Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
སྙན་མགུར་གསང་གསུམ་ཡིད་བཞིན་ཆར་འབེབས།
   
   
   
   
   


 
previousསྙན་མགུར་གསང་གསུམ་ཡིད་བཞིན་ཆར་འབེབས།next

སྙན་མགུར་གསང་གསུམ་ཡིད་བཞིན་ཆར་འབེབས།


GLG015_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་མགུར་གསང་གསུམ་ཡིད་བཞིན་ཆར་འབེབས་བཞུགས་སོ། །


GLG015_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ངོར་སངས་རྒྱས་དང་བྱང་སེམས། །ཞིང་ཁམས་རྒྱ་མཚོ་ཡི་རྡུལ་སྙེད། །ཀུན་འདུས་གཅིག་ཆོག་གི་སྐྱབས་མགོན། །ཨོ་རྒྱན་མཁན་པོ་དེས་རྗེས་ཟུངས། །སྣོད་བཅུད་འཁོར་འདས་ཀྱི་ངང་ཚུལ། །ལོང་མེད་མྱུར་དུ་རང་འཇིག་པ། །རིགས་དྲུག་འཁོར་བ་ཡི་སྡུག་བསྔལ། །བསམས་ཚེ་སྙིང་རླུང་ཞིག་ལྡང་ངོ་། །དཀར་ནག་ལས་འབྲས་ནི་ཕྲ་བས། །དགེ་སྡིག་བླང་དོར་གྱི་སྒྲུབ་རྟེན། །དལ་འབྱོར་ལན་གཅིག་རང་རྙེད་འདི། །དོན་མེད་སྟོང་ལོག་ཏུ་མ་གཏོང་། །བསླུ་མེད་གཏན་མདུན་གྱི་སྐྱབས་མགོན། །རྩ་གསུམ་དཀོན་ཅོག་ཏུ་ངེས་སོ། །སངས་རྒྱས་རང་བཅས་འདི་མ་ཚོར། །བླུན་རྨོངས་དོན་ཕྱིར་དུ་སེམས་བསྐྱེད། །ཐོག་མེད་ནས་བསགས་ཀྱི་སྡིག་ལྟུང་། །ཡིག་བརྒྱའི་ཆུ་རྒྱུན་གྱིས་བཀྲུའོ། །སྣང་སྲིད་འཁོར་འདས་ཀྱི་མཎྜལ། །གནས་ལུགས་ངོ་འཕྲོད་ཀྱིས་འབུལ་ལོ། །རང་སེམས་བླ་མ་རུ་ཤེས་པས། །བྱིན་རླབས་གཞན་འཚོལ་ཞིག་མ་ཁོམ། །དགེ་ཚོགས་ཀུན་བཟང་གི་རང་ཞལ། །རང་ངོ་འཕྲོད་ཕྱིར་དུ་བསྔོའོ། །འཁོར་འདས་རུ་ཤན་ཞིག་ཕྱེ་ནས། །སྲིད་འདི་ཕྱི་ཕྱག་གཅིག་བཙལ་ལ། །རིགས་དྲུག་འཁོར་བ་ཡི་ས་བོན། །འབྲུ་གསུམ་མེ་ལྕེ་ཡིས་བསྲེགས་སོང་། །སྒོ་གསུམ་ཐ་མལ་གྱི་ཞེན་ལྡོག །སྐུ་གསུམ་ས་(༢ན)


GLG015_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བོན་དེ་གདབ་བོ། །ལུས་ངག་ཡིད་གསུམ་དེ་ཁོང་གློད། །འཛིན་པ་དང་གྲོལ་བ་དེ་བློ་བདེ། །གཟུང་འཛིན་རང་བཞིན་གྱིས་སྟོང་པ། །གཉིས་མེད་སྣང་བ་ཡི་སེམས་འདིར། བཙལ་ཀྱང་མི་རྙེད་པས་སྟོང་པ། །སྣང་སྟོང་ཟུང་དུ་རང་འཇུག་པ། །དབྱེར་མེད་བརྗོད་བྲལ་གྱི་གནས་ལུགས། །དྲི་མེད་དག་པ་ཡི་སངས་རྒྱས། །ཝལ་ལེ་སིང་ངེ་རུ་རྗེན་པར། །རྟོག་ཚོགས་འཕྲོ་འདུ་རྣམས་རྒྱང་སྲིངས། །རྩེ་གཅིག་གཟུང་ཕུར་དེ་མ་འདེབས། །ཡང་བླང་རེ་དོགས་ཀྱིས་མ་བསླད། །གསལ་ལ་འཛིན་པ་དང་བྲལ་བ། །དངས་ལ་ཕྱི་ནང་ཁོ་མེད་པ། །སངས་ཀྱང་འཆལ་བ་རུ་མ་ཤོར། །ངེས་བཟུང་བྲལ་བ་ཡི་ཟང་ཐལ། །ཁྱབ་བརྡལ་རང་བབས་ཀྱི་རྗེན་པ། །རང་བཞིན་འོད་གསལ་གྱི་སེམས་ཉིད། །སྒྲིབ་གཉིས་ཕྲ་མོ་ཡི་མུན་པས། །མ་གོས་ཉི་མ་ཡི་སྙིང་པོ། འགྱུར་མེད་ཆོས་སྐུ་ཡི་རང་བཞིན། །རང་ངོ་ཤེས་པ་རུ་གཞོག་ཅིག །ཙིཏྟ་ཤ་སྒྲོན་གྱི་དབུས་སུ། ནང་དབྱིངས་གཞོན་ནུ་ཡི་བུམ་སྐུའི། །རང་གདངས་རྩ་སྒྲོན་གྱི་ལམ་བརྒྱུད། །རྒྱང་བཞག་ཆུ་སྒྲོན་གྱི་སྒོར་ཐོན། །ཕྱི་དབྱིངས་རྣམ་དག་གི་སྒྲོན་མེར། །ཐིག་ལེ་ཕྱག་མཚན་དང་སྐུ་ཤར། །ཤེས་རབ་རང་བྱུང་གི་སྒྲོན་མ། །སྣང་བཞི་ཕ་མཐའ་རུ་ཕྱིན་ཚེ། །འཇའ་ལུས་འཕོ་བ་ནི་ཆེན་(༢བ)


GLG015_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པོའི། །སྐུ་འགྲུབ་ཀུན་བཟང་གི་རང་ཞལ། །མཐོང་ཡང་སྣ་ཚོགས་ཀྱི་སྤྲུལ་པའི། །འཕྲིན་ལས་འབད་མེད་དེ་ངོ་མཚར། །ལེ་ལོས་ཚེ་འདི་རུ་མ་གྲོལ། །དོན་མེད་སྣ་ཚོགས་ཀྱི་འདུ་འཛི། །དེད་དཔོན་གསེར་གླིང་དུ་ཕྱིན་ལྟར། །སྐྱེ་གནས་བར་དོ་ལ་མཐའ་སྤྱད། །འཆི་བ་བར་དོ་ཡི་འོད་གསལ། །རྒྱལ་པོའི་བཀའ་འཕྲིན་བཞིན་མ་བརྗེད། །ཆོས་ཉིད་བར་དོ་ལ་རང་བྱན། །ཆུད་པས་མ་པང་དུ་བུ་བཅུག །སྲིད་པ་བར་དོ་ཞིག་ཤར་ཡང་། །ཡུར་བཀོད་ཆགས་ལ་ཝ་འཛུགས། །མཁས་རློམ་ཆོས་པ་ཡི་མལ་དུ། །ཐ་མལ་ཕུང་པོ་ཞིག་འཇོག་ཚེ། །བར་དོ་རྣམ་དྲུག་གི་བླ་མ། །སྔགས་འཆང་རྒན་པོ་ཚོའི་གདེངས་ཚད། །མཆོག་དམན་ཀུན་བགྲོད་ཀྱི་ལམ་འདིར། །འཇིགས་ན་གདམས་པ་འདི་ཉམས་ལོང་། །ཆོས་ཉིད་མངོན་སུམ་གྱི་དོན་ཙམ། །མཐོང་ཡང་གཡེང་འཁྱེར་གྱིས་མ་བསྒོམས། །བར་དོ་དྲེད་ཆད་ཁོ་ཉམས་འོག །ཆུད་པའི་གདེངས་ཚད་དེ་མེད་རྣམས། །སྲིད་པ་བར་དོ་ཡི་སྣང་ཚུལ། །རྨི་ལམ་ལྟ་བུ་རུ་ཤར་ཚེ། །སྔོན་སྒོམ་བཟང་པོ་ཡི་བག་ཆགས། །ཆོས་ཉིད་འགྱུར་མེད་ཀྱི་བདེན་པ། །རིགས་འཛིན་བླ་མ་ཡི་བྱིན་རླབས། །ཐབས་ཤེས་ཟུང་འབྲེལ་གྱི་མཐུ་ལས། །གདོད་ནས་སྙིང་དབུས་སུ་རང་ཆས། །ཞི་བ་བཞི་བཅུ་ཡི་རྩ་གཉིས། །ཞིང་བགྲོད་སྟོན་པ་རྣམས་ཞལ་མཇལ། །ཆོས་ཉན་ཉོན་མོངས་ལྔ་རང་དག །ཀླད་པ་དུང་ཁང་གི་ཁྲོ་བོ། །ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར། །སྔོན་བཞིན་ཞུགས་པ་ཡི་འདོད་མའི། །ཞིང་ལ་སྐད་ཅིག་གིས་གྲོལ་ཏེ། །སྐུ་དང་ཡེ་ཤེས་ལ་འབྲལ་མེད། །དུས་གསུམ་འགྱུར་མེད་དུ་྄བཞུགས་ཀྱང་། །ནམ་མཁའི་ཕ་མཐའ་ཡིས་འཇལ་དཀའ། །གང་ལ་གང་འདུལ་གྱི་སེམས་ཅན། །དོན་ཕྱིར་འཁོར་བ་ནི་ཇི་སྲིད། །སྟོང་མིན་བཞུགས་པ་དེ་ཨ་ཧོ། གྲུབ་མཐའ་རྣམ་བཞི་དེ་འཛིན་པའི། །རྒྱ་གར་(༣ན)


GLG015_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་གྱི་པཎ་ཆེན། །གངས་ཅན་མཁས་གྲུབ་ཀྱི་བཞེད་པའི། །ཟབ་ཟབ་ཆོས་ཚུལ་དེ་མང་ཡང་། །བགྲང་ཡས་རྒྱུད་སྡེ་ཡི་ཉིང་ཁུ། །པད་འབྱུང་བི་མཱ་ལའི་ཟབ་ཆོས། ཁྲེགས་ཆོད་ཐོད་བརྒལ་གྱི་གདམས་པ། །རྟོགས་གྲོལ་དུས་གཅིག་འདི་བློ་བདེ། །ཚེ་འདིའི་གདོས་བཅས་ཀྱི་ཕུང་པོ། །འཇའ་ལུས་འོད་སྐུ་རུ་གྲོལ་འདོད། །སྐལ་ལྡན་ལས་འཕྲོ་ཚོ་སད་རྣམས། །སྙིང་དབུས་དཔལ་བེའུ་རུ་ཆོངས་ཤིག །ཅེས་པའང་དབང་ཆེན་གྱི་སྤྲུལ་པར་ལུང་གིས་ཟིན་པ་ཐུགས་སྲས་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེས་ནན་གྱིས་བསྐུལ་མ་མཛད་པར་བརྟེན་རང་ལ་ཉམས་རྟོགས་ཀྱི་ཡོན་ཏན་དང་མགུར་མའི་རིགས་བརྩོམ་པར་བྱང་བ་ཞིག་མེད་ཀྱང་གཡར་ཁྲལ་ཙམ་དུ་ཟ་ཧོར་གྱི་བནྡེ་གང་ཤར་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །སརྦ་མངྒ་ལཾ།། །།


previousསྙན་མགུར་གསང་གསུམ་ཡིད་བཞིན་ཆར་འབེབས།next