Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
འཁྲུངས་རབས་ཀྱི་ཞིང་བཀོད་འདྲི་ཚུལ་གྱི་རྟོགས་བརྗོད་ཁ་བྱང་དང་བཅས་པ་གསལ་བའི་མེ་ལོང་།
   
   
   
   
   
   


 
previousའཁྲུངས་རབས་ཀྱི་ཞིང་བཀོད་འདྲི་ཚུལ་གྱི་རྟོགས་བརྗོད་ཁ་བྱང་དང་བཅས་པ་གསལ་བའི་མེ་ལོང་།next

འཁྲུངས་རབས་ཀྱི་ཞིང་བཀོད་འདྲི་ཚུལ་གྱི་རྟོགས་བརྗོད་ཁ་བྱང་དང་བཅས་པ་གསལ་བའི་མེ་ལོང་།


GLG015_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་རབས་ཀྱི་ཞིང་བཀོད་འདྲི་ཚུལ་གྱི་རྟོགས་བརྗོད་ཁ་བྱང་དང་བཅས་པ་གསལ་བའི་མེ་ལོང་བཞུགས་སོ། །


GLG015_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི་པྲ་ཛ་བྷྱཿ སྐུ་གསུམ་ངོ་བོ་དག་པའི་དབྱིངས་སུ་དབྱེར་མེད་དོན་དམ་མི་ཟད་འཁོར་ལོའི་རྒྱན་གྱི་མཛོད། །དམིགས་མེད་སྙིང་རྗེའི་རླན་གྱིས་ཉེར་བསྒོས་མཚན་དཔེའི་ཁ་དོག་མ་འདྲེས་རབ་བཀྲའི་རི་མོ་ཅན། ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས་སྐུའི་དབང་པོའི་གཞུ་ཡི་སྒྱུ་འཕྲུལ་དྲ་བའི་གར་མཁན་མ། །ཞིང་ཁམས་རྒྱ་མཚོར་ངོ་མཚར་ཆོ་འཕྲུལ་འབྱམས་སུ་ཀླས་པའི་འཇིག་རྟེན་དབང་ཕྱུག་ཕྱག་གི་ཡུལ། །སྲིད་དང་ཞི་བའི་གཙུག་ཏོར་མཐོན་པོའི་རྩེར། །སྣང་བ་དམ་པའི་གཟི་བྱིན་ཆེར་འབར་བའི། །སྔོན་མེད་ཉི་མ་གསར་པ་སྲོང་བཙན་རྗེའི། །འོད་སྟོང་སྲིད་པའི་རྩེ་ལས་བརྒལ་(༢ན)


GLG015_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྤྲོ། །ལྔ་བརྒྱའི་ཉེས་ཚོགས་ནགས་ཀླུང་ཕྱེར་འཐག་པའི། །སྐྱེས་རབས་རལ་གྲིའི་རྩིབས་སྟོང་འཁོར་བའི་རྒྱུན། །མ་དམད་ཐུགས་རྗེ་ཆེན་པོས་ཉེར་བསྐུལ་ཕྱིར། །འཁོར་བའི་ཕ་མཐའ་ཇི་བཞིན་འཛད་མེད་རིང་། །གཞན་ཕན་དོན་དུ་འགྱུར་ན་ངན་སོང་གནས། །འཆི་མེད་ཚལ་དང་མཚུངས་པར་ལོངས་སྤྱོད་པའི། །འཇིགས་བྲལ་སྙིང་སྟོབས་འཕགས་ཆེན་དམ་པའི་ཚུལ། དམན་ལམ་ཞི་བདེར་གོམས་རྣམས་སྐལ་བ་ཕྲ། །རང་བདེ་འདོད་པའི་མཚན་མོར་ཉེར་གཞོལ་ཡང་། །གཞན་དོན་ཕྱོགས་བརྒྱར་ངོམ་པའི་འདབ་མའི་ཁ། །དཀའ་སྤྱད་ཉིན་བྱེད་ཤར་ཚེ་རབ་ཟུམ་པའི། །འཁྲུངས་(༢བ)


GLG015_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ཀུནྡའི་ཚོགས་ཀྱི་དོ་ཟླ་མིན། །སྨྲ་བའི་བང་མཛོད་ལྕེ་ཡི་གློག་ཕྲེང་སྟོང་། །རྣམ་པར་འཐུལ་ཡང་ཚུལ་འདི་བརྗོད་པའི་མཐའ། །བྲལ་ཕྱིར་རྫོགས་པར་གླེང་བའི་དཀའ་ཐུབ་དག །བསྟེན་ན་ཚངས་པ་རྒན་པོ་གཉིད་ལ་ཡུར། །འོན་ཀྱང་རང་བློའི་ཨ་སྨྲའི་ཚི་གུ་ཡིས། །རྟོགས་བརྗོད་ཟླ་བའི་མ་མའི་ཆ་ཤས་ལས། །ཇི་ཙམ་ལེན་པར་སྤོངས་ནུས་དེ་སྲིད་དུ། །འཇུག་པའི་ཚུལ་ལ་རྒོལ་བའི་ཀླན་ཀ་སུ། །ཡེ་ཤེས་སྣང་བ་དག་པའི་ཞིང་། །ལག་མཐིལ་ལྟར་མཉམ་རིན་ཆེན་གཞིར། །ནོར་བུའི་རྡུལ་བརྩེགས་རི་བོའི་ཚོགས། །གཉིས་འཐུང་དལ་གྱིས་རྒྱུ་བ་བཞིན། །སྣ་ཚོགས་རིན་ཆེན་ལས་བསྐྲུན་པའི། །སྔོན་མེད་ལྗོན་པའི་དབང་པོ་ཅན། །ཉོན་མོངས་གདུང་བ་ལས་སྐྱོབ་ཕྱིར། །འདབ་མའི་ཚོགས་ཀྱིས་ཀླུབས་སམ་སྙམ། །དལ་འབབ་ཆུ་ཀླུང་སྡིག་པའི་དྲི། །འཁྲུས་པའི་ཆོ་ག་བསྟར་བ་ལ། །ཆུ་སྐྱེས་ཚོགས་རྣམས་དགའ་བའི་འཛུམ། །རྩེ་དགའ་ཁོང་ནས་རྒོད་པ་འདྲ། །ལྷ་མིའི་འབྱོར་པ་ཇི་སྙེད་པས། །དཔེ་ཟླར་འོས་མིན་ངོ་མཚར་གྱི། །བཀོད་པ་རྒྱ་མཚོའི་འབྱུང་གནས་ནི། །བདེ་བ་ཅན་ཞེས་གྲགས་པ་དཀར། །ས་གཞི་དང་རི་དང་ཤིང་ཐམས་ཅད་ཀྱང་རིན་པོ་ཆེ་ལས་གྲུབ་ཅིང་། མཚོ་རྫིང་འབབ་ཆུ་མེ་ཏོག་བྱ་སྐད་སྙན་(༣ན)


GLG015_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་པ། འཕན་གདུགས་རྒྱལ་མཚན། རོལ་མོ་སོགས་ངོ་མཚར་བ་དང་ལྡན་པའི་བདེ་བ་ཅན་གྱི་ཞིང་དེའི་དབུས་སུ་ཁང་བཟང་དང་བྱང་ཆུབ་ཤིང་གི་ལྗོན་པ་ཡོད་དོ། །ཞིང་དེའི་དབང་ཕྱུག་འོད་དཔག་མེད། །འཁོར་མུན་མིག་སྨན་ལྟར་གནག་པ། །མཐར་བྱེད་སྐུ་གསུང་ཐུགས་ཀྱི་གཟི། །གཏན་བདེའི་རང་སྣང་འོད་དུ་འབར། །ངག་ཡིད་འདུ་བྱེད་དང་བྲལ་བེམ་པོའི་ཁམས། །ཉི་འོད་འབུམ་གྱིས་འཁྱུད་པའི་པད་རག་གི །ལྷུན་པོ་འཇིག་རྟེན་མེས་པོས་ཉེར་བསྐྲུན་ཀྱང་། །མགོན་ཁྱོད་དཔེ་ཟླར་འོས་པའི་གོ་སྐབས་ཅི། །དེ་ཡི་དྲུང་དུ་རྒྱལ་སྲས་པད་དཀར་འཆང་། །སྔོན་ནས་ཚོགས་གཉིས་དཀྱིལ་འཁོར་ཉ་གང་ཡང་། །རིས་བྲལ་འགྲོ་ལ་བརྩེ་བས་སྨོན་འཇུག་གི །སེམས་བསྐྱེད་ཟླ་ཚེས་ཆ་ཤས་གོང་དུ་འཕེལ། །འཁོར་བ་ཨེ་རཎྜ་ཡི་སྙིང་པོ་ལ། །གཏན་བདེའི་ངལ་གསོར་རེ་བའི་འཁྲུལ་བའི་འགྲོ །མ་ལུས་ཁྱོད་ཀྱིས་འདྲེན་པར་དམ་བཅའ་ན། །འཕགས་ཆེན་གཞན་རྣམས་ཞི་བདེར་མནལ་ལཾ་ཅི། །མགོན་པོ་འོད་དཔག་མེད་བྱང་ཆུབ་ཀྱི་ཤིང་གི་དྲུང་ན་བཞུགས་པའི་མདུན་དུ། སྤྱན་རས་གཟིགས་ཀྱིས་ཕྱག་གཉིས་ཐལ་མོ་སྦྱར། པུས་མོ་ས་ལ་བཙུགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚུལ་ལོ། །སྙན་པའི་སྒྲ་དབྱངས་ཉམས་དང་འགྱུར་བའི་དཔྱིད། །དབྱར་གྱི་རྔ་གསང་ལྟར་སྒྲོག་ས་སྤྱོད་ཀྱི། །རིགས་(༣བ)


GLG015_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་འཇིག་རྟེན་ལས་འདས་དབང་ཕྱུག་བརྒྱད། །ཀུན་ཚང་ཡོན་ཏན་གཏེར་གྱུར་མི་ཡི་བདག །བཅུ་དྲུག་བགྲང་བའི་ན་ཚོད་ཆེས་ཕྲ་ཡང་། །མ་དམད་མཛད་བཟང་རྒན་པོའི་བློ་འཆང་བས། རྣམ་འདྲེན་འོད་མཛད་ཡེ་ཤེས་ཏོག་གི་དྲུང་། །གཏན་གྱི་སྐྱབས་གསོལ་ཞུར་བགྲོད་ཤུལ་ལམ་དུ། །ཉི་ཟླ་ནམ་མཁའི་སྒྲོན་མར་ཉེར་འབོད་པའི། །འཆི་མེད་ལུས་ཕྲའི་ཁེངས་འཕྲོག་མཛེས་མ་ཟུང་། །འཁོར་བར་འཁྲུལ་པའི་གཏན་མདུན་འཆའ་འདོད་ནས། །གཏོང་མིན་མཛའ་གཅུགས་རྩེ་དགའི་བརྡ་ཐབས་བསྟན། །དེ་ཚེ་ཡིད་འོང་ཆུ་སྐྱེས་འདབ་རྒྱས་དང་། །རི་སྐྱེས་དོང་རྩེའི་དངོས་པོ་ཉེར་ཕུལ་ཏེ། །བླ་མེད་བྱང་ཆུབ་སེམས་བསྐྱེད་ཆར་རྒྱུན་གྱིས། །གཏན་བདེའི་མྱུ་གུ་བསྐྲུན་པའི་ཆོ་ག་བསྟར། །ཡུལ་སྒྲ་ཅན་ན་རྒྱལ་པོ་སྒྲ་དབྱངས་རྔ་སྒྲའི་སྲས་སུ་འཇིག་རྟེན་དབང་ཕྱུག་འཁྲུངས་པའི་ཚེ་ལོ་བཅུ་དྲུག་ལོན་པ་ན། སངས་རྒྱས་འོད་མཛད་ཡེ་ཤེས་ཏོག་གི་དྲུང་དུ་བྱོན་པའི་ལམ་ཁར་ཉི་ཟླའི་སྒྲོན་མ་དང་ནམ་མཁའི་སྒྲོན་མ་གཉིས་ཀྱིས་བཙུན་མོ་བྱ་བར་གསོལ་ཅིང་། སངས་རྒྱས་ལ་ཨུཏྤལ་དང་དོང་རྩེ་ཕུལ་ཏེ་སེམས་བསྐྱེད་དོ། །གཟི་བྱིན་སྟོང་འབར་རིན་ཆེན་ཅོད་པན་མཆོག །ཡབ་རྗེས་རིགས་སྲས་བུ་ལ་ཉེར་བཀོད་ནས། །ས་དབང་རྒྱལ་པོའི་གོ་སར་མངའ་གསོལ་ཏེ། །ཁྲིམས་གཉིས་གདུགས་དཀར་ཡུ་བ་བུ་ལ་གཏད། །རང་གི་ལུས་སྲོག་འགྲོ་ལ་གཏོང་བའི་སེམས། །སྦྱིན་པའི་རྩེ་དགའ་ལྷུར་ལེན་ཉལ་འགྲོའི་རྒྱུན། །སྔོན་གོམས་རི་གཟར་རྩེ་ལས་ཉེར་འབབ་པ། །སེར་སྣའི་རགས་ཀྱིས་གྱེན་དུ་བཟློག་ནུས་མིན། །སྦྱིན་པའི་གཏམ་(༤ན)


GLG015_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ལུས་ཕྲའི་འགྲིན་པའི་ཆང་། །ཟེགས་མ་གྲངས་མེད་ཕྱོགས་བརྒྱར་འཐོར་བ་ཡིས། །མཆོག་དམན་སྐྱེ་བོའི་སྒྲ་འཛིན་བ་ཀུ་ལ། །འཛུམ་ཚེ་ཀུན་རྟོག་ཟེའུ་འབྲུ་ཅི་ཡང་རྒོད། །ཕྲག་དོག་རླུང་གིས་བསྐྱོད་པའི་ནགས་ཀྱི་མེས། །ནོར་མཆོག་ཙནྡན་ལྗོན་པ་བསྲེགས་པའི་ཤུལ། །སྒྲ་གཅན་རྗེ་འབངས་སེམས་ཁོང་ཆུད་པ་བཞིན། །བརྣམས་པའི་སོལ་བའི་མགལ་དུམ་ཆེས་ཆེར་སྤུངས། །དེ་ཚེ་གཡོ་མེད་ཁྲིམས་ཀྱི་རླུང་། །ཤུགས་དྲག་གིས་བདས་རྒྱལ་བའི་སྲས། །ཟླ་གཞན་མཐའ་འཁོར་ཆུ་ལྷ་ཡི། །ཕང་པར་སོང་ཡང་འཇིགས་པ་མེད། །བསླུ་མེད་བདེན་པའི་སྐྱ་རེངས་ཀྱི། །ཕན་བདེའི་བྱ་མ་རྟ་ཤར་བས། །རིང་མིན་སླར་ཡང་ལྷ་ཡི་སྲས། །ཉིན་བྱེད་རང་ཡུལ་མཁའ་ལ་འོངས། །ཨེ་མ་དེ་ཚེ་ལུས་ཅན་ཀུན། །མི་དབང་ཡིད་བཞིན་ནོར་བུ་འདི། །རང་གི་བསོད་ནམས་བགོ་སྐལ་གྱིས། །ཐོབ་ཅེས་དགའ་བའི་གར་གྱིས་བྲེལ། །དུས་དེར་རྗེ་འབངས་ཡིད་ལ་བདེ་བའི་རོ། །མྱོང་དང་ལྷན་ཅིག་མཐའ་འཁོབ་དྲེགས་ལྡན་ཡིད། །དཀར་མིན་སྔོན་བསགས་ལས་ལ་ཆེར་མནོང་བ། །ལྷན་ཅིག་ཕན་ཚུན་འགྲན་པ་བཞིན་དུ་བྱས། །སྲས་འཇིག་རྟེན་དབང་ཕྱུག་རྒྱལ་སར་བསྐོས་ཏེ་སྦྱིན་པ་རྒྱ་ཆེན་པོ་བཏང་བས། ཕྲག་དོག་དང་ལྡན་པའི་རྒྱལ་པོ་ཤིང་ཁྲི་ཅན་གྱིས། ནོར་བུ་དགོས་འདོད་འབྱུང་བ་སློང་བར་བཏང་བ་བཞིན་བྱིན་པས་སྲས་ཡུམ་རྣམས་བདུད་རི་ནག་པོ་བྱ་རོག་སྒྲ་གཅན་ཞེས་བྱ་བར་སྤྱུགས། དེའི་ཚེ་ལམ་དུ་ཡང་བཞོན་པ། རྒྱན་གོས་རྣམས་ཀྱང་སློང་མོ་བ་ལ་བྱིན། བཤུལ་ལམ་(༤བ)


GLG015_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་ལྷས་གཞལ་ཡས་ཁང་སྤྲུལ་ནས་མཆོད་པས། བཙུན་མོ་གཉིས་དེར་བཞུགས་པར་འདོད་ཀྱང་ཡབ་ཀྱི་བཀའ་མི་བཅག་བའི་སླད་དུ་བྱོན། དེར་བྱེ་མ་ཤིང་དྲུང་ནས་འོངས་པའི་བྲམ་ཟེ་ལ་སྲས་མིང་སྲིང་ཡང་བྱིན། དེ་ལ་བརྟེན་ནས་ཡབ་ཡུམ་རྣམས་དང་། ཡུལ་དེའི་ལྷ་ཀླུ་གཞི་བདག་རྣམས་ཀྱིས་ངུས་ཤིང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱན་ཆབ་བཏོན་པ་གཅིག་ཏུ་འཁྱིལ་བ་མཚོར་གྱུར་བའི་དབུས་སུ་པད་སྡོང་གི་མེ་ཏོག་རྣམས་ལ་སངས་རྒྱས་རེ་རེ་བཞུགས་པ་དང་། འཇའ་འོད་འཁྱིལ་བའི་ལྟས་ཡ་མཚན་དུ་བྱུང་། བརྒྱ་བྱིན་གྱིས་ཉམས་ཚོད་སད་པར་བཙུན་མོ་བྱིན་ཡང་སླར་ཕུལ། མི་རིང་བར་རང་ཡུལ་དུ་སྤྱན་དྲངས་ཏེ་སྲས་འོད་ཟེར་ཏོག་རྒྱལ་སར་བསྐོ་བ་སོགས་དགའ་སྟོན་བྱས་སོ། །འཕགས་ཡུལ་ལྷོ་ཕྱོགས་འཛིན་མའི་རྒྱན་གཅིག་པུར། །བྱེད་པོས་ཉེར་བསྐྲུན་དཀོན་མཆོག་གསུམ་གྱི་འབངས། །འགྲོ་བའི་གཉེན་དུ་ས་དབང་རྒྱལ་པོའི་ཚུལ། འཛིན་མཁས་གང་གི་སྒྱུ་འཕྲུལ་དེ་རྨད་བྱུང་། །སྲིད་འབྱོར་སྙིང་མེད་དབུ་བའི་དོ་ཤལ་དག །ངན་གཡོ་མཐོར་རླུང་དྲག་པོས་ཉེར་བཅོམ་པའི། །ཡུལ་གཞན་དལ་མེད་རྒྱུ་བའི་རླབས་ཕྲེང་དེ། །མཐའ་ཡས་དགེ་ཚོགས་འབྱུང་ལ་ཡོལ་བ་མེད། །ལེགས་བྱས་འབྲས་ལྡན་དུས་ཀྱི་རབ་དངས་མཁར། །མཛེས་སྡུག་ལང་ཚོའི་བསིལ་ཟེར་སྟོང་འཕྲོ་བ། །བདེ་སྤྱོད་ཡིད་ཀྱི་ཀུནྡ་དབང་མེད་དུ། །ཕྲོགས་པའི་བཞིན་རས་འདབ་མ་འཛུམ་ཞིང་འདར། །དེ་ཚེ་རི་དྭགས་མིག་ཅན་མར། །མཆོག་གསུམ་དམ་པས་བྱིན་བརླབ་པའི། །མི་ལས་འདས་པའི་ཁྱེའུ་ནི། །ཁས་བླངས་ཇི་བཞིན་དུས་སུ་བཙས། །ལས་ཀྱི་ཐགས་སུ་ཉེར་བཏགས་པའི། །(༥ན)


GLG015_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་ཡས་སྐྱེ་བའི་ཟ་འོག་གོས། །བདེ་སྡུག་སྣ་ཚོགས་རི་མོ་ཡི། །རང་མཚང་སྟོན་པའི་སློབ་དཔོན་བཞིན། །ཆེར་འབད་གཡོ་སྒྱུའི་གྲུ་རྫིངས་དག །བདེན་པའི་པི་ཝང་རྒྱུད་སྒྲ་ཡིས། །ས་དབང་མདུན་སའི་ཆུ་གཏེར་དབུས། །ཞིག་ཚེ་བྲན་མོ་ལྷ་ཡུལ་སོང་། །བྷེེ་ཏའི་ཡུལ་གྱི་རྒྱལ་པོའི་བུ་མོ་ཀུན་ཏུ་བཟང་མོ་བྲན་མོས་བསླད་དེ་གསེར་གཞོང་ཆུ་ལ་བསྐུར་བས་རྐྱེན་བྱས། ཡུལ་ལྷོ་ཕྱོགས་སུ་འོངས་པ་ན་རྒྱལ་པོ་བདེ་སྤྱོད་ཀྱི་བཙུན་མོར་བླངས། བུ་སྟོད་གསེར་རྐང་པ་གཡུ། སྨད་དུང་ལས་བྱས་པ་ཞིག་སྐྱེ་ཞེས་བཙུན་མོས་སྨྲས་པ་ལྟར་བཙས་ཀྱང་བྲན་མོས་རྗེ་མོ་ལ་སྨྱོ་ཆུ་བླུད། སྲས་སྦས། ཁྱི་གུའི་རོ་ཞིག་བསྟན་ཏེ། འདི་བྱུང་ཞེས་དྲིལ་བསྒྲགས་པས་ཐམས་ཅད་ཐེ་ཚོམ་དུ་བྱུང་། རིང་པོར་མ་ལོན་པར་སྲས་ཀྱིས་ཕོ་བྲང་ཆེན་པོ་ཞིག་སྤྲུལ་རྒྱལ་པོ་འཁོར་བཅས་གདན་དྲངས། སྔར་གྱི་བྱུང་ཚུལ་རྣམས་ཞིབ་པར་གླེངས། བྲན་མོ་གཉིས་རྣམ་ཤེས་པོ་ཏ་ལར་འཕངས་སོ། །ཐ་མལ་ཁྱིམ་ཐབ་འཁོར་བ་ཡི། །ཐར་མེད་རྒྱ་རུ་ཡོངས་རིག་སྟེ། །ལྟས་ངན་གཡང་ལེན་ཉེ་བའི་ལམ། །མཁའ་འགྲོའི་ཕོ་ཉ་བསྟེན་ལ་ཆས། །མི་ཞུམ་སྙིང་སྟོབས་བརྩོན་འགྲུས་ཀྱིས། །དཀའ་བའི་ལས་མང་ཉེར་བསྒྲུབས་པས། །མི་བསྲུན་སྲིན་གཡག་སྙིང་འདར་ནས། །མཐོང་བ་ཙམ་གྱིས་ས་ལ་འགྱེལ། །དེ་ཚོ་སྐྱེ་བ་མང་པོའི་དགེ་བའི་བཤེས། །དྲི་མེད་མཚོ་སྐྱེས་རིགས་འཛིན་དཔའ་བོ་ཆེས། །གསང་བའི་མཁའ་འགྲོ་གནས་བཅས་ཉེར་བསྟན་ཞིང་། །འབྱུང་འགྱུར་གསུང་གི་གསང་བ་དུ་མ་སྩལ། །ཀུན་གསལ་དབྱིངས་སུ་སྙེག་འདྲའི་བྲག་(༥བ)


GLG015_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གི་རི། །རྡོ་རྗེ་ལྟ་བུར་རབ་མཛེས་ལྟེ་བའི་དབུས། །གསང་བ་བདེ་ཆེན་མཁའ་འགྲོའི་གཞལ་མེད་ཁང་། །ཡེ་ཤེས་ལྷ་ཚོགས་འདུ་བའི་གནས་དེར་བྱོན། །ཐབས་ཤེས་ཟུང་དུ་འཇུག་པའི་རེ་བ་ཀུན། །རྫོགས་པའི་འཁོར་ལོ་ཀུན་གྲོལ་བདེ་བའི་དཔྱིད། །སྟོང་ཆེན་དག་པའི་རང་བཞིན་སྙན་པའི་གླུ། །རྡོ་རྗེའི་ཚིག་ཏུ་དཔལ་གྱི་མགྲིན་པར་ལེན། །ཨཽ་ཏྲི་ཡ་ནའི་ཡུལ་ནས་སྐད་ཅིག་ལ། །ཡབ་ཡུམ་བདེ་ལྡན་ཁབ་ཏུ་ཉེར་བགྲོད་ནས། །ངོ་མཚར་བཀོད་པ་རྒྱ་མཚོའི་དགེ་མཚན་གྱིས། །ཕྱོགས་དེའི་འགྲོ་རྣམས་ལེགས་པའི་ལམ་ལ་སྦྱར། །དེ་ནས་དཀོན་མཆོག་འབངས་ཀྱིས་གསང་བ་ཡེ་ཤེས་ལེན་པར་ཨཽ་རྒྱན་གྱི་ཡུལ་དུ་བྱོན་པས། ལམ་དུ་མཁའ་འགྲོ་མ་ཞིག་གིས་ལུང་བསྟན་པ་ལྟར། སྲིན་པའི་སྙིང་ལེན་པར་ཆུ་དང་ནགས་ལ་སོགས་ལམ་བགྲོད་དཀའ་མང་པོ་སྤྱད་དེ་བྱོན། དེར་མཁའ་འགྲོ་ཞིག་དང་འཕྲད་དེ་ལུང་བསྟན་པ་ལྟར་། བྲག་ཁུང་ཞིག་གི་སྒོ་བརྡུངས་པས་རྣལ་འབྱོར་མ་རྒན་མོ་ཞིག་དང་ཕྲད། དེས་ཟེར་བ་བཞིན་རི་ནག་པོའི་གཙུག་ལག་ཁང་དུ་མཁའ་འགྲོའི་ཚོགས་འཁོར་གྱི་སར་བྱོན་པས། དེའི་རྡོ་རྗེའི་སློབ་དཔོན་མ་དེས་ལུང་བསྟན་ནས་སྲིན་ཡུལ་དུ་མི་སྙིང་བཅུ་དྲུག་ལེན་པར་བྱོན། དེར་རྣལ་འབྱོར་མ་ཞིག་གིས་ཁྱེད་རང་རྒྱལ་པོ་མཚོ་སྐྱོང་གི་ཕོ་བྲང་གི་ལྷོ་ནས་རྩིས་པའི་ཕྱོགས་དེར་སྡོད་ཅིག །མི་སྙིང་ངས་ཁྱེར་ཡོང་ཟེར་བ་ལྟར་བྱས་པས། རྒན་མོ་གཅིག་དང་བུ་མོ་བཅོ་ལྔ་བྱུང་ནས་ཚོགས་ཀྱི་དགའ་སྟོན་བྱས། རྒན་མོ་དེས་བླ་མ་དྲི་མ་མེད་པའི་དྲུང་དུ་བཏང་བ་བཞིན་བྱོན། དེ་ནས་བླ་མས་གསུང་བ་བཞིན་བྱོན་པས་གསང་བ་ཡེ་ཤེས་དང་མཇལ་ཞིང་། མ་འོངས་ལུང་བསྟན་སོགས་རྒྱས་པར་(༦ན)


GLG015_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བའི་མཐར་རང་ཡུལ་དུ་ཕེབས་སོ། །ཟླ་ཤེལ་འབད་པ་མེད་པར་གཟུགས་བརྙན་གྱིས། །ཅིག་ཅར་བགྲང་ཡས་རྫིང་བུར་འཆར་བ་ལྟར། །རྒྱལ་རྣམས་སྒྱུ་འཕྲུལ་དྲ་བའི་རོལ་གར་དག །སྟོན་འདི་བྱིས་བློས་གཞལ་བའི་ཡུལ་ལས་འགོང་། ཁྲིམས་གཉིས་དྲང་པོར་སྲོང་བའི་སྲུབ་ཤིང་གིས། །ལེགས་ལམ་སྣང་བའི་ཆུ་གཏེར་ལས་བཏོན་པའི། །ཕན་བདེའི་ས་བསྲུང་སྣ་ཞགས་རིང་བརྐྱང་ཡང་། །ཆེས་བཙན་བསྙེམ་མེད་སྒོམ་པའི་བློ་ཆེན་ལྡན། །གངས་ཀྱི་རི་བོས་བསྐོར་བའི་རབ་དཀར་ལྗོངས། །བདུད་རིགས་ནག་པོའི་ར་རིའི་དྲི་མ་ཅན། །དྲུང་འབྱིན་ཐུགས་རྗེའི་ཞུགས་ཀྱིས་བཞུ་བའི་ཆབ། །གྲགས་སྙན་ལྷུང་ལྷུང་སྒྲར་བཅས་ཅི་ཡང་འབབ། །མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། སྤང་དང་རྟོགས་པའི་ཡོན་ཏན་ཀུན། །ཡི་དམ་ལྷ་དང་དབྱེར་མེད་ཀྱང་། །གཞན་ངོར་སྒྲུབ་པའི་ངང་ཚུལ་བསྟན། །དེ་ཚེ་ཐུགས་རྗེའི་འདྲེན་བྱེད་མེས། །མི་མཐུན་འདོད་ལྷའི་ལུས་བསྲེགས་དང་། །ལྷན་ཅིག་གྱ་གྱུའི་མ་རུངས་སེམས། །མྱ་ངན་ཁང་བུར་བརྒྱལ་བ་བཞིན། །འཆི་མེད་ཕོ་བྲང་ས་གཞི་ལ། །འཕོས་འདྲའི་ལྷ་ལྡན་གཙུག་ལག་ཟུང་། །རླུང་གི་རྒྱལ་མཚན་ལྟར་བཀྲ་བ། །བསོད་ནམས་པིར་གྱིས་རི་མོར་བྱས། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཉང་བྲན་ཕ་བོང་ཁར། མཁར་དགུ་ཐོག་བརྩེགས་ཏེ། དེར་སྤྲུལ་པ་མངའ་བས། རིགས་གསུམ་མགོན་པོ་ཞལ་གཟིགས་ཤིང་བྱིན་གྱིས་རློབས། ལྷ་ས་དང་ར་མོ་ཆེའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་ལེགས་པར་བཞེངས་སོ། །གངས་(༦བ)


GLG015_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རིན་ཆེན་རྩིག་པའི་ངོས། །ཐུབ་བསྟན་རི་མོར་བྲིས་པའི་གཟུགས། །གབ་པ་སླར་ཡང་གསལ་བའི་ཕྱིར། །དབོན་སྲས་སུ་སྤྲུལ་ལྷའི་མེ་ཏོག །དབུས་འགྱུར་མ་ལ་ཡ་ཀླུང་ནས། །སྨོན་ལམ་བསེར་བུས་བསྐུལ་བ་ཡིས། །མཁན་སློབ་ཙནྡན་དྲི་གསུང་དག །ཕན་དང་བདེ་བའི་སོས་སུ་འཇེབས། །ལུགས་ཟུང་མི་འགྱུར་གཙུག་ལག་ཁང་། ལྷུན་གྱིས་གྲུབ་པའི་དགེ་མཚན་གྱིས། །སྒྱུ་མས་སྤྲུལ་པའི་གྲོང་ཁྱེར་དང་། །འཆི་མེད་ཚལ་གྱི་ཁེངས་པ་འཕྲོགས། །དམ་ཚིག་རྟེན་གྱི་རྫིང་བུ་ལ། །ཡེ་ཤེས་གྲུ་ཆར་ཉེར་ཕབ་པའི། །མཐའ་ཀླས་དཔག་དཀའི་རྫུ་འཕྲུལ་དང་། །ལྷ་མིའི་དགའ་སྟོན་འགྲན་པ་འདྲ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་སྤྱན་དྲངས་ས་གཞི་བཏུལ་ནས་བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས། །རབ་གནས་ཀྱི་ཚེ་ངོ་མཚར་བའི་ལྟས་མང་དུ་བྱུང་ཞིང་། རབ་གནས་ཀྱི་དགའ་སྟོན་རྒྱ་ཆེར་བཏང་ངོ་། །བསྟན་ལ་མ་དམད་ཕུད་དུད་བསྒྲུབས་པའི་གྲངས། །མགོ་སྐྱེས་ཉག་མར་བཤད་དེ་ལན་བུ་རུ། །གྱུར་པས་རལ་པའི་ཅོད་པན་འཛིན་འདི་ཡིས། །གསར་བཅད་སྐད་ཀྱིས་ཐུབ་བསྟན་བྱི་དོར་བྱས། །དཔའ་རྟགས་དཔུང་གིས་རྒྱ་ནག་དམག་ཚོགས་ཀུན། །སྙིང་དབུགས་དང་བཅས་ནམ་མཁའི་ཕ་རོལ་ལ། །བསྐྲད་པའི་ཤུགས་ཀྱིས་མགྲིན་བཅུ་སྲོག་བྲལ་བར། །ར་གྷུའི་བུ་ཡིས་བསད་ཅེས་གཏམ་དུ་གླེང་། །སྔགས་དང་རྫས་ཀྱིས་བསླད་མིན་འདྲེན་བྱེད་ལ། །རྒྱ་ཕིབས་གདུགས་ལྟར་འཁོར་བའི་སྤྲུལ་བསྒྱུར་གྱིས། །སྔོན་མེད་གཙུག་ལག་གཟིགས་མོར་དུས་གསུམ་གྱི། །རྣམ་(༧ན)


GLG015_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཀུན་ཀྱང་ངང་གིས་བྱོན་ནམ་སྙམ། །མངའ་བདག་ཁྲི་རལ་གྱིས་ལོ་པཎ་རྣམས་སྤྱན་དྲངས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དབོན་ཞང་མ་མཐུན་པའི་ཚེ་རྒྱ་དམག་བཅོམ་འུ་ཤང་རྡོའི་གཙུག་ལག་ཁང་སྟེང་གི་རྒྱ་ཕིབས་གདུགས་ལྟར་འཁོར་བའི་ངོ་མཚར་ཅན་བཞེངས་སོ། །རྒྱལ་གསུང་དབྱངས་སུ་བླངས་པའི་སྒྲ་སྙན་པོར། །བྱང་གི་ཕྱོགས་སུ་དམ་པའི་ཆོས་འཕེལ་བར། །འགྱུར་ཁུག་ལུང་དུ་བསྟན་པའི་མུ་ཏིག་གི །ཕྲེང་བའི་དོ་ཤལ་རིང་པོ་རྒྱན་དུ་འཆང་། །ཐབས་མཁས་འཕྲུལ་ལྡན་གཡོན་མིག་ནེ་རུ་ཀས། བསྐུལ་བས་ལྷ་གཅིག་བི་ཤྭ་ཀརྨ་ཡིས། །བོད་སྟོན་གྲུབ་མཐའི་ཉི་མ་བཅུ་གཉིས་འཆར། །བདར་བས་ཐུབ་བསྟན་དྲི་མེད་དཀྱིལ་འཁོར་རྒྱས། །ལུང་མང་བརྒལ་བའི་གངས་ཅན་བྱང་གི་ཆར། །ལུང་བསྟན་གྱིས་ཟིན་ར་སྒྲེང་གཙུག་ལག་ཁང་། །ལུང་དང་རྟོགས་པའི་བསྟན་པ་ཆེར་འཕེལ་བའི། །ལུང་རིག་སྨྲ་བའི་འདུས་པའི་སྡེ་ཆེན་བསྐྲུན། །བཀའ་ཆེན་མདོ་དང་རྒྱུད་སྡེའི་གཞུང་ལུགས་ཀུན། །བཀའ་བབས་དམ་པ་གསུམ་ལས་ཉེར་འོངས་པའི། །བཀའ་རྒྱུད་ཆད་མེད་ཇོ་བོའི་རིང་ལུགས་པ། །བཀའ་གདམས་བསྟན་པས་ནོར་འཛིན་ཁྱོན་ཀུན་ཁྱབ། །འབྲོམ་སྟོན་གྱི་མངའ་རིས་སུ་བྱོན་ནས་ཇོ་བོ་སྤྱན་འདྲེན་པའི་དོ་དམ་མཛད། ཡེར་པ། སྙེ་ཐང་། བསམ་ཡས་མཆིམས་ཕུ་རྣམས་སུ་ཇོ་བོ་ཡུན་རིང་དུ་བསྟེན་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །སྐུ་ཚེའི་མཇུག་ཏུ་ལུང་བསྟན་བཞིན་དཔལ་གྱི་རྭ་སྒྲེང་བཞེངས་པ་ཡིན་ནོ། །རང་གིས་སྔོན་བསྐྲུན་འཕྲུལ་སྣང་གཙུག་ལག་ཁང་། །གསོ་(༦བ)


GLG015_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདོད་དགུའི་དཔལ་སྟེར་རྣམ་ཐོས་བུ། །ཟངས་འཁར་ལོ་ཙཱར་གཏད་ནས་འདི་ཡི་དོན། །བསྒྲུབ་པར་བསྐུལ་མཛད་ཁ་ཆེ་དགོན་པ་བ། །དེ་ཚེ་ལྷ་ལྡན་གནོད་སྦྱིན་ཕྱོགས། །གསེར་གྱི་ཕུག་པར་སྐད་གཉིས་པས། །མིག་སྐྱ་བསྒྲུབས་ཚེ་མཁོ་དགུ་ཡི། །འབྱོར་པ་རི་བོའི་རྗེས་འགྲོ་རྙེད། །རང་གི་འདྲེན་པ་མཆོག་དེ་ཡི། །བཀའ་སྩལ་མ་ལླི་ཀ་ཡི་གོས། །སྟོད་དུ་གྱོན་ནས་ལྷ་ལྡན་གྱི། །བཀུར་སྟིའི་གར་གྱིས་རྣམ་པར་བྲེལ། ཁ་ཆེ་དགོན་པས་ཟངས་མཁར་ལོ་ཙཱ་ལ། རྣམ་སྲས་གནང་སྟེ། ལྷ་འདི་བསྒྲུབས་ལ་ངའི་གཙུག་ལག་ཁང་ལ་ཞིག་གསོ་གྱིས་ཞེས་བཀའ་སྩལ། ཉང་བྲན་ཕ་བོང་ཁའི་གསེར་ཕུག་ཏུ་གྲུབ་པ་ཐོབ་ནས་ལྷ་སའི་ཞིག་གསོལ་མཛད་དོ། །ས་བཅུའི་བྱང་སེམས་རྣམས་ཀྱིས་བསྒྲུན་མིན་པའི། །ས་མཆོག་རྡོ་རྗེ་འཛིན་པ་མངོན་གྱུར་ནས། །ས་ལ་གནས་པའི་འོག་མིན་ཞིང་ཁམས་སུ། །ས་སྐྱ་པར་གྲགས་བླ་ཆེན་སྙིང་པོའི་ཞབས། །སྒྲིབ་གཉིས་ལས་འཁོན་འཁོན་པར་སྐྱེས་ཀྱི་རྒྱུད། །འཇམ་དཔལ་དབྱངས་དངོས་དངོས་གྲུབ་མ་ལུས་ཐོབ། །ཤེས་བྱ་ཀུན་མཁྱེན་མཁྱེན་བརྩེ་ནུས་མཐུར་ལྡན། །རྡོ་རྗེ་འཆང་དབང་དབང་ཕྱུག་བརྒྱད་ལྡན་པ། །དགེ་བཅུའི་ཡོན་ཏན་ཀུན་ཚང་བའི། །ཡུལ་གྱུར་དཔལ་ལྡན་ས་སྐྱ་ཞེས། །གསང་བ་སྔགས་ཀྱི་ཆོས་ཚུལ་ལ། །ཨོ་རྒྱན་མཁའ་འགྲོའི་གླིང་དང་མཚུངས། །འགྲོ་བའི་ཡིད་ཀྱི་རྩིག་ངོས་ལ། །གཟུགས་སྐུའི་སྣང་བརྙན་བྱེད་པ་དག །ཏིང་འཛིན་པིར་གྱིས་ཅིག་ཅར་དུ། །བྲིས་ཚེ་མེས་པོའི་སྙེམས་པ་འཕྲོག །བླ་མ་ས་ཆེན་(༨ན)


GLG015_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ས་སྐྱར་བཞུགས་ཏེ་གསང་སྔགས་ཀྱི་ཆོས་ཇི་སྙེད་ཅིག་གསུངས་ཤིང་བྱེ་བྲག་ཏུ་འཚམ་ཁར་བཞུགས་ནས་ལོ་གསུམ་གྱི་ཁྲིད་བསྐྱངས་པ། ས་སྐྱར་བཞུགས་ནས་ལམ་འབྲས་གསུངས་པ། གུང་ཐང་དུ་བླ་མ་མལ་གྱི་ཉེ་གནས་མཛད་ཅིང་བདེ་མཆོག་དྲིལ་བུ་པའི་ཆོས་གསན་པ། འབྲི་མཚམས་སུ་འགྲོན་ལ་ལྕམ་ལྷ་ཁང་དུ་ནམ་མཁའ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་རབ་གནས་མཛད་པ། བཟང་རྟོག་འབྲོག་གསེབ་ཏུ་ལམ་འབྲས་གསུངས་པ། ཤབ་སྒོ་ལྔར་ཆོས་འཁོར་བསྐོར་བའི་བཀོད་པ་རྣམས་དུས་གཅིག་ཏུ་བསྟན་པ་ཡིན་ནོ། །ཡབ་ཡུམ་ཟག་མེད་བདེ་བའི་དགའ་བ་བཞི། །རྫོགས་པའི་ལང་ཚོའི་སྙིང་པོ་དར་བའི་དཔལ། །ཞང་སྟོན་གསང་སྔགས་འཆང་བའི་རིགས་རྒྱུད་དུ། །སྲིད་ཞིའི་སྒྱུ་འཕྲུལ་ངོམ་པའི་ཆོ་ག་བཞིན། །སྐྱིད་ཤོད་ནོར་འཛིན་ལུས་ཕྲའི་བཞིན་རས་ངོས། །ཚལ་གུང་གཙུག་ལག་ཟུང་གི་འདྲེན་བྱེད་ཀྱིས། །སྡེ་བཞིའི་གཟུགས་ཀུན་མཐོང་བའི་དཔེ་ཟླ་རུ། །འཆི་མེད་གཙོ་དེས་མགོ་སྟོང་སྤྲུལ་མིན་ནམ། །པདྨ་སཾ་བྷ་སྲོང་བཙན་སྒམ་པོ་སོགས། །བགྲང་ཡས་རྒྱལ་བ་རྣམས་ལ་མངོན་སུམ་དུ། །ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལེན་བྱེད་ན། །མི་ཤེས་ལྐོག་གྱུར་གནས་དེ་གང་དུ་མཆིས། །ཞང་འགྲོ་བའི་མགོན་པོས་ཚལ་གུང་གི་གཙུག་ལག་ཁང་བཞེངས། ལྷ་ས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། བསམ་ཡས་སུ་ཨོ་རྒྱན་རིན་པོ་ཆེ་ཞལ་གཟིགས་པར་གསང་སྔགས་ཀྱི་དབང་སོགས་ཆོས་མང་དུ་གསན་ནོ། །ཚེ་དབང་རིགས་འཛིན་གསུང་གི་རྡོ་རྗེའི་ཚིག །འགྱུར་མེད་རྟགས་སུ་ཁྲི་སྲོང་སྤྲུལ་པའི་སྐུ། །ཉང་རིགས་(༨བ)


GLG015_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོན་རིག་སྔགས་འཆང་བ་ཡི། །འཁོར་ལོས་སྒྱུར་བའི་སྙན་པ་སྲིད་ན་འབར། །ལས་འབྲེལ་སྨོན་ལམ་ལྡེ་མིག་གིས། །སྲ་བརྟན་ཟབ་མོ་གཏེར་གྱི་སྒོ། །ཕྱེ་བའི་ཐེག་མཆོག་བང་མཛོད་ལས། །དངོས་གྲུབ་ནོར་བུའི་ཚོགས་རྣམས་རྙེད། །མརྒད་གོས་སུ་ཉེར་ཀླུབས་པའི། །ཡིད་དུ་འོང་བའི་ནེའུ་སིང་ངོགས། །གཡོ་མེད་ཏིང་འཛིན་འོད་གསལ་དུ། །ཐུན་གཅིག་མནལ་བའི་དུས་ཀྱི་ཚེ། །མཚོ་རྒྱལ་སྤྲུལ་པའི་ཞིང་སྐྱེས་མས། །འདི་ཡི་བདག་པོ་ཁྱོད་ཡིན་ཞེས། །ཡང་ཟབ་ཐུགས་ཀྱི་མན་ངག་གི །དོམ་སྒྲོ་ནག་པོ་དངོས་སུ་གཏད། །མངའ་བདག་ཉང་གིས་བྲག་སྲིན་མོའི་སྦར་རྗེས། མཁོ་མཐིང་ལྷ་ཁང་། ལྷ་སའི་གཙང་ཁང་བྱང་མ་སོགས་ནས་གཏེར་མང་དུ་བཞེས་ཐེངས་གཅིག་ནི་ཁ་ཞིག་ཏུ་མནལ་བས། བུད་མེད་རྟ་ཞོན་པ་ཞིག་གི་སྤང་ནས་དོམ་སྒྲོ་ཞིག་བོར། ཐོད་འཕྲེང་གིས་ལྕགས་རྒྱབ་བྱུང་བ་དང་བརྒྱལ། བརྒྱལ་སངས་ནས་དོམ་སྒྲོ་ལ་གཟིགས་པས་སློབ་དཔོན་པདྨའི་ཟབ་ཆོས་ཁོ་ནར་འདུག་གོ །དཔལ་ལྡན་ཚངས་དབང་དབང་པོ་ལ་སོགས་པའི། །གཙུག་ཏུ་རབ་བསྔགས་བསྔགས་འོས་དོན་ལྡན་པ། །ལྷ་སྲས་སྐྱེ་མཐའ་མཐའ་འཁོབ་འགྲོ་བའི་གཉེན། །རྗེ་དཔོན་རིགས་ལས་ལས་ལྡན་དགེ་བ་འབུམ། །པུར་རྒྱལ་བོད་ཀྱི་བསོད་ནམས་གཞི། །འཕྲུལ་སྣང་ཡིད་བཞིན་ནོར་བུ་མཆོག །ཀླུ་དབང་གཙུག་གི་ཅོད་པན་དུ། །འདྲེན་པའི་ཉལ་འགྲོ་བཟློག་ལ་བརྩོན། །དཀར་མིན་ལས་རླུང་གིས་བསྐྱོད་རླབས་ཀྱི་ཕྲེང་། །ཆུ་ཡི་ལྷ་མོ་དབུ་བའི་དོ་ཤལ་ཅན། །གཙུག་ལག་མགྲོན་དུ་བསུ་བའི་ཉེར་སྡོགས་ལ། །མཐོན་མཐིང་བཞིན་རས་(༩ན)


GLG015_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ངོམས་བཞིན་འོངས། །དེ་ཚེ་འཇིག་རྟེན་དབང་ཕྱུག་སྲོང་བཙན་ལ། །ར་མདར་སྦྲན་པའི་གདུང་ཤུགས་དྲག་པོའི་དབྱངས། །བདེན་པའི་ཚིག་གིས་སྨྲེང་དུ་གསོལ་བ་ན། །མཆོག་གསུམ་ཐུགས་རྗེ་འགྲོ་ལ་ངོམ་པ་བཞིན། །ཉེ་འདབས་ས་འཛིན་ངོས་སུ་གནས་པའི་རྡོ། །རྫུ་འཕྲུལ་སྟོབས་ཀྱིས་སེམས་ལྡན་ཇི་བཞིན་དུ། །གཙང་ཆབ་གནོད་པ་བཟློག་པའི་ཆུ་ལོན་ལ། །དད་ཚེ་ཀུན་གྱིས་སྲོང་བཙན་སྤྲུལ་པར་གླེང་། ལྷ་རྗེ་དགེ་བ་འབུམ་གྱིས་ལྷ་སའི་ཞིག་སོས་དང་ཆུ་བཟློག་མང་དུ་མཛད། ཁྱད་པར་ཁྱི་ལོ་ཞིག་ཆུའི་གནོད་པ་ཤིན་དུ་ཆེ་བ་བྱུང་ཁར། ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་ར་མདའ་མཛད་པས་ཆུ་བྲི། ཉང་དོག་མ་ལ་གྲོང་རབ། གར་པ་ཚུན་གྱི་རི་རྡོ་ནས་རྫུ་འཕྲུལ་གྱིས་དེད་དེ་རགས་ལ་བསྐྱལ་ལོ། །དགེ་ལེགས་རབ་དཀར་གཡས་སུ་འཁྱིལ་བའི་དུང་། །མི་ཟད་ཆོས་ཀྱི་དབྱངས་སུ་འདུན་པའི་སྒྲ། །སྐལ་བཟང་རྣ་བར་སྒྲོག་ལ་ཟླ་བྲལ་བའི། །མཁས་ཤིང་གྲུབ་པའི་གཙུག་ན་མངོན་པར་མཐོ། །གང་དེའི་ཕྱག་ཏུ་རང་གི་དྲི་མེད་ཀྱི། །བསྟན་པའི་གསེར་གྱི་རྩིབས་སྟོང་ལེགས་གཏད་ནས། ཁྱོད་ཀྱིས་སྲིད་མཐར་བསྐོར་ཞེས་ཉེར་གདམས་ཏེ། །འཇམ་དཔལ་སྙིང་པོ་དགའ་ལྡན་གནས་སུ་གཤེགས། །འཇའ་ཚོན་ལྟར་བཀྲའི་འདུས་པའི་སྡེ། །ལེགས་པའི་མཚན་མར་རབ་ཤིས་པའི། །ཐོས་བསམ་གཡོ་མེད་ལྷུན་པོ་ཆེ། །ཐུབ་བསྟན་གླིང་བཞིའི་དབུས་ན་མཛེས། །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་དགུང་ལོ་ཉེར་ལྔ་ལ་རྒྱལ་བ་ཙོང་ཁ་བ་ཆེན་པོ་དང་མཇལ་བསྟན་(༩བ)


GLG015_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོངས་སུ་གཏད་། བཀྲ་ཤིས་ལྷུན་པོའི་ཆོས་སྡེ་བཏབ་བོ། །ཡང་ཡང་བསམས་ཀྱང་གང་གི་མཁྱེན་པའི་མཐའ། །ངལ་ངལ་བགྲོད་ཀྱང་རྟོགས་པར་མི་ནུས་པའི། །མཁས་མཁས་ཡང་རྩེ་བཞད་པའི་རྡོ་རྗེ་ཁྱོད། །འགྲིག་འགྲིག་ཤེས་བྱ་འཆད་ལ་འགྲན་པ་མེད། །ཀུན་དགའི་མཛའ་བ་ནམ་ཡང་གཏོང་མིན་པའི། །རྣམ་སྨིན་དཀར་པོར་འཛག་པའི་དགེ་བའི་རྔ། །དགྲ་ཟླའི་གཡུལ་ལས་རྒྱལ་ཏེ་ཉེར་ཐོབ་ནས། །བརྡུངས་ཚེ་འདོད་ལྷ་ལུས་མེད་རྫུ་ལ་བརྟེན། །མཆོག་གི་དངོས་གྲུབ་ཤིང་རྟ་ཡིས། །འོག་མིན་གནས་ཀྱང་མ་དག་པའི། །ཞིང་དུ་དྲངས་ཚེ་ཤེས་བྱ་ཀུན། །སེམས་ཀྱིས་བཏགས་པའི་རོལ་བར་ཁུགས། །དམ་པའི་ཆོས་ཀྱི་འཁོར་ལོའི་མཛོད། །རྒྱལ་བས་ལུང་དུ་བསྟན་པའི་གནས། །ས་ལ་གནས་པའི་མཁའ་སྤྱོད་དེ། །ཧེ་རུ་ཀ་རྣམས་འདུ་བའི་གླིང་། །ཨོ་རྒྱན་ཤམ་བྷ་ལ་དང་འོག་མིན་སོགས། །གྲངས་མེད་གནས་ཀྱིས་བསྒྲུན་པར་མི་ནུས་པས། །གང་གི་དཔེ་ཟླ་འཚོལ་ལ་པད་དཀར་མིགམཁའ་ལྡིང་ཞོན་ནས་ཕྱོགས་ཀུན་དལ་མེད་ཉུལ། །ཐམས་ཅན་མཁྱེན་པ་དགེ་འདུན་རྒྱ་མཚོས་འབྲས་སྤུངས་ཀྱི་མཁན་ཐོག་ཏུ་ཕེབས་འཕྲལ། ལྷ་ས་སྨོན་ལམ་སླར་རང་ཕྱོགས་ལ་བྱུང་། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ཆེན་པོ་བསྐྲུན་ནོ། །སྡེ་བཞིའི་དཔལ་གྱི་གླང་ཆེན་ཁར་འབབ་བའི། །ལེགས་ལམ་ཆད་པ་མེད་པའི་གངྒའི་རྒྱུན། །ལྔ་བརྒྱའི་ཉེས་ཚོགས་དྲི་མ་འཁྲུད་པ་ཡི། །བསྟར་པའི་ཆོ་ག་མགོན་འདིའི་མཛད་པར་རྫོགས། །གདུག་ཅན་དགྲ་བགེགས་བསད་པའི་ཁྲག་གི་དྲིས། །མྱོས་པའི་ཆོས་བསྲུང་རྒྱ་མཚོ་འདུ་བའི་ས། །དགའ་ཚལ་(༡༠ན)


GLG015_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བྲག་རོལ་པའི་ཕོ་བྲང་ཆེ། །བསིལ་བའི་ཚལ་གྱི་དུར་ཁྲོད་གཉིས་པར་བྱས། །རྫུ་འཕྲུལ་རྐང་པས་མི་གནས་མྱང་འདས་སར། །བགྲོད་དང་ལྷན་ཅིག་མཐའ་འཁོབ་ཧོར་ཡུལ་གྱི། །གསེར་གྱི་རྒྱལ་པོའི་ཐོད་དུ་ཞབས་སེན་གྱི། །ཨུ་དུམ་ཝ་རའི་ཆུན་པོའི་ཕྲེང་བ་བཅིངས། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གནམ་བསྐོས་ལྷ། །འཇམ་དབྱངས་ཝན་ལི་རྒྱལ་པོའི་ལུང་ལས་ཀྱིས། །ས་གསུམ་འགྲོ་བའི་འདྲེན་པར་དབང་བསྐུར་བས། །མཆོད་སྦྱིན་བརྒྱ་པ་སྙིང་ཁར་ལག་པད་ཟུམ། །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས། གླེགས་བམ་གྱི་ལུང་བསྟན་བཞིན་དགའ་ཚལ་གྱི་གཙུག་ལག་ཁང་བཏབ། །ཨལ་ཏན་རྒྱལ་པོས་མཐའ་འཁོབ་ཀྱི་ཡུལ་དུ་སྤྱན་དྲངས་ཏེ། དམ་པའི་ཆོས་ཀྱི་སྒྲོན་མེ་སྔོན་རྒྱ་ནག་ཝན་ལི་རྒྱལ་པོའི་ལུང་གིས་ལྷ་ཡི་ལྷ་ཞེས་མངོན་པར་མཐོ། མཐོན་པོའི་རིགས་ལྡན་ཚེ་རིང་གནམ་གྱི་རྒྱུད། །ཟིང་གི་རྒྱན་གྱི་གདུང་ལས་ཉེར་འོངས་པ། །སྲིད་གསུམ་དབང་ཕྱུག་ཀུན་གྱི་ཅོད་པན་མཆོག །ཐུགས་རྗེའི་རྩལ་གསུམ་ཡོངས་རྫོགས་གདོང་ལྔའི་དབང་། །དྲེགས་པའི་གདེང་ཀ་ཆེར་གཡོ་ཞིང་། །འཇིགས་པའི་ཕུད་སྒྲ་སྒྲོག་པ་རྣམས། །གཟི་བརྗིད་མཁའ་ལྡིང་དབང་པོ་ཡིས། །ཐལ་བར་མ་བྱས་སུ་ཞིག་མཆིས། །རྩོལ་བ་མེད་པར་སྲིད་ཞི་ཡི། །ཡོན་ཏན་ཆུ་ཀླུང་མ་ལུས་པ། །ལེགས་པར་འདུ་བའི་རྒྱ་མཚོ་ནི། །དོན་གཉིས་ནོར་བུའི་འབྱུང་གནས་མཆོག །ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ། མཐུ་སྟོབས་ཆེན་པོས་ནག་ཕྱོགས་བདུད་རིགས་ཐམས་ཅད་ཚར་བཅད་དོ། །འཕགས་ཆེན་དམ་པའི་སྐྱེས་(༡༠བ)


GLG015_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རབས་མུ་ཏིག་གི །ཕྲེང་བ་ལྷག་བསམ་སྲད་བུ་ལ་བརྒྱུས་པ། །འགྲོ་ཀུན་དགའ་བ་བསྐྱེད་པའི་དོ་ཤལ་དུ། །རིང་པོར་འཆང་བའི་ཕ་མཐའ་རྟོགས་ནུས་མིན། །ཐུབ་བསྟན་ལྷ་ཡི་ལམ་ཡངས་པར། །མཁས་གྲུབ་མཁའ་སྙིང་བགྲོད་པའི་ཤུལ། །གྱི་ནར་སྤྱོད་པའི་ཕྱེ་མ་ལེབ། །བགྲོད་རློམ་ངལ་བ་བསྒྲུབ་པར་ཟད། །འོན་ཀྱང་སྔོན་བསགས་ལེགས་བྱས་ཀྱིས། །རྙེད་པའི་དལ་འབྱོར་ཡིད་བཞིན་ནོར། །ཐོས་བསམ་སྒོམ་པའི་བྱི་དོར་གྱིས། །དོན་གཉིས་འདོད་དགུའི་དཔལ་ལ་སྤྱད། །དེ་ཕྱིར་རང་གི་རྟོགས་བརྗོད་ཀྱི། །སྤྱོད་ཚུལ་རྫུན་གྱི་རྙོག་མ་དང་། །བྲལ་བའི་གཏམ་གྱི་གང་གའི་རྒྱུན། །མགྲིན་པའི་ལམ་གསུམ་པ་ལས་འོངས། །དཔལ་རྒྱལ་ཀུན་ཐུགས་རྗེ་བདག་ཉིད་མཆོག །ལྷ་ཕྱག་ན་པདྨས་བྱིན་བརླབས་པའི། །གནས་གངས་ཅན་འཛིན་མའི་མཐིལ་གྱི་ལྗོངས། །ས་མཐོ་རིས་ཡོན་ཏན་བདུན་ཚང་བ། །ཡུལ་གཡང་ཆགས་ཡར་ཀླུང་ནུབ་ཀྱི་ཆ། །སྔོན་ཆོས་རྒྱལ་མེས་དཔོན་རྣམ་གསུམ་དུ། །བློན་རིག་ཅན་འབྱུང་བའི་ས་དཔྱད་ཀྱི། །རི་གླང་ཆེན་དལ་གྱིས་རྒྱུ་འདྲའི་ངོགས། །སྟེང་འཆི་མེད་ཀྱི་ཡུལ་གྲུར་ཅོ་འདྲི་བའི། །གྲོང་རྒྱུ་སྐར་ས་ལ་བཀྲམ་འདྲའི་དབུས། །རྫོང་འཕྱིང་བར་སྟག་རྩེའི་ཕོ་བྲང་ཆེར། །ལས་རྣམ་དཀར་ཀྱིས་བསྐྲུན་པའི་ལུས་རྟེན་བཅས། །ལར་སླུ་མེད་རྟེན་ཅིང་འབྲེལ་འབྱུང་མཐུས། །མགོན་པདྨའི་རྒྱལ་ཚབ་བྱང་པ་རྗེས། །དཔལ་འཆི་མེད་ལྷ་དང་དྲག་དམར་(༡༡ན)


GLG015_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །རྒྱུད་ཐོག་མར་སྨིན་པའི་བཀའ་དྲིན་ནོ། །གནས་འཕགས་ཡུལ་གྱི་འཇམ་དཔལ་བཤེས་གཉེན་ཞབས། །བོད་སྤུ་རྒྱལ་གནུབ་བན་སངས་རྒྱས་ཀྱང་། །ལར་མཁྱེན་བརྩེ་ནུས་པའི་བྱེད་པོ་ལ། །རྗེ་རིགས་འཛིན་འདི་པའི་ལྷག་མིན་སྙམ། །དེར་གཞན་དབང་གིས་བསྐྱོད་པའི་བསེར་བུ་ཡིས། རང་འཆིང་བྱེད་ཀྱི་ཕ་ཡུལ་སྤྲིན་ཚོགས་དང་། །ཡོངས་སོ་སོར་ཕྲལ་བས་དམ་ཆོས་ཀྱི། །མདངས་ཉི་འོད་གསལ་བའི་གཡང་དུ་ལོན། །དུས་རིང་ཞིག་ཡུལ་མང་བགྲོད་པའི་མཚམས། ལར་སྐྱེ་བོའི་གཏམ་གྱི་ཅ་ཅོའི་སྒྲ། །ཕྱོགས་སོ་སོར་ཁྱབ་ཚེ་ཐག་ཁྲ་ལ། །སྦྲུལ་འཛིན་པའི་ཀུན་རྟོག་རི་མོ་ཤར། །ཆེས་ན་ཚོད་ཕྲ་བ་ལོ་ལྔའི་དུས། །དཔལ་འཛིན་མའི་ཐིག་ལེ་སྐྱིད་ཤོད་ཀྱི། །གནས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེར། །མགོན་རྒྱལ་བསྟན་སྒོ་རུ་ཐོག་མར་ཞུགས། དེར་མཁན་ཆེན་དམ་པའི་ཞབས་དྲུང་དུ། །དཔལ་དི་པཾ་ཀ་རའི་ལམ་ཡིག་དང་། །ལྷ་ཞི་དྲག་འགའ་ཡི་རྗེས་གནང་སོགས། །ཆོས་རྣམ་གྲངས་དུ་མའི་བཀའ་དྲིན་ནོས། །ལོ་བརྒྱད་དུ་སླེབས་ནས་དགེ་ཚུལ་གྱི། །ཚིགས་སྔ་མའི་ཆོ་ག་ཉེར་བསྟན་ཏེ། །རང་ཀློག་པ་ཐོས་བསམ་བྱ་བ་ལ། །བློ་བརྩོན་པས་གང་ནུས་ཉམས་སུ་བླངས། །དུས་རིང་མིན་བགྲང་བྱ་བཅུ་གཅིག་ནས། ཁོང་འཇམ་དབྱངས་གཞོན་ནུ་ངུར་སྨྲིག་གི །ཟོལ་ཉེར་འཛིན་དཀོན་མཆོག་ཆོས་འཕེལ་དྲུང་། །ཆེས་ཕྲ་ཞིབ་བསྡུས་ཚད་ཀྱི་རིག་པ་རྩིས། །རྒྱ་རྣམ་པར་ཆེ་བ་ཐོགས་མེད་ཀྱི། གཞུང་ཕ་རོལ་ཕྱིན་པའི་སྦས་(༡༡བ)


GLG015_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་། །ཆེས་ཡང་ཟབ་སྟོང་ཉིད་ཀླུ་སྒྲུབ་ཀྱི། །སྲོལ་ཟླ་གྲགས་བཞེད་པ་ཇི་བཞིན་སྦྱངས། །བླང་དོར་བྱའི་གནད་སྟོན་འདུལ་བའི་སྡེ། །ཆོས་གཞི་ལྔ་གཙོར་བརྗོད་མངོན་པ་མཛོད། །སྔོན་རྒྱ་བོད་ཀྱི་མཁས་གྲུབ་གཞུང་འགའ་ལ། །ལས་སྐལ་བཟང་གི་བག་ཆགས་ཅུང་ཟད་བཞག །གཞུང་ཀུན་ལ་མཁས་པར་མ་གྱུར་ཀྱང་། །དེང་རིགས་པ་སྨྲ་བའི་ཁྲོད་ནང་དུ། །མདོག་དཀར་པོའི་བྱ་རོག་མིན་འདི་ཡང་། །རྗེ་བླ་མ་དེ་ཡི་དྲིན་དུ་ཁུམས། །ཡུལ་ཉེར་བཞིའི་ཡ་གྱལ་ལྷ་མོ་མཁར། །རྗེ་སྲོང་བཙན་སྒམ་པོའི་སྒྲུབ་གནས་སུ། །ཡོངས་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་། །འཁོན་དཔལ་འབྱོར་ལྷུན་གྲུབ་དྲུང་དུ་སྙེགས། །མགོན་འཇམ་དཔལ་སྙིང་པོའི་གདམས་པའི་བཅུད། །དཔལ་འདུས་པའི་སྙན་རྒྱུད་ཞལ་གདམས་དང་། །སྔགས་གསར་སྙིང་གི་དཀྱིལ་འཁོར་མཐའ་ཀླས་པར། །རྒྱུད་སྨིན་བྱེད་དབང་གི་ཆོ་ག་ནོས། །ལུང་མན་ངག་ཕྱག་བཞེས་ཇི་སྙེད་པའི། །གནད་དཀའ་བའི་འཕྲང་ལ་ཞུན་ཐར་བཅད། །ཡེ་དག་པའི་རིག་པ་ཀུན་ཏུ་བཟང་། །ངོ་རྗེན་སྤྲོད་ཐེག་པའི་ཡང་རྩེ་བསྟན། ཁ་ཕྱིར་བལྟས་སེམས་ཀྱི་ཐ་རྒོད་དག །རྒྱུན་ཆད་མེད་ངེས་འབྱུང་གིས་བརླན་ནས། །ཆོས་སྙིང་ནས་བསྒྲུབ་བློའི་མྱུ་གུ་འདི། །དྲིན་འཁོར་ཐབས་མེད་པའི་ཐུགས་རྗེར་ངེས། ལོ་ཉེར་གཉིས་དུས་སུ་ཚིགས་སྔ་མའི། །མཁན་སློབ་དཔོན་དགེ་འདུན་བཅུ་ཚོགས་དབུས། །གནས་འཕྲུལ་སྣང་ཤཱཀྱ་མུ་ནིའི་དྲུང་། ཁྲིམས་ཚངས་སྤྱོད་ཀྱི་གཙོ་བོ་བསྙེན་པར་རྫོགས། །དེར་མཁན་ཆེན་འགྲོ་བའི་བླ་མའི་དྲུང་། །དཔལ་རྒྱལ་བ་བློ་བཟང་གྲགས་པ་ཡི། །གསུང་དྲི་མེད་འགའ་སོགས་ལུང་གི་(༡༢ན)


GLG015_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །འགྲོ་གང་ཆེ་སྣ་ཚོགས་ཁ་ཡར་ཐོབ། །ཕྱི་ཐ་སྙད་མཁྱེན་པའི་སློབ་དཔོན་འགར། །རྩིས་དཀར་ནག་སྙན་ངག་སྡེབ་སྦྱོར་དང་། །མིང་མངོན་བརྗོད་ཀ་ཙན་བརྡ་སྤྲོད་གཞུང་། །དོན་ཕྱོགས་ཙམ་རིག་པའི་བསླབ་སྦྱངས་གྱི། །ཟུར་རིགས་འཛིན་པདྨ་རྡོ་རྗེ་དང་། །དོན་ཡང་ཟབ་ཐུགས་སྒྲུབ་རྣམ་གསུམ་དང་། །ལྷ་མ་གཤིན་གཟའ་གདོང་དྲེགས་པ་སོགས། །ལས་རྣམ་བཞིའི་མན་ངག་མཐའ་ཀླས་ཐོབ། །བློ་མི་བསྲུན་བསྟན་འགྲོའི་ཕན་བདེ་རྣམས། །ཐབས་དུ་མས་འཇོམས་པའི་དགྲ་སྡེའི་ཚོགས། །དོན་བདེ་ཆེན་རང་སྣང་མི་བསྐྱོད་པའི། །ཞིང་དག་པའི་མགྲོན་དུ་བོས་སྙཾ་བགྱིད། །བརྡའ་འདོད་རྒྱལ་ཙམ་གྱིས་བཏགས་མིན་པའི། །དོན་གནས་ལྔ་རིག་པའི་པཎྜི་ཏ། །བོད་གངས་ཅན་ཡུལ་གྱི་དགེ་བའི་དབང་། །སྐད་རྣམ་གཉིས་སྨྲ་བའི་སྨོན་འགྲོ་བར། །ལྷ་གཞོན་ནུ་གདོང་དྲུག་བཞེད་སྲོལ་གྱི། །གཞུང་དྲི་མ་མེད་པའི་ཆ་བསགས་མདོ། །དཔལ་བཙུན་པ་ཟླ་བའི་ཙནྡྲ་བ། །གནད་ཞིབ་མོར་རི་མོས་གཏན་ལ་ཕབ། །ཡུལ་དབུས་འགྱུར་དུ་ཟླ་བྲལ་ཤནྟི་པའི། །སྐྱོན་ཀུན་བྲལ་སྡེབ་སྦྱོར་རིན་ཆེན་འབྱུང་། །མིང་ཟད་པ་མེད་པའི་འཆི་མེད་མཛོད། །ཚུལ་དགོངས་དོན་མ་ལུས་ལྷུག་པར་བཀྲོལ། །ཉམས་འགྱུར་བ་སྟོང་གི་འཛུམ་ཞལ་ཅན། །ངག་སྨྲ་བའི་འབྱུང་གནས་མེ་ལོང་གི །དོན་སྔ་ན་མེད་པའི་ལེགས་བཤད་ཀྱི། །མི་ཁོ་བོའི་རྣ་བར་བདུད་རྩི་བྱིན། །དཔལ་དུས་འཁོར་དབྱངས་འཆར་རྩིས་ཀྱི་གཞུང་། །ཐོན་སམྦྷོ་ཊ་ཡི་སུམ་རྟགས་སོགས། །བོད་ཆེར་རློམ་ཕལ་གྱིས་ཤེས་མིན་པའི། །ཡིད་ཀུན་དགའ་བསྐྱེད་པའི་ལྟད་མོ་མཐོང་། །ཡུལ་རྒྱ་བལ་བོད་འདིར་བསོད་ནམས་ཀྱི། །ཞིང་དམ་པར་བསྐྲུན་པའི་(༡༢བ)


GLG015_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་དང་། །གཏོར་རྒྱ་ནག་གི་རོལ་ཆ་གན་གོས་སོགས། །ཡོངས་དངོས་པོའི་བརྟགས་ཐབས་ཇི་སྙེད་ཅིག །ཚིག་དམ་དུམ་བཅད་པའི་རྩོམ་པ་དང་། །སྐད་རྡོ་ཆག་སྒྲིགས་ཀྱི་རིགས་སྦྱར་ལ། །རང་མཁས་པར་སྒྲུབ་པའི་རེ་བ་དག །བྱེད་མ་དགོས་མཁས་དབང་ཁྱོད་ཀྱི་དྲིན། །རྗེ་བླ་མ་དཀོན་མཆོག་ཆོས་འཕེལ་ལ། །དཔལ་བྱང་ཆུབ་ལམ་རིམ་འདུས་པ་ཡི། གནད་འཁྲུལ་མེད་རྒྱལ་དབང་ཙོང་ཁ་པའི། །ལུགས་ཇི་བཞིན་ཞིབ་མོར་ཉན་པའི་ཚེ། །ཆོས་མཐའ་དག་མངོན་སུམ་ལག་མཐིལ་ནང་། །ད་སྟོན་པར་འདུག་སྙམ་བྱེད་ནུས་པའི། །འཆད་མཁས་ལ་ཟླ་བྲལ་རྣམ་དཔྱོད་མཆོག །དེ་བསམས་ཀྱིན་མཁས་པའི་ཡང་རྩེར་ཁུམས། །རིགས་ཀུན་ཁྱབ་པདྨ་བཛྲ་ལས། །དཔལ་ཐེག་པའི་ཡང་རྩེ་བཟང་ཐལ་སོགས། །དབང་རིག་གཏད་ཉམས་འཁྲིད་རྒྱབ་བརྟེན་ལུང་། །ཟབ་རྒྱ་ཆེའི་བདུད་རྩི་རྨད་དུ་བྱུང་། །མགོན་རྡོ་རྗེ་འཆང་དབང་བསོད་ནམས་དྲུང་། །ཆོས་ཡང་ཟབ་གསུང་ངག་སློབ་བཤད་མཆོག །དབང་རྡོ་རྗེ་ཕྲེང་སོགས་སྤྱི་བཀའ་དང་། །གཞན་ཟུར་བཀའ་མང་པོའི་སྨིན་གྲོལ་མཛད། །ལར་གསང་ཆེན་གྱི་བསྟན་པ་འཛིན་པ་ལ། །ཕ་རྡོ་རྗེ་འཆང་དབང་རྣམ་པ་གཉིས། །ཡོངས་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་གྱི། །བོད་གངས་ཅན་འདི་འོག་མིན་ཞིང་དུ་བྱས། ཁས་ཉེར་བླངས་བསླབ་ལ་ནན་ཏན་དང་། །ཡིད་ལྷག་བསམ་ཀྱིས་རབ་དྲངས་བཤད་སྒྲུབ་སོགས། །གང་ཅི་ནུས་སུ་བྱེད་པར་རློམ་འདི་ཡང་། །རྟེན་དལ་འབྱོར་དོན་ལྡན་དུ་བྱས་སཾ་སྙམ། །བློ་ནང་དུ་བཀུག་ནས་ཉེར་བསམས་ན། །དོན་གོ་ཡུལ་དུ་ལུས་པའི་ཁ་བཤད་ཀྱིས། །གཞན་འགྲོ་ཕན་དུ་རློམ་པའི་རྣམ་གཡེང་འདི། །ཀུན་ཐབས་མཁས་ཀྱིས་ཕུང་བའི་བསླུ་བྲིད་མཁན། །གནས་ངན་སོང་གི་སྡུག་བསྔལ་མེ་ལོངས་དོང་། །སྲིད་འཁོར་བའི་བཙོན་དོང་མཐའ་མེད་ནགས། །སྲོག་མི་རྟག་གློག་(༡༣ན)


GLG015_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གི་རོལ་གར་མཁན། །འདི་མཐོང་བཞིན་སྒྲུབ་ལས་གཡེལ་བས་ནོངས། །སྔོན་ཆོས་བརྒྱད་གདོན་གྱི་དབང་སོང་བའི། །ཚེ་དོན་མེད་དུ་འདས་པའི་ལྷག་མ་ལ། །ལྷ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །དུས་གཏན་མདུན་འགྲུབ་པའི་བཀའ་དྲིན་ཞུ། །གོང་གི་ཞིང་བཀོད་རྣམས་ཀྱི་འཕྲོས་ལས་མགྲིན་བཟང་གཟིག་པགས་གྱོན་པའི་ངང་ཚུལ་ལྟར། བདག་གི་སྤྱོད་ཚུལ་ཅུང་ཟད་བྲི་བར་འདོད་ན། བཤད་མ་ཐག་པའི་ཚིགས་བཅད་རྣམས་ཧ་ཅང་མངས་པར་འགྱུར་བས་པོ་ཏ་ལའི་ས་འདུལ་ལ་ཡོངས་སྐབས། །འཕགས་པ་ལོ་ཀེ་ཤྭ་ར་ཕེབས་པའི་བྱིན་རླབས་ཀྱིས་ངོ་མཚར་བ་བྱུང་ཚུལ་དང་། ལྷ་སའི་གསེར་ཐོག་གི་རབ་གནས་ལ་ཡོངས་ཚུལ་ཙམ་བྲིས་ན་རྒྱས་བསྡུས་འཚམ་པར་མངོན་ནོ། །ཨེ་མ་སྲིད་པའི་མེ་ལོང་ངོས། །སྐྱེས་རབས་གཟུགས་བརྙན་གྲངས་མེད་པ། །ཤར་བའི་ངོ་མཚར་ལྟད་མོ་ལ། །བློ་ལྡན་ཕལ་ཆེར་ཡེངས་སམ་སྙམ། །སྙན་ངག་སྲད་བུ་ལ་བརྒྱུས་པའི། །དོན་གྱི་རིན་ཆེན་ཕྲེང་བ་འདི། །དཔྱོད་ལྡན་མཛེས་བྱེད་མགུལ་རྒྱན་དུ། །བློ་གྲོས་བི་ཤྭ་ཀརྨས་སྤེལ། །དགེ་བས་འགྲོ་ཀུན་མ་ལུས་པ། །ཕྱག་ན་པདྨས་རྗེས་བཟུང་སྟེ། །གྲུ་འཛིན་དག་པའི་ཞིང་ཁམས་སུ། །བདེ་ཆེན་དཔལ་ལ་སྤྱོད་པར་ཤོག །ཅེས་འཁྲུངས་རབས་ཞལ་ཐང་གྲ་རྩར་ལ། །བླ་མ་སོ་སོའི་མཛད་པ་འགངས་ཆེ་བ་འགའ་ཞིག་གི་ཞིང་བཀོད་ས་བོན་གྱི་ཐོ་དང་། དེ་ཁའི་བསྡུས་དོན་གྱི་ཚིག་བཅད་ཐང་གར་བྲིས་ཆོག་པའི་རྩིས་དང་བཅས་པ་འདི་ནི། སྦུས་སྲང་པ་དཀོན་གཉེར་སྨྱོན་པས་བསྐུལ་བའི་ངོར། ཟ་ཧོར་གྱི་བནྡེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །འདི་དང་ཐུགས་རྒྱུད་གཅིག་པ་འགའ་ཞིག་ཕྱོགས་གཅིག་ཏུ་བརྒྱུད་པའི་ངེས་པ་ནི་མེད་དོ། །


previousའཁྲུངས་རབས་ཀྱི་ཞིང་བཀོད་འདྲི་ཚུལ་གྱི་རྟོགས་བརྗོད་ཁ་བྱང་དང་བཅས་པ་གསལ་བའི་མེ་ལོང་།next