དཔལ་འབྱོར་ཕུན་ཚོགས་གཟི་བྱིན་རབ་འབར་བ། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཐོས་པས་མཁས་ཤིང་ཚུལ་ཁྲིམས་དག་པས་བཙུན། །བྱམས་པའི་ཐུགས་བསྐྱེད་རབ་ཏུ་བཀྲ་བས་བཟང་། །རྣམ་གསུམ་འཁོར་ལོས་རྟག་ཏུ་ཤིས་མཛད་པ། །བཤེས་གཉེན་དམ་པའི་མགོན་ལ་གསོལ་བ་འདེབས། །ཞེས་རིག་སྔགས་འཆང་བའི་གཙུག་རྒྱན་སྟོད་རྒྱུད་གྲྭ་ཚང་གི་སློབ་དཔོན་རིམ་པ་ལྔའི་གསོལ་འདེབས་འདི་ནི་སྤྱི་ཚོགས་ཀྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཐོན་བློ་བཟང་དབང་ཕྱུག་གོ །བློ་ཆེན་མེས་པོའི་ཡུལ་ལས་ཉེར་བརྒལ་བའི། །བཟང་པོའི་ཞིང་སར་ལེགས་བཏབ་ས་བོན་ཚོགས། །སྨིན་པ་ཡེ་ཤེས་མྱུ་གུ་གཟེངས་མཐོའི་རྩེར། །སྤྲུལ་པའི་འབྲས་བུ་དུད་ལ་གསོལ་བ་འདེབས། །རིང་ནས་ཉེར་གོམས་མ་ལ་ཡ་ཀླུང་ནས། །དམ་པའི་བག་ཆགས་སད་པའི་ཙནྡན་དྲི། །སྐལ་ལྡན་སྙིང་ལ་སིམ་པའི་དགའ་སྟོན་ཅན། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །དྲེགས་ལྡན་གནག་སྣུམ་མགོ་(༡༣༨བ)


GLG015_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ལན་བུའི་ངོས། །ཞབས་སེན་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །མཐའ་ཀླས་གཉིས་སྐྱེས་ཚོགས་ཀྱི་སྙིམ་པའི་འདབ། །ཟུམ་མཁས་དམ་པའི་མགོན་ལ་གསོལ་བ་འདེབས། །དགྲ་ཀུན་བཅོམ་པའི་རྒྱལ་རྔ་བརྡུང་བའི་ལྷ། །སྲས་དང་སློབ་མར་བཅས་པའི་བདེན་བྱིན་གྱིས། །གདོང་ལྔས་བཏེག་པའི་རིན་ཅེན་འཕངས་མཐོའི་ཁྲིར། །བསྐལ་པར་མི་གཡོ་གཡུང་དྲུང་ལྟར་བརྟན་ཤོག །གང་གི་མཛད་པའི་འདབ་ལྡན་བདག་སྙིང་དབུས། །ཞུགས་པའི་མོད་ལ་གདུང་བའི་ཟླ་ནང་དུ། །འགྱུར་མེད་དང་བའི་རི་བོང་ཉེར་ཆུད་པས། །ཁྱོད་གསུང་ཇི་བཞིན་བསྒྲུབ་པར་བདག་བྱིན་རློབས། །འཕྲིན་ལས་སི་ཏཱའི་ལང་ཚོ་དར་བའི་བཞིན། །མཐོང་བའི་འབོད་སྒྲོགས་ཡིད་སྲུབས་འཁྲུལ་པའི་གདོན། །མ་བཏབ་སྐལ་བར་ལྡན་པའི་དགའ་བསྐྱེད་ལྷས། །མཁས་བཙུན་བཟང་པོའི་རི་དྭགས་ཟིན་གྱུར་ཅིག །ཆོས་ཉིད་རང་བཞིན་གདོད་ནས་སྟོང་ཙམ་གྱིས། །ཆོས་ཅན་རྒྱུ་འབྲས་བསླུ་མེད་ངེས་རྙེད་ཕྱིར། །ཁྲིམས་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་སྨིན་པའི། །རེ་བ་ཇི་བཞིན་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་རྗེ་བཙུན་མཚུངས་མེད་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་གསོལ་འདེབས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ནི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་དང་བཀྲ་ཤིས་ལྷུན་པོ་སྤྱི་སྒེེར་གྱི་གྲྭ་ཚང་སློབ་དཔོན་རྣམས་ཕྱོགས་མཐུན་དུ་ཤློ་ཀ་ལྔ་ཙམ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱིབནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །འཇམ་དབྱངས་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས། །བཞེད་གཞུང་སྐལ་བཟང་གདུལ་བྱར་ལེགས་འདོམས་(༡༣༩ན)


GLG015_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པར། །རྣམ་དཔྱོད་ལྷུན་གྱིས་གྲུབ་པ་དགེ་བའི་བཤེས། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱེས་སློབ་དཔོན་འཇམ་དབྱངས་ལྷུན་གྲུབ་ཀྱི་གསོལ་འདེབས་འདི་ནི་རབ་འབྱམས་པ་བསམ་གཏན་བཟང་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །འདི་ཕྱིའི་གཏན་མདུན་ཡོངས་འདུའི་འཁྲི་ཤིང་ལས། །བདེ་སྐྱིད་འབྲས་བུ་གུ་ཎའི་ཞལ་ལུང་ལ། །ངེས་རྙེད་དད་ཐོབ་དངོས་བརྒྱུད་བླ་མའི་དྲིན། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཉེས་བརྒྱའི་ནད་ཀུན་སེལ་མཛད་སྨན་གྱི་བླ། །དུས་གསུམ་སངས་རྒྱས་སྤྱི་གཟུགས་པདྨ་འབྱུང་། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་འཕྲེང་། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྨན་རྒྱལ་མི་ཡི་རྣམ་རོལ་གཡུ་ཐོག་པ། །གདམས་པའི་བཀའ་བབས་སུམ་སྟོན་ཡེ་ཤེས་གཟུངས། །ཟབ་དོན་མཛོད་འཆང་གཞོན་ནུ་ཡེ་ཤེས་ལ། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གཙང་སྟོན་ཆེན་པོ་སངས་རྒྱས་རིན་ཅེན་དཔལ། །མཁས་བཙུན་བླ་མ་རིན་ཅེན་རྡོ་རྗེའི་ཞབས། །བྲང་ཏི་མང་ཐོས་དོན་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རིགས་ཆོས་འཛིན་པ་བྲང་ཏི་དཀོན་ཅོག་སྐྱབས། །གནས་ལུགས་མངོན་གྱུར་དཔལ་ལྡན་འཚོ་བྱེད་དང་། །ཟུལ་ཕུ་སྨན་མོ་ཚ་བ་རིན་ཅེན་མཚན། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྟོགས་པའི་བདག་ཉིད་བསོད་ནམས་དབང་པོའི་ཞབས། །མཚུངས་མེད་དག་པ་རྣལ་འབྱོར་ཆེན་པོ་དང་། གྲུབ་པ་མཆོག་བརྙེས་རི་ཁྲོད་ཞིག་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། གསོ་རིག་སྤེལ་མཁས་དཀོན་ཅོག་ཆོས་ཀྱི་རྗེ། །ཟུར་མཁར་མཉམ་ཉིད་རྡོ་རྗེ་བསྟན་པའི་སྲོག །ཕྲག་དབོན་མཚུངས་མེད་དཀོན་ཅོག་དཔལ་(༡༣༩བ)


GLG015_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཐུ་སྟོབས་དབང་ཕྱུག་ཀོང་ཆེན་ནམ་མཁའ་དཔལ། །པདྨའི་གདུང་འཚོབ་ལེགས་ལྡན་རྡོ་རྗེའི་སྡེ། །སུམ་སྟོན་རྣམ་སྤྲུལ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བྱང་བདག་རིགས་འཛིན་ངག་གི་དབང་པོའི་ཞབས། །འཁོར་ལོའི་མགོན་པོ་ཆོས་དབྱིངས་རང་སར་གྲོལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དཀྱིལ་འཁོར་ཆེན་པོར་དབང་བཞིས་རང་རྒྱུད་སྨིན། །ཕྱི་ནང་གསང་དྲིལ་བླ་མའི་སྒྲུབ་པ་ཡིས། །བསྐྱེད་རིམ་ཕྲ་རགས་གསལ་སྣང་ང་རྒྱལ་བརྟན། །རིགས་འདུས་སྨན་རྒྱལ་རང་ངོ་འཕྲོད་པར་ཤོག །སྦྱང་གཞི་རང་ལུས་རྩ་ཁམས་ལས་རླུང་ཀུན། །མ་དང་མཁའ་འགྲོའི་གསང་གསུམ་རོལ་གར་དུ། །ཉམས་སུ་བསྟར་བས་ལས་བཞི་ལྷུན་གྲུབ་ཅིང་། །མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་པར་ཤོག །དྷཱུ་ཏཱི་རོ་རྐྱང་འཁོར་ལོ་བཞི་ལྡན་ལ། །འཁྲུལ་འཁོར་གནད་ཀྱི་རྩ་ཡིག་ལམ་ཀུན་སྦྱངས། །གཟུང་འཛིན་རྣམ་རྟོག་ཟག་མེད་བདེ་དབྱིངས་དག །རང་ལུས་སྣང་སྟོང་ལྷ་སྐུར་འཆར་བར་ཤོག །རྡོར་བཟླས་ལ་སོགས་རླུང་གིས་གཏུམ་མོ་སྤར། །ངག་གི་སྒྲ་ཀུན་སྔགས་ཀྱི་གདངས་སུ་ཤར། །རྨི་ལམ་རྩལ་འབྱོངས་སྤྲུལ་སྒྱུར་སྣ་ཚོགས་སྟོན། །འཆི་བ་འོད་གསལ་བཙན་ཐབས་ཟིན་པར་ཤོག །གང་སྣང་འཛིན་མེད་སྒྱུ་མའི་རོལ་པར་ཤར། །མེད་འདིར་མ་གྲོལ་བར་དོར་ཉམས་འོག་ཆུད། །ཡང་ན་འཕོ་བས་དག་ཞིང་མྱུལ་བ་འམ། །གྲོང་དུ་འཇུག་པས་ལམ་གྱི་འཕྲོ་འཐུད་ཤོག །དབང་རྣོན་རྨི་ལམ་མན་གྱི་ཉམས་ལེན་ལ། །བལྟོས་མིན་ལས་བརྒྱར་ཐིག་ལེ་དབབ་ལྡོག་གིས། །བཅུ་དྲུག་དགའ་བཞིའི་བདེ་ཆེན་རབ་དྲངས་ནས། །ཚེ་གཅིག་རང་སེམས་ཆོས་སྐུར་(༡༤༠ན)


GLG015_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་པར་ཤོག །དབེན་སར་གང་གི་བསྐྱེད་རྫོགས་ལྷུར་ལེན་ཚེ། །ཕྱི་ནང་གསང་བའི་གེགས་ཀུན་སེལ་ནུས་ཤིང་། །གྲངས་མེད་འགྲོ་བའི་ནད་རྣམས་སྨན་དཔྱད་ཀྱིས། །དྲུང་འབྱིན་ཕན་བདེའི་དགའ་སྟོན་འབྱེད་པར་ཤོག །མཐོང་ཐོས་རེག་པའི་རྟགས་ལ་མ་བལྟོས་པར། །ལྷ་སྨན་དྲང་སྲོང་རིག་འཛིན་རབ་བསྒྲུབས་པས། །ལྐོག་གྱུར་ཆོས་རྣམས་པྲ་དང་མངོན་ཤེས་ཀྱིས། །མེ་ལོང་བྱད་བཞིན་སྒྲིབ་མེད་མཐོང་བར་ཤོག །ཞང་བློན་གཙོར་གྱུར་དམ་ཅན་སྡེ་དགུ་ཡིས། །དགྲ་བགེགས་མིང་གི་ལྷག་མར་ཡོངས་བཏང་ནས། །དཔལ་ལྡན་རྒྱུད་བཞིའི་བསྟན་དང་བསྟན་འཛིན་ཚོགས། །ལེགས་སྐྱེད་ཡར་ངོའི་ཟླ་ལྟར་འཕེལ་པར་ཤོག །དཀོན་ཅོག་ཐུགས་རྗེ་ནམ་ཡང་ཡོལ་བ་མེད། །ལྷ་དང་དྲང་སྲོང་བདེན་པའི་ཚིག་ལ་དབང་། །བཀའ་སྲུང་ཐོགས་རྡུགས་མེད་པའི་མཐུ་སྟོབས་ཀྱིས། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་ཤོག །ཅེས་རིགས་འདུས་སྨན་རྒྱལ་གུ་ཎའི་ཟབ་ཆོས་སྙན་བརྒྱུད་བཀའ་རྒྱ་ཅན་གཡུ་ཐོག་སྙིང་ཐིག་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་ནི། སུམ་རྩེན་ཡུལ་ལ་འགྲན་པ་ཉང་སྟོད་ཀྱི་ཆའི་དཔོན་ཚང་དཀྱིལ་སྤེ་བ་བློ་བཟང་བཟོད་པས་ཆོས་འདི་བཀའ་རྫོགས་སུ་ཉན་པའི་ཚེ་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པའོ། །རྣམ་དག་དད་པའི་མེ་ལོང་གཙང་མའི་ངོས། །མཚན་དཔེའི་སྣང་བརྙན་ཡོངས་སུ་བཀྲ་བའི་སྐུ། །མཐོང་བས་སྲིད་ཞིའི་གདུང་བ་ཀུན་སེལ་བར། །གསོལ་བ་འདེབས་སོ་རྡོ་རྗེའི་སྐུ་འགྲུབ་ཤོག །མི་(༡༤༠བ)


GLG015_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་དུང་བའི་རྣ་བར་ཐོས་པའི་མོད། །ཚངས་དབྱངས་དྲུག་ཅུའི་གདངས་སུ་ཤར་བའི་གསུང་། །ཕན་དང་བདེ་བའི་དགའ་སྟོན་མཆོག་སྦྱིན་མཁན། །གསོལ་བ་འདེབས་སོ་རྡོ་རྗེའི་གསུང་འགྲུབ་ཤོག །སྙིང་ནས་མོས་ངོར་ཇི་ལྟ་ཇི་སྙེད་ཆོས། །མངོན་སུམ་མཁྱེན་པས་འགྲོ་བའི་དབང་པོ་དང་། །འཚམ་པར་འཇུག་པའི་དྲི་བྲལ་ཡེ་ཤེས་ཐུགས། །གསོལ་བ་འདེབས་སོ་རྡོ་རྗེའི་ཐུགས་འགྲུབ་ཤོག །ཅེས་སྐུ་གསུང་ཐུགས་ལ་བསྟོད་པ་ཞིག་དགོས་ཞེས་ཚེ་རིང་གནམ་གྱི་རྒྱུད་ལས་དད་སྟོབས་ཀྱི་དབང་ཕྱུག་སིཏཱཾ་ཤྲཱིས་རྒྱང་རིང་པོ་ནས་གསོལ་བ་བཏབ་པ་ལ་བརྟེན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་པ་ལྐོག་པ་ཕུན་ཚོགས་དབང་པོའོ། །པཎ་ཆེན་ཀསྨི་ར་པའི་ཚངས་སྤྱོད་དཔལ། །རྒྱུན་བཟང་དྲི་བྲལ་སོམ་ཉི་མཛེས་སྡུག་ལུས། །ངུར་སྨིག་གོས་རྒྱན་དབང་པོའི་གཞུ་རིས་ཀྱིས། །ཉེར་འཁྱུད་འདྲེན་བྱེད་བདུད་རྩིར་གསོལ་བ་འདེབས། །ཞེས་པའང་ཆོས་ལུང་ཚོགས་པའི་མཁན་བརྒྱུད་ཁ་སྐོང་དུ་བྲིས། དཀོན་ཅོག་གསེར་རྡུལ་སྤུངས་བསྟན་བདག་གིར་དུ། །འཛིན་པའི་བྲེརྒྱ་ཛཧྣུ་ཡི་ལྟོར། །ལེགས་བྱས་གངྒ་ཡོངས་འཁྱིལ་རང་མཚན་ཀུན། །རབ་གསལ་རྒྱ་མཚོར་འབབ་ལ་གསོལ་བ་འདེབས། །ཞེས་པའང་ར་བ་སྟོད་བརྒྱུད་འདེབས་ཁ་སྐོང་དུ་བློ་བཟང་དཔལ་ལྡན་གྱི་འདོད་ངོར་བཀོད། །སྲས་བཅས་སངས་རྒྱས་སློབ་མའི་ཚོགས་རྣམས་ཀུན། །གཅིག་བསྡུས་བཤེས་གཉེན་དམ་པར་ངེས་རྙེད་ནས། །མི་ཕྱེད་གསོལ་བ་འདེབས་ན་བདག་གི་རྒྱུད། །བྱིན་རླབས་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་ཡང་ཚེ་བརྟན་(༡༤༡ན)


GLG015_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱི་ཁ་ཏོན་དུ་བྲིས། །གསུང་ངག་དབང་ཆུས་བློ་ཡི་ཟ་མ་ཏོག །ཡོངས་འཁྱིལ་དཔལ་ལྡན་སྐལ་པ་བཟང་པོ་ཅན། །རྒྱ་ཆེན་ཤེས་བྱའི་ཕ་མཐའ་ཉེར་འཇལ་བར། །མཚོ་བྱུང་མགྲིན་འཁྱུད་ཁྱོད་ལ་གསོལ་བ་འདེབས། །འཇིགས་མེད་ལྷ་སྔགས་ཡེ་ཤེས་གོ་ཆ་ལས། །འཇམ་མཉེན་མདའ་ཡིས་ཚུགས་མིན་ཐུབ་བསྟན་གྱི། །ལང་ཚོ་དཀར་ཆའི་ཟླ་ལྟར་རབ་འཕེལ་སྡེ། །འཇམ་དབྱངས་དགྱེས་པའི་བཤེས་ལ་གསོལ་བ་འདེབས། །བསོད་ནམས་བྱས་འབྲས་སྤྱི་བོའི་རྨེན་པ་ལས། །ལེགས་སྐྱེས་ཆོས་ཀྱི་རྒྱལ་པོ་ང་ལས་ནུའི། །ཚོགས་གཉིས་གསེར་གྱི་འཁོར་ལོས་སྐུ་བཞིའི་གླིང་། །དབང་སྒྱུར་འགྲོ་ཀུན་འདྲེན་པར་བདག་འགྱུར་ཤོག །ཅེས་པ་འདི་ཡང་ལེགས་ལྡན་རིགས་ཀྱི་ཐིག་ལེ་ཞང་པོ་ཁྲོ་དཔོན་པ་ཀུན་དགའ་ཚེ་བརྟན་སྟོབས་རྒྱས་ཀྱི་ཞལ་འདོན་དུ་བདག་བསྟོད་སྨོན་ལམ་དང་བཅས་པ་ཞིག་དགོས་ཚུལ་ཕེབས་པ་ལྟར་ཟ་ཧོར་གྱི་བན་རྒན་གྱིས་བཀོད་པའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ཕུང་ཁམས་སྐྱེ་མཆེད་ནམ་མཁའི་གྲོང་ཁྱེར་དབུས། །རང་སྙིང་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར། །མ་འགགས་རིག་གདངས་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེར་གསོལ་བ་འདེབས། །རྔ་ཡབ་གླིང་ཕྲན་སྲིན་པོས་ཡོངས་བཀུར་བ། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེ། །ཀརྨ་གུ་རུ་ཁྲོ་ཆགས་རོལ་པའི་གར། །ལེགས་མཛད་བརྟུལ་ཞུགས་གྲུབ་པར་གསོལ་བ་འདེབས། །རང་རྒྱུད་ཉོན་མོངས་དུག་ལྔ་འཁྲུག་པའི་གཟུགས། །ཕྱི་རོལ་བདུད་བཞིར་ཤར་བའི་གཉེན་པོ་རུ། །ལྡང་ནག་རིགས་འཛིན་(༡༤༡བ)


GLG015_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་དྲག་པོའི་ལྷ། །ཡིད་སྲུབས་གཡུལ་ལས་རྒྱལ་དེར་གསོལ་བ་འདེབས། །བན་སྔགས་ལམ་ལོག་དམ་སྲི་རུ་ང་སོགས། །མི་བསྲུན་གདོན་བགེགས་འབྱུང་པོ་བརྩེགས་པའི་བྲག །མཐུ་སྟོབས་གནམ་ལྕགས་འབར་བའི་ཐོག་གི་མདས། །ཕྱེར་འཐག་ཡང་གསང་དྲག་པོར་གསོལ་བ་འདེབས། །སྣང་སྟོང་འགོག་མེད་ཆུ་ནང་ཟླ་ལྟར་གསལ། །བརྟུལ་ཞུགས་བརྟན་པོས་གང་ལའང་ཉམ་མི་ང་། །ལྷ་སྔགས་ཡེ་ཤེས་རོལ་པའི་བདག་ཉིད་ཅན། །བསྐྱེད་པའི་རིམ་པ་ལམ་དུ་ལོངས་པར་ཤོག །འཛབ་བསྙེན་གྲགས་ཐེངས་རྟགས་དང་དྲོད་ཚད་རྙེད། །མན་ངག་ཕྲ་རགས་ཀུན་ལ་ནང་བྱན་ཆུད། །ཞི་རྒྱས་དབང་དྲག་འཕྲིན་ལས་སྦྱོར་བ་ཀུན། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་འཁོར་ལོར་གསལ། །གང་སྣང་མ་ལུས་རང་བྱུང་རང་ལས་ཤར། །སེམས་ཉིད་བློ་འདས་ཀ་དག་རིག་པའི་དབྱིངས། །ལྷུན་གྲུབ་འོད་ལྔར་འཆར་བར་བྱིན་གྱིས་རློབས། །རྣམ་བཀྲ་འཇའ་གུར་འཁྲིགས་པ་པདྨ་འོད། །རིན་ཅེན་གཞལ་ཡས་མཛེས་པ་མཁའ་འགྲོའི་གླིང་། །སྐམ་རློན་ཐོད་པ་བརྩེགས་པ་སྲིན་པོའི་མཁར། །གཅིག་ལས་དུ་མར་འཆར་བ་དག་པའི་ཞིང་། །དྲན་པས་ངན་སོང་གསུམ་གྱི་སྡུག་བསྔལ་སྐྱོབ། །ཐོས་པས་མངོན་མཐོའི་བདེ་སྐྱིད་དཔལ་ལ་སྦྱོར། །མཐོང་བས་སྲིད་པའི་མཚོ་ལས་རྣམ་གྲོལ་བ། །འདི་བས་ལྷག་པའི་མཁའ་སྤྱོད་དམིགས་སུ་མེད། །དེ་ཕྱིར་ཚེ་འདིའི་སྣང་བ་འགགས་མ་ཐག །འཆི་བ་འོད་གསལ་དོན་གྱི་ཐོད་འཕྲེང་རྩལ། །རང་ངོ་འཕྲོད་ནས་དཔའ་བོ་མཁའ་འགྲོའི་གནས། །རིགས་འཛིན་འདུས་པའི་གྲལ་དེར་སྐྱེ་བར་ཤོག །རྩ་གསུམ་བྱིན་རླབས་ལུས་(༡༤༢ན)


GLG015_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲའི་འགྲམ་པའི་ཆང་། །མངར་པོར་འཐུལ་བ་བདག་རྒྱུད་བ་ཀུ་ལའི། །འདབ་མ་ཡོངས་ཕྱེ་འདི་ཕྱིའི་མདུན་མ་ཡི། །ཟེའུ་འབྲུ་བཞད་པའི་ཕུན་ཚོགས་དགའ་སྟོན་ཤོག །ཅེས་བླ་མ་ཀརྨ་གུ་རུ་དང་འབྲེལ་བའི་གསོལ་འདེབས་ཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་དངུལ་གྱི་མཎྜལ་དང་བཅས། གནང་བྱུང་བ་ངག་དབང་མཁྱེན་བརྩེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །ཀུམཱརཱབཱགཱིཤྭརཀཱརུཎེབྷིསྶུདྷཱིཔྲཀཱཤསྱཏརནྟསེན། །ཨཙལྱབཛྲཱསནཨཱསིནཙྩཱཪྠསརྦཨདྷྱེཥཎསཻདྡྷིཀཻཧི། །ལེགས་སྦྱར་སྐད་དུ་བསྒྱུར་ཏེ་སྡེབ་སྦྱོར་ཉེ་དབང་རྡོ་རྗེ་བསྒྲིགས་པའི་གསོལ་འདེབས་འདི་ནི་དོན་གྲུབ་རྒྱ་མཚོའི་ཁ་ཏོན་དུ་དགོས་ཟེར་བ་ལྟར་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བགྱིས་སོ། །ངག་དབང་ཟུར་ཕུད་ལྔ་པ་བློ་བཟང་(༡༤༢བ)


GLG015_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །བསྟན་པ་རྒྱ་མཚོའི་གོས་ཅན་གཞིར་འཛིན་པ། །སྲས་བཅས་རྒྱལ་བ་ཀུན་གྱི་ངོ་བོ་རུ། །ངེས་རྙེད་དང་བའི་སྒོ་ནས་གསོལ་བ་འདེབས། །ཞེས་པ་འདི་ནི་ཏྲེེ་བོ་རིག་བྱེད་པ་ངག་དབང་ནམ་མཁའི་ཁ་ཏོན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ལྷར་བཅས་འགྲོ་བ་ཀུན་གྱི་བསོད་ནམས་ཞིང་། །རྒྱལ་བ་རྒྱ་མཚོ་མ་ལུས་འབྱུང་བའི་གནས། །ཕྱག་ན་པད་དཀར་འཆང་བ་བཞད་པའི་མཚན། །རྗེ་བཙུན་བླ་མ་དམ་པར་གསོལ་བ་འདེབས། །རྒྱུད་སྡེའི་མངའ་བདག་དགེ་འདུན་ནོར་བུ་བཟང་། །རབ་འབྱམས་སྨྲ་བའི་བཤེས་གཉེན་འཕྲིན་ལས་རྗེ། །དགེ་འདུན་འདུས་པའི་གཙུག་རྒྱན་ཆོས་ཀྱི་གྲགས། །མཚུངས་མེད་བླ་མ་རྣམས་ལ་གསོལ་བ་འདེབས། །མཐུ་སྟོབས་དབང་ཕྱུག་བློ་གྲོས་རིན་ཅེན་ཞབས། །མདོ་རྒྱུད་མངའ་བདག་ཕུན་ཚོགས་བཟང་པོའི་མཚན། །སྔགས་འཆང་དབང་པོ་ཨྱོན་བསྟན་པ་འཛིན། །བཤེས་གཉེན་དམ་པ་གསུམ་ལ་གསོལ་བ་འདེབས། །སྤྲུལ་སྐུ་ངག་དབང་བློ་གྲོས་བཟང་པོའི་དཔལ། །དགེ་འདུན་སྡེ་ནི་དར་ཞིང་རྒྱས་མཛད་དང་། །བློ་གསལ་སྐལ་བཟང་དཔལ་འབྱོར་ཆོས་ཀྱི་རྗེ། །འདྲེན་མཆོག་ཡོངས་འཛིན་གསུམ་ལ་གསོལ་བ་འདེབས། །ལེགས་བྱས་རྡུལ་བརྩེགས་མན་ཤེལ་དྭངས་པའི་དངོས། །ལུས་ངག་ཡིད་གསུམ་དགེ་ལ་རབ་དབང་གཟུགས། །ཤར་བས་གདུལ་བྱའི་རེ་བ་ཡོངས་སྐོང་བ། །ཕུན་ཚོགས་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །དཀོན་ཅོག་རིན་ཅེན་རྣམ་གསུམ་ཐུགས་རྗེའི་མཐུས། །མི་འགྱུར་རྡོ་རྗེའི་མཚན་པའི་གདན་ཁྲི་ལ། །མགོན་ཁྱོད་གཡོ་བ་མེད་པར་རྟག་བཞུགས་ནས། །བདག་སོགས་འདོད་པའི་དོན་ཀུན་ལྷུན་གྲུབ་ཤོག །ཅེས་(༡༤༣ན)


GLG015_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་བརྟན་བཞུགས་རང་རྩོམ་ཞིག་དགོས་ཞེས་བླ་མར་ཐར་གླིང་གྲྭ་དམངས་རྣམས་ཀྱིས་བསྐུལ་བའི་ཚེ་འདིར་སློབ་དཔོན་པས་རྒྱུ་མཚན་མོལ་བའི་སྒོ་ནས་བླ་བརྒྱུད་གསོལ་འདེབས་ཤིག་དགོས་ཚུལ་བྱུང་བར་ཕན་བདེ་ལེགས་བཤད་གླིང་པ་ནས་མཆེད་པའི་ལེ་ལག་ཡིན་གཤིས་དེ་དང་འབྲེལ་བའི་བླ་རབས་བརྒྱུད་འདེབས་ད་ལྟའི་བླ་མར་གསོལ་བ་འདེབས་བརྟན་བཞུགས་དང་བཅས་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །བློ་ལྡན་སྐྱེ་རྒུའི་བསོད་ནམས་མཐུས་བསྐྲུན་པ། །བསྐལ་བཟང་སངས་རྒྱས་བཞི་པའི་མདོ་རྒྱུད་བསྟན། །རྒྱས་མཛད་གྲགས་པ་ཕྱོགས་བྲལ་རྣར་འགོད་ལ། །འཇམ་མགོན་བཙོང་ཁ་པ་ལ་གསོལ་བ་འདེབས། །འཕགས་མཆོག་འཇམ་དབྱངས་དབྱངས་ཅན་ལྷ་མོ་ཡིས། །རྗེས་བཟུང་རྣམ་དཔྱོད་དཔྱོད་ལྡན་ཡིད་འཕྲོག་པའི། །གནས་ལྔ་རིག་གཞུང་གཞུང་བརྒྱ་སྨྲ་མཁས་པ། །མ་འདྲིས་སྐྱབས་མགོན་མགོན་པོར་གསོལ་བ་འདེབས། །གསེར་སྦྱངས་ཞྭ་ཡི་ཅོད་པན་འཆང་བའི་བསྟན། །སྐོར་གསུམ་རུ་བཞི་སྒང་དྲུག་རྒྱ་དང་ཧོར། །ཆེ་དགུའི་འཛིན་མར་ཡོངས་སུ་ཁྱབ་མཛད་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཞིང་ཁམས་འདི་དང་རྡུལ་སྙེད་ཞིང་གཞན་དུ། །འགྲོ་བའི་དོན་ཕྱིར་སྣ་ཚོགས་སྤྲུལ་པའི་གར། །བསྒྱུར་རྣམས་མྱ་ངན་འདའ་བཞེད་གང་མཆིས་པ། །བསྐལ་བརྒྱར་མ་འགྱུར་བཞུགས་པར་གསོལ་བ་འདེབས། །རང་རྒྱུད་དག་པའི་དབྱིག་འཛིན་ངོས་འཇམ་པོར། །རྣམ་སྨིན་དཀར་པོའི་རིན་ཅེན་སྤུངས་པའི་ཟོང་། །བསོད་ནམས་ཤིང་རྟས་(༡༤༣བ)


GLG015_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་ཐར་པའི་གྲོང་། །རིང་པོར་མི་ཐོགས་འཇུག་པའི་སྐལ་ལྡན་ཤོག །གསོལ་འདེབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་འཕྱོང་རྒྱས་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །གཙུག་ན་པདྨ་ཉི་ཟླ་དར་ཆེན་སྟན། །བརྩེགས་སྟེང་དྲིན་ཅན་རྩ་བའི་ཡོངས་འཛིན་དང་། །དབྱེར་མེད་བླ་མ་རྡོ་རྗེ་དྲག་པོ་རྩལ། །གར་དགུའི་རོལ་པའི་ཉམས་ཀྱིས་རྟག་ཏུ་བཞུགས། །བདེར་གཤེགས་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་རྣམས། །ཆེ་མཆོག་ཨ་ནུ་ལུས་ཀྱི་དཀྱིལ་འཁོར་དུ། །འདུས་པའི་རིགས་འཛིན་བླ་མེད་རྡོ་རྗེ་རྩལ། །བགྲང་ཡས་འཁོར་ལོའི་མགོན་ལ་གསོལ་བ་འདེབས། །ཞི་ཁྲོ་ནས་བཟུང་མི་བསྲུན་འབྱུང་པོའི་བར། །མ་ལུས་ཕྱག་རྒྱའི་ཆོ་འཕྲུལ་ཇི་སྙེད་པ། །ཟིལ་གནོན་དུས་དགྲའི་དབང་ཕྱུག་དྲག་པོ་རྩལ། །འཇམ་དཔལ་དགྱེས་པའི་བཤེས་ལ་གསོལ་བ་འདེབས། །བཟང་ངན་བར་མའི་འཁྲུལ་ཚོགས་གང་ཤར་བ། སྐྱེ་འགག་གནས་གསུམ་བྲལ་བ་ཀ་དག་དབྱིངས། །རང་སར་གྲོལ་བའི་རིག་རྩལ་ལྷུན་གྲུབ་གདངས། །ཐོད་འཕྲེང་རིགས་ལྔར་ཤར་ལ་གསོལ་བ་འདེབས། །མཚོ་སྐྱེས་རྡོ་རྗེ་རང་སྣང་གཟུང་མར་བཅས། །བྱིན་རླབས་ཟིལ་དངར་སྙིང་གི་ཟ་མ་ཏོག །ལན་ཅིག་མིན་པར་འཁྱིལ་ནས་དབུགས་དབྱུང་བ། །རྡོ་རྗེ་ཐོགས་མེད་རྩལ་ལ་གསོལ་བ་འདེབས། །མགྲིན་པའི་པད་མཚོར་ངག་དབང་དབྱངས་ཅན་ལྷ། །ལེགས་བཞུགས་བློ་ཡི་འཆད་རྩོད་རྩོམ་པ་ལ། །བཟང་པོའི་སྤོབས་པ་དགེ་བའི་མཆོག་སྦྱིན་པ། །ཐུབ་བསྟན་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །རྒྱལ་ཀུན་ཡོངས་འདུས་རྔ་ཡབ་གླིང་པ་ལ། །གསོལ་(༡༤༤ན)


GLG015_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་མཐུ་ལས་རྡོ་རྗེའི་སློབ་དཔོན་ཆེ། །མགོན་པོ་ཁྱོད་བཞིན་འཕོ་བ་ཆེན་པོའི་སྐུར། །བསྐལ་བ་ཞིང་གི་རྡུལ་སྙེད་བརྟན་པར་ཤོག །བཞི་ལྡན་འཁོར་ལོར་རིམ་ཤར་ཡིག་འབྲུ་གསུམ། །ཧྲིཿམ་ཞལ་སྦྱོར་འོད་ཀྱི་འཕྲོ་འདུ་ལས། །སྒོ་གསུམ་སྒྲིབ་དག་དབང་གིས་རྒྱུད་སྨིན་ཅིང་། །སྐུ་བཞིའི་འབྲས་བུ་ཐོབ་པར་བདག་བྱིན་རློབས། །ཕྲ་རགས་གསལ་སྣང་བརྟན་པའི་ང་རྒྱལ་གྱིས། །བསྐྱེད་པའི་རིམ་བསྒོམ་བསྙེན་སྒྲུབ་ལམ་དུ་ལོངས། །རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ། །བསྣན་པའི་རྫོགས་རིམ་གྲོལ་ལམ་འབྱོངས་པར་ཤོག །རང་སེམས་དོན་གྱི་རྩ་གསུམ་ལྷ་ཚོགས་རྣམས། །གཞན་ནས་མི་འཚོལ་རིག་པའི་ངོ་བོ་རུ། །ཐག་ཆོད་རྐང་འཁྱམ་རྒྱལ་པོའི་རྣམ་ཐར་བཞིན། །རྫོགས་ཆེན་ལམ་གྱིས་ཚེ་གཅིག་གྲོལ་བར་ཤོག །དབང་པོ་དམན་པས་རྟེན་འདིར་མ་གྲོལ་ན། །ཡང་སྲིད་འཕྲང་རིང་ཀུན་ཏུ་རྗེས་བཟུང་ནས། །འོད་གསལ་རྡོ་རྗེ་སྙིང་པོའི་ལམ་མཆོག་ལ། །བདེ་བར་འཁྲིད་པའི་ས་མཁན་མཛད་པར་ཤོག །བླ་མ་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ། །སྒྲུབ་སྡེ་བརྒྱད་འདུས་ཡི་དམ་ལྷའི་ངོ་བོ། །ཕོ་རྒྱུད་མོ་རྒྱུད་བསྟན་སྲུང་རྒྱ་མཚོ་ཡིས། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་རྩ་བའི་བླ་མ་དང་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ་དབྱེར་མེད་དུ་གསོལ་བ་གདབ་ཅིང་རྗེས་འཛིན་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་སྔགས་བཙུན་ངག་དབང་བཟང་པོས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ལུས་ངག་ཡིད་ཀྱིས་ཐུབ་དབང་(༡༤༤བ)


GLG015_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་གསུམ། །འཛིན་པའི་བློ་གཏན་སྐལ་བཟང་འཛད་མེད་ནོར། །རྒྱ་ཆེན་ཤེས་བྱ་སྨྲ་ལ་མཚོ་བྱུང་མས། །མགྲིན་འཁྱུད་འཇམ་དབྱངས་དགྱེས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་རྩེས་ཐང་ལས་ཆེན་པ་བློ་བཟང་ཆོས་གྲགས་གྱི་ངོར་སྦྱར། །ངག་དབང་འཇམ་མགོན་བློ་བཟང་གྲགས་པ་ཡིས། །རིང་ལུགས་ཟབ་ཅིང་རྒྱ་ཆེ་དབྱར་མཚོ་ལྟར། །འཕེལ་མཛད་འཇིགས་མེད་སྨྲ་བའི་གོ་ཆ་ཅན། །ཐུབ་བསྟན་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་རྒྱུད་སྨད་བྱང་འདྲེན་བློ་བཟང་རྒྱལ་མཚན་གྱི་ཁ་ཏོན་དུ་སྦྱར། །བློ་ལྡན་ཡོངས་ཀྱི་དཔལ་དུ་སྐལ་བཟང་འདིའི། །བདུན་པ་རབ་གསལ་ཤཱཀྱ་ཤྲཱི་ཡི། །གདན་སར་ཕུན་ཚོགས་ལེགས་བྱས་མཐུས་གྲུབ་པ། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པའང་གྲ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བཀོད། །རྒྱལ་བ་ཀུན་དངོས་རྗེ་བཙུན་བཙོང་ཁ་པའི། །བསྟན་པའི་སྒྲོན་མེ་ཕྱོགས་བཅུར་སྤར་མཛད་པ། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརློབ་ཏུ་གསོལ། །ཞེས་པ་འདི་ཡང་བདར་དཀའ་བཅུས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བཀོད། །ཨོཾ་སྭ་སྟི་སིདྡྷཾ། བདེ་སྟོང་ཨེ་ཝཾ་ཟུང་འཇུག་ཆོས་སྐུའི་གདངས། །འོག་མིན་ཞིང་གཙོར་ངེས་པ་ལྔ་ལྡན་པ། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ངུར་སྨྲིག་གར། །ཡོངས་བསྒྱུར་བུ་སྟོན་ཆོས་རྗེར་གསོལ་བ་འདེབས། །རྣམ་ཀུན་མཆོག་ལྡན་བདེ་ཆེན་རིགས་བརྒྱའི་བདག །སྟོང་ཉིད་སྣ་ཚོགས་ལྷ་མོར་རྟག་རྩེ་བའི། །(༡༤༥ན)


GLG015_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྒྱ་མཚོའི་སྡེ་དཔུང་མི་ཡི་གཟུགས། སྟོན་མཛད་རིན་ཅེན་གྲུབ་ལ་གསོལ་བ་འདེབས། །མ་བྱོན་སངས་རྒྱས་གསུམ་པ་སཱ་ལའི་ལྗོངས། །གནས་ལྔ་རིག་པའི་པཎ་ཆེན་འཇིག་རྟེན་མིག །ཤེས་བྱ་ཐམས་ཅད་མཁྱེན་པ་རིན་ཅེན་གྲུབ། །རྒྱལ་བ་གཉིས་པའི་ཞབས་ལ་གསོལ་བ་འདེབས། །ལེགས་སྦྱར་རིན་ཅེན་སྨྲ་ལ་རྣམ་པར་རྒྱལ། །བསོད་ནམས་དཔལ་གྱིས་ཚད་མ་ལྷུན་གྲུབ་པ། །ཤེས་རབ་སྤྱན་གྱིས་བཟོ་རིག་འབུམ་སྡེ་གཟིགས། །དངོས་སློབ་ཡང་རྩེ་གསུམ་ལ་གསོལ་བ་འདེབས། །རིང་འཚོའི་དོན་ཡོད་གསོ་རིག་འཛིན་པའི་དཔལ། །ཡེ་ནས་མདོ་སྡེ་ཤེས་པས་དོན་ཀུན་གྲུབ། །རང་རྒྱུད་དམ་ཆོས་དཔལ་གྱིས་འདུལ་མཁས་བཟང་། །དངོས་སློབ་ཡང་རྩེ་གསུམ་ལ་གསོལ་བ་འདེབས། །མངོན་པ་རིན་ཅེན་མ་རིག་ལས་སངས་རྒྱས། །དབང་པོ་རྣོན་པོས་གར་ཐིག་དབྱངས་ལ་བྱང་། །རྒྱུད་གསུམ་གཞོན་ནུ་ནས་སྦྱངས་བསོད་ནམས་འབར། །དངོས་སློབ་ཡང་རྩེ་གསུམ་ལ་གསོལ་བ་འདེབས། །ཚུལ་ལྡན་ཁྲིམས་ཀྱི་སྙིང་པོ་འདུས་པར་མཁས། །ཕྱི་ནང་གཞན་གསུམ་ཆོས་ཀྱི་དཔལ་ཀུན་འཛིན། །ནམ་མཁའི་མཐའ་མཉམ་མན་ངག་མཆོག་ཏུ་གྲུབ། དངོས་སློབ་ཡང་རྩེ་གསུམ་གསོལ་བ་འདེབས། །ཉེར་གནས་བཤེས་གཉེན་འཇམ་དབྱངས་ཚེ་དབང་ཟུང་། །སྐྱབས་མཆོག་བསོད་ནམས་གྲུབ་པ་དོན་གྲུབ་དཔལ། །བདེ་རྒྱལ་མཆོད་གཡོག་གཙོ་བོ་གནས་བརྟན་བཞི། །དམ་པའི་ཞམ་འབྲིང་དྲུག་ལ་གསོལ་བ་འདེབས། །གོང་གསལ་བཞི་ནས་དགེ་སློང་མི་གཅིག་པུ། །དཔེ་གཉེར་གཟིམས་གཡོག་གཏོར་གཤོམ་བསོད་ནམས་གྲུབ། །དམ་པའི་ཆོས་ཀྱི་དུང་འབུད་རིན་ཅེན་སྐྱབས། །རིམ་གྲོར་བརྩོན་མཛད་(༡༤༥བ)


GLG015_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་གསོལ་བ་འདེབས། །གཞན་ཡང་བུ་སྟོན་ལུགས་འཛིན་རིམ་བྱོན་པ། །སྙན་པའི་གྲགས་པ་འབར་པའི་རྒྱལ་མཚན་འཆང་། །སྐུ་ཞང་བཀྲ་ཤིས་གཡས་འཁྱིལ་རྒྱལ་མཚན་འཛིན། །མཚུངས་མེད་དམ་པ་གཉིས་པ་གསོལ་བ་འདེབས། །རིན་ཅེན་ཆོས་མཁས་ཕུན་ཚོགས་བསོད་ནམས་འཕེལ། །ཡིད་བཞིན་ནོར་བུ་ལྟར་བཟང་རིན་པོ་ཆེ། །རྣམ་དཔྱོད་ཕུལ་ཕྱིན་ཟླ་བ་དཔལ་རིན་སྡེ། །མཚུངས་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །སོ་རིགས་སྔགས་འཆང་མཐུ་ཆེན་ཤཱཀྱ་དཔལ། །འཁྲུལ་རྟོག་ཀུན་ཞིག་ཚུལ་ཁྲིམས་རྒྱལ་མཚན་བསྒྲེང་། །བཀའ་བཞིའི་རིན་ཅེན་ཐུབ་བསྟན་རྒྱལ་མཚན་མཛེས། །མཚུངས་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །མང་ཐོས་རིན་ཅེན་དཔལ་གྱིས་མངོན་མཐར་གྲུབ། །ལྷ་སྔགས་ཡེ་ཤེས་རྒྱ་མཚོ་ཤར་ཆེན་པ། །མཁྱེན་རབ་སྙན་གྲགས་རིན་ཅན་མཆོག་ཏུ་གྲུབ། །མཚུངས་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རིག་འཛིན་སྐྱོ་སྟོན་སྔགས་འཆང་རྒྱལ་པོའི་ཞབས། །ཐམས་ཅད་མཁྱེན་ངེས་ལོ་ཆེན་ཆོས་སྐྱོང་བཟང་། །རིན་ཅེན་གྲུབ་བསྟན་རྒྱལ་པོའི་སྲིད་འཛིན་མཁས། །མཚུངས་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །སྐུ་ཞང་རིགས་ལས་རིན་ཅེན་མཆོག་ཏུ་གྲུབ། །རྣམ་བཀྲ་བསྐྱེད་རིམ་ཤིས་པའི་དཔལ་ལ་འབྱོར། །རྒྱལ་བ་ཀུན་འདུས་ཚར་པ་རྡོ་རྗེ་འཆང་། །མཚུངས་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །བསྟན་པའི་མེ་རོ་སློང་བ་མཁྱེན་བརྩེའི་དབང་། །ཆེས་དཀོན་མཆོག་གི་ལམ་བཟང་སྟོན་ལ་མཁས། །རང་གཞན་དོན་ཀུན་ལྷུན་གྲུབ་རྒྱལ་མཚན་འཆང་། །མཚུངས་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །འདུལ་བའི་བསྟན་པས་འགྲོ་རྣམས་སྐལ་བཟང་སྦྱོར། །བྱང་གླིང་བཀྲ་ཤིས་སྟོན་(༡༤༦ན)


GLG015_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་མཚན་བཟུང་། །རིགས་ཀུན་ཁྱབ་བདག་དབང་ཕྱུག་རབ་བརྟན་རྗེ། །མཚུངས་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །འཁྲུལ་སངས་ཡོ་གར་བློ་རྒྱས་ཚེ་ཡི་དཔལ། །ཤཱཀྱའི་བསྟན་པ་འཇིགས་མེད་སེང་གེ་བཞིན། །རིན་ཅེན་ཆོས་ཀྱི་རྒྱ་མཚོའི་རླབས་འཕྲེང་གཡོ། །མཚུངས་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །འཇམ་མགོན་བསོད་ནམས་མཆོག་ལྡན་རྡོ་རྗེ་སེམས། ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་ཏུ་གྲུབ། །ཕྱོགས་འདིར་ལྷག་བསམ་ཆེས་དཀར་དམ་ཆོས་ཀྱི། །བཀའ་དྲིན་སྩོལ་མཛད་གཉིས་ལ་གསོལ་བ་འདེབས། །ཀུན་མཁྱེན་བུ་སྟོན་མ་དྲོས་མཚོ་ཆེན་ལས། །སློབ་བརྒྱུད་བགྲང་ཡས་ཆུ་བོ་མཐའ་ཀླས་པ། །མ་དག་རྙོག་མ་ཡོངས་བྲལ་བྱོན་ཟིན་དང་། །སླད་མར་འབྱོན་འགྱུར་རྣམས་ལ་གསོལ་བ་འདེབས། །མཆོག་གསུམ་ཀུན་གྱི་ངོ་བོ་དངོས་བརྒྱུད་ཀྱི། །དཔལ་ལྡན་བླ་མ་གདན་གསུམ་ཚང་པའི་མགོན། །དཀྱིལ་འཁོར་རྒྱ་མཚོའི་ལྷ་ཡི་ཚོགས་བཅས་ལ། །གངྒཱའི་ཀླུང་རྡུལ་ལུས་སྤྲུལ་གུས་ཕྱག་འཚལ། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་མཆོད་པ་དབུལ། །ཕྲ་རགས་སྡིག་ལྟུང་ཉེས་སོ་ཅོག་ཀུན་བཤགས། །དགེ་ཚོགས་གང་གིས་བསྒྲུབས་ཀྱང་སྙིང་ནས་རང་། །སྟོན་པ་ཡོངས་ལ་དམ་ཆོས་གསུང་བར་བསྐུལ། །ཞི་མཐར་མི་གནས་གཡུང་དྲུང་རྟག་བརྟན་གསོལ། །བསོད་ནམས་བྱས་རྣམས་མཁའ་མཉམ་སེམས་ཅན་གྱི། །བྱང་ཆེན་འཐོབ་པའི་རྒྱུ་རུ་ལེགས་བསྔོས་པ། །བསམས་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་ཤོག །སྲིད་གསུམ་བཅུད་ཀྱི་ཉ་ཕྱིས་ཡངས་པའི་ཁོག །ཐུབ་བསྟན་མུ་ཏིག་ཕྱུར་བུར་ཉེར་སྤུངས་པ། །ཕན་དང་བདེ་བའི་གདུགས་དཀར་གྲིབ་མེད་(༡༤༦བ)


GLG015_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །འཇིག་རྟེན་ཁམས་ཀུན་ཡོངས་སུ་ངལ་གསོར་ཤོག །རིན་ཅེན་གྲུབ་པའི་རིང་ལུགས་ས་སྲུངས་དབང་། །སྨིན་གྲོལ་མན་ངག་གསེར་སྦྱངས་རྒྱན་སྤྲས་ནས། །ཐོས་བསམ་སྒོམ་པའི་གོམ་སྟབས་ལྷོད་པོ་རུ། །སཱ་ལའི་སྨན་ལྗོངས་གཞི་ལ་རྒྱུ་བར་ཤོག །སྡེ་འདི་གུད་ལུས་ཐུགས་རྗེ་བརྒྱ་བྱིན་གཙུག །རེག་པས་བུ་སྟོན་བཞེད་སྲོལ་ལྷ་གཟུགས་སུ། །བསྒྱུར་མཛད་ཚར་ཆེན་ཡབ་སྲས་བསྟན་པའི་ཉི། །འོད་བརྒྱས་གླིང་བཞིའི་སྣང་བ་རྒྱས་པར་ཤོག །ཕྱག་རྒྱ་པ་སོགས་སྣ་ཚོགས་ཆོས་ཀྱི་རག །མ་འདྲེས་རྒྱ་གར་མཁས་གྲུབ་རིང་ལུགས་གསེར། །འདི་ཕྱི་བདེ་སྐྱེད་རིན་དུ་བྲིན་པའི་ཟོང་། །གཏན་བདེའི་གླིང་བགྲོད་དེད་དཔོན་ཆེན་གྱུར་ཤོག །རྣམ་ཐོས་བུ་སོགས་རྡོ་རྗེའི་ཆོས་སྐྱོང་བ། །འཕྲིན་ལས་སྤུ་སྡུག་བཀྲ་བའི་མདོངས་མཐའ་ལ། །ཞོན་ནས་ཡིད་སྲུབས་མཆེ་བ་དྲུང་ཕྱུངས་ཏེ། །རང་བསྟན་མཐོ་རིས་འདུན་སར་གར་བྱེད་ཤོག །གནས་སྐབས་སུ་ཡང་རྫོགས་ལྡན་སྐྱེ་རྒུའི་ཚེ། །བསོད་ནམས་དབང་ཐང་བགོ་བཤའི་བྱར་ཡོད་པས། །རྩོད་པའི་གདུང་བ་མངོན་སུམ་ལྟ་ཅི་ཞིག །རྨི་ལམ་དུ་ཡང་མྱོང་བར་མི་འགྱུར་ཤོག །ལོ་ཆེན་བུ་ལ་སྙིང་ནས་གསོལ་འདེབས་རྣམས། །ཡང་སྲིད་ཀུན་ཏུ་དགའ་ལྡན་ཞིང་མཆོག་དེར། །མི་ཕམ་མགོན་པོས་དབུགས་དབྱུངས་རྗེས་བཟུང་སྟེ། །རླབས་ཆེན་རྒྱལ་སྲས་སྤྱོད་པས་དུས་འདར་ཤོག །མཆོག་གསུམ་གྲུབ་པ་ལྷ་དང་རིག་འཛིན་ཚོགས། །སྙན་པའི་གླུ་ལེན་རོལ་མོ་འཁྲོལ་བཞིན་དུ། །བཀྲ་ཤིས་མེ་ཏོག་མ་སྒྲ་ར་ཡི་ཆར། །འཛིན་མའི་ཁྱོན་ཀུན་མ་ལུས་ཁྱབ་པར་ཤོག །ཅེས་དཔལ་ལྡན་ཞ་ལུ་པའི་བསྟན་པ་ལ་བཀའ་དྲིན་ཆེ་བའི་དམ་པ་རྣམས་ལ་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་པདྨ་རཱ་གའི་འཕྲེང་བ་འདིའི་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁན་རིན་པོ་ཆེ་ཚེ་(༡༤༧ན)


GLG015_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །རྒྱལ་བ་ཀུན་དངོས་བུ་སྟོན་ཆོས་ཀྱི་རྗེའི། །གསུང་རབ་རིན་ཅེན་སྤེལ་ལ་རྣམ་དཔྱོད་མཆོག །དཔལ་ལྡན་ལྷུན་གྱིས་གྲུབ་པ་དགེ་བའི་བཤེས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཟབ་དོན་འབྱོར་བ་བློ་དང་བརྩོན་པའི་རིན། །འབད་པ་ཆེན་པོས་ཉེར་ཁུགས་རྒྱལ་བའི་བསྟན། །རྒྱལ་མཛད་བཟང་པོའི་སྐལ་བ་ལྡན་པའི་རྗེ། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའང་ཁྱབ་བདག་བླ་མ་དམ་པའི་གསུང་བཞིན་ཟ་ཧོར་གྱི་བནྡེས་བཀོད་དོ། །རྣམ་འདྲེན་བློ་བཟང་གྲགས་སྙན་འབར་བའི་བསྟན། །འཛིན་ལ་བསམས་བཞིན་སྤྲུལ་པའི་ཟློས་གར་ཅན། །མཚུངས་མེད་རྒྱལ་བའི་སྲས་པོ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཡང་སྲིད་དུ་མར་མཁས་དང་གྲུབ་པ་ཡི། །མ་སྨད་སྐྱེ་བའི་སྒྱུ་འཕྲུལ་བགྲང་ཡས་ལས། །ཐོས་པས་རྣམ་པར་གྲོལ་བའི་སེམས་དཔའ་ཆེ། །ཡོངས་འཛིན་དམ་པའི་ཞབས་ལ་གསོལ་བ་འདེབས། །རྡོ་རྗེའི་སྐུ་ལ་གཞོམ་ཞིག་མི་མངའ་ཡང་། །བདག་སོགས་གདུལ་བྱའི་བསོད་ནམས་ཞིང་མཆོག་ཏུ། །སྐུ་ཚེ་འོད་མཚན་འབར་བར་བྱིན་བརླབས་ནས། །ཐུབ་བསྟན་དེ་སྲིད་མི་གཡོ་ཞབས་བརྟན་ཤོག །ཅེས་རྒྱལ་བའི་སྲས་པོ་བློ་བཟང་བསྟན་འཛིན་གྱི་གསོལ་འདེབས་བརྟན་བཞུགས་དང་བཅས་(༡༤༧བ)


GLG015_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ནི་བསམ་བློ་རབ་འབྱམས་པ་གྲགས་པ་ཤེས་རབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྟན་གཅིག་འདུས་རྩེར་རིན་ཅེན་དབང་རྒྱལ་ཆར། །ལེགས་བསྔགས་དྲི་བཞོན་གྱིས་དྲངས་ཆོས་ཀྱི་ལྗོན། །ཕུན་ཚོགས་ལོ་འདབ་ཡོངས་དུད་རྣམ་བཀྲའི་འབྲས། །ཤིས་མཛད་མཁས་གྲུབ་ཆེན་པོར་གསོལ་བ་འདེབས། །ཞེས་ཇོ་སྟན་མཁན་བརྒྱུད་ཀྱི་ཁ་སྐོངས་འདི་ནི་བསྐུལ་བ་པོ་རྣམས་ཀྱི་ངོར་ཟ་ཧོར་གྱི་བནྡེས་བྲིས། །ངག་གི་དབང་ཕྱུག་ཡང་དག་དགེ་བའི་བཤེས། །ལེགས་པའི་ལམ་སྟོན་བློ་གསལ་སྐལ་བཟང་མགོན། །བསྟན་པའི་རྒྱལ་མཚན་འཛིན་མཁས་བླ་མ་ཟུང་། །བྱང་ཆུབ་བར་དུ་འབྲལ་མེད་གསོལ་བ་འདེབས། །ཞེས་མཁས་བཙུན་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས། ངག་དབང་འཇམ་དཔལ་བློ་བཟང་གྲགས་པ་ཡི། །རིང་ལུགས་རྒྱ་མཚོའི་མཐའ་ཀླས་ནོར་འཛིན་གཞིར། །སྤེལ་མཛད་རྗེ་བཙུན་བླ་མར་གསོལ་འདེབས་ན། །སྐྱེ་བར་རྗེས་བཟུང་བྱིན་གྱིས་རློབ་ཏུ་གསོལ། ཁ་ཏོན་ཉུང་ངུ་འདི་ལྟ་བུ་ཞིག་དགོས་ཞེས་གནམ་གྱི་བུ་བཟོད་པ་ཡེལ་དེང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར།རྒྱལ་ཀུན་ཡབ་ཅིག་འཇམ་མགོན་བཙོང་ཁ་པ། །རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ཤིང་རྟ་ཆེ། །མཁས་གྲུབ་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་ཞབས། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ངག་ལ་སྨྲ་བའི་སྤོབས་པ་དགེ་(༡༤༨ན)


GLG015_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་། །ཆེས་དཀོན་དད་རྟེན་མཆོག་གསུམ་ཐུགས་རྗེའི་མཐུས། །ལེགས་རྙེད་བསྟན་པའི་ཉི་མ་སྤྲུལ་པའི་སྐུ། མཚུངས་མེད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཡང་གསང་ཁྲོས་པའི་བྱིན་རླབས་རྨད་པོ་ཆེས། །མཁས་སྙན་བྱེས་པ་གྲ་ཚང་ཡོངས་འཕེལ་ཞིང་། །བདག་སོགས་སྐྱེ་བར་གསུང་རབ་ལ་སྦྱངས་ནས། །རིང་མིན་རྣམ་པ་ཐམས་ཅད་མཁྱེན་ཐོབ་ཤོག །གསོལ་འདེབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་འཕྱོང་རྒྱས་རབ་འབྱམས་པ་ངག་དབང་རྣམ་རྒྱལ་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །གངས་ལྗོངས་མདོ་རྒྱུད་བསྟན་པའི་ཤིང་རྟ་ཆེ། །བློ་ཆེན་མཁས་བཙུན་བཟང་པོའི་གྲགས་པ་ཅན། །མགོན་དེའི་རྗེས་ཞུགས་འཇམ་དབྱངས་དགའ་བའི་བཤེས། །དབྱེར་མེད་རྣམ་འདྲེན་དམ་པར་གསོལ་བ་འདེབས། །མཁས་བཙུན་བ་སོ་ཆོས་ཀྱི་རྒྱལ་མཚན་རྗེ། །ཟབ་དོན་རྒྱ་མཚོའི་གཏེར་མཛོད་ལྷ་དབང་པ། །ཆོས་ཀྱི་དབང་ཕྱུག་ངག་དབང་དཀོན་ཅོག་ཉི། །སྤྲུལ་པའི་ཟློས་གར་བསྟན་ལ་གསོལ་བ་འདེབས། །རྒྱལ་བ་བཙོང་ཁ་པ་དང་ངེད་ཀྱི་འཇུག་ཏུ་བ་སོ་སྤྲུལ་པའི་སྐུའི་འཁྲུངས་རབས་གསོལ་འདེབས་ཤིག་དགོས་ཞེས་གསང་སྔགས་མཁར་པ་རབ་འབྱམས་པ་ངག་དབང་བསོད་ནམས་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དལ་བའི་(༡༤༨བ)


GLG015_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་དམ་པའི་ཆོས་ཀྱི་དོན། །བསྒྲུབས་པས་ཕན་བདེ་འབྲས་བུར་ཡོངས་དབང་བས། །སྲིད་པའི་རྒྱ་མཚོར་བྱིང་བའི་འགྲོ་རྣམས་ལ། །རྗེས་བརྩེ་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞེས་པ་འདིའང་བློ་བཟང་དབང་རྒྱལ་གྱི་ངོར་ཟ་ཧོར་གྱི་བནྡེས་བྲིས། རིགས་བརྒྱའི་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པ་པོ། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །ཆེ་མཆོག་ཞི་ཁྲོ་མ་ལུས་འདུས་པའི་རྩལ། །དཔལ་ལྡན་བླ་མ་གདན་གསུམ་ཚང་བའི་མགོན། །རང་རིག་ཡེ་ཤེས་རིག་པའི་དྲག་པོ་རྩལ། །ཉིད་ལས་གཞན་མིན་དབྱེར་མེད་རོ་གཅིག་པ། །ལྷ་སྔགས་ཡེ་ཤེས་ཡོངས་ཀྱི་འབྱུང་གནས་སུ། །ངེས་རྙེད་མི་འགྱུར་སེམས་ཀྱིས་གསོལ་བ་འདེབས། །སྙིང་དབུས་གཞོན་ནུ་དུས་སྐྱེར་རྩ་བ་གསུམ། །ངོ་བོ་ཀ་དག་ཆོས་ཆེ་མཆོག་ལྷ། ཟིལ་གནོན་ལྷ། འཕྲིན་ལས་ལྷ། ཞེས་གང་དགོས་སུ་བསྒྱུར་ཆོག །སྐུ་བདེ་བ་ཆེ། །རང་བཞིན་ལྷུན་གྲུབ་ལོངས་སྐུ་དངས་མའི་རྩལ། །ཀུན་ཁྱབ་ཐུགས་རྗེའི་སྤྲུལ་སྐུས་བདག་བྱིན་རློབས། །ཕུང་ཁམས་སྐྱེ་མཆེད་འཇའ་ལུས་སྣང་སྟོང་ལྷ། བརྗོད་པ་རྣམ་དག་གྲག་སྟོང་སྔགས་ཀྱི་གདངས། །གང་ཤར་གསལ་སྟོང་ལྷན་སྐྱེས་གཉུག་མའི་གཤིས། །མཐའ་ཀླས་དག་པའི་འཁོར་ལོར་འཆར་བར་ཤོག །ཆོས་ཉིད་ཡེ་ནས་འགྱུར་བ་མེད་པའི་མཐུས། །ཆོས་ཅན་ཀུན་རྫོབ་ཙམ་དུ་མཆོག་ཐུན་གྱི། །དངོས་གྲུབ་འབད་དང་རྩོལ་བ་མི་དགོས་པར། །འགྲུབ་པར་མཆོག་གསུམ་ཐུགས་རྗེས་བྱིན་གྱིས་རློབས། །བླ་མ་ཡི་དམ་རང་སེམས་དང་དབྱེར་མེད་དུ་གསོལ་བ་འདེབས་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་སྔགས་རམས་པ་(༡༤༩ན)


GLG015_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རྒྱལ་མཚན། དགེ་སློང་ཡོན་ཏན་དཔལ་བཟང་། དགེ་སློང་དཔལ་འབྱོར་རྒྱ་མཚོ། སྔགས་རམས་པ་བློ་བཟང་སྐྱེས་མཆོག །བློ་བཟང་དཔལ་འབྱོར། བློ་བཟང་ཐབས་མཁས། གཉོས་ཀྱི་སྔགས་འཆང་གུང་རུ་བ་དབང་རྒྱལ་ལྷུན་གྲུབ་རྣམས་ཀྱིས་བསྙེན་མཚམས་ཀྱི་དུས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་གྲགས་པའོ། །གསུང་ངག་དབང་ཆུས་བློ་གྲོས་བུམ་པ་བཟང་། །ལེགས་གཏམས་རྒྱ་ཆེན་སྨིན་གྲོལ་དབྱར་མཚོ་ལྟར། །འཕེལ་ལ་འཇིགས་མེད་རྣམ་དཔྱོད་གོ་ཆ་ཅན། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་འདེབས། །བྱམས་པ་མགོན་པོ་མཆོག་གི་སྤྲུལ་པའི་སྐུར། །བསྟན་མིན་དེ་སྲིད་ཤཱཀྱ་སེང་གེ་ཡི། རྡོ་རྗེ་ཐེག་པའི་རིང་ལུགས་རྒྱས་མཛད་པ། །རིགས་བརྒྱའི་ཁྱབ་བདག་དམ་པར་གསོལ་བ་འདེབས། །རང་སེམས་བླ་མ་དགྱེས་མཛད་རྡོ་རྗེ་དང་། །དབྱེར་མེད་བརྗོད་བྲལ་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་ཟུང་དུ་འཇུག་པའི་བདེ་བ་ཆེ། །ལམ་བཟང་གྲུབ་མཐའ་སྙོག་པར་བདག་བྱིན་རློབས། །ཞེས་པ་འདིའང་དཀྱིལ་འཁོར་རྒྱ་མཚོའི་སྨིན་གྲོལ་གདམས་པའི་བང་མཛོད་མདོ་པ་ཆོས་རྗེ་དགེ་བའི་དབང་པོའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྣམ་དག་དད་པའི་མེ་ལོང་དུ། །མཆོག་གསུམ་འདུས་པའི་གཟུགས་བརྙན་ཀུན། །ཡོངས་ཤར་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་པ་འདི་ཟླ་བ་གྲགས་པའི་ཁ་ཏོན་ཏུ་(༡༤༩བ)


GLG015_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། བཀའ་པོད་བཞི་སོགས་ཆོས་ཀྱི་འཆད་ཉན་ལ། །གཅིག་ཏུ་བརྩོན་པའི་སྙན་གྲགས་ཆེས་འབར་བས། །སྲས་བཅས་རྒྱལ་བས་ལེགས་སོ་སྦྱིན་མཛད་པ། །མཚན་ཉིད་ཀུན་ལྡན་བླ་མར་གསོལ་བ་འདེབས། །བློ་གྲོས་སྐལ་བཟང་འདུ་བའི་རྣམ་དཔྱོད་ཉིས། །མཐའ་ཀླས་གདུལ་བྱའི་པདྨ་བཞད་པ་ལས། །ཐོས་དང་བསམ་པའི་སྦྲང་རྩི་རབ་དངར་བ། །སྤེལ་མཛད་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །ཅེས་པ་འདིའང་བློ་གྲོས་དཔལ་འབྱོར་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། ཛཱིཡབྷཱབོཛྙནེཏྲསྱཙཱདརྴཏོདཱཡདྷཱིཁཱནྟཏཱརོནིསཱཔཏྲཀཿ པྲཧྨནིརྨནྡྷུཏེཤཱཀྵུབནྡེཔཊོཀཱིརྟིབཱགྲགཱཛསྶ ནཱཐེཛཡ། །ཤེས་བྱར་སྲིད་ཀུན་མཁྱེན་སྤྱན་མེ་ལོང་དུ། །ཤར་བའི་བློ་གྲོས་མཁའ་མཐའི་བརྒལ་ཤོང་སྣོད། །སྤྲུལ་ལ་ཚངས་པ་བྲེལ་ནུས་མཁས་བཙུན་བཟང་། །གྲགས་པ་སྲིད་པའི་རྩེར་སྒྲོག་མགོན་དེ་རྒྱལ། །མང་མང་སྲས་བཅས་སློབ་མའི་ཚོགས་(༡༥༠ན)


GLG015_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །ཡང་ཡང་བསྐལ་བར་བསམས་ཀྱང་ཁྱོད་ཡོན་ཚད། །གསལ་གསལ་རྟོགས་ནུས་མིན་ན་བདག་འདྲ་ཡིས། །ངལ་ངལ་དཀའ་ཐུབ་བསྟེན་པ་གཡར་ཁྲལ་བཞིན། །མ་ལུས་སངས་རྒྱས་ཡོངས་ཀྱི་ཡབ་གཅིག་པུ། །མི་སོགས་རྒྱུད་ལྔའི་འགྲོ་འདྲེན་བཙོང་ཁ་པའི། །མུ་མེད་རྣམ་པར་ཐར་ལས་ཆ་ཤས་ཙམ། །མེ་ཏོག་མདའ་ཅན་འཇོམས་པའི་ཆེད་དུ་སྤེལ། །མཐོ་རིས་སྐྱེད་ཚལ་ས་ལ་ཉེར་འཕོས་རྒྱན། །རྒྱན་མཆོག་ཀུན་བཟང་འཁོར་ལོ་རབ་བཀོད་ལས། །ལས་དཀར་མ་དྲོས་ནས་འོངས་ལེགས་བྱས་རྒྱུན། །རྒྱུན་ཆད་མེད་འབབ་གངྒའི་མཆེད་ཟླར་ཤོག །རྣམ་དག་དད་པ་ལོང་ལོང་སྤྲིན་ཕུང་དབུས། །མགོན་ཁྱོད་བསྟོད་བསྔགས་སྙན་སྙན་དབྱར་གྱི་རྔ། །སྒྲོགས་ཚེ་བྱིན་རླབས་སིམ་སིམ་གྲུ་ཆར་གྱིས། །བདེ་སྐྱིད་མྱུ་གུ་ཡང་ཡང་སྐྱེད་བསྲིང་ཤོག །བསོད་ནམས་ཡོངས་བྱས་ཛམྦུ་ཏྲི་ཤའི་འབྲས། །དེང་ནས་ཡང་སྲིད་ཟླ་བའི་མ་མ་རུ། །གསེར་གྱི་སྙེ་མ་གཡུར་དུ་ཟ་བ་ཡི། །ཕུན་ཚོགས་དགའ་སྟོན་དཔལ་ལ་སྤྱོད་གྱུར་ཅིག །རྒྱལ བ ཀུན གྱི ཡབ་ གཅིག འཇམ དཔལ དབྱངས དབྱངས ཅན ལྷ མོས རྗེས བཟུང བློ བཟང གྲགསའགྲོ བའི སྡུག བསྔལ གཞིལ བའི མཛད པ གསལ བདུན ལྡན ལྷ ཆོས བཀའ གདམས བསྟན པའི བདགརྣམ འདྲེན བསྟན པའི ལང ཚོ དར བའི ལུས གླུང འབབ མདོ རྒྱུད ལེན པའི སྒྲ སྙན འཁྲོལགཞུང ལུགས ངན པ ཡང དག ལམ བཙུད གྱུར མཚུངས མེད བློ གྲོས འཇམ དབྱངས གཞོན ནུར འགྲནརྣལ འབྱོར རྒྱུད གཞུང འཛིན པའི སྙིང སྟོབས ལེགས སྙན པའི གཏམ གྱིས ཕྱོགས ཀུན མ ལུས ཁྱབབྱ སྤྱོད དབང དང བཤད པར འགྲོ རྣམས སྦྱར ངག གི བརྗོད ཀུན དོན ལྡན ལེགས བཤད ཚིགགྲུབ མཆོག ལཱུ ཨི པ ཡི མཛད པའི གཞུང རྩོམ འཆད སྒྲོག པར བོད འདིར འགྲན ཟླ བྲལཆོས མངོན གཞུང བརྒྱ སྤེལ དེ ཨ ལ ལ ལ ལ ན དང ར སའི རྒྱུ བ བཀགཕ མཐའ རྟོགས དཀའ དུས འཁོར རྒྱུད ལ མཁས མཁས ལ གཟིགས ཞིང དེ དག མཐའ དཔྱོད མཁསཕ རོལ ཕྱིན པའི ལམ བཟང སྟོན ལ མཁས མཁས ལ མཛད བཟང ལེགས ལྡན དཔལ དེ མཁྱེནམ དག ལྟ སྤྱོད དུ མར ཞེན ལ ལ ལ ལ ཙམ མིན མང ཀུན རིགས པས བཟློགབྱང ཆུབ སྒྲུབ པའི སྨོན ལམ དོན ལྡན འདེབས སྤྲོ བས འདྲེན པའི བསྟན པ སྤེལ ལ བརྩོནསྐྱེས བུ གསུམ དུ བཀྲི ནུས རྨད བྱུང ལམ ཕུང པོར བསགས ཚོགས གཞུང ཀུན རྣམ མཁྱེན རྒྱུསེམས ཅན ཀུན དོན བྱེད ལ གཅིག ཏུ སྨོན སྤྲིན ལས ཆར བཞིན འགྲོ རྒྱུད ཆོས ཀྱི བརླནབྱང ཆུབ ཐོབ པར བསྐྱེད རྫོགས དོན བཟང པོའི མཆོག གི ཉེ ལམ སྒྲུབ པར གཅིག ཏུ གཞོལབདུད དཔུང འདུལ བའི ལས བཞིའི འཕྲིན ལས བཟང མཆོད བསྟོད སྒྲུབ པས བགེགས ལས མཐར ཞིང རྒྱལམདོ རྒྱུད ཀློག སྤོང བྱེད ཀུན ཇི སྲིད དུ བཟང འགྲན ཆད མེད འབབ པ མཐོ རིས ཆབརང གཞན གྲུབ མཐའ མང པོའི གཞུང ལུགས ཀུན ཀུན ལ འཆད རྩོད རྩོམ པའི སྤོབས པ མཐོཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྒྱལ་བ་བཙོང་ཁ་པ་ཆེན་པོ་ལ་(༡༥༠བ)


GLG015_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པའི་ཀུན་བཟང་འཁོར་ལོ་བོད་ལུགས་ལྟར་བྱས་པ་འདི་ནི། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་དཔལ་ལྡན་འབྲས་སྤུངས་སུ་སྤྱིལ་བུ་གསར་བསྐྲུན་ལྷ་དབང་གླིང་དུ་འདྲི་རྒྱུ་ཞིག་དགོས་ཚུལ་བྱུང་བ་བཞིན། ཟ་ཧོར་གྱི་རིགས་ལས་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་བགྱིས་པ་ལཀྵྨཱ་བྷ་ཝནྟུ། །སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་མུ་ཏིག་ཕྲེང་ཅན། ཨེམསཾབྷདྲབཻམཱཡཀཱཙྪེདཏཱབྷྲཱམབཱཤྱཔྲཀྲྀཏྶཱདྷུཀེལེཁཏཿགྲམྱསརྦཛྙབྡཾཀརཱདིཤྩདྷཱིམངྒཎཱཏྲཱསརེཏཱཤུབྷཱཡཙྪཏུ། །ངོ་མཚར་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ། །ཆད་མེད་འཁོར་བའི་གཟིགས་ངོར་ལེགས་བྲིས་ཀྱི། །གྲོང་ནས་སརྦ་ཛྙ་དང་ཕུར་བུ་སོགས། །བློ་ལྡན་ཚོགས་རྣམས་འདིར་སྤྱིན་དགེ་ལེགས་སྩོལ། །མང་མང་སྐྱེས་རབས་འཕྲེང་བས་གཞན་འདྲིད་(༡༥༡ན)


GLG015_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཙུན་བཙུན་རིགས་ཀྱིས་མི་བསྙེམས་ཤེས་བྱ་ཀུན། །ངེས་ངེས་སྟོན་ལ་སྤོབས་པ་གཟེངས་མཐོ་བ། །དག་དག་ཤོང་དཔང་བརྒྱུད་པའི་རྣམ་པར་ཐར། །ཀུན་མཁྱེན་འཇིག་རྟེན་མིག་གཅིག་ཆོས་སྐྱོང་བཟང་། །བཟང་པོའི་རིང་ལུགས་འཛིན་ལ་ཟླ་བྲལ་མཁས། །མཁས་པའི་རྩེར་སོན་སྨོན་འགྲོ་པཎ་ཆེན་གང་། །གང་དེའི་ཞལ་ལུང་འཁྲུལ་མེད་འདི་ན་བཀོད། །ངག དབང འཇམ དབྱངས དགའ མཆོག དཔལ དཔལ མཆོག དགའ དབྱངས འཇམ དབང ངགདབང ཕྱུག དབྱངས སྙན དགྱེས དཔལ བློ བློ དཔལ དགྱེས སྣན དབྱངས ཕྱུག དབངའཇམ དབྱངས བཞད པའི དཔལ བཟང ཅན ཅན བཟང དཔལ པའི བཞད དབྱངས འཇམདབྱངས ཅན མཁྱེན དཔལ རྒྱ མཆོག གཞུང གཞུང མཆོག རྒྱ དཔལ མཁྱེན ཅན དབྱངསདགའ དབྱངས དཔལ ལྡན མཚོ བྱུང དྲིན དྲིན བྱུང མཚོ ལྡན དཔལ དབྱངས དགའམཆོག དཔལ དབྱངས བདུན རྫོགས པའི གླུ གླུ པའི རྫོགས བདུན དབྱངས དཔལ མཆོགདཔལ ལྡན གླུ དབྱངས རྣ བར འཇེབས འཇེབས བར རྣ དབྱངས གླུ ལྡན དཔལམཆོག དཔལ དབྱངས བདུན རྫོགས པའི གླུ གླུ པའི རྫོགས བདུན དབྱངས དཔལ མཆོགདགའ དབྱངས དཔལ ལྡན མཚོ བྱུང དྲིན དྲིན བྱུང མཚོ ལྡན དཔལ དབྱངས དགའདབྱངས ཅན མཁྱེན དཔལ རྒྱ མཆོག གཞུང གཞུང མཆོག རྒྱ དཔལ མཁྱེན ཅན དབྱངསའཇམ དབྱངས བཞད པའི དཔལ བཟང ཅན ཅན བཟང དཔལ པའི བཞད དབྱངས འཇམདབང ཕྱུག དབྱངས སྙན དགྱེས དཔལ བློ བློ དཔལ དགྱེས སྙན དབྱངས ཕྱུག དབངངག དབང འཇམ དབྱངས དགའ མཆོག དཔལ དཔལ མཆོག དགའ དབྱངས འཇམ དབང ངགཁྱད་པར་དཎྜའི་གཙུག་ལག་གཟིགས་མོ་ཆེ། །ལྟ་བའི་མིག་དཀྱུས་ཉེར་ཐུང་བོད་རྒན་འགའི། །བློས་བྱས་འཁོར་ལོ་ལ་བཀོད་འགྲིག་འགྲིག་དེ། །བྱིས་པས་ལྷ་ཁང་གཟུགས་བརྙན་མཐོང་བ་བཞིན། །རྒྱ་གར་ཀ་སྨི་ར་རྣམས་བཞེད་པའི་སྲོལ། །སྲོལ་རྒྱུན་འཁྲུལ་པ་མེད་པ་ལོ་པཎ་ལུགས། །ལུགས་འཛིན་ཕྱག་ལེན་ཇི་བཞིན་དཔྱོད་ལྡན་ཚོགས། །ཚོགས་རྣམས་ཀུན་ཡིད་གནམ་རུ་འགུགས་པའི་རྒྱན། །རབ་མཛེས་གཡང་དུ་ཆགས་པའི་ལྡིང་ཁང་ན། །རབ་བཀྲ་རི་མོར་བཀོད་པའི་བཀྲ་ཤིས་གླུ །རབ་འབྱམས་མཆོག་གསུམ་ཐུགས་རྗེས་ཡོངས་བསྐུལ་ལས། །རབ་རྒྱས་ཕུན་ཚོགས་དགའ་སྟོན་དར་བར་ཤོག །ཅེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་དཔལ་ལྡན་འབྲས་སྤུངས་སུ་སྤྱིལ་བུ་ལྷ་དབང་གླིང་དུ་འདྲི་རྒྱུ་དགོས་ཚུལ་བྱུང་བ་ལྟར་ངེད་རང་གི་མིང་ཡིག་ཐེབས་པའི་ཀུན་འཁོར་ཀསྨི་ར་པའི་ལུགས་སུ་ཟ་ཧོར་གྱི་བནྡེ་(༡༥༡བ)


GLG015_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པའི་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་བགྱིས་པ་སཪྠ་སིདྡྷི་བྷ་ཝནྟུ། །སྨྲ་བ་ངག་གི་བརྗོད་པ་རྣམ་དག་ལས། །ཆོས་ཕུང་རྒྱ་མཚོར་དབང་བའི་བློ་གྲོས་རྩལ། །དོན་བཟང་ཚིག་གི་ཉམས་འགྱུར་ཕྱོགས་བྲལ་གྱི། །དཔྱོད་ལྡན་རྣ་བར་འཇེབས་ལ་གསོལ་བ་འདེབས། །རྒྱ་ཆེན་གཏིང་ཟབ་ལྔ་རིག་གཙུག་ལག་ཀུན། །མཚོ་བྱུང་ལྷ་མོའི་དྲིན་ལས་ངེད་རྙེད་ལས། །རྨོངས་པའི་གཡུལ་ལས་འཇིགས་པ་མེད་པའི་གོ །དཀར་ཆའི་ཉ་ལྟར་གང་ལ་གསོལ་བ་འདེབས། །བདུད་བཞི་ཡོངས་ཐུབ་ཟས་གཙང་སྲས་ཀྱི་བསྟན། །ལུང་རྟོགས་ལང་ཚོ་དར་བའི་རྣམ་དཔྱོད་སྡེས། །འཇམ་དབྱངས་གཞོན་ནུ་དགའ་བའི་བཤེས་གཉེན་མཆོག །རིས་མེད་འགྲོ་བའི་འདྲེན་པར་གསོལ་བ་འདེབས། ཁ་ཙམ་མིན་པར་སྙིང་ནས་མགོན་ཁྱོད་ལ། །གསོལ་འདེབས་དད་པའི་འོད་ཟེར་སྟོང་སྤྲོས་པས། །ཐུགས་རྗེ་པད་དཀར་ཟེའུ་འབྲུ་བཞད་པ་ལས། །བྱིན་རླབས་དངར་བའི་སྦྲང་རྩི་རྟག་སྩོལ་ཤོག །ཡང་སྲིད་ཀུན་ཏུ་མཐོ་རིས་རྟེན་བཟང་རྙེད། །རིང་མིན་མི་འཇིགས་བཞི་ལྡན་མངོན་གྱུར་ནས། །མཐའ་དང་ཚད་དུ་མེད་པའི་མ་རྒན་འགྲོ །འདྲེན་པའི་དེད་དཔོན་ཆེན་པོར་བདག་འགྱུར་ཤོག །ཅེས་པ་འདིའང་གནམ་ཇིང་གིར་རྒྱལ་པོའི་རིགས་ལས་དཀོན་མཆོག་གསུམ་ལ་བླ་མར་འཛིན་པ་ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་ཝང་གིས་ཆེད་དུ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དཔལ་ལྡན་ཤཱཀྱ་སེང་གེའི་བསྟན་པ་ལ། །ལེགས་ཞུགས་ངག་དབང་བློ་བཟང་རྒྱ་མཚོའི་སྡེས། །མཆོག་(༡༥༢ན)


GLG015_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འདུས་པའི་ངོ་བོར་རབ་མོས་ནས། །མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བ་འདེབས། །སྣང་སྲིད་ཐམས་ཅད་རི་མོར་ཉེར་འདྲི་བར། །སྒྱུ་མའི་ཁེངས་པ་འཕྲོག་པ་ཚངས་པའི་སྤུན། །གཙུག་ལག་གཉིས་པའི་བྱེད་པོ་སྨན་ཐང་པ། །དོན་ཀུན་གྲུབ་ལ་དང་བས་གསོལ་བ་འདེབས། །རིགས་དང་སྒྱུ་རྩལ་ཡོངས་ཀྱི་རྒྱུན་འཛིན་པ། །འཇམ་དབྱངས་གཞོན་ནུར་འགྲན་པའི་བློ་གྲོས་དང་། །དཔལ་ལྡན་བཀྲ་ཤིས་གཟིགས་མོ་ཚར་དངར་བའི། །མཆོག་སྦྱིན་མཁན་ལ་དང་བས་གསོལ་བ་འདེབས། །པིར་ཐོགས་དབང་པོ་བློ་བཟང་མཚན་ཅན་དང་། །ཕུན་ཚོགས་ཡོན་ཏན་ལྡན་པ་རྒྱ་མཚོའི་སྡེ། །དཀོན་མཆོག་ལྷུན་གྱིས་གྲུབ་པའི་སྡོམ་བརྩོན་སོགས། །མཁས་མཆོག་རྣམས་ལ་དང་བས་གསོལ་བ་འདེབས། །སྨན་ཐང་རིགས་འཛིན་མ་དྲོས་མཚོ་ཆེན་ལས། །རུ་བཞིའི་རྒྱལ་ཁམས་ཡོངས་ཁྱབ་རི་མོ་བ། །རང་བཟོས་མ་བསླད་གོང་མའི་སྲོལ་བཟང་པོ། །སྤེལ་མཛད་རྣམས་ལ་དང་བས་གསོལ་བ་འདེབས། །གསོལ་བཏབ་ཀུན་བཟང་མཆོད་སྤྲིན་ཕུལ་བའི་དགེས། །སཱ་ལའི་ལྗོངས་འདིར་སྨན་ཐང་ལུགས་འཛིན་པའི། །རིག་བྱེད་མཁན་པོ་དབྱར་མཚོའི་རྗེས་འགྲོ་བ། །བླ་ནས་བླར་འཕེལ་ཕྱོགས་རྣམས་ཁྱབ་པར་ཤོག །བདག་གིས་སྲས་བཅས་རྒྱལ་བ་སློབ་མའི་ཚོགས། །སྣང་བརྙན་རི་མོར་བགྱིས་བའི་བསོད་ནམས་ཀྱིས། །དེ་བཞིན་གཤེགས་པ་དྲི་མེད་རྒྱལ་པོ་ལྟར། །གྱུར་ཏེ་ལུས་ཅན་མཐའ་དག་འདྲེན་པར་ཤོག །ཅེས་སྨན་ལུགས་རི་མོ་བ་རྣམས་ལ་ཉེ་བར་མཁོ་བ་གསོལ་བ་འདེབས་དང་ཇ་མཆོད་གང་འདོད་དུ་སྒྱུར་ཆོག་པ་(༡༥༢བ)


GLG015_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དབུ་འབྲིང་རག་ཁ་འཇམ་དབྱངས་དབང་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དཔལ་དུས་གསུམ་རྒྱལ་བ་ཀུན་འདུས་པ། །རྗེ་ངག་དབང་བློ་བཟང་རྒྱ་མཚོ་ལ། །ཡིད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཐུགས་བརྩེ་བས་བྱང་ཆུབ་བར་དུ་བཟུང་། །ཞེས་པ་འདི་ཐང་རིང་ཆོས་རྗེ་བློ་བཟང་དགེ་འདུན་གྱི་ངོར་ཟ་ཧོར་གྱི་བནྡེས་བཀོད། འོད་མཚན་སྟོང་འབར་ཐུབ་པའི་སྤྱན་སྔ་རུ། །མཁའ་མཉམ་འགྲོ་འདྲེན་ཐུགས་བསྐྱེད་པད་དཀར་འཆང་། །གྲུ་འཛིན་ལ་དགྱེས་ཚད་མེད་སྙིང་རྗེའི་གཏེར། །རྒྱལ་སྲས་དམ་པ་མཆོག་ལ་གསོལ་བ་འདེབས། །ཐག་ཁྲར་སྦྲུལ་སྣང་ཐེ་ཚོམ་དྲྭ་བ་ཀུན། །རྣམ་དཔྱོད་མཚོན་གྱིས་རབ་བཅད་རྩེ་གཅིག་ཏུ། །སྒྲུབ་པའི་ཏིང་འཛིན་དམ་བཅའ་ཆེས་བརྟན་པ། །བྲམ་ཟེའི་རིགས་འཁྲུངས་གསལ་བར་གསོལ་བ་འདེབས། །དྲི་མེད་རིག་པའི་མཁའ་ལ་དག་པའི་ཉི། །སྒྲིབ་བྱེད་གཉིད་རྨུགས་ལེ་ལོའི་ན་བུན་ཚོགས། །བརྩོན་པའི་རླུང་གིས་ཕ་མཐར་ཡོངས་བསྐྲད་པ། །རྒྱལ་བུ་ཆགས་པ་མེད་ལ་གསོལ་བ་འདེབས། །དབང་ལྔའི་རྒྱུ་ལམ་མི་དགེའི་ཆོམ་རྐུན་ཚོགས། །སྲུང་བྱེད་དྲན་ཤེས་བག་ཡོད་བྱ་ར་ཡིས། །དུས་དྲུག་རང་གི་རྒྱུད་ལ་ལེགས་བརྟག་པ། །རྒྱལ་བུ་ཀུན་ཏུ་དགའ་ལ་གསོལ་བ་འདེབས། །ཉེས་པར་བྱས་པའི་རང་གི་ལས་རྣམས་ཀུན། །སྦ་གསང་མེད་བསྒྲགས་གཞན་ལ་དག་སྣང་གི །འཁྲུལ་པས་ནོངས་ལ་སྐྱོན་དུ་མི་འཛིན་པ། །ལྷ་སྐྱེས་(༡༥༣ན)


GLG015_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བུར་གྱུར་ལ་གསོལ་བ་འདེབས། །རང་གི་ཡོན་ཏན་ལ་བསྙེམས་དྲེགས་པའི་སྐྱོན། །ཉེར་སྦས་གཞན་གྱི་ཡོན་ཏན་རྡུལ་ཙམ་ཀྱང་། །ལྷུན་པོ་ལྟར་སྒྲུབ་རྒྱལ་སྲས་སྤྱོད་པ་ཅན། །དཀོན་ཅོག་གསུམ་གྱི་འབངས་ལ་གསོལ་བ་འདེབས། །རང་དོན་ལྷུར་ལེན་ཆེད་དུ་རྙེད་བཀུར་དང་། །གཞན་ལས་རྒྱལ་འདོད་ཁེ་དང་སྙན་གྲགས་སོགས། ཆོས་བརྒྱད་སྐྱོན་གྱིས་ནམ་ཡང་གོས་མིན་པ། །རྒྱལ་བུ་དད་པ་བརྟན་ལ་གསོལ་བ་འདེབས། །རང་འདོད་སྙིང་ལས་ཆུང་ངུར་གྱུར་པ་ཡིས། །སྲིད་པའི་ཕུན་ཚོགས་ཀུན་ལ་ཆོག་ཤེས་ཤིང་། །བྱས་ལ་དྲིན་བཟོ་དམ་པའི་སྤྱོད་ཚུལ་ཅན། །དད་པ་རབ་ཏུ་བརྟན་ལ་གསོལ་བ་འདེབས། །ཉི་ཚེའི་གཉེན་ལ་གདུང་བ་ཙམ་མིན་པར། །སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་ཡིས། །བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་ལྡན་པ། །རྒྱལ་བུ་བློ་གྲོས་འཕེལ་ལ་གསོལ་བ་འདེབས། །ལུས་ངག་ཡིད་ཀྱི་ལས་ལམ་མི་དགེ་བཅུའི། །རྒྱུ་འབྲས་ཕྲ་མོར་ངེས་རྙེད་སྡིག་ལྟུང་ཚོགས། །ཉེར་སྤངས་རྟག་ཏུ་དད་པ་རབ་བརྟན་པ། །ཀུན་དགའི་ཡིད་དབང་འཛིན་ལ་གསོལ་བ་འདེབས། །གཞན་ཁྲོ་རང་མཐོའི་ང་རྒྱལ་ཁེངས་པ་རྣམས། །རང་ཉིད་དམན་པར་ལྟ་བས་ཉེར་བཅོམས་ཤིང་། །ལོག་འཚོ་སྤངས་ནས་ཆོས་ལ་ལོངས་སྤྱོད་པ། །དགེ་བསྙེན་སྡོམ་བརྩོན་བཙུན་པར་གསོལ་བ་འདེབས། །ཨེ་རཎྜ་ལྟར་སྙིང་པོ་མེད་པ་ཡི། །དོན་མེད་འདུ་འཛི་མཐའ་དག་རྒྱང་བསྲིངས་ཏེ། །མ་སྨད་འཕགས་པའི་ནོར་བདུན་གྱིས་ཕྱུག་པ། །ནོར་བུའི་འབྱུང་གནས་བཟང་པོར་གསོལ་བ་(༡༥༣བ)


GLG015_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །རྣམ་པར་གཡེང་བའི་གཟོབ་ལས་རབ་གྲོལ་ནས། །མི་དགེ་ལས་ཀྱིས་དབེན་པའི་དགོན་པ་རུ། །བག་ཡོད་ཚུལ་གྱིས་རང་རྒྱུད་འདུལ་མཛད་པ། །རྨོངས་པའི་མུན་སེལ་ཟླ་བར་གསོལ་བ་འདེབས། །སྣ་ཚོགས་མི་དགེ་མཐའ་དག་བསྐྱེད་པའི་གཞི། །དོན་མེད་འཁྱལ་བའི་ཚིག་རྣམས་སྤོང་པའི་ངག །དྲན་དང་ཤེས་བཞིན་བརྟན་པོས་ཉེར་བསྡམས་པ། །དགོས་འདོད་རིན་ཅེན་སྙིང་པོར་གསོལ་བ་འདེབས། །བླ་མ་བཀུར་ཞིང་ཆོས་མིག་ལས་དང་པོར། །སྟོན་པར་ལྟ་ཞིང་དུག་ལྔའི་སེམས་ཅན་རྣམས། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད་མཛད་པ། །ལྷག་བསམ་པདྨ་ལྟར་དཀར་གསོལ་བ་འདེབས། །ནག་པོའི་ལས་ལ་རྟག་སྦྱོར་སྡིིག་པའི་གྲོགས། །ཧ་ལའི་དུག་ལྟར་ཉེར་སྤངས་དགེ་བའི་བཤེས། འབྲལ་མེད་གཙུག་གི་རྒྱན་ན་བསྟེན་མཛད་པ། །ཐུགས་རྗེའི་འོད་ཟེར་འབྱེད་ལ་གསོལ་བ་འདེབས། །སྡང་དང་མི་དགེའི་སེམས་སྤངས་བདེར་འགྲོ་ཞིང་། །འཁོར་བར་འཁྲིད་ལ་འདོད་ཆགས་རྦ་ཀློང་ལས། །མི་སྡུག་སྙིང་པོའི་རྫིངས་ཀྱིས་བགྲོད་མཛད་པ། །སེམས་ཅན་ཀུན་ལ་ཁྱབ་པར་གསོལ་བ་འདེབས། །བདེ་བའི་ཆོས་ལ་རྟག་ཏུ་ཉེར་འབད་ཅིང་། །ཐོག་མར་བརྩམས་པའི་དམ་བཅའ་གང་ཡིན་དེ། །རྡོ་ལ་བྲིས་པའི་རི་མོ་ལྟར་བརྟན་པ། །རྒྱལ་བུ་སེང་གེའི་སྒྲ་ལ་གསོལ་བ་འདེབས། ཁེངས་སེམས་ང་རྒྱལ་འཇོམས་པའི་གཉེན་པོ་རུ། །སྡིག་ལ་དགའ་བ་མེད་པའི་མཐུ་བརྟས་པས། །བླ་མའི་གདམས་པ་ཚུལ་བཞིན་དྲན་མཛད་པ། །རྒྱལ་པོ་བདེ་བའི་མཆོག་ལ་གསོལ་བ་འདེབས། །ཆགས་སྡང་ཡུལ་རྣམས་སྒྱུ་མ་སྤྲུལ་བསྒྱུར་དང་། །(༡༥༤ན)


GLG015_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྙན་ཚིག་ཀུན་བྲག་ཅ་ལྟ་བུའི་སྒྲ། །གནོད་བྱ་གནོད་བྱེད་ལས་སུ་ཉེར་གཟིགས་པ། །ལྷ་ཡི་རྒྱལ་པོར་གྱུར་ལ་གསོལ་བ་འདེབས། ཁྱིམ་ནས་ཉེར་ཕྱུངས་བས་མཐའ་དགོན་པ་རུ། །རི་དྭགས་རོ་བཞིན་རང་ཉིད་ཉེར་སྦས་ནས། །ཀུན་ཏུ་ཆགས་པ་མེད་པར་གནས་མཛད་པ། །དགེ་ལ་འདུན་བློ་འཕེལ་ལ་གསོལ་བ་འདེབས། །རྟག་ཏུ་ཡི་དམ་བརྟན་པོས་རྐྱེན་དབང་དུ། །མི་གཏོང་ཁྲོ་བ་མེད་པར་གཞན་ངོ་བསྲུང་། །སྣ་ཚོགས་ཐབས་ཀྱི་དོན་ཀུན་སྒྲུབ་མཛད་པའི། །སྲོ་ལོང་ཀུན་ཏུ་རྒྱུ་ལ་གསོལ་བ་འདེབས། །རང་གཞན་ཆོས་ལ་སྐུར་པ་མི་གདབ་ཅིང་། །ཉིན་མཚན་དུས་ཀུན་ཆོས་སྤྱོད་རྣམ་བཅུས་འདའ། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ་མཛད་པའི། །མི་འཇིགས་སྐྱབས་སྦྱིན་རྒྱལ་པོར་གསོལ་བ་འདེབས། །བགྲང་ཡས་རྒྱལ་བའི་འབྱུང་གནས་འབྲོམ་སྟོན་རྗེ། །དགེ་འདུན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། བསོད་ནམས་ཡོན་ཏན་ཞིང་གི་རྒྱ་མཚོ་ཆེ། །མཚུངས་མེད་འགྲོ་བའི་འདྲེན་པར་གསོལ་བ་འདེབས། །སྒོམས་པའི་སྣང་ངོར་སྨིག་རྒྱུ་འཕྲུལ་པོ་ཆེ། །སྒྲོ་བཏགས་གཅམ་བུའི་མིང་གིས་གཞན་འདྲིད་ཀྱང་། །འདོད་རྒྱལ་བརྡ་བྲལ་ལྔ་རིག་རྡུལ་གྱི་ཆ། །ཉེར་མཐོང་ཚངས་སྲས་བཞད་པར་གསོལ་བ་འདེབས། །སྐྱབས་ཡུལ་དམ་པ་རྣམས་ལ་གུས་ཕྱག་འཚལ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ། །སྒོ་གསུམ་གྱིས་བསགས་སྡིག་ལྟུང་མ་ལུས་བཤགས། །སྐྱེ་འཕགས་ཀུན་གྱི་དགེ་ལ་བདག་ཡི་རང་། །རྒྱལ་སྲས་ཉན་རང་(༡༥༤བ)


GLG015_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདར་གསོལ་བ་འདེབས། །ཐོག་མ་མེད་ནས་ད་ལྟའི་བར་བགྱིས་པའི། །རྣམ་དཀར་ལས་རྣམས་སངས་རྒྱས་ཐོབ་གྱུར་བསྔོ། །ས་ལམ་སྤང་རྟོགས་མངོན་གྱུར་བྱང་སེམས་དང་། །སོ་སྐྱེ་སྲིད་པར་ཟོ་ཆུན་ལྟར་འཁོར་བ། །ཆུ་དང་འོ་མ་ཇི་བཞིན་རོ་གཅིག་པར། །གསོལ་འབྲས་འདི་ཕྱིའི་མདུན་མ་འགྲུབ་པར་ཤོག །ལྷ་ཆོས་བདུན་ལྡན་ངོ་བོ་བཀའ་གདམས་པའི། །བསྟན་པ་རིན་ཅེན་སྲིད་མཐར་རབ་རྒྱས་ཤིང་། །འཇིག་རྟེན་གསུམ་གྱི་སྐྱེ་རྒུ་མ་ལུས་པ། །བདེ་སྐྱིད་དཔལ་ལ་སྤྱིད་པའི་བཀྲ་ཤིས་ཤོག །ཅེས་གླེགས་བམ་རིན་པོ་ཆེའི་བུ་ཆོས་ལེའུ་ཉེར་གཉིས་ཀྱི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་ཤིག་དགོས་ཞེས་ཨ་མདོ་མེན་ཇུ་ཆོས་རྫོང་དཀར་དགོན་པ་བ་རབ་འབྱམས་པ་འཇམ་དབྱངས་འོད་ཟེར་གྱིས་བསྐུལ་བར་བརྟེན་ཁྱེའུ་གསལ་བ་འོ་སྐོལ་གྱི་སྟོན་པ་མྱ་ངན་ལས་འདས་རྗེས་སུ་བྱུང་ཞིང་། དཀོན་ཅོག་འབངས་སྲོང་བཙན་སྒམ་པོའི་སྐྱེ་བ་སྔ་མ་ཡན་ལག་དང་། ལྷའི་རྒྱལ་པོ་བསྟན་པ་འདིའི་སྔོན་རོལ་དུ་བྱུང་བ་སོགས་གོ་རིམ་ལ་གཏན་ཚིགས་ཀྱིས་བསྒྲུབ་རྒྱུ་མི་འདུག་ཀྱང་ལེའུའི་འགྲོས་དང་བསྟུན་སྙན་ངག་གི་སྦྱོར་བ་གཙོ་བོར་མ་བྱས་པར་ཞུས་ལན་ནོར་བུའི་ཕྲེང་བའི་དགོངས་དོན་བཞིན་འབོལ་རྩོམ་གྱི་ཚུལ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བསམ་མཐོང་ངག་རིག་ཕུན་ཚོགས་དབང་པོའོ། །གཞུང་བརྒྱ་སྨྲ་བ་ངག་དབང་དཔལ་བཟང་པོ། །བསྟན་པ་རྒྱ་མཚོའི་སྒོ་རུ་ལེགས་པར་ཞུགས། །ངག་བརྗོད་སྣ་ཚོགས་ལ་དབང་བློ་གྲོས་བཟང་། །(༡༥༥ན)


GLG015_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་རྒྱལ་མཚན་བཞི་ལ་གསོལ་བ་འདེབས། །ཡངས་པའི་འཕྲིན་ལས་རྒྱ་མཚོ་ལྟ་བུར་ཟབ། །དགེ་འདུན་གཙུག་ན་སྙན་པའི་གྲགས་པ་འབར། །ལེགས་པར་འཆད་མཁས་དོན་ཀུན་ལྷུན་གྲུབ་པ། ཡོངས་འཛིན་བླ་མ་གསུམ་ལ་གསོལ་བ་འདེབས། །ཞེས་བློ་གསལ་གླིང་བླ་བརྒྱུད་ཀྱི་ཁ་སྐོངས་འདི་ནི་རབ་འབྱམས་པ་འཇམ་དབྱངས་འོད་ཟེར་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །མཁྱེན་པའི་སྤྱན་དཀྱུས་ཞགས་པས་ཤེས་བྱའི་མཐའ། །བཅིངས་ཚེ་བློ་ཆེན་མེས་པོའི་ཁེངས་པ་ཡང་། །ཐུང་ངུར་བྱེད་ནུས་མཁས་བཙུན་བཟང་པོ་ཡི། །གྲགས་པས་ས་སྟེང་ཁྱབ་ལ་གསོལ་བ་འདེབས། །སྨྲ་བའི་སྤོབས་པ་གཟེངས་མཐོ་འཇམ་དཔལ་དབྱངས། །དགའ་བའི་མཛའ་བཤེས་གཉེན་གྱུར་མགྲིན་མཚོའི་དབུས། །ཚངས་སྲས་ལྷ་མོ་བཞད་པའི་རྡོ་རྗེའི་མཚོན། །རྨོངས་ཆེན་དྲྭ་བ་གཅོད་ལ་གསོལ་བ་འདེབས། །ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ། །རྒྱ་ཆེན་འདོད་ཁམས་འཛིན་མར་དབྱར་མཚོ་བཞིན། །སྤེལ་ལ་གཞོམ་མེད་སྙིང་སྟོབས་གོ་ཆ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སླར་ཡང་ཕྱོགས་འདིའི་འདྲེན་པར་ངག་གི་དབང་། །བགྲང་ཡས་སྐལ་པར་བསྒྲུབས་པའི་བསོད་ནམས་ཀྱི། །ཕུང་པོ་འབད་རྩོལ་བྲལ་བར་ལྷུན་གྲུབ་པ། །མཚུངས་མེད་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །མདོ་སྟོད་ལུས་ཅན་མང་པོའི་དཔུང་གཉེན་དུ། །མགོན་ཁྱོད་རྡོ་རྗེའི་ཁྲི་ལ་རྟག་བརྟན་པར། །སྨོན་ལམ་རྩེ་གཅིག་བཏབ་པའི་རེ་བ་ཀུན། །(༡༥༥བ)


GLG015_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་དཀོན་ཅོག་གསུམ་གྱི་བྱིན་གྱིས་རློབས། །ཞེས་གསོལ་འདེབས་བརྟན་བཞུགས་དང་བཅས་པ་འདི་ནི་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་སྐུ་སྐྱེ་གྲགས་པ་ཆོས་འཛིན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །གྲུ་འཛིན་ལ་དགྱེས་ཕྱག་ན་པད་དཀར་འཆང་། །དཀོན་ཅོག་གསུམ་གྱི་འབངས་གྱུར་ས་སྤྱོད་དབང་། །གངས་ཅན་སྐྱེ་རྒུའི་གཉེན་གཅིག་སྲོང་བཙན་རྗེར། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཚངས་པ་ལྷ་ཡི་མེ་ཏོག་ཁྲི་སྲོང་ཞབས། །བཀའ་གདམས་བསྟན་པའི་མེས་པོ་རྒྱལ་བ་འབྲོམ། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ས་སྐྱ་པར། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱི་གཟིགས། །ཟབ་གཏེར་བྱེ་བའི་སྒོ་འབྱེད་ཉང་རལ་རྗེ། །ཆོས་ཀུན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། །དགེ་འདུན་རྒྱ་མཚོ་དབྱངས་ཅན་གྲུབ་པའི་སྡེར། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱི་གཟིགས། །ས་གསུམ་མགོན་པོ་བསོད་ནམས་རྒྱ་མཚོའི་དཔལ། །ཡོན་ཏན་རྒྱ་མཚོ་བདེ་ཆེན་ཆོས་ཀྱི་རྒྱལ། །འཇམ་དབྱངས་དགའ་བའི་བཤེས་གཉེན་དཔལ་བཟང་པོར། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཡིད་ཆེས་དང་བས་གསོལ་བ་རྩེ་གཅིག་ཏུ། །བཏབ་འབྲས་འདི་ཕྱིའི་ལེགས་ཚོགས་མ་ལུས་པ། །འགྲུབ་པའི་ཐུགས་རྗེ་སྙིང་ལ་རབ་འཇུག་པར། །རྩ་བརྒྱུད་བླ་མས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདིའང་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཡན་ཆད་སྤྲུལ་པའི་རོལ་གར་དུ་གོར་མ་ཆག་མོད། (༡༥༦ན)


GLG015_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་རང་ངོས་ནས་བཞུགས་གྲལ་དུ་དོག་འཚངས་ཀྱིས་རློམ་སེམས་མེད་ནའང་མདོ་སྟོད་ཆོས་རྗེ། སོག་དགའ་ལྡན་འཕེལ་རྒྱས་གླིང་གི་བླ་མ་བློ་བཟང་བདུད་འཇོམས་གྱི་ངོ་མ་བཟློག་པར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ། །མཆོག་གསུམ་འདུས་པའི་ངོ་བོར་གསོལ་འདེབས་ན། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །ཞེས་པའང་དགོན་ཐང་པ་དགོས་པ་རྡོ་རྗེའི་ངོར་ཟ་ཧོར་གྱི་བནྡེས་བཀོད། སྭསྟི་པྲ་ཛཱ་བྷྱཿ ཡང་སྲིད་མང་པོར་རབ་དཀར་རྣམ་སྨིན་ཆུས། །ལུས་ངག་ཡིད་གྱི་དྲི་མ་ཉེར་བཀྲུས་པས། །དབང་ཕྱུག་བརྒྱད་ལྡན་བློ་བཟང་གྲགས་པའི་བསྟན། །རྒྱ་མཚོའི་མཐའ་ཀླས་སྤེལ་ལ་གསོལ་བ་འདེབས། །རིས་བྲལ་འགྲོ་འདྲེན་ཁུར་ལ་མི་འཇིགས་པས། །གཅིག་ཏུ་མགོན་མེད་དམན་པར་བརྩེ་བའི་གོ །ཆ་ནས་རྫོགས་པ་དཀར་ཆའི་ཟླ་བ་ལྟར། །ཕན་བདེའི་ཀུནྡ་བཞད་ལ་གསོལ་བ་འདེབས། །འོག་མིན་ཞིང་དུ་ཉོན་མོངས་ཤེས་སྒྲིབ་དགྲ། །ཉེར་ཐུབ་མཆོག་སྤྲུལ་ཟློས་གར་མ་ག་དྷར། །ལེགས་བསྟན་རྣམ་གསུམ་ཆོས་འཁོར་རྒྱུད་མང་གླུ །སྐལ་ལྡན་རྣ་བར་མངར་ལ་གསོལ་བ་འདེབས། །ཐོས་དང་བསམ་པའི་བཅུད་ཀྱིས་བསྐྱེད་བསྲིངས་པས། །རབ་སྒོམ་ལང་ཚོའི་དར་དྲག་དོན་གཉིས་སྡེ། །རྣམ་བཞིའི་སྒོ་འཕར་སྐྱེ་རྒུའི་གསོས་སྨན་དུ། །འབྱེད་མཛད་རྗེ་བཙུན་བླ་མར་གསོལ་བ་(༡༥༦བ)


GLG015_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །ཡངས་པའི་བློ་ལ་འཇམ་དབྱངས་ཉེར་དགའ་བའི། །རྣམ་དག་བརྗོད་མཁས་གཏམ་གྱིས་གདུལ་བྱའི་ཚོགས། མངོན་མཐོ་ངེས་ལེགས་སར་བཀྲི་བཤེས་གཉེན་མཆོག །མཚུངས་མེད་ཡོངས་འཛིན་དམ་པར་གསོལ་བ་འདེབས། །མགྲིན་མཚོར་ཚངས་སྲས་ངང་མོ་རབ་བཞད་པའི། །གླུ་དབྱངས་རྡོ་རྗེས་རྨོངས་བྲག་ཕྱེར་འཐག་ཚེ། །གདོང་དྲུག་རྣམ་དཔྱོད་ལ་བསྙེམས་རིག་པའི་འཕྲུལ། །ལང་ཚོའི་ཆོ་ག་རྫོགས་ལ་གསོལ་བ་འདེབས། །ཚེ་མཐའ་ཡས་པའི་བདག་ཉིད་གར་གྱི་དབང་། །ཚེ་བྱིན་ཡིད་བཞིན་འཁོར་ལོ་རྒྱལ་ཡུམ་མར། །ཚེ་ལོ་བརྒྱད་ཁྲིར་སྤྱོད་དང་རྗེས་མཐུན་པར། །ཚེ་ཡི་དངོས་གྲུབ་སྩལ་ནས་བརྟན་བྱིན་རློབས། །བཀྲ་ཨུལ་ཇེའི་ཐུ། ཤིས་གཡང་དུ་ཆགས་པ་བསོད་ནམས་ལ། །དབང་ཕྱུག་བ་དུར་དཔའ་བོའི་རྒྱུད་བལྟམས་རིགས་ཀྱི་སྲས་ཐའི་ཇི། །ཚེ་འདིར་སྐྱིད་པའི་ཉི་མ་གནམ་གྱི་གུང་། །ཤར་བའི་བདེ་དྲོད་ཚོར་བ་རྟག་མྱོང་ཤོག །དུས་གསུམ་བསགས་དགེའི་གྲིབ་མ་སྐྱེ་སྲིད་འཕྲང་། །མཐོ་དམན་བར་མར་འཕུར་རྗེས་འབྲངས་པའི་འབྲས། །དལ་འབྱོར་རྟེན་ལ་དོན་ལྡན་སྙིང་པོ་རུ། །བླངས་ནས་མྱང་འདས་གྲོང་དུ་བགྲོད་པར་ཤོག །ལེགས་ལྡན་མྱུར་མཛད་མ་ཧཱ་ཀཱ་ལ་ཆེ། །ལྷ་ཆེན་ཉི་མའི་བུ་དང་རེ་མ་ཏི། །དཔལ་མགོན་བདུན་ཅུ་ལ་སོགས་དཀར་པོའི་ཕྱོགས། །སྐྱོང་བྱེད་རྣམས་ཀྱིས་མཐུན་རྐྱེན་སྒྲུབ་པར་ཤོག །གང་གིས་ལམ་བསྟན་རྒྱུད་ལ་གོས་པའི་སྐྱབས། །ལེགས་གྲུབ་བདེན་པ་རྟེན་འབྲེལ་བསླུ་མེད་པས། །སྨོན་པའི་རེ་བ་མཐའ་དག་སྐོང་བ་ཡིས། །དགའ་སྟོན་དཔལ་(༡༥༧ན)


GLG015_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱོད་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་འདི་ནི་ཨུལ་ཇེའི་ཐུ་བཱ་དུར་ཐའི་ཇེའི་རྒྱུན་གྱི་ངག་འདོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ལེགས་བྱས་ཕུན་ཚོགས་ཀྱིས་བསྐྲུན་དམ་ཆོས་དང་། །རབ་མཇལ་དལ་བའི་རྟེན་ལ་ཐོས་བསམ་གྱི། །དོན་ལྡན་སྙིང་པོར་བསྒྲུབ་པའི་ཡོངས་འཛིན་རྗེ། །རིག་པའི་དབང་ཕྱུག་དམ་པར་གསོལ་བ་འདེབས། །ཞེས་པའང་ར་བ་སྟོད་བརྒྱུད་པའི་ཁ་སྐོངས་སུ་དྲུང་ཆེན་ཕུན་ཚོགས་ཆོས་ལྡན་གྱི་གསོལ་འདེབས་འདི་ནི་ཉེ་གནས་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །བློ་ལྡན་ཡོངས་ཀྱི་བཏུད་བྱ་བསྐལ་བཟང་འདིའི། །བཞི་པ་ལྷར་བཅས་སྐྱེ་རྒུའི་མགོན་པོ་ཡི། །བསྟན་ལ་ཉེར་ཞུགས་ཐོས་བསམ་རྒྱན་མཛེས་པ། །མཚུངས་མེད་བླ་མའིཞབས་ལ་གསོལ་བ་འདེབས། །ཞེས་དཀྱིལ་ཁང་བླ་མ་བློ་བཟང་མགོན་པོའི་གསོལ་འདེབས་དགོས་ཚུལ་ལྟར་ཟ་ཧོར་བནྡེས་བྲིས། ན་མཿ སརྦ་ཛྙེ། དོན་ཀུན་གྲུབ་པ་དཔལ་ལྡན་ཤཱཀྱའི་རྒྱལ། །ཤེས་རབ་མཆོག་གྱུར་འཕགས་པ་ཤཱ་རིའི་བུ། །གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་པ་ལ། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །བྲམ་ཟེའི་རིགས་སུ་འཁྲུངས་པ་ས་ར་ཧ། །སངས་རྒྱས་གཉིས་པ་དཔལ་མགོན་ཀླུ་སྒྲུབ་ཞབས། །རྩ་ཤེའི་དགོངས་འགྲེལ་གུ་ཎ་མི་ཏྲ་ལ། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །གནས་ལྔ་མཁྱེན་པ་རིན་ཅེན་བཤེས་གཉེན་དཔལ། །སྲིད་(༡༥༧བ)


GLG015_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཟླ་བྲལ་གནས་བརྟན་ཆོས་སྐྱོང་ཞབས། །སློབ་དཔོན་ཆེན་པོ་གུ་ཎ་པ་ཏི་ལ། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག རིག་གནས་ཀུན་གཟིགས་ཆོས་ཀྱི་ཕྲེང་བ་དང་། །མཁས་པའི་དབང་པོ་འབྱུང་གནས་སྦས་པའི་རྗེ། །བསྟན་པའི་རྩ་ལག་ཆེན་པོ་ཤཱཀྱའི་རྒྱལ། གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །འཇམ་དཔལ་དབྱངས་དངོས་ས་སྐྱ་ལོ་ཙཱ་བ། ཁང་སྟོན་ཆེན་པོ་འོད་ཟེར་རྒྱལ་མཚན་དཔལ། །མཉམ་མེད་བླ་མ་གྲགས་པ་རྒྱལ་མཚན་ལ། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །མཐུ་སྟོབས་ལང་ཚོ་དར་དྲག་གཟུངས་ཀྱི་དཔལ། །ཚུལ་ཁྲིམས་ངད་ལྡན་དགེ་ལེགས་བཟང་པོ་དང་། །མཁས་གྲུབ་ཆེན་པོ་ཀུན་དགའ་བློ་གྲོས་ལ། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །ཐུབ་བསྟན་གསལ་མཛད་བྱམས་པ་ཆོས་རིན་ཅེན། །དེ་དབོན་ཁྲིམས་གཙང་བརྩོན་འགྲུས་རྒྱ་མཚོའི་ཞབས། །མཚུངས་མེད་ཆོས་རྒྱལ་མཁན་ཆེན་དཔལ་འབྱོར་ལ། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །ཟླ་བྲལ་ནམ་མཁའ་རྒྱལ་མཚན་གཉག་ཕུ་བ། །དགེ་ལུང་བླ་ཆེན་ནམ་མཁའ་དབང་ཕྱུག་དཔལ། །གནས་བརྟན་ཆེན་པོ་སངས་རྒྱས་འོད་ཟེར་ལ། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །དབྱངས་ཅན་བཞད་པ་ཀླུ་སྒྲུབ་རྒྱ་མཚོའི་སྡེ། །འཇམ་དབྱངས་དགའ་བའི་བཤེས་གཉེན་བྱམས་ཕྲུག་པ། རྒྱ་ཆེན་མང་ཐོས་གྲགས་པ་རྣམ་རྒྱལ་ལ། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །འདུལ་འཛིན་བྱམས་པ་བསོད་ནམས་བཀྲ་ཤིས་དཔལ། །ཡོངས་རྫོགས་བསྟན་པའི་ཉི་མ་ཞ་ལུ་པ། །རྩ་བའི་བླ་མ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་སྡེར་ཞེས་བསྒྱུར། མཁན་ཆེན་ཆོས་ཀྱི་རྗེར། །གསོལ་འདེབས་ཁྲིམས་ཀྱིས་རང་རྒྱུད་དུལ་བར་ཤོག །འཇིགས་སྐྱོབས་ལེགས་སྨོན་ཙམ་མིན་འཁོར་བ་ཀུན། །མེ་འོབས་ལྟར་མཐོང་ངེས་འབྱུང་བསེར་བུ་ཡིས། །ཉེར་དྲངས་ཚུལ་ཁྲིམས་ཙནྡན་དྲི་འཐུལ་ཞར། །སྲིད་པའི་ཚ་གདུང་(༡༥༨ན)


GLG015_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་སེལ་བར་ཤོག །ཡོན་ཏན་ཕུན་ཚོགས་མཁན་སློབ་དགེ་འདུན་དབུས། །འཁྲུལ་མེད་ལས་ཀྱི་ཆོ་ག་ལ་བརྟེན་ནས། །ཚེ་རབས་ཀུན་ཏུ་ཤཱཀྱའི་བསྟན་པ་ལ། །རབ་ཞུགས་ཡོངས་སུ་རྫོགས་པའི་དཔལ་ཐོབ་ཤོག །མངོན་པར་མཐོ་བའི་རིན་ཅེན་ཐེམ་སྐས་ལ། །འཛེགས་ནས་རང་བློ་རང་འཚམ་མྱང་འདས་ཀྱི། །རྣམ་གསུམ་ཁང་པར་ཞུགས་ནས་གཏན་འདུན་རྣམས། །ལྷུན་གྲུབ་དགའ་སྟོན་མཆོག་ལ་སྤྱོད་པར་ཤོག །བག་ཡོད་ནོར་འཛིན་གཞིར་བཙུགས་རྩ་བ་དང་། །ཡལ་འདབ་སྤང་གཉེན་འཁྲུལ་མེད་གཡུར་ཟ་བ། །སོ་ཐར་བསྟན་པའི་འབྲས་བུ་རོ་བརྒྱའི་བཅུད། །ཐར་འདོད་འཆི་མེད་སྤྱད་བྱར་དར་དྲག་ཤོག །རྟགས་ཙམ་འཛིན་ལ་རེ་བ་མི་འཆའ་བར། ཁྲིམས་ལྡན་དྲན་གསོའི་ངུར་སྨྲིག་གོས་མདངས་ཀྱིས། །འཆི་མེད་ལམ་གྱི་ཁ་དོག་སྒྱུར་ནུས་པ། །སྲིད་མཐའི་བར་དུ་འཕེལ་བའི་བཀྲ་ཤིས་ཤོག །ཞེས་སོ་ཐར་སྡོམ་བརྒྱུད་ཀྱི་གསོལ་འདེབས་འདི་ནི་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས་ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོར་ས་ཕོ་རྟའི་ལོ་ནགས་པའི་དཀར་ཆའི་རྒྱལ་བ་གསུམ་པ་ལ་རང་བྱུང་འཕགས་པའི་གཙུག་ལག་ཁང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བསྟན་འཛིན་དབང་པོའོ། །གང་ཤར་རང་སར་གྲོལ་བ་རིག་པའི་གདངས། །ཆེ་མཆོག་འདུས་པ་དཀྱིལ་འཁོར་རྒྱ་མཚོའི་གཙོ། །དུས་དགྲའི་དབང་པོ་ཟིལ་(༡༥༨བ)


GLG015_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་བཞད་པ་རྩལ། །ལྷུན་གྲུབ་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །སྙིང་དབུས་འདབ་བརྒྱའི་ཀེ་ས་ར་ཡི་རྩེར། །མགོན་ཁྱོད་འཆི་མེད་སྐུ་གསུམ་རིགས་འདུས་ལྷ། །ཚེ་མཐའ་ཡས་པའི་ངོ་བོར་རྟག་བཞུགས་ནས། །ཀུན་བཟང་རང་ངོ་འཕྲོད་མིན་རྗེས་འཛིན་ཤོག །ཅེས་པའང་སྔགས་བན་ངག་དབང་རྒྱ་མཚོའི་ཁ་ཏོན་ཏུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྩ་བའི་བླ་མ་འོད་དཔག་མེད་པ་དང་། །དབྱེར་མེད་གཅིག་ཏུ་སྙིང་ནས་གསོལ་འདེབས་ན། །སྐྱེ་བར་འབྲལ་མེད་རྗེས་སུ་ཉེར་བཟུང་སྟེ། །འདི་དང་གཏན་གྱི་མདུན་མ་ལྷུན་གྲུབ་ཤོག །ཅེས་པའང་དགེ་སློང་བློ་བཟང་ཀུན་དགའི་འདོད་པ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་སྔགས་རམས་པའོ། །བློ་ལྡན་མཁས་བཙུན་བཟང་པོའི་དཔལ་འོད་འབར། །བྱམས་པས་འགྲོ་ལ་བཀྲ་ཤིས་དགེ་ལེགས་སྩོལ། །དགེ་འདུན་འདུས་ཚོགས་གཙུག་ན་གྲགས་པའི་སྒྲ། །ཆེས་གསལ་རྣམ་གསུམ་བླ་མར་གསོལ་བ་འདེབས། །དགེ་བའི་ཡོན་ཏན་ཀུན་ལ་མཁྱེན་དཔྱོད་དང་། །བརྩོན་པས་རབ་འདུན་མཁས་གྲུབ་གྲགས་པ་ཡིས། །ཡོངས་ཁྱབ་བཤེས་གཉེན་དམ་པར་གསོལ་བ་འདེབས། །རྡོ་རྗེའ་ིཁྲི་ལ་གཡོ་མེད་བརྟན་པར་ཤོག །ཅེས་པ་འདིའང་གསང་བ་འདུས་པའི་དགེ་འདུན་དཀོན་ཅོག་སྟོད་རྒྱུད་མཁས་འདུས་གྲ་ཚང་གི་དབུ་མཛད་བློ་བཟང་དགེ་ལེགས། དགེ་བསྐོས་བློ་བཟང་རིན་ཅེན་སོགས་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་(༡༥༩ན)


GLG015_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རམས་པའོ། །ནོར་འཛིན་མ་འདི་མཚན་བཟང་འཁོར་ལོའི་ཞབས། །བཀོད་པའི་མོད་ལ་ཕུན་ཚོགས་འདོད་དོན་ཀུན། །ལྷུན་གྲུབ་གསེར་གྱི་མདོག་ཅན་ལྷ་ཡི་ལྷ། །མཉམ་མེད་ཟས་གཙང་སྲས་པོར་གསོལ་བ་འདེབས། །ཁྱོད་བསྟན་གངས་ལྡན་དཔལ་མོའི་བཞིན་རས་སུ། །ལེགས་བཤད་གནད་གསང་ལྟ་བའི་སྤྱན་གྱི་དཀྱུས། །རྣམ་དཔྱོད་སྨིན་མའི་ནགས་ཀླུང་རིང་པོ་ཡིས། །ཁྱབ་མཛད་ཨ་ཏི་ཤ་ལ་གསོལ་བ་འདེབས། །ཡི་དམ་འཕགས་པས་ལུང་བསྟན་ཇི་བཞིན་དུ། །ལྷ་ཆོས་བདུན་གྱི་རིང་ལུགས་བཀའ་གདམས་ཞེས། །དར་མཛད་ལག་ན་པད་དཀར་དགེ་བསྙེན་ཚུལ། །རྒྱལ་བའི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ཐོས་བསམ་ཕུང་པོའི་ལྗིད་ཀྱི་ལྗགས་རིང་པོ། །རྔུལ་བའི་ལེགས་བཤད་ཆུ་བོ་རྣམ་པ་བཞི། །ཐུབ་བསྟན་རྒྱ་མཚོར་འབབ་མཛད་བཙོང་ཁ་པ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐོར་གསུམ་རུ་བཞི་སྦར་གསུམ་ཆེན་པོ་ཧོར། །འདུལ་དཀའི་འགྲོ་འདྲེན་སྙིང་སྟོབས་རླབས་པོ་ཆེར། །སྦྱོང་བའི་རྒྱལ་སྲས་བསོད་ནམས་བྱ་བའི་ཞིང་། །རྒྱ་མཚོའི་གོས་མཐར་སྤེལ་ལ་གསོལ་བ་འདེབས། ངག་གི་རྒྱུད་ལས་འཆད་རྩོད་རྩོམ་པའི་གླུ། །འདྲེན་ལ་ཉེར་དབང་བློ་གྲོས་གར་མཁན་བྲོ། །ཐུབ་བསྟན་དོ་རར་བསྒྱུར་ཚེ་སྐལ་བཟང་ཀུན། །འོད་ཀྱི་བརྟན་པ་འཕྲོག་ལ་གསོལ་བ་འདེབས། །ཟབ་དང་རྒྱ་ཆེ་གཙུག་ལག་མ་ལུས་མ། །མཚོ་བྱུང་ཚངས་པའི་ལྷ་མོའི་བཀའ་དྲིན་ལས། །རྙེད་པ་རྒོལ་ངན་ཚོགས་ལ་འཇིགས་མེད་པའི། །སྤོབས་པ་དགེ་(༡༥༩བ)


GLG015_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གོ་ཆར་གསོལ་བ་འདེབས། །བདུད་བཞི་ཀུན་ཐུབ་ཤཱཀྱ་སེང་གེའི་བསྟན། །ཐོས་བསམ་སྒོམ་པའི་ལང་ཚོ་དར་དྲག་པས། །རིས་མེད་སྐྱེ་རྒུར་ཕན་བདེའི་སྒོ་འཕར་བརྒྱ། །འབྱེད་མཛད་མཆོག་གི་སྡེ་ལ་གསོལ་བ་འདེབས། །མི་བསྲུན་སྟོབས་རྣམས་འཕྲོག་བྱེད་གདོང་པ་ལྔས། །གྱེན་བཏེགས་རྡོ་རྗེས་མཚན་པའི་ཁྲི་ཆེན་པོར། །གཞོམ་མེད་གཡུང་དྲུང་ལྟ་བུར་རབ་བརྟན་པར། །དཀོན་ཅོག་ཐུགས་རྗེའི་དཔུང་བསྐྱེད་དགེ་ལེགས་སྩོལ། །བདག་སོགས་སྟོན་ཟླ་ལྟར་དཀར་དག་པའི་སེམས། །ཤུགས་དྲག་ཡོངས་བཏབ་སྨོན་ལམ་ཨ་མྲའི་འབྲས། །སྨིན་པའི་རོ་བདའི་ཟས་ལ་ཉི་འོག་གི །ལུས་ཅན་མཐའ་དག་ལོངས་སུ་སྤྱོད་པར་ཤོག །ཚེ་མཐའ་ཡས་དང་ཡིད་བཞིན་འཁོར་ལོ་མ། །རྣམ་པར་རྒྱལ་སོགས་འཆི་མེད་གྲུབ་རྣམས་ཀྱིས། །བྱིན་རློབས་ཟིལ་མངར་ཆད་པ་མེད་པའི་རྒྱུན། །སྙིང་གི་ཟ་མ་ཏོག་ཏུ་འཁྱིལ་བར་ཤོག །སྒང་གསུམ་སྟོད་སྣང་ཡུལ་གྲུ་རབ་ཡངས་པར། །དགེ་ལྡན་ལུགས་འཛིན་གསེར་མདོག་ཞྭ་ཡི་འོད། །ལེགས་གསལ་བཤད་སྒྲུབ་ལྗོན་པའི་གྲིབ་བསིལ་དུ། །འགྲོ་ཀུན་བདེ་བའི་ངལ་གསོར་སྤྱོད་པར་ཤོག །དགའ་བདེའི་དཔལ་ལྡན་གནམ་བསྐོས་ཕོ་བྲང་ཆེའི། ཁྲིམས་གཉིས་བཀའ་བཏགས་བཙན་པོའི་གསེར་གྱི་ཤིང་། །རྒྱ་ཧོར་བོད་དང་བོད་ཆེན་གཉའ་བ་རུ། །རབ་ལྕིས་སྐྱིད་པའི་ཉི་མ་དགུང་འཆར་ཤོག །ཕྱོགས་འདིར་དགེ་འདུན་སྡེ་རྒྱས་ཡིད་ཅན་རྣམས། །དུས་ཀྱི་ཆད་པ་ལེགས་བྲལ་འབྲུ་བཅུད་ཚོང་། །རིན་ཅེན་གཏེར་ཁ་ལ་སོགས་འདོད་དགུ་ཀུན། །རྫོགས་ལྡན་གཉིས་པའི་དགའ་སྟོན་ལ་སྤྱོད་ཤོག །སྟོན་དང་དེའི་གསུང་(༡༦༠ན)


GLG015_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པོ་གཏན་གྱི་སྐྱབས། །འཆི་མེད་དྲང་སྲོང་བདེན་པའི་ཚིག་ལ་དབང་། །ཁྱད་པར་མྱུར་མཛད་མགོན་པོ་མ་ཧེའི་ཞལ། །འདོད་ཁམས་དབང་མོས་བསམ་དོན་ལྷུན་གྲུབ་མཛོད། །ཅེས་གསོལ་འདེབས་སྨོན་ལམ་གྱི་རིམ་པ་ཤློ་ཀ་ཁ་ཡར་ཡོད་པ་ཞིག་ཁམས་ཕྱོགས་ཀྱི་ཆོས་སྡེ་ཚོར་འཛུགས་རྩིས་ཡིན་པས་དགོས་ཚུལ་འབའ་ལྷུན་གྲུབ་རབ་བརྟན་གྱི་རྫོང་སྡོད་འབྲི་ལུང་ལེགས་ལྡན་ཕུན་ཚོགས་ཀྱིས་བྱུང་བ་དང་། སླར་དེ་དང་མཐུན་པར་མི་ཉག་དགོན་གསར་དགའ་ལྡན་ཆོས་གླིང་བླ་མ་ཉག་རེ་བློ་བཟང་རྒྱལ་མཚན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །རྣམ་པར་སྣང་མཛད་ཀུན་རིག་ཁྱབ་བདག་ཆེ། །ཕྱག་ན་རྡོ་རྗེ་རྒྱལ་པོ་རབ་གསལ་ཟླ། །སྒྲ་གཅན་འཛིན་དང་སློབ་དཔོན་ཀུན་སྙིང་ལ། །གསོལ་བ་འདེབས་སོ་ངན་སོང་སྦྱོང་བྱིན་རློབས། པྲ་ཛྙཱ་ཝ་ལི་པྲ་ཛྙཱ་བོ་དྷི་དང་། །མུཀྟི་ཀོ་ཥ་དྷརྨ་པཱ་ལའི་ཞབས། །དཱི་པཾ་ཀཱ་ར་དོ་པ་སྒོམ་ཆེན་ལ། །གསོལ་བ་འདེབས་སོ་ངན་སོང་སྦྱོང་བྱིན་རློབས། །སྐྱི་ནོར་ཛྙཱ་ན་ཉི་མ་ཤེས་རབ་དང་། །སྣུར་ཆེན་ཉི་འོད་རྡོ་རྗེ་སེང་གེ་གཤེན། །གླན་སྟོན་ཆོས་འབྱུང་ཤཱཀྱ་འབུམ་པ་ལ། །གསོལ་བ་འདེབས་སོ་ངན་སོང་སྦྱོང་བྱིན་རློབས། །འཛིམ་པ་རིན་ཤེ་ཡང་རྩེ་རིན་ཅེན་སེང་། །ཀུན་མཁྱེན་བུ་སྟོན་ཐུགས་སྲས་ལོ་ཙཱ་བ། །ནམ་མཁའ་མཆོག་གྲུབ་རིན་ཅེན་དཔལ་གྲུབ་ལ། །གསོལ་བ་འདེབས་སོ་ངན་སོང་སྦྱོང་བྱིན་རློབས། །མཁྱེན་རབ་ཆོས་རྗེ་གནས་བརྟན་ཆོས་ལེགས་པ། །བསྟན་བཟང་བྱང་གླིང་བཀྲ་ཤིས་རྒྱལ་མཚན་ཞབས། །སངས་རྒྱས་ཚེ་དཔལ་རིན་ཅེན་རྒྱལ་མཚན་ལ། །(༡༦༠བ)


GLG015_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ་ངན་སོང་སྦྱོང་བྱིན་རློབས། །རྣལ་འབྱོར་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་ཆེ། །ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་དང་། །སྨིན་གྲོལ་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ངན་སོང་སྦྱོང་བྱིན་རློབས། །ངན་སོང་རྣམ་པར་སྦྱོང་བའི་རྒྱུད་ཆེན་པོར། །བསྒྲུབ་ཅིང་མཆོད་པའི་ག་བུར་ཟེགས་མ་ཡིས། །བརྣག་དཀའ་སྡུག་བསྔལ་ཚ་གདུང་ཀུན་བཅིལ་ཏེ། །གནས་སྐབས་མཐོ་རིས་རྟེན་བཟང་རྙེད་པར་ཤོག །སྲིད་པའི་ཆུ་གཏེར་ཆེ་ལས་སྒྲོལ་བའི་གྲུ། །རྡོར་སེམས་ཐུགས་རྗེའི་རླུང་གིས་ཉེར་བསྐྱོད་ནས། །མ་སྨད་ངེས་ལེགས་རིན་ཅེན་གླིང་ཡངས་པོར། །ཉེར་བགྲོད་སྐལ་པ་བཟང་པོར་བདག་འགྱུར་ཤོག །འདིས་མཚོན་བསོད་ནམས་བྱས་པའི་ཕུང་པོ་ཀུན། །ནམ་མཁའི་མཐའ་ཡིས་འཇལ་དཀའ་མ་གྱུར་འགྲོ །ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཆེ། །རིང་མིན་མངོན་དུ་འགྱུར་བའི་རྒྱུ་རུ་བསྔོ། །ཞེས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་གི་བརྒྱུད་པ་དཔལ་ལྡན་བླ་མ་དམ་པ་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་བར་དུ་ཉེ་བར་བྱོན་པའི་བརྒྱུད་ཚུལ་བཞིན་ངག་དབང་ལེགས་མཆོག་གི་སྐྱེ་རྟགས་སུ་ལོ་ལོ་བཞིན་ཀུན་རིག་སྟོང་རྩ་གཏོང་དགོས་ཚུལ་ལྟར་བཙུགས་པའི་ཚེ་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བརྗོད་པ་ཉེར་གཙང་ངག་ལ་རབ་དབང་བློའི། །བཟང་པོའི་བག་ཆགས་མཐུ་བརྟས་རྒྱ་ཆེན་གཞུང་། །མཚོ་ལྟར་གཏིང་ཟབ་སྨྲ་བར་སྤོབས་པ་ཅན། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །རྣམ་དག་བློ་ཡིས་བཟང་པོའི་སྨོན་ལམ་གྱི། །ས་བོན་བཏབ་པའི་ཡལ་འདབ་དར་དྲག་རྩེར། །(༡༦༡ན)


GLG015_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་འབྲས་བུ་རབ་རྒྱས་དགའ་སྟོན་ཆེ། །སྤེལ་མཛད་ཡོངས་འཛིན་བླ་མར་གསོལ་བ་འདེབས། །ཞེས་ངེད་རང་དང་སྡེ་དྲུག་མཁན་པོ་བློ་བཟང་དར་རྒྱས་ཀྱི་གསོལ་འདེབས་བརྟན་བཞུགས་དགོས་ཚུལ་ཉི་ཐང་གཉལ་པའི་གྲ་རྒྱུན་རྣམས་ཀྱིས་བསྐུལ་བ་ལྟར་བརྟན་བཞུགས་བྱེད་ན་ཞབས་བརྟན་ཤོག་ལ་བསྒྱུར་ཆོག་རྩིས་ཀྱི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བདེ་ལྡན་མགོན་གྱི་སྲས་མཆོག་པད་དཀར་འཆང་། །སྤེལ་པའི་གར་མཁན་རྒྱལ་བུ་འཇིག་རྟེན་དབང་། །ཐུབ་དབང་སྤྱན་སྔར་ཁྱེའུ་སྣང་བའི་ཞབས། །སྒྲུབ་པ་ལྷུར་ལེན་གསལ་བར་གསོལ་བ་འདེབས། །གཉིད་རྨུགས་ལེ་ལོ་རབ་སྤངས་ཆགས་པ་མེད། །དྲན་ཤེས་བག་ཡོད་རྒྱལ་བུ་ཀུན་ཏུ་དགའ། །རང་གི་ཉེས་པ་མི་གསང་ལྷ་སྐྱེས་ཞབས། །རྩེ་ལྡན་དཀོན་ཅོག་འབངས་ལ་གསོལ་བ་འདེབས། །རྙེད་བཀུར་ཁེ་དྲེགས་སྤངས་པའི་དད་པ་བརྟན། །བྱས་ལ་དྲིན་བཟོ་དད་པ་རབ་ཏུ་བརྟན། །བྱང་ཆུབ་སེམས་ཀྱིས་རྒྱུད་དལ་བློ་གྲོས་འཇལ། །དད་ལྡན་དགའ་འཛིན་ཞབས་ལ་གསོལ་བ་འདེབས། །དམན་ཆ་བླངས་པའི་དགེ་བསྙེན་བཙུན་པའི་ཞབས། །འཕགས་པའི་ཡོན་ཏན་མངའ་བ་ནོར་བུ་བཟང་། །འདུ་འཛི་མ་ལུས་སྤངས་པའི་ཟླ་བ་དང་། །བག་ཡོད་རིན་ཅེན་སྙིང་པོར་གསོལ་བ་འདེབས། །ཀུན་ལ་དད་བའི་སེམས་འཆང་པདྨའི་མཚན། །དགེ་བའི་བཤེས་གཉེན་བསྟེན་པའི་འོད་ཟེར་ཞབས། །ཆགས་སོགས་མི་དགེ་ཡོངས་སྤངས་བྱམས་པ་ཆེ། །བརྩོན་ལྡན་སེང་གེའི་སྒྲ་ལ་གསོལ་བ་འདེབས། །(༡༦༡བ)


GLG015_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གདམས་ངག་དྲན་པའི་བདེ་བ་མཆོག །སྒྱུ་མ་སྤྲུལ་པར་ཤེས་པ་ལྷའི་རྒྱལ་པོ། །བས་མཐའ་དགོན་པར་གནས་པའི་དགེ་འདུན་འཕེལ། །ཡིད་བརྟན་སྲོ་ལོང་ཀུན་སྒྱུར་གསོལ་བ་འདེབས། །འཕགས་ནོར་བདུན་ལྡན་རྒྱལ་པོ་སྐྱབས་སྦྱིན་དང་། །བོད་ཡུལ་མི་རྗེའི་ཐོག་མ་གཉའ་ཁྲི་བཙན། །ཐུབ་བསྟན་དབུ་བརྙེས་ཐོ་རི་སྙན་ཤལ་ཞབས། །མངའ་བདག་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །ཏིང་འཛིན་གཡོ་མེད་ཁྲི་སྲོང་ལྡེའུ་བཙན། །དགེ་འདུན་གཙུག་མཆོད་ཁྲི་ལྡེ་སྲོང་བཙན་དང་། །ཆོས་རྒྱལ་བྱང་ཆུབ་སེམས་དཔལ་དགེ་བ་དཔལ། །ཁ་ཆེ་དགོན་པ་བ་ལ་གསོལ་བ་འདེབས། །བཀའ་གདམས་མེས་པོ་རྒྱལ་བའི་འབྱུང་གནས་དཔལ། །འཁོར་ལོའི་མགོན་པོ་སྙིང་པོའི་མཚན་ཅན་ཞབས། །རྟོགས་པའི་བདག་ཉིད་འགྲོ་མགོན་གཡུ་བྲག་པ། །གཏེར་ཆེན་མངའ་བདག་ཉང་ལ་གསོལ་བ་འདེབས། །གསོ་རིག་རྒྱ་མཚོའི་མཐར་སོན་དགེ་བ་འབུམ། །གནས་ལྔ་མཁྱེན་པ་པདྨ་བཛྲ་དང་། །ཆོས་ཀུན་མཁྱེན་པའི་དབང་ཕྱུག་དགེ་འདུན་གྲུབ། །དབྱངས་ཅན་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །མཁྱེན་བརྩེ་ནུས་མངའ་བསོད་ནམས་རྒྱ་མཚོའི་ཞབས། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ། །དམ་པ་རྣམས་དང་ལས་སྨོན་ཡོངས་འབྲེལ་བ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །པད་རྩ་ལྟར་དཀར་དང་བས་བསྐྲུན་པའི་དགེས། །མགོན་ཁྱོད་མ་དག་འགྲོ་བའི་དཔུང་གཉེན་དུ། །ཚེ་མཐའ་ཡས་པ་ཇི་བཞིན་ནམ་མཁའི་མཐའ། །རྙེད་མིན་དེ་སྲིད་གཡུང་དྲུང་(༡༦༢ན)


GLG015_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བརྙེས་ཤོག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་བར། །དགེ་བའི་བཤེས་གཉེན་ཁྱོད་དང་མི་འབྲལ་ཞིང་། །གནས་སྐབས་ཚེ་དཔལ་སྟོབས་འབྱོར་དབང་ཐང་ཀུན། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །སྤྱི་དང་ཁྱད་པར་མཉམ་མེད་བཙོང་ཁ་པའི། །ཆོས་སྲིད་ཟུང་འབྲེལ་བསྟན་པ་དབང་གི་རྒྱལ། །འཛམ་གླིང་ཡོངས་ཀྱི་རྒྱལ་མཚན་རྩེར་མཆོད་ནས། །བདེ་སྐྱིད་འདོད་དགུའི་ཆར་གྱིས་ཚིམ་པར་ཤོག །འཇིག་རྟེན་གསུམ་གྱི་དགའ་ཚལ་ར་བ་རུ། །དཀོན་ཅོག་བདེན་པའི་ཚིག་གི་བཀྲ་ཤིས་གླུ། །ཨ་མྲའི་འཁྲི་ཤིང་རབ་རྒྱས་འབྲས་བུ་ལ། །ལོངས་སུ་ཉེར་སྤྱོད་སྐལ་བཟང་ཐོབ་པར་ཤོག །དེ་ཡང་གླེགས་བམ་རིན་པོ་ཆེའི་ལེའུ་ཉེར་གཉིས་པོ་ནས་གསུངས་པ་རྣམས་ཞུས་ལན་ནོར་བུའི་འཕྲེང་བའི་རྩ་ཚིག་ལ་བརྟེན། རྔོག་གིས་དྲི་བ་ཞུས་པའི་ལན་དུ་མཛད་པ་ལས་སྔ་ཕྱིའི་གོ་རིམ་ལ་ངེས་པ་མེད་ཅིང་། གཉའ་ཁྲི་བཙན་པོ་མན་ཆད་ཀྱང་ཐུགས་རྒྱུད་གཅིག་པ་སོགས་ལས་ཡང་སྲིད་སྔ་ཕྱིའི་དུས་འགྲིག་མི་འགྲིག་སྣ་ཚོགས་གཏན་ཚིགས་ཀྱིས་བསྒྲུབ་དཀའ་བ་ཐེ་ཚོམ་མི་འཚལ་ཞིང་ཤློ་ཀ་རེར་བླ་མ་བཞི་རེ་ཚང་བའི་གསོལ་འདེབས་རིན་ཅེན་འཕྲེང་མཛེས་སྨོན་ལམ་དང་བཅས་པ་འདི་ནི་དཔལ་གྲོང་སྔགས་རམས་ལ་གསོལ་དཔོན་ངག་དབང་དགེ་ལེགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པའང་བསྐུལ་བ་པོ་ཉིད་དོ། །རབ་འབྱམས་གཞུང་བརྒྱ་སྨྲ་བ་ངག་གི་དབང་། །རྣམ་དཀར་འཕྲིན་ལས་ལྷུན་གྱིས་ཡོངས་གྲུབ་དཔལ། །ཐར་པའི་ལམ་གྱི་ས་མཁན་དགེ་བའི་བཤེས། །མཚུངས་(༡༦༢བ)


GLG015_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །མགོན་ཁྱོད་བདག་སོགས་གདུལ་བྱའི་བསོད་ནམས་ཞིང་། །རྡོ་རྗེའི་ཁྲི་ལ་མི་གཡོ་རྟག་བརྟན་ཅིང་། །ཟབ་དང་རྒྱ་ཆེའི་ཆོས་འཁོར་ལེགས་བསྐོར་ནས། །སྨིན་གྲོལ་ལམ་གྱི་འཇུག་པ་མཐར་ཕྱིན་ཤོག །ཅེས་སློབ་དཔོན་ངག་དབང་འཕྲིན་ལས་ལྷུན་གྲུབ་ཀྱི་གྲྭ་རིགས་རྣམས་ཀྱིས་འདི་ལྟ་བུ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། མི་ཕྱེད་དད་པའི་མེ་ལོང་དངས་གསལ་ངོས། །རྗེ་བཙུན་བླ་མའི་སྣང་བརྙན་ཡོངས་ཤར་བར། །རྩེ་གཅིག་གསོལ་བ་འདེབས་ན་བྱང་ཆུབ་བར། །འབྲལ་མེད་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །ཅེས་པའང་ཨེར་ཁ་པཎྜི་ཏའི་མཆིས་འབྲང་སུ་དྷིའི་ཁ་དོན་དུ་བྲིས།གུར་ཀུམ་མདོག་ཅན་དྷིཿ ཡིག་ལྗགས་སྟེང་ནས། །ཞུ་བའི་རང་གི་བརྗོད་པ་རལ་གྲིའི་རྩེས། །རྨོངས་པའི་དྲ་བ་གཅོད་ལ་དབང་ཕྱུག་བློ། །གསེར་མངལ་ཅན་གྱི་རྗེས་འགྲོར་གསོལ་བ་འདེབས། །བསྐལ་བཟང་སངས་རྒྱས་བཞི་པ་ཤཱཀྱའི་རྒྱལ། །ཟབ་དང་རྒྱ་ཆེའི་སྡེ་སྣོད་རིན་ཅེན་གསུམ། །འཛིན་པའི་རྣམ་དཔྱོད་དབྱར་མཚོ་ལྟར་འཕེལ་པས། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །སྨིན་བྱེད་དབང་ལས་བྱུང་བའི་རང་བྱུང་གི །ཡེ་ཤེས་དོན་གྱི་ཕྱག་རྒྱ་ཆེན་པོའི་ལམ། །མངོན་གྱུར་དེ་སྲིད་འབྲལ་མེད་རྗེས་བཟུང་ནས། །མི་འཇིགས་བཞི་ལྡན་གོ་འཕང་ལ་སྤྱོད་ཤོག །ཅེས་པ་འདིའང་མཁན་ཆེན་ངག་དབང་འཕྲིན་ལས་ཀྱི་ཞལ་འདོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །(༡༦༣ན)


GLG015_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ངོ་བོ་བློ་བཟང་གྲགས་སྙན་བསྟན། །འཛིན་པར་བསོད་ནམས་ས་བོན་དར་དྲག་ལས། །ཡེ་ཤེས་མཆོག་གི་ཡོངས་འདུ་ས་བརྟོལ་རྩེར། །སྤྲུལ་སྐུའི་འབྲས་བཟང་སྨིན་ལ་གསོལ་བ་འདེབས། །ས་ཆེན་རབ་འབྱོར་རིགས་ལྡན་འཇམ་དཔལ་གྲགས། །འཇིགས་མེད་འབྱུང་གནས་ས་སྐྱ་ལོ་ཙཱ་སོགས། །འཕགས་བོད་མཁས་གྲུབ་ཡང་སྲིད་མུ་ཐི་ལ། །ཐུགས་བསྐྱེད་སྲད་བུར་བརྒྱུས་ལ་གསོལ་བ་འདེབས། །མཚན་དཔེའི་སྐུ་ཡིས་མཐོང་བ་དོན་དང་ལྡན། ཚངས་པའི་གསུང་གི་ཐོས་རྣམས་རྣམ་པར་གྲོལ། །ཀུན་གཟིགས་ཐུགས་ཀྱིས་དྲན་རེག་རྗེས་འཛིན་པ། །འགྲོ་འདྲེན་དེད་དཔོན་ཆེན་པོར་གསོལ་བ་འདེབས། །ཡོན་ཏན་མི་ཟད་གངས་ཅན་རི་བོ་ནས། །འཕྲིན་ལས་འཁོར་མཐའ་ཆད་མེད་གངྒཱའི་རྒྱུན། །ཕན་བདེའི་རྒྱ་མཚོ་ཚངས་པའི་ཡུལ་སའི་བར། །འཕྱུར་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །འཆད་ལ་བརྗོད་པ་སྙན་འཇེབས་དབྱིག་གི་གཉེན། །རྩོད་ངག་རྒོལ་ངན་ཚར་གཅོད་ཆོས་ཀྱི་གྲགས། །རྩོམ་པའི་སྤོབས་པ་ས་སྤྱོད་དགེ་དབང་གི །གྲིབ་མར་བལྟོས་མིན་མཆེད་ཟླར་གསོལ་བ་འདེབས། །མཁྱེན་རབ་རལ་གྲིས་དཔུང་མཛེས་འཇམ་པའི་དབྱངས། །རིས་མེད་འགྲོ་ལ་རྗེས་བརྩེ་པད་དཀར་འཆང་། །ཡིད་སྲུབས་སྡེ་བཅས་གཉེན་པོར་མཐུ་ཆེན་ཐོབ། །རིགས་གསུམ་སྒྱུ་དྲའི་གར་ལ་གསོལ་བ་འདེབས། །ཆོས་ཀུན་མ་ལུས་མཁྱེན་པས་མཁས་རྩེར་སོན། །བག་ཡོད་ཙནྡན་ངད་འཐུལ་བཙུན་པའི་མཆོག །བདག་གཞན་མཉམ་བརྗེའི་ལྷག་བསམ་(༡༦༣བ)


GLG015_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་གར། །སྐལ་ལྡན་འགྲོ་ངོར་བསྒྱུར་ལ་གསོལ་བ་འདེབས། །ལུས་ཅན་བསོད་ནམས་ནོར་འཛིན་ཡངས་པའི་ལྟོར། །ལུང་རྟོགས་ཤིང་རྟས་མངོན་མཐོ་ངེས་ལེགས་ནོར། །འདྲེན་ལ་སྲས་བཅས་རྒྱལ་བས་མགྲིན་གཅིག་ཏུ། །རབ་བསྔགས་མེ་ཏོག་འཐོར་ལ་གསོལ་བ་འདེབས། །གསང་གསུམ་རྒྱན་གྱི་འཁོར་ལོའི་མཛད་པའི་གཟུགས། །ཤོང་སྣོད་སྲིད་འདིར་མ་རྙེད་ནམ་མཁའི་མཐའ། །བརྒལ་དོགས་མེས་པོས་དགུ་ཚིགས་སྐ་རགས་ཀྱིས། །འཆིང་བའི་སྒྱུ་ཐབས་བསྒྱུར་ལ་གསོལ་བ་འདེབས། །ཐུགས་རྗེ་ཀཏྤུ་ར་ཡི་ཟེགས་མའི་རྡུལ། །འབུམ་ཕྲག་འཛག་པ་ཟླ་བའི་འོད་ཟེར་གྱིས། །སྐལ་བཟང་གདུལ་བྱའི་ཀུནྡ་རབ་བཞད་པའི། །མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །གདོང་ལྔས་ལེགས་བཏེག་རྡོ་རྗེས་ཉེར་མཚན་ཁྲིར། །འོག་མིན་ཞིང་གཙོའི་ལོངས་སྤྱོད་རྫོགས་སྐུ་བཞིན། །འཁོར་བ་མཐའ་ཅན་དེ་སྲིད་ཞབས་པད་ཟུང་། །རབ་བརྟན་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །ཆོས་དཀར་ལེགས་བྱས་དྲང་སྲོང་ཆུ་ལྷའི་བུས། །བདག་སོགས་སྒོ་གསུམ་ཉལ་འགྲོའི་དྲི་མ་ཀུན། །ཉེར་བཀྲུས་ཁྱོད་གསུང་ཡན་ལག་བརྒྱད་ལྡན་ཆུར། །རྟག་ཏུ་སྤྱོད་པའི་སྐལ་བཟང་རྙེད་པར་ཤོག །ཁྱོན་ཡངས་ས་ཆེན་དུམ་བུ་བཅུ་གཉིས་ལ། །འཁོར་ལོས་སྒྱུར་བའི་འདུས་པ་ཐོག་མ་རུ། །སྐྱེས་ཏེ་དང་པོའི་སངས་རྒྱས་རྒྱུད་རྒྱལ་གྱི། །སྨིན་གྲོལ་བདུད་རྩི་ངོམས་མེད་འཐུང་བར་ཤོག །ཅེས་པ་འདིའང་ཡོངས་རྫོགས་བསྟན་པའི་རྒྱལ་སྲིད་ལ་མངའ་སྒྱུར་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་(༡༦༤ན)


GLG015_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་སྤྲུལ་པའི་སྐུ་བློ་བཟང་ཡེ་ཤེས་ལ་གསོལ་འདེབས་བརྟན་བཞུགས་སུ་ཟ་ཧོར་གྱི་བནྡེས་དང་བའི་ཡིད་གྱི་སྒོ་ནས་བགྱིས་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །སྣང་མཐའི་མགོན་ལ་བརྟེན་ནས་ཟབ་རྒྱས་ཀྱི། །ཆོས་ཕུང་རྒྱ་མཚོར་ཐོས་བསམ་རྩེར་སོན་ཏེ། །ཐུབ་བསྟན་ཡར་ངོའི་ཟླ་ལྟར་འཕེལ་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདིའང་ཐོས་བསམ་གླིང་གྲྭ་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །སྣང་བ་མཐའ་ཡས་སྲས་ཀྱི་ཐུ་བོ་མཆོག །ཕྱག་ན་པད་དཀར་འཛིན་པས་རྗེས་བཟུང་ནས། །ཚེ་རབས་མང་པོར་བག་ཆགས་ཡོངས་སད་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཤཱཀྱ་སེང་གེའི་མདོ་རྒྱུད་གསུང་རབ་དང་། །ཐ་སྙད་གཙུག་ལག་རིག་པའི་གནས་མང་པོར། །དཔྱད་གསུམ་རྣམ་པར་དག་པས་ལེགས་ཐོས་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །མཐའ་ཀླས་ཤེས་བྱར་སྲིད་པའི་ཆོས་ཚུལ་གྱི། །གནས་ལུགས་ཀུན་ལ་ཞིབ་མོར་ཉེར་བསམ་པས། །འཁྲུལ་བྲལ་ཇི་བཞིན་ཡིད་ངོར་རབ་ཤར་བ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །གཡོ་མེད་ཞི་གནས་ཆུ་ནང་ལྷག་མཐོང་གཟུགས། །རབ་གསལ་བསྐྱེད་དང་རྫོགས་པའི་རིམ་པ་ལ། །རྣལ་འབྱོར་མཆོག་ལ་ལེགས་བསྒོམས་ཉམས་མྱོང་ཅན། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཐུབ་


GLG015_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་སྤྱི་དང་ཁྱད་པར་འཇམ་དཔལ་དབྱངས། །ངུར་སྨྲིག་ཟློས་གར་བློ་བཟང་གྲགས་པ་ཡི། །དགོངས་དོན་འགྲེལ་ལ་འཆད་བརྩོད་རྩོམ་མཁས་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །མ་དུལ་རང་རྒྱུད་གླང་པོའི་སྣ་ཞགས་ལ། །ཚུལ་ལྡན་ཁྲིམས་ཀྱི་ལྕགས་ཀྱུ་རྣོན་པོ་ཡིས། །ཉེར་བཏབ་བག་ཡོད་བཙུན་པའི་ངང་ཚུལ་ཅན། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །རིས་སུ་མ་ཆད་སྐྱེ་རྒུ་མཐའ་དག་ལ། །ཕན་འདོད་ལྷག་བསམ་བཟང་པོ་སྟོན་དུས་ཀྱི། །རི་བོང་འཛིན་པའི་དཀྱིལ་འཁོར་ལྟར་དཀར་བ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེར། །མི་ཕྱེད་སྙིང་ནས་གསོལ་བ་བཏབ་པའི་མཐུས། །འདི་ཕྱི་གཏན་གྱི་མདུན་མ་མཐའ་ཀླས་པ། །རེ་བ་ཇི་བཞིན་འགྲུབ་པར་བདག་བྱིན་རློབས། །དཀོན་ཅོག་ཐུགས་རྗེའི་ནམ་མཁའ་ཆེར་ཡངས་ལས། །བྱིན་རླབས་ཆར་གྱིས་ཞིང་ས་ཡོངས་བརླན་པའི། །འབྱུང་གནས་གདན་གསུམ་ཚང་བའི་བཤེས་གཉེན་མཆོག །ངག་དབང་བློ་བཟང་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་པ་འདིའང་བསྟན་པ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་སྟོབས་ཀྱི་དབང་ཕྱུག་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོས་ཤློ་ཀ་ཐམས་ཅད་ལ་ངེད་རང་གི་མིང་སྒྲ་ཚང་བའི་གསོལ་བ་འདེབས། མང་ཉུང་འཚམ་པ་གྲ་ཚང་གསར་རྙིང་ཚོར་ཡང་བཙུགས་ཆོག་པ་ཞིག་དགོས་ཞེས་བསྐུལ་མ་མཛད་པ་ལྟར་ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་


GLG015_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པ་ཛ་ཡནྟུ། །ཀརྨི་ར་པའི་པཎ་ཆེན་སེང་གེའི་ཁྲིར། །བློ་གྲོས་རབ་ཡངས་མཁས་བཙུན་བཟང་པོ་ཡི། །ལུང་རྟོགས་བསྟན་པ་འཕེལ་མཛད་དགེ་བའི་བཤེས། །མཁན་ཆེན་རྣམས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཞེས་ཆུ་མིག་མཁན་ཆེན་བློ་བཟང་བསྟན་འཕེལ་གྱི་གསོལ་འདེབས་འདི་ནི་བློ་བཟང་བསྟན་དར་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། ཨོ་རྒྱན་མཁན་པོས་རྗེས་བཟུང་ལྷའི་མེ་ཏོག །སྐུ་སྤྲུལ་མཐུ་སྟོབས་ཉི་མའི་འོད་ཟེར་གྱིས། །བདུད་སྡེའི་མུན་འཇོམས་འཁོར་འདས་ཕྱག་རྒྱ་ཀུན། །ཟིལ་གནོན་དྲག་པོ་རྩལ་ལ་གསོལ་བ་འདེབས། །གསུང་སྤྲུལ་ཐེག་དགུའི་ཆོས་ཀྱི་བང་མཛོད་ལ། །དབང་ཕྱུག་སྨིན་གྲོལ་གདམས་པའི་གཏེར་སྒོ་བརྒྱ། །རབ་ཕྱེ་སྐལ་བཟང་གདུལ་བྱར་འབྱེད་མཛད་པ། །གང་ཤར་རང་སར་གྲོལ་ལ་གསོལ་བ་འདེབས། །ཐུགས་སྤྲུལ་པདྨ་རྒྱལ་པོའི་ཡེ་ཤེས་ཀྱི། །རོལ་བའི་སྒྱུ་འཕྲུལ་པཎ་ཆེན་ཐུགས་རྗེའི་གཟུགས། །ཡིད་ཀྱི་མེ་ལོང་ངོས་སུ་རྟག་ཤར་བ། །བླ་མེད་རྡོ་རྗེ་རྩལ་ལ་གསོལ་བ་འདེབས། །ཡོན་ཏན་སྤྲུལ་པ་མཁའ་འགྲོ་འཕྲིན་ལས་ཀུན། །ཡོངས་སུ་གྲུབ་པས་བགྲང་ཡས་ཞི་དང་ཁྲོའི། །མཆོག་མཐུན་ལེགས་ཚོགས་མ་ལུས་ལྷུན་གྲུབ་པ། །ཆེ་མཆོག་འདུས་པ་རྩལ་ལ་གསོལ་བ་འདེབས། །འཕྲིན་ལས་སྤྲུལ་པའི་མི་བཟད་ཆེས་སྙིགས་འགྲོར། །ཉེར་འཇུག་པད་འབྱུང་ཡབ་ཡུམ་ཞལ་ལུང་ལས། །རྡོ་རྗེ་ཐོགས་མེད་རྩལ་དུ་དབུགས་བྱུང་བ། གཡུང་དྲུང་སྲོག་གི་ཀ་བ་རབ་(༡༦༥བ)


GLG015_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཤོག །སྒྲ་སྒྱུར་བཻ་རོའི་ཡང་སྲིད་རིན་ཅེན་འཕྲེང་། །སྤེལ་ལས་ཁྱད་པར་ལྔ་བདོའི་དཔུང་གཉེན་དུ། །ཉེར་བྱོན་རྔ་ཡབ་གླིང་པའི་བཀའ་གཏེར་བསྟན། །སྲོག་མཐུད་འགྱུར་མེད་རྡོ་རྗེར་གསོལ་བ་འདེབས། །མཚོ་སྐྱེས་རྡོ་རྗེའི་ཐུགས་བཅུད་ཟབ་གཏེར་གྱི། །བདག་པོར་ལུང་ཟིན་ཇི་བཞིན་འཛམ་གླིང་གི །སྒྲོན་མེར་སྔོན་བཞེངས་དབང་ཁྲིད་མན་ངག་ལུང་། །གངས་ཅན་པདྨའི་རྒྱན་དུ་དར་བར་ཤོག །སླད་མར་དུས་རྟགས་རྟེན་འབྱུང་མི་བསླུ་བས། །རང་ནོར་སྐལ་བར་རྗེ་འབངས་སྨོན་ལམ་མཐུ། །བཙན་པོས་འཕྱུགས་མེད་གདན་དྲངས་ཕན་བདེའི་ཉི། །ལྗོངས་འདིར་རྟག་འཆར་ཆེད་དུ་ཞབས་བརྟན་ཤོག །སྤྱི་དང་ཁྱད་པར་མཚོ་སྐྱེས་བི་མཱ་ལ། །རྨ་གཉགས་སོ་ཟུར་གནུབས་གསུམ་གོང་འོག་གཉིས། །བཅུ་གཅིག་གླིང་པས་མཚོན་པ་བཀའ་གཏེར་བསྟན། །ལྔ་བརྒྱ་ཕྲག་བཅུར་རྫོགས་མིན་རྒྱས་པར་ཤོག །དགའ་ལྡན་རྣམ་པར་རྒྱལ་བའི་ཕོ་བྲང་ཆེའི། །སྲིད་སྐྱོང་མི་དབང་མངའ་ཐང་སྐུ་ཚེ་བརྟན། །ལུགས་ཟུང་ཁྲིམས་ཀྱི་ར་བ་ཆོལ་ཀ་གསུམ། །བདེ་སྐྱིད་རྫོགས་ལྡན་དཔལ་བཞིན་སྤྱོད་པར་ཤོག །འདི་དོན་གཉེར་བདག་རྡོ་རྗེའི་སློབ་དཔོན་གྱིས། །སྐྱེ་བར་རྗེས་བཟུང་ཐོས་བསམ་སྒོམ་པའི་མཐུས། །རིང་མིན་འཁྲེག་ཆོད་ཐོད་རྒལ་ལན་གྱི་སྣ། །ཟིན་ནས་འཕོ་བ་ཆེན་པོའི་སྐུ་ཐོབ་ཤོག །ཅེས་སྤྲུལ་སྐུ་རིགས་འཛིན་གཏེར་བདག་གླིང་པའི་ཞམ་རིང་པ་ངག་དབང་འཕྲིན་ལས་ཀྱིས་བརྗོད་དོན་འདི་ལྟ་བུ་ཡོད་པའི་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཞེས་དོན་གཉེར་ཆེན་པོས་སྐུལ་བ་(༡༦༦ན)


GLG015_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ངག་དབང་འདོད་འཇོ་དབང་ཕྱུག་བརྒྱད་ལྡན་པ། །བློ་བཟང་གྲགས་བསྟན་རྒྱ་མཚོའི་མཐའ་ཀླས་གཞིར། །སྤེལ་མཛད་འཇམ་དབྱངས་གཞོན་ནུ་དགའ་བའི་བཤེས། །ལུས་ཅན་ཀུན་གྱི་གཉེན་ལ་གསོལ་བ་འདེབས། །བརྗོད་པ་ཡོངས་དག་ངག་ལ་དབང་བའི་མཚོན། །རྣོན་པོས་ཕས་རྒོལ་གཡུལ་ལས་རྣམ་རྒྱལ་བ། །གདུལ་བྱའི་རེ་བ་སྐོང་ལ་དཔག་བསམ་ལྗོན། མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །བདག་སོགས་སྐྱེ་རྒུའི་མགོན་དུ་དམ་པའི་ཞབས། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང་། །སྦེ་སེར་ཆོས་གྲྭ་འཁོར་ལོ་རྣམ་གསུམ་གྱི། །སྒོ་ནས་སྲིད་མཐར་དར་རྒྱས་གོང་འཕེལ་ཤོག །ཅེས་སྤེ་སེར་བླ་སྤྱི་ཐུན་མོང་ནས་བསྐུལ་མ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྒྱལ་ཀུན་གསང་བ་སྔགས་ཀྱི་མཛོད་ཆེན་པོའི། །མངའ་བདག་བཀའ་རྣམས་མ་ལུས་སྡུད་མཛད་པ། །ཕྱག་ན་རྡོ་རྗེ་འབར་བའི་མཚོན་གདེངས་ནས། །བདུད་བཞིའི་གཡུལ་ལས་རྒྱལ་ལ་གསོལ་བ་འདེབས། །རྒྱ་གར་ཤར་ཕྱོགས་ཀ་པི་ལ་ཡི་གྲོང་། །ཆོས་ལྡན་རྒྱལ་པོའི་སྲིད་འཛིན་འགྲོ་བ་བཟང་། །བལ་ཡུལ་ས་སྤྱོད་དྷརྨ་པ་ལ་ཞེས། །ཐུབ་བསྟན་གསལ་བར་མཛད་ལ་གསོལ་བ་འདེབས། །ཀོང་པོ་ཤུ་ལའི་ཉེ་འདབས་ཇུ་ལང་ཀླུའི། །རིགས་འཁྲུངས་ལོངས་སྤྱོད་ལྷ་ཡི་འབྱོར་པར་འགྲན། །ཡར་ཀླུང་ཐང་རིང་(༡༦༦བ)


GLG015_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བོན་པོ་རཱ་ཛ་ཤྲཱིའི། །སྲས་གྱུར་དགེ་བཅུ་སྤྱོད་ལ་གསོལ་བ་འདེབས། ཉི་མའི་བརྒྱུད་འཁྲུངས་ལྗངས་ཚ་ལྷ་དབོན་ཀྱི། །ཡང་སྲིད་རྒྱ་གར་ནུབ་ཕྱོགས་རིགས་ལྡན་རྒྱལ། །གྱུར་ཚེ་མུ་སྟེགས་ཕལ་ཆེར་ནང་པ་ཡི། །བསྟན་པར་ཐབས་ཀྱིས་བཙུད་ལ་གསོལ་བ་འདེབས། ཁ་ཆེ་ཁྲི་སྟན་རྣམ་དག་དགེ་སློང་གི །ཁྲིམས་ལྡན་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་། །སུམ་ཅུ་རྩ་གསུམ་གནས་སུ་ལྷ་ཡི་བུར། །སྔོན་གྱི་ལས་འཕྲོས་གཟུང་ལ་གསོལ་བ་འདེབས། །རི་གྲོང་རྣལ་འབྱོར་ཆོས་ཀྱི་སེང་གེ་རུ། །གྱུར་ཚེ་དྲག་སྔགས་མཐུ་ཡི་སྙན་པ་ཐོབ། །ནགས་ཁྲོད་ནེ་ཙོར་སྐྱེས་ཚེ་མ་ཎིའི་སྒྲ། །བགྲངས་པས་དགེ་སྟོབས་འཕེལ་ལ་གསོལ་བ་འདེབས། །ཚ་བ་རོང་དུ་གླ་བ་དཀར་པོའི་ལུས། །བླངས་ཏེ་གཉན་གྱི་ནང་ལས་འགྲོ་མང་གསོལ། །མངའ་རིས་ཁྱིམ་བདག་བྱང་ཆུབ་བཟང་པོ་ཞེས། །གསང་བདག་གྲུབ་པ་བརྙེས་ལ་གསོལ་བ་འདེབས། རྒྱལ་ཆེན་རིས་བཞིའི་ལྷ་རུ་གྱུར་པའི་ཚེ། ཁྲོ་བོའི་སྐད་ལས་གསང་སྔགས་སྒྲ་ཆེན་ཐོས། །དིང་མའི་མཁན་པོ་སྔ་འགྱུར་ཟབ་ཆོས་ལ། །ཉམས་ལེན་སྙིང་པོར་མཛད་ལ་གསོལ་བ་འདེབས། །ཤུད་བུ་དཔོན་ཆེན་སེང་གེ་ཆེ་མཆོག་དང་། །སྔགས་སྲུང་ཨེ་ཀ་ཛཱ་ཊིས་རྗེས་སུ་བཟུང་། །རྔ་ཡབ་སྲིན་པོའི་བུ་རུ་འཁྲུངས་པའི་ཚེ། །པད་འབྱུང་ཐུགས་རྗེ་ཞུགས་ལ་གསོལ་བ་འདེབས། །གསང་སྔགས་རྙིང་མ་བཀའ་གདམས་ཟུང་འཇུག་ཏུ། །མཁས་གྲུབ་ནམ་མཁའ་རྒྱལ་མཚན་ཕྱག་རྡོར་དངོས། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རིགས་བརྒྱའི་མགོན། །དགེ་འདུན་བཀྲ་ཤིས་ཞབས་ལ་གསོལ་བ་འདེབས། དགེ་འདུན་འདུས་པའི་བསྟན་པ་རྒྱ་མཚོའི་མཐར། །འཕེལ་(༡༦༧ན)


GLG015_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོག་པར་འདྲེན་པའི་དགྲ་བགེགས་རྣམས། །མཐུ་སྟོབས་ནུས་པས་འཇོམས་མཛད་རྡོ་རྗེ་འཛིན། །བརྟུལ་ཞུགས་གྲུབ་པའི་དབང་པོར་གསོལ་བ་འདེབས། རྣམ་དཀར་དགེ་ཚོགས་ལ་འདུན་གདུལ་བྱ་རྣམས། །འདྲེན་པར་དམ་པའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་ཕྱུག་མཚུངས་པ་མེད་པ་སྤྲུལ་པའི་སྐུ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐེག་པ་ཆེ་ཆུང་དགེ་འདུན་འདུས་པའི་གཙོར། །ཆོས་འཁོར་བསྐོར་ལ་རྒྱལ་སྲས་གསང་བའི་བདག །རྣམ་འཕྲུལ་ཚེ་མཐའ་ཡས་པའི་དབང་ཕྱུག་བཞིན། །འགྱུར་མེད་རྡོ་རྗེའི་ཁྲི་ལ་ཞབས་བརྟན་ཤོག །ཅེས་རྗེ་དྲུང་རིན་པོ་ཆེ་དགེ་འདུན་བསྟན་པ་རྒྱ་མཚོའི་སྤྲུལ་སྐུ་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་འཁྲུངས་རབས་གསོལ་འདེབས་བརྟན་བཞུགས་དང་བཅས་པ་འདི་ནི་རབ་འབྱམས་པ་བློ་བཟང་དབང་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །བརྗོད་པ་རྣམ་དག་ངག་ལ་དབང་ཕྱུག་པར། །དྷཱིཿ ཡིག་ཞུན་བློ་གུར་ཀུམ་བཟང་པོའི་མདོག །རྣམ་དཔྱོད་རལ་གྲིས་ལོག་རྟོག་དྲྭ་བ་ཀུན། །གཅོད་མཛད་ཡོངས་འཛིན་མཆོག་ལ་གསོལ་བ་འདེབས། །མང་ཐོས་དཔུང་པས་བཏེག་པའི་ཨུཏྤལ་སྟེང་། །རྒྱ་ཆེན་དྲང་ངེས་གཙུག་ལག་པུསྟ་ཀ། །མ་འདྲེས་འབྱེད་ལ་མགྲིན་པར་མཚོ་བྱུང་མས། །ལེགས་བཤད་པི་ཝང་འཁྲོལ་ལ་གསོལ་བ་འདེབས། །འཇིག་ཚོགས་ལོག་ལྟས་མ་གོས་ཡོད་མེད་ཀྱི། །མཐའ་བྲལ་ཀླུ་སྒྲུབ་དགོངས་དོན་འཁྲུལ་མེད་གོ །ཆ་ཤས་གང་བས་ཟླ་ལྟར་རབ་གསལ་བ། །འཇམ་དབྱངས་དགའ་བའི་བཤེས་(༡༦༧བ)


GLG015_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །སྒྲིབ་གཉིས་དགྲ་ཚོགས་ཀུན་ཐུབ་ཟས་གཙང་སྲས། །བསྟན་པའི་སྙིང་པོ་ཀུན་མཁྱེན་བཙོང་ཁ་པའི། །ལུང་རྟོགས་ལང་ཚོ་དར་བའི་བཞིན་རས་ཀྱིས། །སྤྱོད་ལྡན་འགུགས་པའི་སྡེ་ལ་གསོལ་བ་འདེབས། །མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་གིས། །མགོན་ཁྱོད་རྡོ་རྗེས་མཚན་པའི་ཁྲི་ཆེན་པོར། །མ་ཕམ་མགོན་པོ་དབུས་འགྱུར་བྱོན་མིན་བར། །གཡོ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཐུ་བཙུན་འོད་གསལ་ལྷ་ཡི་གདུང་སོན་པ། །མི་དབང་སྲས་དང་རིགས་བརྒྱུད་མངའ་ཐང་ཀུན། དབྱར་མཚོ་ལྟར་འཕེལ་ལྷོ་ཕྱོགས་ནོར་འཛིན་གྱི། །ཐིག་ལེ་མཛེས་པའི་རྒྱན་དུ་འགྱུར་བར་ཤོག །ཨེ་དབྱིབས་ཆོས་ལུང་དཀར་པོའི་རྒྱལ་ཁམས་ཀྱི། །ཁྲིམས་ལྡན་ངུར་སྨིག་འཆང་བའི་སྡེ་རྣམས་སུ། །ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་དང་། །བྱ་བ་ལས་ཀྱི་འཁོར་ལོ་དར་བར་ཤོག །ཅེས་པ་འདིའང་འོད་གསལ་འཆི་བ་མེད་པའི་གདུང་ལས་ལྷ་བཙུན་ངག་དབང་བློ་བཟང་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ངག་གི་དབང་ཕྱུག་ཆོས་འཕེལ་དགེ་བའི་བཤེས། །སྨྲ་བ་ཟླ་མེད་ཆོས་རྒྱལ་བཀྲ་ཤིས་ཞབས། །དབྱངས་ཅན་མགྲིན་ཆགས་བློ་བཟང་མཁས་ཤིང་བཙུན། །ཡོངས་འཛིན་དམ་པ་གསུམ་ལ་གསོལ་བ་འདེབས། །རྣམ་དཔྱོད་ཟླ་བྲལ་མཐུ་སྟོབས་དཔལ་འབྱོར་མགོན། །ཡུམ་དོན་སྒྲོན་མེ་བློ་བཟང་བསྟན་འཛིན་དཔལ། །བྱམས་པའི་གཞུང་ལ་བློ་(༡༦༨ན)


GLG015_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་ཀུན་གསལ་བ། །མང་ཐོས་བཤེས་གཉེན་གསུམ་ལ་གསོལ་བ་འདེབས། །དགའ་ལྡན་གསུང་རབ་རྒྱ་མཚོའི་བང་མཛོད་འཛིན། །བློ་གྲོས་རབ་ཡངས་སྐལ་བཟང་དོན་ཀུན་གྲུབ། །བློ་བཟང་བསྟན་པ་རིན་ཅེན་འཛིན་མཁས་པ། །དཔལ་ལྡན་བླ་མ་གསུམ་ལ་གསོལ་བ་འདེབས། །ཞེས་དྭགས་པོ་གྲྭ་ཚང་གི་བླ་བརྒྱུད་ཁ་སྐོངས་སུ་ལྷ་བཙུན་ངག་དབང་བློ་བཟང་ལྷུན་གྲུབ་ཀྱི་གསུང་གི་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དོན་ཀུན་གྲུབ་པ་དཔལ་ལྡན་མར་མེ་མཛད། །འབྲོམ་སྟོན་འཇམ་མགོན་བཙོང་ཁ་པ་ལ་སོགས། །དམ་པ་མང་པོར་ལས་ཀྱི་འབྲེལ་ཐོགས་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ལེགས་བཤད་རྒྱུད་མངས་མགྲིན་པའི་འོ་མཚོ་རུ། །ཆད་མེད་འཁྲོལ་བའི་ཚངས་སྲས་ངང་མོ་དཀར། །མཆུ་སྒྲོས་འཛུམ་གྱིས་བསུས་ནས་ཡོངས་བཞད་པ། །རྡོ་རྗེའི་སྤོབས་པ་ཐོབ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་གྱིས། །ཚེ་འདིར་ནད་གདོན་བར་ཆད་ཀུན་ཞི་ཞིང་། །ཕྱི་མར་ལྷ་མིའི་རྟེན་བཟང་ཉེར་བརྒྱུད་ནས། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་འཐོབ་ཤོག །ཅེས་པའང་ཆོས་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དབང་པོའོ། །ཚེ་རབས་དུ་མར་འཇམ་དབྱངས་བྱིན་རླབས་ཀྱི། །བདུད་རྩི་སྙིང་ལ་སིམ་པའི་དགའ་སྟོན་གྱིས། །རིས་མེད་འགྲོ་བའི་བཤེས་དང་གཉེན་གྱུར་(༡༦༨བ)


GLG015_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ཞེས་པའང་ཚུལ་ཁྲིམས་བཀྲ་ཤིས་ཀྱི་ངོར་ཟ་ཧོར་གྱི་བནྡེས་བྲིས། ན་མོ་བཛྲ་ཌཱ་ཀི་ནྱཻ། རིགས་ཀུན་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་སེམས། །རྒྱལ་བའི་ཡུམ་མཆོག་རྗེ་བཙུན་རྣལ་འབྱོར་མ། །རྒྱུད་སྡེ་རྒྱ་མཚོའི་སྒོ་འབྱེད་ཨ་བྷ་ཡར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ངེས་གསང་བསྟན་པའི་ཉི་མ་དཔེ་མེད་བསྲུང་། །དཀྱིལ་འཁོར་བྱེ་བའི་མཛོད་འཛིན་རྣམ་བཤད་ལྷ། །བསྟན་པའི་རྩ་ལག་ཤཱཀྱ་ཤྲཱི་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། དེ་དབོན་མཁས་གྲུབ་བྷུ་མི་ཤྲིའི་ཞབས། །རྒྱལ་བའི་སྲས་པོ་དྲི་མེད་དཔལ་བཟང་པོ། །མང་མཁར་ལོ་ཆེན་བྱང་ཆུབ་སེང་གེ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། སྐྱི་སྟོན་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དོལ་པོ་ལ། །ས་བཟང་པཎ་ཆེན་བློ་གྲོས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཀྲྀ་ཡའི་གསལ་བྱེད་དཪྤཎ་ཨཱ་ཙརྱ། །རྒྱུད་སྡེའི་བཀའ་བབས་ས་མནྟ་བྷྲ་དྲ། །ཡི་དམ་རྗེས་བཟུང་ཡེ་ཤེས་གློག་འོད་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། ཤྲཱི་ཧཱ་ནུ་མནྟ་མཁས་པའི་མཆོག །ཆོས་སྤྱན་ཡངས་པ་འཇམ་དཔལ་བཟང་པོའི་ཞབས། །པཎ་གྲུབ་ཆེན་པོ་དཔལ་ལྡན་བཟང་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། དཀྱིལ་འཁོར་རྒྱ་མཚོའི་མགོན་པོ་གློག་བཟང་དང་། འགྲོ་བའི་འདྲེན་པ་ཡིད་ཀྱི་འཚོ་བ་བཟང་། །འཆད་རྩོད་རྩོམ་ལ་ངག་གི་དཔལ་བཟང་རྗེར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྨིན་གྲོལ་ལམ་སྟོན་རྣམ་རྒྱལ་བཟང་པོ་དང་། །རྣལ་འབྱོར་སྤྱོད་པ་མྱོས་བྱེད་བཟང་པོའི་ཞབས། །སྐྱེ་རྒུའི་(༡༦༩ན)


GLG015_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གཅིག་ཕུན་ཚོགས་བཟང་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ནམ་མཁའི་མཐའ་མཉམ་འགྲོ་འདྲེན་བཟང་པོ་རྗེ། །མཁས་ཤིང་གྲུབ་བརྙེས་ཆུ་ཡི་འཚོ་བ་བཟུང་། །འཇིགས་པ་མེད་པ་འཕྲོག་བྱེད་བཟང་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྐལ་ལྡན་འདུལ་བྱའི་དཔལ་གྱུར་བཟང་པོའི་ཞབས། །སྐྱེ་རྒུ་ཀུན་དགའི་འཚོ་བ་བཟང་པོ་རྗེ། །བལ་པོའི་པཎ་གྲུབ་མ་ཧཱ་བོ་དྷི་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཆུ་བོ་གཉིས་འདུས་ས་བཟང་གཞོན་ནུ་བློ། །རྡོ་རྗེ་འཆང་དབང་ངོར་ཆེན་ཨེ་ཝཾ་པ། །བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཅེན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཁས་པའི་རྩེར་སོན་སངས་རྒྱས་རིན་ཅེན་དཔལ། །རྒྱལ་ཀུན་ངོ་བོ་ལྷ་མཆོག་སེང་གེའི་ཞབས། །འཇམ་དབྱངས་གཞོན་ནུ་དཀོན་ཅོག་ལྷུན་གྲུབ་རྗེར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཐར་པ་རྩེ་པ་མཁས་གྲུབ་ནམ་མཁའ་དཔལ། །འཇམ་མགོན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཞབས། །ཤེས་བྱ་ཀུན་གཟིགས་ངག་དབང་ཆོས་གྲགས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན་ཞབས། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གསང་བ་སྔགས་ཀྱི་རབ་འབྱམས་ནམ་བཟང་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། མང་ཐོས་དཔྱོད་ལྡན་བློ་བཟང་སྐྱེས་འབྲས་སྤུངས་སུ་ཐོས་པ་རྣམས་ངག་དབང་དཔལ་བཟང་ཞེས་བསྒྱུར། མཆོག་ཞབས། །སྤྲུལ་སྐུ་ངག་དབང་བསྟན་བླ་མ་གཞན་ལ་ཐོབ་ན་གང་ཐོབ་ཀྱི་འདོན་པ་བསྒྱུར། འཛིན་འཕྲིན་ལས་རྗེ། །བཀའ་དྲིན་མཚུངས་མེད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བྱ་སྤྱོད་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཆུས། །སྒོ་གསུམ་དྲི་མ་མ་ལུས་ཀུན་བཀྲུས་ནས། །མཚན་བཅས་མཚན་མེད་རྣལ་འབྱོར་ཟབ་མོའི་ལམ། །རིང་མིན་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །རྣལ་འབྱོར་(༡༦༩བ)


GLG015_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྒྱལ་ཆེན་པོའི་དཀྱིལ་འཁོར་དུ། །ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་ཡི་དབང་། །རྟེན་དང་བརྟེན་པ་སྤྲོ་བསྡུའི་བྱེད་པོ་རུ། །མངའ་སྒྱུར་རྡོ་རྗེ་སེམས་དངོས་འགྲུབ་པར་ཤོག །སྐུ་བཞི་ཡེ་ཤེས་ལྔ་ཡི་ས་བོན་ཚོགས། །ཡོངས་སུ་བཏབ་པས་སྙིགས་དུས་ཚེ་གཅིག་ལ། །ཟུང་འཇུག་རྡོ་རྗེའི་འཆང་གི་ལམ་བཟང་པོ། །མངོན་གྱུར་ལུས་ཅན་མཐའ་དག་འདྲེན་པར་ཤོག །ཁྱད་པར་རྡོ་རྗེ་བཙུན་མོའི་ལུང་བསྟན་བཞིན། །འཇིགས་མེད་འབྱུང་གནས་འགྲོ་བའི་མེ་ལོང་གིས། །ལེགས་སྩལ་འཕྲད་པ་སྐོར་གསུམ་ཀྲི་ཡ་ཡི། །རྣམ་དག་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཕུན་ཚོགས་བསོད་ནམས་ཉེར་རྒྱས་ས་བོན་ལས། །དར་བའི་དགེ་ལེགས་མ་ལ་ཡ་ཡི་ནགས། །ཕན་དང་བདེ་བའི་དྲི་བསུང་མངར་པོ་ཡིས། །འགྲོ་རྣམས་རྫོགས་ལྡན་དགའ་སྟོན་མྱོང་བར་ཤོག །ཅེས་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས་བཀྲལ་བའི་ཕྲེང་བ་དང་སློབ་དཔོན་དཪྤཎ་ཨཱ་ཙརྱའི་ཀྲྀ་ཡ་གཉིས་ཆུ་བོ་གཉིས་འདྲེས་ཀྱི་དཀྱིལ་འཁོར་བརྒྱད་ཅུ་གྱ་བདུན་གྱི་སྒོ་ནས་སྨིན་པར་བྱེད་པའི་དབང་གི་བརྒྱུད་འདེབས་སྲིད་སྒྲུབ་ཉག་ཕྲན་འདིའི་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་སྟོད་རྒྱུད་སློབ་དཔོན་པས་གཙོས་བརྒྱ་སྐོར་ལ་དབང་བསྐུར་མཛད་པའི་ཚེ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ཕུན་ཚོགས་བློ་གྲོས་རིན་ཅེན་འབྱུང་གནས་ཆེར། །ཐོས་བསམ་དབུ་ཕྲེང་དོ་ཤལ་རབ་གཡོ་བའི། །སྐལ་བཟང་ཆུ་ཡི་སྨིན་ལེགས་ཐུབ་བསྟན་ཀྱི། །འཛིན་མར་ཟློས་གར་བསྒྱུར་ལ་གསོལ་བ་(༡༧༠ན)


GLG015_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །བློ་ཆེན་ཚངས་པའི་མཁུར་འཚོས་ལས་རྡོལ་བ། །བཟང་པོའི་རྣམ་དཔྱོད་ཨཱ་ཐའི་གཟུགས་ཤར་བས། །ལུང་རྟོགས་བསྟན་སྲིད་སྲོག་སོང་རྩི་སྨན་ལྗོན། །ནོར་འཛིན་རྒྱན་དུ་སྤུད་ལ་གསོལ་བ་འདེབས། །ཤེས་བྱར་གཟིགས་པའི་བློ་མིག་རབ་ཡངས་པས། །དལ་འབྱོར་རྟེན་བཟང་དོན་ལྡན་ཡོངས་བསྒྲུབ་ཆེད། །ཤཱཀྱའི་བསྟན་པ་འཛིན་ཕྱིར་གཡུང་དྲུང་ལྟར། །གཡོ་མེད་རབ་བརྟན་བདེན་ཚིག་འགྲུབ་པར་ཤོག །ཅེས་པའང་ཨེར་ཏེ་ནི་ཁོ་ཐུ་ཐུ་བློ་བཟང་བསྟན་འཛིན་གྱི་གསོལ་འདེབས་བརྟན་བཞུགས་ཤློ་ཀ་གསུམ་ལ་ཚང་བ་ཞིག་དགོས་ཞེས་དགེ་སློང་བློ་བཟང་བརྩོན་འགྲུས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །མི་དགེའི་ལས་ལམ་ཀུན་འཇོམས་གཉེན་པོའི་དཔུང་། །བསྟེན་ནས་སྒོ་གསུམ་དགེ་བར་གཞོལ་ནུས་པའི། །བྱིན་རླབས་སྙིང་ལ་འཇུག་པར་གསོལ་བ་འདེབས། །གཡོན་རུ་སྐུ་སྐྱེ་ངག་དབང་བསྟན་འཛིན་གྱི་ངོར་བྲིས།འཁོར་ལོ་ལྔ་མདུད་གྲོལ་བ་དྷཱུ་ཏཱིའི་དབུས། །དབྱིངས་རིག་ཆོས་སྐུའི་རང་མདངས་འཇའ་ལུས་སྐུ། །སྤྲུལ་སྐུའི་སྒྱུ་འཕྲུལ་རྒྱལ་ཀུན་སྤྱི་ཡི་གཟུགས། །སྙིང་དབུས་ཟེའུ་འབྲུར་པད་འབྱུང་བཞུགས་གསོལ་འདེབས། །རྔ་ཡབ་གླིང་པའི་ཞབས་སོར་རྡུལ་དམར་གྱིས། །ཕུང་ཁམས་སྐྱེ་མཆེད་དྲི་དག་མེ་ལོང་ངོས། །བགྲང་ཡས་ཞི་ཁྲོའི་དཀྱིལ་འཁོར་ཡོངས་ཤར་བ། །རྡོ་རྗེ་ཐོགས་མེད་རྩལ་ལ་གསོལ་བ་འདེབས། །གན་(༡༧༠བ)


GLG015_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཇག་ཐང་ཏར་པདྨ་ཀཱ་ར་ཡིས། །ཉེར་གཏད་ཟབ་གཏེར་དུས་བབས་འདྲེན་པ་ལ། །བཀའ་བབས་ལས་འཕྲོ་རབ་སད་གཏེར་བདག་གླིང་། །སྤྲུལ་སྐུ་རིགས་འཛིན་ཆེན་པོར་གསོལ་བ་འདེབས། །སྔོན་ནས་སྒོ་ཕྱེའི་ཆས་ཀྱིས་འཇུག་པ་དང་། །སློབ་མར་རང་ནོར་ལེན་པའི་རྟེན་འབྲེལ་སོགས། །སྔ་འགྱུར་བསྟན་སྲོག་ལེགས་འཛིན་བཞེད་དོན་ཀུན། །འགྲུབ་པར་རྩ་གསུམ་ཐུགས་རྗེས་བྱིན་གྱིས་རློབས། །རང་བསྟན་སྤེལ་བར་ལས་ཅན་སྙིང་གི་བུ། །རིགས་དང་སློབ་མར་བཅས་པས་ནོར་འཛིན་མངལ། །ལྗིད་ཀྱིས་འཕྲིན་ལས་དངུལ་ཆུ་གངྒཱའི་རྒྱུན། །ཇི་བཞིན་ཆར་པ་མེད་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་ཁྲི་ལྕམ་དངོས་གྲུབ་དཔལ་འཛོམ་གྱི་གསུང་གིས་སྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །གཙོ་ཐང་དཔལ་ལྡན་ཆོས་ཀྱི་འབྱོར་བའི་མཛོད། །སྐུ་བཞི་ལྷུན་གྲུབ་རྡོ་རྗེ་སེམས། །མཚམས་སྤྲིན་བླ་གོས་ཉེར་ཀླུབས་པ། །དྲིན་ཅན་བླ་མར་གསོལ་བ་འདེབས། །ཕུན་ཚོགས་བློ་གྲོས་བ་གམ་རྩེར། །མཁས་བཙུན་བཟང་པོའི་རྣམ་ཐར་གྱི། །ཆོས་ཀྱི་རྒྱལ་མཚན་བསྒྲེང་མཛད་པ། །རྗེ་བཙུན་བླ་མར་གསོལ་བ་འདེབས། །དཀོན་མཆོག་གསུམ་དང་བཙོང་ཁ་པའི། །མདོ་རྒྱུད་དམ་ཆོས་འཕེལ་བ་ལ། །འཇམ་དབྱངས་གཞོན་ནུ་ངུར་མིག་གིས། །ཟློས་གར་བསྒྱུར་ལ་གསོལ་བ་འདེབས། །བྱམས་ཆོས་ལྔ་སོགས་སྡེ་སྣོད་གསུམ། །འདུས་པའི་བཀའ་གནད་འགྲོལ་བ་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ། །མཚུངས་མེད་བླ་མར་(༡༧༡ན)


GLG015_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །སྒྲ་ཚད་གཞུང་བརྒྱ་སྨྲ་བའི་ཚེ། །བརྟན་ཡངས་བློ་གྲོས་ཕྱག་སོར་གྱིས། །ལེགས་བཤད་རྒྱལ་མཚན་བསྒྲེང་མཁས་པ། །སྐད་གཉིས་སྨྲ་བར་གསོལ་བ་འདེབས། །བྱམས་པ་ཆེན་པོ་གསང་སྔགས་ཀྱི། །ཕྲ་རགས་ཕྱག་བཞེས་ཀུན་གྱི་མཛོད། །སྒོ་འབྱེད་དགའ་སྟོན་འབྱུང་བའི་གནས། །རྡོ་རྗེ་འཛིན་པར་གསོལ་བ་འདེབས། །དཔལ་ལྡན་མགོན་པོའི་མན་ངག་ནི། །འབྱོར་པའི་མཛོད་ལ་མངའ་གྱུར་ཏེ། །དར་ཞིང་རྒྱས་མཛད་རིག་སྔགས་འཆང་། །མཚུངས་མེད་ཆོས་རྗེར་གསོལ་བ་འདེབས། །འཇམ་དཔལ་གཞོན་ནུས་མགྲིན་འཁྱུད་པས། །གཙུག་ལག་རྒྱ་མཚོ་སྨྲ་བ་ལ། །འཇིགས་མེད་རྡོ་རྗེའི་སྙེམས་པ་ཅན། །མང་ཐོས་དབང་པོར་གསོལ་བ་འདེབས། །ངག་དབང་ཡོངས་འཛིན་དུ་མ་ཡིས། །རྗེས་བཟུང་ཆོས་སྤྱོད་རྣམ་བཅུར་བརྩོན། །མེ་ཏོག་མདའ་ཅན་ལས་རྒྱལ་བ། །ཁྲིམས་ལྡན་ཆེན་པོར་གསོལ་བ་འདེབས། །རྩིས་རིག་རྒྱ་མཚོའི་མཐར་སོན་ཞིང་། །ཐུ་མི་གཉིས་པ་མཁར་གྲོང་པའི། །ཆོས་མཛད་ཚུལ་ལྡན་མང་དུ་ཐོས། །དྷརྨ་ཀཱ་རར་གསོལ་བ་འདེབས། །ཐོས་དང་བསམ་པར་ལེགས་བརྩོན་ཞིང་། །ཟབ་མོའི་རྣལ་འབྱོར་ལ་འགྲུས་པ། །དལ་འབྱོར་རྟེན་བཟང་ནོར་བུའི་དཔྱ། །དོན་དང་ལྡན་པར་གསོལ་བ་འདེབས། །ངག་གི་དབང་ཕྱུག་ཚུལ་ཁྲིམས་ལྡན། །མཐུ་རྩལ་སྙན་གྲགས་ཕྱོགས་བཅུར་ཁྱབ། །ཤེས་རབ་གདམས་པའི་བང་མཛོད་ཀུན། །ནང་བྱན་ཆུད་ལ་གསོལ་བ་འདེབས། །ཞི་ཁྲོ་རབ་འབྱམས་མ་ལུས་པའི། །(༡༧༡བ)


GLG015_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དབྱངས་བསྐུལ་ངག་གི་དབང་། །ཕུན་ཚོགས་དགའ་སྟོན་སྤེལ་བ་ཡི། །སྐལ་ལྡན་མཆོག་ལ་གསོལ་བ་འདེབས། །གསུང་ངག་ཟབ་དོན་ལ་དབང་བས། །ལྷ་སྔགས་ཡེ་ཤེས་གྲུབ་པའི་བློ། །རབ་ཡངས་མ་འདྲིས་གཉེན་གྱུར་པ། །དར་ཞིང་རྒྱས་ལ་གསོལ་བ་འདེབས། །ཆོས་གཡས་ཐང་དབྱིངས་གློང་དུ་རང་གྲོལ་ཡང་། །ལྷུན་གྲུབ་འོད་ལྔ་ལོངས་སྐུའི་གདངས། །མ་འགགས་སྤྲུལ་པས་དཀྱིལ་འཁོར་ཀུན། །སྤྲོ་བར་མཛད་ལ་གསོལ་བ་འདེབས། །བཀའ་གཏེར་ཆོས་ཀྱི་གནས་ལུགས་ཀུན། །མཐར་ཕྱིན་གྲགས་པའི་རྫ་རྔ་ལྡིར། །ཚེ་བདག་ཞལ་གཟིགས་མཐུ་སྟོབས་ཅན། །དབུ་རུ་སྨྱོན་པར་གསོལ་བ་འདེབས། །པདྨའི་གདུང་ཚབ་མངའ་རིས་པའི། །མཆོག་སྤྲུལ་ངག་གི་དབང་པོའི་ཞབས། །མཁྱེན་བརྩེ་ནུས་ལྡན་སྔ་འགྱུར་གྱི། །བསྟན་སྲོག་འཛིན་ལ་གསོལ་བ་འདེབས། །གསར་རྙིང་ཐ་སྙད་གཞུང་བརྒྱ་ལ། །བློ་གྲོས་མཆོག་ཡངས་རིག་པའི་རྩལ། །རྡོ་རྗེས་ལོག་སྨྲའི་བྲག་འཇོམས་པ། །རིགས་འཛིན་ཆེན་པོར་གསོལ་བ་འདེབས། །བཻ་རོ་རྡོ་རྗེ་གླིང་པ་སོགས། །སྐྱེ་མང་བརྒྱུད་མཐར་ཟབ་གཏེར་སྒོ། །འབྱེད་མཛད་སྙིགས་དུས་འགྲོ་བའི་སྐྱབས། །གཏེར་བདག་གླིང་པར་གསོལ་བ་འདེབས། །དབང་ཆེན་ལྷ་ཡིས་རྗེས་བཟུང་ནས། །རིག་པའི་ཡེ་ཤེས་མཚན་དུ་གསོལ། །མཐུ་སྟོབས་མཐར་ཕྱིན་སྙིང་རི་བ། །བདེ་བ་བཟང་པོར་གསོལ་བ་འདེབས། །རྒྱལ་དབང་པདྨའི་འཕྲིན་ལས་རྒྱུན། །སྤེལ་བའི་སྨོན་ལམ་མཐུ་བཙན་པས། །བཀའ་གཏེར་དུ་མར་སྔོན་མེད་(༡༧༢ན)


GLG015_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །གནད་མདུད་འགྲོལ་ལ་གསོལ་བ་འདེབས། །དཀོན་ཅོག་ཕུན་ཚོགས་ཡོངས་འཛིན་གྱི། །དྲིན་ལས་སྔ་འགྱུར་རིང་ལུགས་ལ། །ཐོས་བསམ་སྒོམ་པ་ལྷུན་གྲུབ་པས། །སྔགས་འཆང་ཆེན་པོར་གསོལ་བ་འདེབས། །རིགས་འཛིན་ཆེན་པོའི་ཐུགས་ཀྱི་སྲས། །ཚེ་འཕེལ་བཟང་པོའི་ཡང་སྲིད་ཅན། །ཀུན་བཟང་དགོངས་དོན་མངོན་གྱུར་པ། །རང་གྲོལ་དབང་པོར་གསོལ་བ་འདེབས། །གྲུ་གུ་ཡང་དབང་རིགས་ཀྱི་དབོན། །དྲག་སྔགས་དོན་གྲུབ་ཡེ་ཤེས་ལྔ། །རྣམ་པར་བཀྲ་བས་ཤིས་བརྗོད་གླུ། །མགྲིན་པར་ལེན་ལ་གསོལ་བ་འདེབས། །མཛོད་ལྔ་འདུས་པའི་ཟབ་མོའི་གཏེར། །གཙོར་གྱུར་སྔ་འགྱུར་ཆོས་ཚུལ་ལ། །ངག་གི་དབང་ཕྱུག་ཕུན་ཚོགས་དཔལ། །རིག་སྔགས་འཆང་ལ་གསོལ་བ་འདེབས། །པདྨའི་རིང་ལུགས་ཐེག་པ་དགུ །བློ་དབང་བརྩོན་པས་ལེགས་གྲུབ་མཐུས། །མན་ངག་ཟབ་དོན་དམར་ཁྲིད་དུ། །སྟོན་པར་མཛད་ལ་གསོལ་བ་འདེབས། །གནམ་ལྕགས་ཐོག་མདའ་མཛུབ་ཁྲིད་དུ། །ནུས་པ་པོ་ཡི་སྔགས་རིགས་ཅན། །འཇམ་དཔལ་ཟིལ་གནོན་རྣལ་འབྱོར་ལ། །གཅིག་ཏུ་གཞོལ་དེར་གསོལ་བ་འདེབས། །རིགས་གསུམ་འདུས་པའི་གཤིན་རྗེ་གཤེད། །དུག་སྡོང་མཆོག་ཏུ་རབ་གྲུབ་པ། །བདུད་ཚོགས་འདུལ་བའི་བརྟུལ་ཞུགས་ཅན། །སྔགས་འཆང་རྒྱལ་པོར་གསོལ་བ་འདེབས། །གཡོན་ཐང་སྨིན་གྲོལ་ལམ་སྟོན་མགོན་པོའི་སྐུར། །གདན་གསུམ་ཀུན་ཚང་བསོད་ནམས་མཆོག །སྐལ་བར་ལྡན་ལ་རྡོ་རྗེ་འཆང་། །མངོན་སུམ་བྱོན་པར་གསོལ་(༡༧༢བ)


GLG015_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །རིན་ཅེན་ལྟ་བུའི་འདུལ་བྱ་ལ། །བསོད་ནམས་ཞིང་དུ་མཆོག་གྲུབ་པ། །ཧེ་རུ་ཀཿ དཔལ་ཚུལ་ཁྲིམས་ཀྱི། །དྲི་བསུང་འཐུལ་ལ་གསོལ་བ་འདེབས། །དལ་འབྱོར་རིན་ཅེན་ལེགས་རྙེད་འབྲས། །སངས་རྒྱས་བསྟན་ལ་ཡོངས་རྫོགས་པས། །ཕུན་སུམ་ཚོགས་པའི་དཔལ་འབར་བ། །གནས་བརྟན་ཆེན་པོར་གསོལ་བ་འདེབས། །དབྱངས་ཅན་རབ་དགྱེས་བློ་གྲོས་ཅན། །སྙན་བརྒྱུད་གདམས་པའི་རྒྱལ་མཚན་འཛིན། །འཆི་མེད་དངོས་གྲུབ་མ་ལུས་པ། །སྩོལ་བར་མཛད་ལ་གསོལ་བ་འདེབས། །ཀུན་བཟང་དགོངས་དོན་མངོན་གྱུར་ཐུགས། །རིག་རྩལ་རྟོགས་པ་མཆོག་གི་འོད། །ཆོས་སྐུའི་ཀློང་དུ་ཆོས་འབར་བ། །སེ་བན་ཆེན་པོར་གསོལ་བ་འདེབས། །ཕྱི་ནངགཉེན་པོ་འཁྲུལ་འཁོར་སོགས། །ཞི་རྒྱས་དབང་དྲག་དོན་རྣམས་ཀུན། །གྲུབ་ནས་ལོག་འདྲེན་ལས་རྒྱལ་བ། །དཔལ་མཚན་སྟོན་ལ་གསོལ་བ་འདེབས། །ཞི་ཁྲོའི་ལྷ་སྔགས་ཡེ་ཤེས་ཀྱི། །ནུས་མཐུ་གུ་རུའི་བཀའ་དྲིན་ལས། །རྙེད་ཚེ་ཏིང་འཛིན་ཆེས་བརྟན་པ། །མཐུ་སྟོབས་བདག་པོར་གསོལ་བ་འདེབས། །རིག་གནས་རྒྱ་མཚོའི་འཕྲེང་འཛིན་སྲས། །འཇིག་རྟེན་མིག་གཅིག་སྨོན་འགྲོ་པ། །འཇམ་དབྱངས་གཞོན་ནུ་དབང་གི་རྒྱལ། །འཇིགས་མེད་རྡོ་རྗེར་གསོལ་བ་འདེབས། །གསོ་རིག་གཙུག་ལག་རྒྱ་མཚོ་ལ། །བློ་གྲོས་སྐལ་བཟང་གཞན་ཕན་གྱི། །ལྷག་བསམ་ཟླ་གཞོན་ལྟར་དཀར་བ། །དབང་གི་རྒྱལ་པོར་གསོལ་བ་འདེབས། །དཀར་ནག་རྩིས་གཞུང་སྨྲ་མཁས་ངག །དབང་ཕྱུག་གྲུབ་པས་འཇམ་དཔལ་(༡༧༣ན)


GLG015_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས། །དགྱེས་པའི་བློ་གྲོས་སྟོན་ཟླ་ལྟར། །ཆེས་ཆེར་གསལ་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་བློ་གྲོས་དང་། །བརྩོན་པས་མདོ་རྒྱུད་ཐ་སྙད་སོགས། །གཞུང་མང་མཁས་རྩེར་སོན་པ་ཡི། །སྐལ་བ་བཟང་པོར་གསོལ་བ་འདེབས། །དུས་འཁོར་རྒྱུད་འགྲེལ་དགོངས་བཅུད་གནད། །ཐུགས་ཆུད་གསར་རྙིང་མན་ངག་ལུགས། །ཕུག་པའི་སྲོལ་འཛིན་དོན་ཀུན་གྲུབ། །དབང་གི་རྒྱལ་པོར་གསོལ་བ་འདེབས། །དུས་འཁོར་དབྱངས་འཆར་སྤོར་ཐང་གཞུང་། །ཟབ་རྒྱས་གདམས་པའི་གནད་ཀུན་ལ། །སྨྲ་བ་ངག་གི་དབང་ཕྱུག་ཅན། །གསང་སྔགས་འཆང་ལ་གསོལ་བ་འདེབས། རིག་སྔགས་གྲུབ་མཐུས་འགྲོ་མང་པོར། །འཆི་མེད་མཆོག་སྟེར་གདུང་རས་པ། །མི་འཇིགས་སྐྱབས་སྤྱིན་དབང་ཕྱུག་ཆེ། །བདེ་སྐྱིད་སྩོལ་ལ་གསོལ་བ་འདེབས། །ཡོངས་འཛིན་དུ་མས་རྗེས་བཟུང་བས། །ངག་དབང་བློ་གྲོས་བཟང་པོ་ཡི། །ཚོགས་གཉིས་རྒྱ་མཚོའི་རླབས་ཕྲེང་ལྟར། །དུས་ལས་ཡོལ་བ་མེད་པར་ཤོག །སྨིན་གྲོལ་རྒྱུད་བཤད་རིག་གཏད་རྗེས་གནང་ལུགས། །ཕྱག་བཞེས་མན་ངག་སེམས་བསྐྱེད་སོ་སོ་ཐར། །སྡེ་སྣོད་གསུམ་སོགས་བཅུ་ཕྲག་ཐ་སྙད་གནས། །ཚིགས་བཅད་གཅིག་གི་མཐའ་བརྟེན་ལེགས་ནོས་པ། །གདན་གསུམ་ཚང་དང་ཡོངས་འཛིན་སློབ་དཔོན་གྱི། །རིགས་སུ་གཏོགས་སོ་ཅོག་རྣམས་སངས་རྒྱས་ཀྱི། །རྣམ་པར་འཕྲུལ་པོ་ཆེ་རུ་ངེས་རྙེད་ནས། །དབང་རྣོན་ཆོས་རྗེས་འབྲངས་ཏེ་ཉེར་བཞེངས་འཐུས། །ཚེ་རབས་(༡༧༣བ)


GLG015_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཤེས་གཉེན་དམ་པ་ཡིས། །རྗེས་གཟུང་ཐོས་བསམ་སྒོམ་པའི་གོམ་སྟབས་ཀྱིས། །ས་ལམ་རིན་ཅེན་ཐེམ་སྐས་ལ་འཛེགས་ཏེ། །ཟུང་འཇུག་སྐུ་བཞིའི་ཁང་པར་མྱུར་འཇུག་ཤོག །ཅེས་བཅུ་ཕྲག་རིག་པའི་གནས་ཀྱི་གཞུང་ལུགས་ལ་བཀའ་དྲིན་ནོས་སོ་ཅོག་གི་སྐུ་བརྙན་ལྕགས་ཕོ་སྤྲེའུའི་ལོར་རི་མོ་བ་སྐྱ་རིས། ཚོན་མདངས། བཅད། གསེར་རིས། འཇུག་སྐྱོང་སོགས་དབུ་མཛད་ཕོ་བྲང་ཕུན་ཚོགས་དང་། རགས་ཁ་འཇམ་དབྱངས་དབང་པོ། བྱིངས་སྙེ་མོ་ཀརྨ། རོང་པ་བསོད་ནམས་རྒྱལ་པོ། ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། གཞིས་རྩེ་རྡོ་རྗེ་རབ་བརྟན། པ་ནམ་མགོན་པོ། ལགས་རྟ་མགྲིན། བློ་བཟང་། རྟ་མགྲིན་རྒྱལ་པོ། མཁར་རྩེ་དགེ་བསྙེན་རྒྱལ་པོ། འབྲང་ཤོར་བརྐོོས་པ། །རྔོག་སོ་དགེ་བསྙེན། དགོས་བསམ། བྱང་སྟེང་སྐྱ་འབའ་རྣམས་དང་། དོ་དམ་འབོག་གོང་བློ་བཟང་རྒྱལ་མཚན་གྱིས་བགྱིས་ཏེ་བཞེངས་པའི་ཁ་བྱང་རྒྱལ་རྩེ་བ་ངག་དབང་ཕུན་ཚོགས་ཀྱིས་བྲིས་པའི་ཞལ་བྱང་སྨོན་ལམ་དང་བཅས་པ་འདི་ནི་ལྕགས་བྱ་ནག་པ་ཟླ་བའི་གྲལ་ཚེས་ལ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་དྭི་ག་ཎ་སྱ་ཤྲཱི་ཛྭ་ལ་བྷ་ཝནྟུ། ཆོས་སྐུའི་སྟོན་པ་དཔལ་ལྡན་ཀུན་ཏུ་བཟང་། །ལོངས་སྐུ་རྡོ་རྗེ་གཞོན་ནུ་དཔལ་ཆེན་ལྷ། །སྤྲུལ་སྐུ་བཅོམ་ལྡན་ཀརྨ་ཧེ་རུ་ཀར། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཕྲིན་ལས་རིགས་ཀྱི་གདུང་གསོབ་རྡོ་རྗེ་འཛིན། །སློབ་དཔོན་ཆེན་པོ་ཨུ་པ་ར་(༡༧༤ན)


GLG015_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཛའི་ཞབས། །གྲུབ་པ་མཆོག་བརྙེས་པྲ་བྷ་ཧསྟི་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །མཐུ་སྟོབས་དབང་ཕྱུག་དྷ་ནི་སཾ་ཏྲྀ་ཏ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །སྣ་ནམ་ཆེན་པོ་རྡོ་རྗེ་བདུད་འཇོམས་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཁོན་གྱི་སྔགས་འཆང་རྡོ་རྗེ་རིན་པོ་ཆེ། །དེ་སྲས་མཐུ་ཆེན་ཤེས་རབ་ཡོན་ཏན་ཞབས། །རིགས་ཆོས་འཛིན་པ་ཡོན་ཏན་འབྱུང་གནས་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །རྡོ་རྗེ་འཛིན་པ་ཚུལ་ཁྲིམས་རྒྱལ་པོའི་མཚན། །ཁྲག་འཐུང་གྲུབ་བརྙེས་རྡོ་རྗེ་གཙུག་འོད་དང་། །དྲག་སྔགས་འཐར་ཕྱིན་འཁོན་རིགས་དགེ་སྐྱབས་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཕྲིན་ལས་ཕུར་བུའི་རིགས་འཛིན་དགེ་བ་མཐོང་། །གདུང་འཚོབ་དངོས་གྲུབ་མཆོག་བརྙེས་བལ་པོ་ཆེ། །གསང་སྔགས་འཆང་བ་ཤཱཀྱ་བློ་གྲོས་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །སྔ་འགྱུར་རྡོར་འཛིན་ཤེས་རབ་ཚུལ་ཁྲིམས་རྗེ། །གསར་རྙིང་ཟུང་འཇུག་དཀོན་ཅོག་རྒྱལ་པོའི་ཞབས། །འཁོར་ལོའི་མགོན་པོ་བརྩེ་ཆེན་ས་སྐྱ་པར། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །མཁའ་སྤྱོད་ཟང་ཐལ་གཤེགས་པའི་བསོད་ནམས་རྩེ། །རིགས་ཀུན་བདག་པོ་གྲགས་པ་རྒྱལ་མཚན་དཔལ། །དངོས་གྲུབ་མཆོག་བརྙེས་གན་པ་སྟོན་དར་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །བདུད་སྡེའི་དཔུང་འཇོམས་གན་པ་སོ་སྟོན་དང་། །གན་པ་ཐེག་མཆོག་རྣལ་འབྱོར་ཆོས་ཀྱི་རྒྱལ། །མཁས་དབང་གན་པ་རིན་ཅེན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་ཞབས། །ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་དཔལ། །མཁན་ཆེན་འཇིགས་མེད་སེང་གེ་དཔལ་བ་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །འཁོར་ལོའི་དབང་ཕྱུག་བྲག་ཐོག་(༡༧༤བ)


GLG015_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བཟང་། །འཇིགས་མེད་དཔའ་བོ་ཀུན་དགའ་རྣམ་པར་རྒྱལ། །གདམས་པའི་བང་མཛོད་རིན་ཅེན་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །རྗེ་བཙུན་བླ་མ་ཤཱཀྱ་ཀུན་དགའ་དཔལ། །དམ་ཆོས་གླིང་པ་ཡེ་ཤེས་དབང་པོའི་མཚན། །མཁས་གྲུབ་ཉི་གླིང་ཚུལ་ཁྲིམས་བཀྲ་ཤིས་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །རྒྱལ་ཀུན་ངོ་བོ་རྗེ་བཙུན་གནས་གསར་བ། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་རིགས་ཀུན་བདག །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག །མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། །བསྟོད་ལས་བྱང་ཆུབ་སྒྲུབ་པའི་དཀྱིལ་འཁོར་དུ། །ལེགས་སྨིན་སྒོ་གསུམ་དྲི་མ་མ་ལུས་པ། །རབ་བཀྲུས་སྐུ་བཞིའི་ས་བོན་ཐེབས་པར་ཤོག །གདོད་མའི་གཤིས་ལུགས་དེ་བཞིན་ཉིད་ཀྱི་ངང་། །རྗེས་ཆགས་ཀུན་ཏུ་སྣང་བའི་མ་འགགས་གདངས། །སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་རོལ་གར་ལས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷུན་གྲུབ་ཤོག །སྣང་སྟོང་དཔལ་ཆེན་ཕུར་བུའི་ལྷ་སྐུར་ཤར། །གྲག་སྟོང་ཀཱི་ལ་ཡ་ཡི་གདངས་སུ་སྒྲོག །རིག་སོང་གདོད་མའི་ཀུན་བཟང་ཧེ་རུ་ཀཿ །བདེ་སྟོང་ཟུང་འཇུག་ཟློས་གར་བསྒྱུར་བར་ཤོག །སྒྲིབ་གཉིས་དེས་བསྐྱེད་འཇིགས་བརྒྱད་མཐའ་དག་ཞི། །སྲིད་ཞིའི་འབྱོར་དྲུག་མ་ལུས་འཕེལ་ཞིང་རྒྱས། །མོས་བཞིས་ཁམས་གསུམ་དབང་དུ་བསྡུ་ནུས་པ། །འཇམ་པོའི་ལས་ཀྱིས་ལུས་ཅན་དོན་བྱེད་ཤོག །ལྷ་མིན་གདོན་གྱིས་བཏབ་ལ་གདུལ་དཀའི་ཚོགས། །ཐར་མེད་འབྲུབ་ཁུང་ནང་བཅུག་ཕུར་རྩེ་ནས། །རྣམ་ཤེས་རྒྱལ་བའི་སྲས་བསྐྲུན་འཁོར་བ་ལས། །ཕྱིར་མི་ལྡོག་པའི་མངོན་(༡༧༥ན)


GLG015_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལས་འགྲུབ་ཤོག །དོན་ཆུང་ཚེ་འདིའི་ཆོས་བརྒྱད་འཆིང་བའི་རྒྱ། །བཀྲོལ་ནས་སྒོ་གསུམ་དབེན་པའི་བསྟི་གནས་སུ། །མཁའ་མཉམ་འགྲོ་བ་འདྲེན་པའི་སེམས་བསྐྱེད་ཀྱིས། །དྲངས་ནས་གྲོལ་བྱེད་ཟབ་དོན་ལ་གཞོལ་ཤོག །རྡོ་རྗེའི་ལུས་ཀྱི་རྩ་ཁམས་ཐིག་ལེ་ལ། །བསྣུན་པའི་འཁོར་ལོའི་མདུད་པ་ཡོངས་གྲོལ་ནས། །ཨ་ཝ་དྷཱུ་ཏཱིར་འབར་འཛག་བདེ་བ་ཆེ། །གཏུམ་མོའི་རྣལ་འབྱོར་ལམ་དུ་ལོངས་པར་ཤོག །རང་ལུས་ཐབས་ལྡན་ཏིང་འཛིན་ལ་གོམས་ནས། །ཕྱག་རྒྱ་མར་བརྟེན་དབབ་ལྡོག་འཁྲུལ་འཁོར་གྱིས། །བཅུ་དྲུག་ཕྱེད་ཕྱེད་རྫོགས་པའི་དགའ་བ་བཞི། །བདེ་སྟོང་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །སྣ་ཚོགས་སྤྲོས་པའི་འཆར་སྒོ་ཇི་སྙེད་པ། །གདོད་ནས་དག་པའི་རང་རིག་ཀུན་བཟང་དུ། །ངེས་པས་སངས་རྒྱས་གཞན་ནས་མི་འཚོལ་བར། ཁྲེག་ཆོད་རྟོགས་གྲོལ་ཅིག་ཅར་འབྱུང་བར་ཤོག །སྙིང་གར་གཞོན་ནུ་བུམ་དབུས་ཆོས་སྐུའི་གདངས། །མངོན་སུམ་གོང་འཕེལ་རིག་པ་ཚད་ཕེབས་ཀྱིས། །ཕུང་པོ་འཇའ་ལུས་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ཉིད་ཟད་པའི་མཐའ་རུ་འཁྱོལ་བར་ཤོག །རིགས་འཛིན་བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །དཔལ་ཆེན་ཁྲག་འཐུང་དངོས་གྲུབ་ཆར་ཆེན་ཕབ། །མཁའ་འགྲོའི་འཕྲིན་ལས་སྙེ་མ་གཡུར་ཟ་བ། །རྩ་གསུམ་བཀྲ་ཤིས་དཔལ་གྱིས་ཀུན་ཁྱབ་ཤོག །ཅེས་དཔལ་ཆེན་རྡོ་རྗེ་ཕུར་བུའི་སྨིན་གྲོལ་འཕྲིན་ལས་འཁོན་སྟོན་རིམ་པར་བྱོན་པ་ལ་བཀའ་བབས་པ་ས་ཕུར་ལྷ་ཁྲའི་སྟོད་ལས་(༡༧༥བ)


GLG015_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྒྲུབ་པའི་དབང་གི་བརྒྱུད་འདེབས་དངོས་གྲུབ་རོལ་མཚོ་འདི་ནི་ལེགས་ལྡན་གཤིན་རྗེ་པུ་ཏྲའི་རིགས་ཀྱི་ཐིག་ལེ་གོང་མ་རྒྱལ་པོའི་ལུང་གིས་དཔལ་ལྡན་ས་སྐྱ་པའི་དཔོན་ཆེན་ཨག་གླེན་གྱི་གདུང་ལས་མི་དབང་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་བ་དང་དུ་བླངས་ནས་འཕྲིན་ལས་ཕུར་བུའི་རིགས་འཛིན་ཟ་ཧོར་གྱི་སྔགས་སྨྱོན་ཆེ་མཆོག་འདུས་པ་རྩལ་གྱིས་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཕུན་ཚོགས་བློ་གྲོས་ཡངས་པས་སྐལ་བཟང་གི །གདུལ་བྱར་གྲུབ་མཐའ་རྣམ་བཞིའི་དགོངས་དོན་ཚོགས། །མངོན་པར་བཀྲ་བས་ཐོག་མཐའ་བར་ཤིས་པའི། །དགེ་ལེགས་སྩོལ་བའི་མགོན་ལ་གསོལ་བ་འདེབས། །ཤིང་རྟ་ཆེ་གཉིས་དབྱིག་གཉེན་ཡོན་ཤཱཀ་གི །གཞུང་ལུགས་ཀློག་པའི་རིམ་པ་གྲྭ་ཚང་བྱེས། །སྡེ་འདི་དབྱར་གྱི་མཚོ་ལྟར་རབ་འཕེལ་ནས། །མཁས་པའི་བྱ་བ་རྣམ་གསུམ་རྒྱས་པར་ཤོག །ཅེས་བྱེས་སློབ་དཔོན་བློ་བཟང་བཀྲ་ཤིས་ཀྱི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་རིགས་ལུང་དགེ་བསྐོས་མངའ་རིས་རབ་འབྱམས་པ་བློ་བཟང་ཕུན་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐའ་རྒྱས་པ་བློ་བཟང་དབང་པོའོ། །ཀ་དག་འདུས་མ་བྱས་པ་ཀུན་བཟང་ཀློང་། །སྲིད་ཞིའི་རྟོག་ཚོགས་གང་ཤར་རང་གྲོལ་བ། །ངོ་བོ་སྤྲོས་བྲལ་ཆོས་སྐུའི་བླ་མ་ལ། །མི་ཕྱེད་དད་པའི་སྒོ་ནས་གསོལ་བ་འདེབས། །ཇ་མཆོད་ཀྱི་དུས་སུ་མཆོད་པ་འབུལ་ཞེས་བསྒྱུར། འཇམ་དཔལ་ཞི་ཁྲོའི་འཁོར་ལོར་སྣང་སྲིད་(༡༧༦ན)


GLG015_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །ཕྱག་རྒྱ་མ་ལུས་ཟིལ་གནོན་བཞད་པ་རྩལ། །རང་བཞིན་ལྷུན་གྲུབ་ལོངས་སྐུའི་བླ་མ་ལ། མི་ཕྱེད་དད་པའི་སྒོ་ནས་གསོལ་བ་འདེབས། །གདུལ་དཀའ་གཉེན་པོར་ལས་བཞིའི་སྒྱུ་འཕྲུལ་མཚོར། །འཇམ་དབྱངས་དགའ་བའི་བཤེས་གཉེན་རི་དྭགས་གཟུགས། །ཀུན་ཁྱབ་ཐུགས་རྗེ་སྤྲུལ་སྐུའི་བླ་མ་ལ། །མི་ཕྱེད་དད་པའི་སྒོ་ནས་གསོལ་བ་འདེབས། །རྩ་གསུམ་འདུས་པའི་ངོ་བོར་གསོལ་བཏབ་པས། །དུས་དགྲའི་དབང་པོ་ཚེ་བདག་ནག་པོ་ཡི། །སྒྲོན་དྲུག་ཉམས་ལེན་ལུགས་འབྱུང་ལུགས་ལྡོག་ཏུ། །བསྟན་པས་འདི་ཕྱིའི་དོན་གཉིས་འགྲུབ་པར་ཤོག །མཐུ་སྟོབས་དབང་ཕྱུག་དཔལ་མགོན་སྟག་ཞོན་དང་། །བླ་ཚེ་སྲོག་བདུད་བྷ་ཝ་ས་ཧཱན་གོ །ཟབ་གཏེར་བསྲུང་མཛད་མཐུ་ཆེན་སྡེ་བཞི་ཡིས། །ཞི་རྒྱས་དབང་དྲག་ལས་ཀུན་གྲུབ་པར་མཛོད། །ཅེས་གསོལ་འདེབས་ཇ་མཆོད་སོགས་གང་འདོད་དུ་བསྒྱུར་ཆོག་པ་ཞིག་དགོས་ཞེས་ཟིང་པོ་སྔགས་འཆང་ཚེ་བདག་དཔའ་བོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །ཀུན་བཟང་བདེ་སྟོང་དབྱིངས་ནས་གཟུགས་ཀྱི་སྐུར། །མཚན་དཔེའི་སྣང་བརྙན་འཁོར་བ་ཇི་སྲིད་བར། །གཡོ་མེད་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །རྣམ་པར་སྣང་མཛད་ཆེན་པོར་གསོལ་བ་འདེབས། །ཐེག་མཆོག་ཆོས་ཀྱི་བཀའ་རྣམས་མ་ལུས་པ། །ལེགས་པར་བསྡུས་ནས་གསང་བ་ཀུན་གྱི་མཛོད། །ཡོངས་བཟུང་རིག་པ་འཛིན་པའི་འཁོར་ལོས་(༡༧༦བ)


GLG015_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། དཔལ་ལྡན་རྡོ་རྗེ་ཆོས་ལ་གསོལ་བ་འདེབས། །རྒྱལ་རིགས་སཱ་ལ་ཆེན་པོ་ཉི་མའི་བརྒྱུད། །འཁྲུངས་ཀྱང་སྙེངས་བྲལ་བུ་རམ་ཤིང་པ་ཡི། །སྲི་ཞུར་སྒོ་གསུམ་འབད་པ་དོན་ལྡན་ཅན། །ཞམ་རིང་ཀུན་དགའ་བོ་ལ་གསོལ་བ་འདེབས། །རྒྱལ་ཁང་སྟེང་དུ་ཏནྟྲ་སྡེ་ཆེན་པོ། །བཅོ་བརྒྱད་ཆར་བབས་ཀུ་ཀུ་རཱ་ཛ་ཡིས། །ཟབ་མོའི་དོན་བཀྲལ་དངོས་གྲུབ་རབ་བརྙེས་པ། །སྐལ་ལྡན་རྒྱལ་པོ་ཇི་ལ་གསོལ་བ་འདེབས། །གངས་ལྗོངས་བཤད་སྒྲུབ་བསྟན་པ་སྤེལ་བའི་ཆེད། །ཨ་འདུས་ཀཱ་ལིའི་འཕྲེང་མཛེས་ཡི་གེའི་གཟུགས། །བརྡ་སྤྲོད་དང་བཅས་སྔོན་མེད་ཤིང་རྟ་ཆེ། །ཐུ་མི་སཾ་བྷོ་ཊ་ལ་གསོལ་བ་འདེབས། །སྟོབས་ལྡན་ནག་པོའི་ཏིང་འཛིན་འཛབ་གྱི་རྩལ། །ཡོངས་རྫོགས་དམོད་པས་ལོག་འདྲེན་མ་ལུས་པ། །ཚར་གཅོད་དྲག་སྔགས་གྲུབ་པའི་རིག་པ་འཛིན། །སློབ་དཔོན་ཤནྟི་གརྦྷར་གསོལ་བ་འདེབས། །ལོ་ཙཱར་བཏགས་ཀྱང་དོན་གྱི་པཎྜི་ཏའི། །མཁས་པའི་སྙན་གྲགས་ས་སྟེང་ཀུན་ཁྱབ་པ། །བོད་ཡུལ་ཆོས་ཀྱི་ཉི་མ་འོད་པོ་ཆེ། །སྒྲ་བསྒྱུར་བེ་རོ་ཙ་ནར་གསོལ་བ་འདེབས། །སྔགས་འཆང་རྒྱལ་པོ་སོ་ཟུར་གནུབས་གསུམ་ལས། །འུག་བྱ་ལུང་པ་མདོ་སྒྱུ་སེམས་ཕྱོགས་ཀྱི། །བཤད་སྒྲུབ་བ་དན་སྲིད་རྩེར་བསྒྲེང་མཛད་པ། །ཤཱཀྱ་འབྱུང་གནས་ཆེན་པོར་གསོལ་བ་འདེབས། །གྲ་ཐང་ལ་སོགས་གནས་གཞི་བརྒྱ་རྩ་བརྒྱད། ལེགས་བཞེངས་གསོ་རིག་བདུད་རྩི་སྙིང་པོ་སོགས། །ཟབ་གཏེར་ཁ་བྱང་སྤྱན་འདྲེན་དབང་ཕྱུག་འབར། །གྲ་པ་མངོན་(༡༧༧ན)


GLG015_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་ལ་གསོལ་བ་འདེབས། །འཇམ་པའི་རྡོ་རྗེས་རྗེས་སུ་བཟུང་བའི་མཐུས། །ཇི་ལྟ་ཇི་སྙེད་ཆོས་ཀྱི་གནས་ལུགས་ཀུན། །མཁྱེན་པའི་མེ་ལོང་གཙང་མའི་ངོས་ཤར་བ། །རོང་ཟོམ་ཆོས་ཀྱི་བཟང་པོར་གསོལ་བ་འདེབས། །རྩ་གསུམ་དགྱེས་པ་བསྐྱེད་དང་སྣང་སྲིད་ཀྱི། །ལྷ་སྲིན་གཡར་དམ་ཉེར་སྐོང་མདོས་ཆོག་གི །སྒོ་འཕར་བརྒྱ་ཕྲག་ཅིག་ཅར་འབྱེད་མཛད་པ། །སྤྲུལ་སྐུ་ར་ཤག་ཆེན་པོར་གསོལ་བ་འདེབས། །བླ་རྫོགས་ཐུགས་གསུམ་གྱིས་མཚོན་ཚེ་གཅིག་ལ། །བྱང་ཆུབ་བསྒྲུབ་དང་འཕྲིན་ལས་རྣམ་པ་བཞི། སྤེལ་བའི་ཟབ་གཏེར་གྲངས་མེད་འདོན་མཛད་པ། །རྒྱལ་སྲས་རྡོ་རྗེ་གླིང་པར་གསོལ་བ་འདེབས། །ཟབ་ལུང་མཆོད་རྟེན་དཀར་པོ་ལ་སོགས་པས། །རྒྱལ་དབང་པདྨའི་ཐུགས་བཅུད་སྤྱན་དྲངས་ཏེ། །སྐལ་བཟང་གདུལ་བྱ་མང་པོ་སྨིན་གྲོལ་ལ། །འགོད་མཛད་ཀུན་སྐྱོང་གླིང་པར་གསོལ་བ་འདེབས། །གུང་ཐང་ཆོས་ཀྱི་རྒྱལ་པོའི་བླ་མཆོད་དུ། །ཡོངས་བཀུར་བོད་ཡུལ་མཐའ་དག་ཕན་བདེ་ལ། །སྦྱོར་བའི་འཕྲིན་ལས་སྙན་གྲགས་རྔ་བོ་ཆེ། །སྒྲོག་མཛད་མཆོག་ལྡན་མགོན་པོར་གསོལ་བ་འདེབས། །ཟངས་མདོག་དཔལ་གྱི་རི་བོའི་ཕོ་བྲང་དུ། །པདྨ་ཐོད་ཕྲེང་རྩལ་གྱིས་རྗེས་བཟུང་ནས། །ཟབ་དོན་བདག་པོའི་བཀའ་བབས་གཉེར་གཏད་པ། །སྲིན་པོ་ཆོས་ཀྱི་གོ་ཆར་གསོལ་བ་འདེབས། །ཤ་འུག་ལ་སོགས་གཏེར་སྒོ་མང་དུ་ཕྱེ། །གངས་ཅན་བསྟན་འགྲོའི་བདེ་སྐྱིད་ཉི་མ་ཤར། །མཐའ་ཡས་གདུལ་བྱའི་དགའ་སྟོན་ཕྱོགས་བཅུར་(༡༧༧བ)


GLG015_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །ཆོས་རྒྱལ་གཏེར་བདག་གླིང་པར་གསོལ་བ་འདེབས། །སེམས་ཅན་བསམ་པའི་ཁྱད་པར་ཇི་སྙེད་དང་། །མཐུན་པའི་སྒྱུ་འཕྲུལ་བཀོད་པ་བགྲང་ཡས་དང་། །བསྐལ་བཟང་རྣམ་འདྲེན་སྟོང་གི་ཐ་མ་རུ། །བདེ་གཤེགས་རྣམ་པར་སྟོན་ལ་གསོལ་བ་འདེབས། །མི་ཕྱེད་དད་པས་གསོལ་བ་བཏབ་པའི་མཐུས། །མགོན་ཁྱོད་པདྨ་ཀཱ་ར་དང་མཚུངས་པར། །ལེགས་བཞུགས་ཟབ་གཏེར་ཆོས་ཀྱི་འཕྲིན་ལས་རྒྱུན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །ཡང་སྲིད་ཀུན་ཏུ་རྡོ་རྗེ་འཛིན་ཉིད་ཀྱིས། །དགེ་བའི་བཤེས་མཛད་དབང་ཁྲིད་གདམས་པ་ལུང་། །ཟབ་དོན་ཆོས་ཀྱི་རོ་བརྒྱའི་བདུད་རྩི་ལ། །ངོམས་པ་མེད་པར་ལོངས་སུ་སྤྱོད་པར་ཤོག །ཁྱད་པར་པདྨ་འོད་ཀྱི་གཞལ་ཡས་སུ། །སློབ་དཔོན་པད་འབྱུང་སློབ་མ་གཏེར་བདག་གླིང་། །རྩ་གསུམ་དཀྱིལ་འཁོར་ཆེན་པོ་ཞལ་འབྱེད་པའི། འདུས་པ་དང་པོའི་འཁོར་དུ་འགྱུར་བར་ཤོག །གནས་སྐབས་སུ་ཡང་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡིས། །ཐུགས་རྗེའི་སྤྲིན་ཕུང་འཁྲིགས་ལས་བྱིན་རླབས་ཆར། །ཉེར་འབབ་བཀྲ་ཤིས་གཡས་སུ་འཁྱིལ་བར་ཤོག །ཅེས་པདྨའི་གདུང་ཚབ་ཆོས་རྒྱལ་གཏེར་བདག་གླིང་པའི་འཁྲུངས་རབས་དང་གཏེར་གསར་གྱི་སྐུ་བརྙན་རགས་རིམ་རང་ཉིད་ཀྱི་དད་རྟེན་དུ་བཞེངས་པའི་ཚེ་སྐྱེས་རབས་གསོལ་འདེབས་སྨོན་ལམ་དང་བཅས་པ་མཆོག་དམན་ཀུན་གྱིས་གོ་བདེ་བར་འབོལ་རྩོམ་གྱི་ཚུལ་དུ་ལྕགས་བྱ་ཧོར་ཟླ་བརྒྱད་པའི་མར་ངོའི་ཚེས་བཅུའི་ཉིན་ཟ་ཧོར་གྱི་བནྡེས་སྦྱར་བའི་(༡༧༨ན)


GLG015_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་པ་ནི་རིག་བྱེད་འཛིན་པ་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཤཱཀྱ་སེང་གེའི་གསུང་ངག་མདོ་རྒྱུད་ཀྱི། །རྣམ་བཞིའི་ཆུ་ཀླུང་ཆད་མེད་འབབ་པ་ལ། །དབང་ཕྱུག་བློ་ཡི་མ་དྲོས་མཁས་བཙུན་བཟང་། །གཏིང་མཐའ་མི་མངོན་རྒྱ་མཚོར་གསོལ་བ་འདེབས། །བཅུ་ཕྲག་རིག་པའི་བཀའ་གནད་འགྲོལ་བ་ལ། །འཇིགས་མེད་དཔྱད་གསུམ་ཡོངས་དག་གོ་ཆ་ཅན། །ཐུབ་དབང་བསྟན་ལ་འཁོར་ལོ་རྣམ་གསུམ་གྱི། །ལང་ཚོ་རྒྱས་པའི་སྡེ་ལ་གསོལ་བ་འདེབས། །ཚངས་སྲས་དྲི་ཟའི་བུ་མོ་ལུས་དཀར་ཅན། །མགྲིན་མཚོར་བཞད་པའི་གཙུག་ལག་རྡོ་རྗེའི་དོན། །སྙན་ཚིག་རྒྱུད་མང་གླུར་འབབ་ཐོས་འཛིན་དུ། །ལེགས་བཤད་ཟིལ་མངར་སྟེར་ལ་གསོལ་བ་འདེབས། །ཉོན་མོངས་རྩུབ་རེག་དང་བྲལ་འཇམ་པའི་ལྷ། །དབྱངས་ཅན་མགྲིན་འཁྱུད་རྩེ་དགའ་ཁོང་དགོད་པས། །རྟག་ཏུ་འཇམ་པའི་བཤེས་དང་གཉེན་གྱུར་པ། །སྡོམ་བརྩོན་སྡེ་སྣོད་གསུམ་པར་གསོལ་བ་འདེབས། །བདུད་བཞིའི་དངོས་ཀུན་ཐལ་ཕྱུང་ཕུག་སྟེ་འཇོམས། །ཚུར་ལ་གཞོམ་པར་ནུས་མིན་རྡོ་རྗེའི་ཁྲིར། །ཕྱོགས་བཅུའི་རྒྱལ་བས་ཚེ་མཐའ་ཡས་པའི་སྐུར། །དབང་བསྐུར་བྱིན་བརླབས་བདེན་ཚིག་བརྗོད་གསོལ་འདེབས། །སྨོན་པའི་རེ་བ་དོན་དང་ལྡན་པའི་མཐུས། །བདག་སོགས་བྱེད་པོར་གཏོགས་སོ་ཅོག་ཀུན་གྱི། ཆོས་དང་སྲིད་ཀྱི་འདོད་དོན་མ་ལུས་པ། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་ཤོག །མྱ་ངན་འདས་ལམ་སྟོན་པ་རྫོགས་སངས་རྒྱས། །རྒྱུད་ལ་མངོན་བྱེད་སྐྱབས་གནས་དམ་པའི་(༡༧༨བ)


GLG015_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །ཚུལ་བཞིན་བསྒྲུབ་པའི་གྲོགས་མཆོག་དགེ་འདུན་གྱིས། །ཕྱོགས་དུས་ཀུན་ཏུ་དགེ་ལེགས་སྤེལ་བར་ཤོག །ཅེས་གསོལ་འདེབས་རིང་འཚོའི་སྨོན་ལམ་དང་བཅས་པ་འདི་ནི་ཤར་དྭགས་ཡུལ་ནས་སྡེ་པ་བྷྲུཾ་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །བྱང་ཆུབ་ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་བསླབ་ཡན་ལ་ཞིབ་བཤད། ཞི་ལྷག་གཉིས་ལ་དོན་བསྡུ། ལམ་རིམ་ཆུང་བའི་སྤྱོད་པ་སྤྱི་བསླབ་ཡན་ལ་ལུང་རྐྱང་། ཞི་ལྷག་གཉིས་ལ་ཞིབ་བཤད་རྫོགས་པར་ཐོབ་པའི་རྒྱལ་བ་བཙོང་ཁ་པ་ཆེན་པོ་ཡན་ལམ་རིམ་གསོལ་འདེབས་ལྟར་དང་། དེ་ནས་བརྒྱུད་འདེབས་མུ་འཐུད་དགོས། རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཅེན་ཞབས། མཁས་པའི་དབང་ཕྱུག་བླ་ཆེན་ཉན་ཤཱཀ་པ། །གཞུང་བརྒྱ་སྨྲ་བ་དོན་ཡོད་དཔལ་ལྡན་ཏེ། །སྨྲ་བའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །ལུང་རིགས་གཏེར་མཛོད་རྗེ་བཙུན་ཆོས་རྒྱལ་མཚན། །གསུང་ངག་མཛོད་འཛིན་དགེ་འདུན་རྒྱལ་མཚན་རྗེ། །ཤེས་བྱ་ཀུན་གཟིགས་བློ་གྲོས་རྒྱ་མཚོའི་དཔལ། །ལེགས་བཤད་བང་མཛོད་གསུམ་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་དཀོན་ཅོག་ཆོས་འཕེལ་ཞབས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སྟེ། །མཚུངས་མེད་འདྲེན་པ་གསུམ་ལ་གསོལ་བ་འདེབས། །རྩ་བའི་བླ་མ་ཞེས་པའི་ཚབ་ཏུ་སོ་སོའི་བླ་མ་སུ་ཡིན་གྱི་མཚན་བསྒྱུར་ཆོག །གླིང་སྟོད་ཆོས་རྗེའི་ཉི་ཐང་དྲུང་འཚོ་བར་(༡༧༩ན)


GLG015_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཡིག་མེད་འདུག་ཀྱང་ཁོང་གིས་ཕ་བོང་ཁར་ཞུས་ཡོད་འདུག་པ་ལྟར་ན་དགེ་འདུན་རྒྱལ་མཚན་ཡན་གཅིག་པས་རྗེ་སྟག་ལུང་བྲག་པའི་ཚབ་ལ། རྡོ་རྗེ་འཆང་དངོས་དཔལ་འབྱོར་ལྷུན་གྲུབ་སྟེ། ཞེས་པ་བཅུག །གསོ་རིག་མཐར་སོན་བློ་བཟང་རྒྱ་མཚོའི་དཔལ། །བྲག་སྒོ་རབ་འབྱམས་པས་སུ་ལ་ཞུས་མ་ཤེས་ཀྱང་ངོ་མཚར་བརྒྱུད་པའི་ལུགས་བྱས། །རབ་འབྱམས་སྨྲ་བ་ཕུན་ཚོགས་རྒྱལ་མཚན་དང་། །ཚིག་རྐང་ཕྱི་མ་གཉིས་གོང་འདྲ་བྱས་པས་མཐུས་པར་མངོན། ཞེས་པ་འདིའང་ལི་ཐང་ཆོས་རྗེ་རབ་འབྱམས་སྨྲ་བ་བློ་བཟང་ཆོས་གྲགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །སྤྲོས་པ་ཡོངས་དག་སྟོང་ཆེན་ཕྱག་རྒྱ་ཨེ། །བཅུ་དྲུག་དགའ་བ་རྣམ་ཀུན་མཆོག་ལྡན་ཝཾ། །ཟུང་འཇུག་རིན་ཅེན་འདུལ་བྱའི་བསོད་ནམས་ཞིང་། །མཆོག་གྲུབ་བླ་མ་དམ་པར་གསོལ་བ་འདེབས། །ཐུབ་བསྟན་ལྔ་བརྒྱ་ཕྲག་དྲུག་དུས་ཀྱི་ཚེ། །ཐོས་བསམ་སྒོམ་ལ་དབང་བས་ཀུན་མཁྱེན་བུའི། །རིང་ལུགས་སྤེལ་བའི་འཕྲིན་ལས་ལྷུན་གྲུབ་པ། །རབ་ཡངས་བློ་གྲོས་བརྟན་ལ་གསོལ་བ་འདེབས། །འཇམ་དཀར་བྱང་གླིང་བཀྲ་ཤིས་རྒྱལ་མཚན་སོགས། །བཤེས་གཉེན་རིམ་བྱོན་བག་ཆགས་སད་པའི་མཐུས། །མདོ་རྒྱུད་བསྟན་པ་གསལ་བྱེད་རྣམ་དཔྱོད་ཟླ། །ཆ་ཤས་ཡོངས་སུ་གང་ལ་གསོལ་བ་འདེབས། །དབང་བཞིའི་ཆུ་རྒྱུན་ཐུགས་ཀྱི་བུམ་བཟང་དུ། །ལེགས་གཏམས་གདན་(༡༧༩བ)


GLG015_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཚང་བའི་སྡེ་དཔོན་ཆེ། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་སྡུད་མཛད་པ། །རིགས་ཀུན་ཁྱབ་བདག་ཆེན་པོར་གསོལ་བ་འདེབས། །བརྩེ་ཆེན་སྙིང་པོའི་ཞལ་ལུང་ཚད་མ་བཞིའི། །སྙན་བརྒྱུད་རྡོ་རྗེ་འཆང་དབང་ཚར་པ་རྗེ། །ཡབ་སྲས་བརྒྱུད་པའི་འཕྲིན་ལས་གངྒཱའི་རྒྱུན། །ཆད་མེད་འདྲེན་པའི་བདག་པོར་གསོལ་བ་འདེབས། །གཙང་སྟོད་ཞྭ་ལུ་གསེར་ཁང་ཆོས་གྲ་ཆེར། །རྣལ་འབྱོར་རྒྱུད་བསྟན་སྤེལ་ལ་དགའ་ལྡན་ནས། །བུ་སྟོན་ཆོས་རྗེས་ཉེར་བསྔགས་ཚར་པ་རྗེའི། །རྣམ་ཐར་ལྷག་པོར་འཛིན་ལ་གསོལ་བ་འདེབས། ཚུལ་ཁྲིམས་དག་པས་རྩ་བ་རབ་ཏུ་བརྟན། །མདོ་རྒྱུད་སྡོང་པོ་ཡལ་ག་དར་དྲག་པ། །སྨིན་གྲོལ་འབྲས་བུའི་ཁུར་གྱིས་ཉེར་དུད་པའི། །བཤེས་གཉེན་ཡོངས་འདུའི་དབང་པོར་གསོལ་བ་འདེབས། །རྣམ་གསུམ་མཁས་པའི་བྱ་བས་གངས་ཅན་ལྗོངས། །བསྟན་དང་འགྲོ་བའི་ཕན་བདེ་རབ་སྤེལ་ནས། །དགའ་ལྡན་ཆོས་ཀྱི་འདུན་སར་བྱམས་མགོན་གྱི། །སྲས་ཀྱི་ཐུ་བོར་གཤེགས་ལ་གསོལ་བ་འདེབས། ཁམས་འདུས་གསུམ་གྱི་འཕྲེང་རིང་སྤྱོད་པས་བསྒྲལ། །དབང་བཞིས་དཀྱིལ་འཁོར་རྣམ་བཞའི་འགྲོས་བཞི་ཐིམ། །སྐུ་བཞི་མངོན་གྱུར་དགྱེས་མཛད་ཧེ་རུ་ཀའི། །སྒྱུ་འཕྲུལ་རོལ་གར་སྒྱུར་ལ་གསོལ་བ་འདེབས། །མཁའ་སྤྱོད་དག་པའི་ཞིང་དུ་མགོན་པོ་ཁྱོད། །མ་དང་མཁའ་འགྲོའི་གཙོ་བོར་ལེགས་བཞུགས་ཀྱང་། །བདག་སོགས་གདུལ་བྱ་ཡེ་ཤེས་སྤྱན་རས་ཀྱིས། །གཟིགས་ནས་འབྲལ་མེད་རྗེས་སུ་འཛིན་པར་(༡༨༠ན)


GLG015_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །འདུས་པ་དང་པོར་ཁྱོད་གསུང་བདུད་རྩིའི་སྨན། །ཐར་པའི་སྲོག་གི་ཟུངས་སུ་ལེགས་གྱུར་ཏེ། །བུ་སྟོན་ཞབས་དང་ཚར་ཆེན་ཡབ་སྲས་ཀྱི། །བསྟན་པ་སྲིད་མཐར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ངུར་སྨྲིག་གི་གར་གྱིས་རྣམ་པར་རོལ་བ་དྲིན་ཅན་རྩ་བའི་བླ་མ་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་གང་གི་ཞབས་འབྲིང་དུ་ཡུན་རིང་པོར་བཅར་བ་བསོད་ནམས་ལེགས་མཆོག་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་དམ་པ་དེ་ཉིད་མཁའ་སྤྱོད་རྡོརྗེ་བཙུན་མོའི་ཞིང་དུ་གཤེགས་པ་ལྕགས་མོ་བྱའི་ལོ་རྒྱལ་གྱི་ཟླ་བའི་ཚེས་ཉེར་གསུམ་ལ་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །


previousཀུན་མཁྱེན་བུ་སྟོན་ཆོས་རྗེའི་འཁྲུངས་རབས་གསོལ་འདེབས་སོགས།next