Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
   
ལམ་ཡིག་རང་གཟུགས་གསལ་སྟོན་དྲི་བྲལ་མེ་ལོང་།
   
   
   
   


 
previousལམ་ཡིག་རང་གཟུགས་གསལ་སྟོན་དྲི་བྲལ་མེ་ལོང་།next

ལམ་ཡིག་རང་གཟུགས་གསལ་སྟོན་དྲི་བྲལ་མེ་ལོང་།


GLG015_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡིག་རང་གཟུགས་གསལ་སྟོན་དྲི་བྲལ་མེ་ལོང་བཞུགས་སོ། །


GLG015_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ སྭ་ར་སྭསྟི། རྨད་བྱུང་ངོ་མཚར་ལེགས་བཤད་དལ་འགྲོའི་ཀློང་། །ནམ་ཡང་འཛད་པ་མེད་པའི་ཚིག་གི་གཏེར། །སྐྱུག་མཁས་ཚངས་པའི་བུ་མོ་ཛཧྣུ། །སྙིང་དབུས་བཞུགས་ལ་ངག་གི་མཆོག་སྦྱིན་སྩོལ། །འཁོར་འདས་གཉིས་མེད་དོན་དམ་བདེ་བ་ཆེར། །བཟང་ངན་བླང་དང་དོར་བྱའི་ཡུལ་བྲལ་ཡང་། །ཀུན་རྫོབ་རྫུན་པའི་ཕུགས་དོང་མ་རྡིབ་བར། །འཁྲུལ་པའི་ལྟད་མོ་སྣ་ཚོགས་ཅི་ཡང་མཐོང་། །གཙུག་ལག་རྒྱ་མཚོར་ཐོས་པའི་བློ་ལྡན་ཡང་། །ཚུལ་བཞིན་བསྒྲུབ་ལས་གཡེལ་བའི་སྙོམས་ལས་བདག །དེང་དུས་བསྟན་འཛིན་ཀུན་གྱི་ངང་ཚུལ་ལྟར། །རང་དོན་ཕུགས་བཅུག་གཞན་ཕན་ཕྱིར་ངོམ་དུས། །ཡིད་འོང་འཇམ་མཉེན་འདབ་མས་སྙིང་ཕུག་པའི། །མཚུན་གྱི་གྲོང་དུ་ཉེ་བའི་ངུར་པ་ཟུང་། །འདིར་སྣང་བདེ་བའི་སྲིད་པ་གསར་བཞེངས་ལ། །བསྲོས་ནས་ལན་གཉིས་འཕུར་བའི་ཕྱི་མའི་དུས། །གྲངས་མེད་སྐྱེ་བོའི་ཡིད་ལ་ཟུག་རྔུའི་འཁུན། །འབྱིན་པའི་ཆོ་ག་ཡོངས་སུ་རྫོགས་ན་ཡང་། །ཅིག་ཤོས་ཆུ་ལྷའི་ཕང་པར་གུམ་པ་ན། །རྡོ་རྗེ་སྣ་ལྡན་སྟོན་ཆེན་རང་མཚང་བསྟན། །བརྒྱ་ཕྲག་ཐབས་ཀྱིས་ཕན་བདེའི་མྱུ་གུ་དང་། །བསྐྲུན་པའི་ངང་ཚུལ་ལྡན་(༢ན)


GLG015_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དབྱར་གྱི་རྔ། །མཐོན་པོའི་མཁའ་ནས་སྙན་པའི་སྒྲ་སྒྲོག་པར། །མི་འདོད་ཞིང་ས་དེ་ནི་གདོན་གྱིས་བརླམས། །རང་གཞན་འཁྲུལ་ནུས་ཀླ་ཀློ་དབང་བྱེད་མཁན། །དགེ་བའི་ངང་ཚུལ་ལས་འགོངས་སྦྲུལ་ནག་ལྕེ། །ཕན་བྱེད་ཙནྡན་སྡོང་པོར་རབ་འཁྲིལ་བས། །ཤེས་ལྡན་འགྲོ་རྣམས་ཉེ་བའི་སྐལ་པ་ཕྲ། །དཀར་ནག་ལས་ཀྱིས་ཉེར་བྱིན་པའི། །ལྔ་བརྒྱ་ཐ་མའི་མེ་ལོང་དུ། །སྐྱེ་དགུའི་བདེ་སྡུག་ཀུན་འཆར་ན། །བྱེད་པོ་གཅིག་ཏུ་འཛིན་ནུས་སུ། །གོས་སེར་ཅན་མཚུངས་འགྲོ་མང་གི །སྤྱོད་ཚུལ་སྒྱུ་མའི་སྤྲུལ་བསྒྱུར་དག །ཡི་གེར་འགོད་པ་བདག་འདྲ་ལས། །ཚངས་པ་ཡིས་ཀྱང་ཇི་ལྟར་ནུས། །འོན་ཀྱང་ཨ་ཝ་དྷུ་ཏཱི་ལ། །མོས་བློར་སྤྱོད་པའི་དྷུམ་བུ་བ། །ཕྱོགས་མེད་རྒྱལ་ཁམས་མྱུལ་བའི་གཏམ། །ཡི་གེའི་ཕྲེང་བར་ཅུང་ཟད་སྤེལ། །བསོད་ནམས་སྟོབས་ཀྱིས་ཡངས་པའི་ས་ཆེན་པོར། །རྩོད་པའི་དུས་ཀྱི་འཁོར་ལོས་སྒྱུར་བའི་ལྷ། །ཤར་ཕྱོགས་རྒྱལ་པོས་མངགས་པའི་ཕོ་ཉ་བ། །ཀུན་འཇིག་ལོ་ལ་གངས་ཅན་ཡུལ་གྲུར་འབྱོར། །དེའི་ཚེ་གོང་མའི་གསེར་གྱི་ཞལ་ལུང་དུ། །ཤཱཀྱའི་བསྟན་ལ་ཞུགས་པའི་སྡོམ་བརྩོན་ཁྱོད། །རྒྱ་ཧོར་(༢བ)


GLG015_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་བསྟན་འགྲོའི་ཉེར་འཚོའི་ཆེད། །རིང་མིན་ཤོག་ཅེས་བསྒོ་བའི་ཚིག་ཐོས་ཚེ། །ཀྱེ་མ་རང་ཉིད་ཕྱི་མ་ངན་སོང་དུ། །མི་སྐྱེའི་གདེངས་ཚད་ཙམ་ཡང་མི་ལྡན་པར། །གཞན་ཕན་འདྲེན་པར་གྲགས་ཞེས་རློམ་པ་ནི། །རང་གཞན་སླུ་བའི་བྱེད་པོ་ཡིན་ནམ་སྙམ། །སྔོན་ཆད་ཐུན་མཚམས་མདོག་ཅན་སྲམ་མང་པོས། །ཕྱོགས་ལྷུང་བྲག་རིར་གནས་པའི་གཉིས་སྐྱེས་ཚོགས། །ཉ་ཤ་མཁོ་དགུའི་འབྱོར་པས་ཚིམ་བྱས་པའི། །དོན་དེ་ཡིད་ལ་བརྣགས་པའི་ནེ་ཙོ་འགས། །བསྟན་དང་འགྲོ་ལ་ཕན་པའི་སྙན་པའི་གཏམ། །མ་བརྟགས་རྣ་བའི་ཡུལ་དུ་མངར་བའི་རོ། །པི་ཝང་ལྟ་བུར་འཁྲོལ་ཡང་ལུས་ཕྲ་མས། །ཆགས་བྲལ་དྲང་སྲོང་གཡོ་བར་ག་ལ་ནུས། །འོན་ཀྱང་ན་ཚོད་བཅུ་དགུར་བབས་པའི་ཚེ། །སྲོང་བཙན་སྒྲུབ་པའི་བསྟི་གནས་ཕ་བོང་ཁར། །དུས་གསུམ་ཀུན་གཟིགས་རྡོ་རྗེ་འཆང་དབང་དེས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། །ནམ་ཞིག་ཁྱོད་ཉིད་ཏོང་ཁུན་རྒྱལ་པོ་ཡི། །ཕོ་བྲང་ཆེན་པོར་འགྲོ་ཞེས་གསུང་བ་དག །སྐབས་དེར་ཀུ་རེར་གོ་ཡང་དེ་དུས་ཀྱི། །འབྱུང་འགྱུར་ལུང་དུ་བསྟན་པར་གོར་མ་ཆག །རང་ལོ་ཉེར་བདུན་དུས་ལ་བབས་པའི་ཚེ། །རིགས་འཛིན་པདྨའི་གདུང་འཚོབ་ཡོལ་མོ་བས། །ད་ལྟའི་སོག་པོ་འདི་མིན་ཤར་ཕྱོགས་ནས། །འབོད་ཅིང་མྱུར་དུ་ལྡོག་ཅེས་གསུང་བའང་དྲན། །ཨེ་མ་ལྐོག་གྱུར་ཆོས་ཀུན་མེ་ལོང་གི །གཟུགས་བརྙན་ཇི་བཞིན་གཟིགས་པ་དེ་མཐོང་ཚེ། །ཕོ་ཚོད་རྫུན་གཏམ་བསྒྲིགས་པའི་མངོན་ཤེས་མཁན། །རི་མོར་བྲིས་པའི་མར་མེའི་སྤུན་ཟླ་བཞིན། །དེ་ལྟར་ཉིན་ཞག་དུ་མའི་རས་གཞི་ལ། །ཀུན་རྟོག་པིར་གྱིས་རི་མོ་བྲིས་པའི་མཐའ། །མི་འདོད་(༣ན)


GLG015_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འོང་ཞེས་དམ་འཆའ་བ། །བླུན་རྨོངས་བྱིས་པ་ཀུན་གྱི་ངང་ཚུལ་ཡིན། །དེ་ནས་བགྲང་བྱ་གསུམ་འདས་ལྕགས་ཡོས་ལོར། །ངེས་པར་འདེགས་ལ་མངོན་ཕྱོགས་སྟ་གོན་དུ། །གྲགས་པ་དོན་ལྡན་ཆོས་རྒྱལ་མེས་དབོན་གྱི། །སྤྲུལ་པའི་གཙུག་ལག་ཁང་རྣམས་མཇལ་སེམས་ནས། །ཕུན་ཚོགས་འབྲས་བུ་སྨིན་པའི་དགའ་སྟོན་ཅན། །ཁྲུམས་ཟླའི་ཉེར་དགུར་དཔལ་ལྡན་འབྲས་སྤུངས་ནས། །ཆས་ཏེ་གངས་ཅན་དབུས་འགྱུར་རྡོ་རྗེ་གདན། །ཤཱཀྱའི་ཕོ་བྲང་བྱ་འདབས་གམ་དུ་འབྱོར། །དུས་མཚུངས་གོང་མས་མངགས་པའི་སྐྱ་སེར་ལྔ། །དར་ཟབ་གསེར་དངུལ་ནོར་བུའི་ཕྲེང་བ་སོགས། །མཁོ་དགུའི་འབྱོར་པར་བཅས་ཏེ་རྒྱལ་པོའི་ལུང་། །འཇིགས་མེད་སེངྒེའི་ང་རོ་བཞིན་དུ་སྒྲོག །དེའི་ཚེ་ཆོས་སྡེ་རྣམ་གསུམ་མཁན་སློབ་དང་། །བྱང་ཕྱོགས་ས་སྐྱོང་ལ་སོགས་མགྲིན་གཅིག་ཏུ། །ཤར་ཕྱོགས་ཙི་ནའི་ཡུལ་གྲུར་ཁྱོད་འགྲོ་ན། །ལོ་གསུམ་ཚུན་ལས་མི་འགྱངས་ཡོང་བ་དང་། །གངས་ཅན་ཕན་བདེའི་ཉེར་འཚོ་མཆོད་ཡོན་གཉིས། །རྒྱལ་ཁབ་ཆེ་ལས་མི་གཡོ་བཞུགས་དགོས་པའི། །རྒྱུ་མཚན་ནན་ཏར་གསུང་ཡང་ཕྱི་མའི་དོན། །རེ་ཞིག་འཁྱགས་པའི་སྦུབས་སུ་ཆུ་བཞིན་གབ། །དབྱུག་ཟླའི་ཚེས་ལྔར་དབུ་བའི་དོ་ཤལ་ཅན། །མཐོ་མཐིང་སྐྲ་ཡི་ལན་ཚར་རབ་གཡོ་ཞིང་། །འཛུམ་པའི་རླབས་ཕྲེང་འཁྲིགས་པའི་ཆུ་ཀླུང་ན། །གཟིངས་ལས་ཕ་རོལ་ཐོགས་མེད་བགྲོད་པའི་ཚེ། །བསྐལ་དུས་བཟང་པོར་བཙས་པའི་སྔོན་གྱི་མི། །ས་སྐྱོང་ཡིད་བཞིན་མཆོད་ཡོན་ལྷན་ཅིག་པར། །འབྱོར་ཏེ་རས་དཀར་ལྡིང་ཁང་བཀོད་ལེགས་པ། །དམར་སེར་(༣བ)


GLG015_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཇའི་བཏུང་བ་སྐྱེམས་སུ་དྲངས། །དེ་ནས་བཤུལ་དུ་ཞུགས་ཏེ་ཕྱིན་པ་ན། །སྣང་བ་མཐའ་ཡས་ཞིང་གི་བསྟི་གནས་ཟུང་། །རབ་གཡེང་དབང་གིས་མཇལ་བ་མ་ཁོམ་ཡང་། །ཕྱི་ནས་དང་བའི་ཡིད་ཀྱིས་སྨོན་ལམ་བྱས། །རིམ་གྱིས་འཆི་མེད་ཡུལ་ལ་ཅོ་འདྲི་བའི། །གྲོང་མང་བགྲོད་མཐར་གནམ་ལ་སྙེག་པའི་མཁར། །སྡིག་རྒྱུན་གཅོང་རོང་མི་ལྡན་འཇམ་པའི་ཐང་། །གསང་སྔགས་བདེ་བ་ཆེན་པོའི་རྫོང་དུ་སླེབས། །དེར་ནི་བྱང་ཕྱོགས་མི་ཡི་རྗེ་བོ་བས། །མི་འཛད་བཟའ་བཏུང་འདོད་དགུ་ཆར་བསྙིལ་ཚེ། །དམོད་པའི་འཁུན་བུ་འབྱིན་པའི་བྲམ་ཟེ་རྣམས། །དྲང་སྲོང་བསམ་གཏན་གསུམ་པ་བཞིན་དུ་གྱུར། །ཚེ་རྟ་ལོ་མ་གྱོན་མའི་རྗེས་གནང་དང་། །སྙིང་པོ་དོན་གསུམ་འཁྲིད་ཀྱི་དམིགས་རིམ་སོགས། །བཞེད་པའི་ཆོས་དང་ཀུན་མཁྱེན་རྒྱལ་བ་ཡི། །འཕེལ་གདུང་ཡིད་བཞིན་ནོར་བུའི་རྟེན་མཇལ་ཕུལ། །རྣམ་རྒྱལ་ཁང་བཟང་ལྟ་བུའི་ཚོམས་ཆེན་དེར། །གྲངས་མེད་མཆོག་དམན་སྐྱེ་དགུའི་ཚོགས་གྲལ་དུ། །བདག་དང་སྤེ་དམར་ནས་ཀྱིས་འཕྲོས་གླེང་བ། །མི་རེས་པུས་མོར་བབས་པའི་ཆག་ཐེབ་བཞིན། །ཚེས་བརྒྱད་སྔ་བར་ལམ་དུ་ཞུགས་པའི་དུས། །ཐོས་འཛིན་དུམ་བུར་གཅོད་འདྲའི་གྲང་ངར་ནི། །འབྱུང་འགྱུར་བྱང་ཕྱོགས་ཡུལ་གྱི་སྣང་ཚུལ་རྣམས། །འཇིག་རྟེན་མེས་པོས་དངོས་སུ་བསྟན་ནམ་སྙམ། །དེ་ནས་རྒྱང་གྲགས་གསུམ་ཙམ་འདས་པའི་སར། །བཀྲ་ཤིས་ལྗོངས་སུ་གྲགས་པའི་སྡེ་དགོན་གྱིས། །ཉི་ཤར་གུང་གི་གདུགས་ཚོད་ལེགས་བསྟར་ཞིང་། །ཟབ་ལམ་བླ་མའི་རྣལ་འབྱོར་ཆོས་འབྲེལ་བྱས། །དེའི་ཉིན་འཇམ་དབྱངས་བླ་མ་བཙོང་ཁ་པས། །ཟུང་(༤ན)


GLG015_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་མངོན་དུ་མཛད་པའི་འོག་མིན་ནས། །དཔལ་ལྡན་རྣམ་པར་རྒྱལ་བའི་གླིང་ཆེན་པོ། །མངོན་སུམ་མཐོང་བས་སྐལ་པ་བཟང་པོར་གྱུར། །རླུང་སེམས་སྐུ་དེ་དག་པའི་ཞིང་གཤེགས་ཀྱང་། །ལུས་ཅན་བསོད་ནམས་གཞིར་གྱུར་རགས་པའི་གདུང་། །བཞུགས་གནས་རིན་ཅེན་གཉིས་པའི་མཆོད་སྡོང་ཆེ། །ཀཻ་ལ་ཤ་ཡི་མཛེས་པ་འཕྲོག་པའི་དྲུང་། །ངེས་པ་དོན་གྱི་རྒྱུ་མཚན་ཡོངས་རིག་པའི། །མི་ཕྱེད་དང་བའི་དད་པས་ཉེར་དྲངས་ནས། །བསྟན་དང་འགྲོ་བའི་ཕན་བདེ་རྒྱས་པ་ཡི། །དྲི་མེད་དག་པའི་སྨོན་ལམ་མཚམས་སྦྱོར་བསྐྲུན། །ཀུན་དགའ་ར་བར་ཤོང་དཀའི་འདུས་པའི་ཚོགས། །ལེགས་བཤད་གདུབ་སིལ་འཁྲོལ་པ་ངང་པའི་ཁྱུར། །འཇམ་དབྱངས་བླ་མའི་དགོངས་དོན་རྟོགས་དཀའ་བ། །རྨོངས་རྟུལ་བདག་འདྲས་འཆང་བའི་ཁུར་ཆེན་བླངས། །སྤྱི་སྒེར་དུ་མས་བསྙེན་བཀུར་བཞུགས་གྲལ་དུ། །པཎ་ཆེན་སྨོན་འགྲོ་ལོ་ཙཱ་གླང་ཕུ་ནས། །བཤད་པས་འབྱམས་ཀླས་སྐབས་འགར་སློབ་དཔོན་རྣམས། །རྩོད་ངག་རིག་པའི་ཐོག་མདའ་ཉུག་ཉུག་མཛད། །སྐོར་ལམ་མཚོན་ཆ་ལྟར་གཟིགས་བྲག་རིའི་ངོས། །དག་པའི་ཞིང་གི་བཀོད་པ་མཚོན་འདྲ་བའི། །གྲངས་མེད་ཚར་དུ་དངར་བའི་རང་བྱོན་དང་། །སྐབས་འགར་གནས་བརྟན་རྒན་པོས་སྒྲོ་བཏགས་མཐོང་། །ས་སྤྱོད་ཞབས་སུ་འབྲང་བའི་ཕྱོགས་བྲལ་མི། །སྣ་ཚོགས་གྲུབ་མཐའ་རྒྱུད་བསླད་ལོག་རྟོག་མཁན། །མང་ཞིག་ཆུ་ཀླུང་ཁྲག་ཏུ་མཐོང་སྲིད་ཀྱང་། །རྣམ་དཔྱོད་ལྡན་རྣམས་གནས་དེར་མི་གུས་སུ། །གདུགས་གཅིག་འགྲོད་ཚེ་མིང་དང་དོན་མཐུན་པའི། །དགེ་སྐྱོན་རྗེན་པར་སྟོན་པའི་ཡུལ་གྲུ་དེར། །ཚངས་པ་དུང་གི་ཐོར་ཚུགས་མའི་(༤བ)


GLG015_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་ཏུ། །ཞུགས་དང་མཇལ་ཞིང་གླེང་མོ་ཞིབ་ཏུ་བྱས། །བོད་འབངས་བདེ་བའི་ཐབས་ཚུལ་འདྲི་བ་ལས། །རང་གི་གདུལ་བྱ་སྙན་གྲགས་དོན་གཉེར་བའི། །གླེང་བརྗོད་བགྱི་བར་མ་དྲན་བླུན་རྨོངས་བདག །བསམས་ཚེ་ཙུ་ཏའི་ཡུལ་གྱི་རྐང་གཉིས་བཞིན། །གནས་སྐབས་འགྲོ་ཀུན་མགུ་བའི་མཆོད་སྦྱིན་གྱིས། །འཇམ་པར་འཇིག་རྟེན་གྲགས་པའི་རྗེས་འབྲངས་ཀྱང་། །ཉམས་ཀྱིས་དཔྱད་ན་མི་བསྲུན་དྲེགས་པའི་ལྷ། །ཆུ་སྐྱར་ཏིང་འཛིན་བསྒོམ་པར་ཁོ་བོ་དོགས། །མི་འདའ་རྡོ་རྗེའི་དམ་ཚིག་གཉན་པོ་དེ། །ཡང་བསྐྱར་ཚུལ་དུ་བཀའ་རྟགས་ཕྱག་རྒྱ་ཆེ། །སྤྱི་བོར་བཀོད་ནས་རིགས་འཛིན་བརྒྱུད་པ་ཡི། །ཕྱག་ལེན་འཁྲུལ་པ་མེད་པའི་དམ་བཞག་བྱས། །ཡུལ་གྲོང་འགའ་ཞིག་འདས་ཚེ་གུང་མཁར་ཞེས། །འཚེ་བ་ཆོས་སུ་སྨྲ་བའི་སྒོམ་པའི་གྲྭ། །བསགས་པའི་འབྲས་སྨིན་བཤུལ་དུ་ཁོ་ཤོལ་ཆེས། །གསར་བསྐྲུན་གཞིས་ཀར་འདོད་ཡོན་ཆར་དུ་བསྙིལ། །སྔོན་དུས་ཕྱག་ཆེན་རྒན་པོའི་སྲོལ་འཛིན་མཁར། །རིང་མིན་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ནས། །རྒྱལ་དབང་པདྨའི་གདུང་འཚོབ་འབྲི་གུང་པ། །ངོས་དང་འཕྲད་བཞེད་ཆེད་གཉེར་ཕེབས་དང་མཇལ། །བཀའ་གཏེར་ཆོས་ལས་བརྩམས་པའི་འཕྲོས་གླེང་དག །མོལ་ཚེ་ཆུ་འགོ་གངས་ཀྱི་དཔེ་ཇི་བཞིན། །མངའ་རིས་རིགས་འཛིན་ཡབ་སྲས་རྗེས་འབྲངས་པའི། །རྣམ་དཔྱོད་དེ་ཀོས་གཞན་ཡིད་ཅིས་མི་འཕྲོག །སྣོད་བཅུད་ཀུན་ལ་ཡ་ངའི་འཇིགས་སྐྲག་གི །སྐད་ངན་ཅ་ཅོ་སྒྲོག་པའི་ཆུ་ཕྲན་རྣམས། །སྐྱིད་ཤོང་ལུང་པར་རིངས་པས་ངལ་མེད་དུ། །བབ་པའི་ཡུལ་གྲུ་མང་འདས་མཁར་སྐྱའི་མདོར། །སྡེ་དགོན་གཉིས་ཀྱིས་གུང་གི་བྲོ་བསྟབ་ཅིང་། །བཏགས་མིང་དོན་དང་མཐུན་(༥ན)


GLG015_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐམ་ཡེར་དུ། །ཆོས་སྡེ་རིན་ཆེན་གླིང་པའི་འདུས་སྡེ་རྣམས། །འོངས་པའི་འདོད་པའི་རེ་བ་ཇི་བཞིན་བསྐང་། །རིང་མིན་གྲོང་གིས་དབེན་པའི་འབྲོག་དགོན་པ། །ས་མཐར་འཁྱར་བའི་མི་ཡི་དྲན་སོས་པ། །སྨན་ལྗོངས་ལུང་པར་སྐྱེས་རྣམས་བྱང་སྟོངས་སུ། །སླེས་སྙམ་གདུང་བ་བསྐྱེད་པའི་ལ་བརྒལ་ཚེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པས། །བྱིན་བརླབས་རྫིང་ཕྱིའི་གཙུག་ལག་ཁང་ཆེན་པོར། །ཐུགས་རྗེའི་སྤྲིན་ཕུང་གཡོ་བའི་བྱམས་མགོན་དང་། །ཆུ་ལྷའི་ཕྱོགས་ནས་བྱོན་པའི་དངུལ་གདུང་མཇལ། །སོ་ཐར་ཁྲིམས་དང་ལྡན་པའི་འདུས་པའི་སྡེ། །གནག་ཕྱུགས་ཐོབ་པར་འཛིན་པའི་འབྲོག་པའི་གླིང་། །སྐྱ་སེར་མང་པོས་བསྙེན་བཀུར་མ་རྫོགས་པར། །ཉིན་ཞག་གཉིས་ལ་གདན་གུང་བཅུ་ཙམ་བསྟབ། དེ་ནས་བསམ་གཏན་གླིང་གི་དགོན་པའི་མདོ། །ཆུ་ཆེན་དྲག་ཏུ་འབབ་པའི་ཟམ་པའི་སྣར། །དུས་མཐའི་རླུང་ལ་འགྲན་བཟོད་བསེར་བུའི་ཁྲོད། །འཁྲུལ་ཞིག་བླ་མར་བཅས་པས་ཤང་ལེན་མཛད། །དེ་ནུབ་རི་བོའི་སྤོ་ལ་ཕན་བདེའི་དགོན། །ཞིག་གསོས་ཀླུངས་སུ་བྱས་པའི་ཁང་པའི་འདབས། །མི་རྗེས་སེམས་ངོ་སྤྲད་པའི་སྒོམ་ཆེན་རྣམས། །སྲབ་ཐེར་གོས་ལ་བརྟེན་པའི་རས་འབུད་བཏང་། །ཚེས་གྲངས་བཅུ་དགུའི་ནང་པར་བཏེག་པ་ན། །དུས་གསུམ་རྒྱལ་བས་ལུང་བསྟན་ཆོས་འཁོར་རྒྱལ། །སྦས་ཡུལ་དཀར་མོ་ལྗོངས་སུ་སླེབས་པ་ན། །ཨོ་རྒྱན་མཁའ་འགྲོའི་གླིང་ཡང་གཞན་དུ་ཅི། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །ངུར་སྨྲིག་འཛིན་པའི་ཁྲིམས་ལྡན་ངང་པའི་ཁྱུ། །ལེགས་བཤད་མགྲིན་པའི་རྫ་རྔ་སྒྲོག་མཐོང་ཚེ། །བྱེད་པོས་ཐུབ་བསྟན་(༥བ)


GLG015_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་བསྐྲུན་པ་བཞིན། །བཀོད་པས་ཁྱད་འཕགས་གཙུག་ལག་ཁང་ཆེན་དེར། །མཐོང་བས་དོན་ལྡན་མི་ཕམ་མགོན་པོའི་སྐུ། །མཐོང་ཚེ་མ་འོངས་སངས་རྒྱས་བྱམས་མགོན་དེ། །བསོད་ནམས་ཞིང་དུ་ད་ལྟ་བྱོན་ནམ་སྙམ། །དབང་དྲག་འཕྲིན་ལས་རོལ་པའི་དུར་ཁྲོད་ཆེ། །དམ་ཅན་སྤྲིན་བཞིན་འདུ་བའི་མགོན་ཁང་རྣམས། །སྤྱན་གཟིགས་མཆོད་བསྟོད་བ་ལིཾ་རྒྱན་ལྡན་དང་། །དམ་བཞག་ལས་བཞིའི་འཕྲིན་ལས་རྒྱས་པར་བཅོལ། །སྤྱི་སྒེར་སོ་སོར་བཞེད་པའི་དབང་ལུང་དང་། །རབ་བྱུང་བསྙེན་རྫོགས་ཆོ་ག་བསྟར་བ་སོགས། །རྣམ་དཀར་འཕྲིན་ལས་སྤེལ་བ་ལྷུར་ལེན་ལས། །ཆོས་བརྒྱད་བྱ་བས་ཉིན་མཚན་འདས་པ་མེད། །སྲིད་གསུམ་བདག་མོའི་བླ་མཚོ་མཇལ་བའི་ཚེ། །སྔོན་ཆད་མིག་གི་ཡུལ་དུ་མ་མྱོང་བའི། །ཡུལ་མཁར་ཆུ་གླིང་མྱང་ངམ་ཐང་ལ་སོགས། །མ་ཕྱིན་ཙི་ནར་འགྲོད་པའི་ལམ་ཀུན་མཐོང་། །དཔའ་བོ་མཁའ་འགྲོ་ཀུན་འདུ་དགའ་བའི་ཚལ། །ཆོས་སྲུང་རྒྱ་མཚོ་འདུ་བའི་བསྟི་གནས་དེར། །སྒོ་གསུམ་གཡེང་བས་མི་འདའ་བཅད་རྒྱའི་སྐབས། །སྣ་ཚོགས་ཉམས་ཀྱི་རོལ་བ་ཅི་ཡང་འཆར། །སྨིན་དྲུག་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན། །དཀར་མོའི་ལྗོངས་ནས་བཏེག་པའི་ཞག་གི་ས། །ཚང་ཚིང་ནགས་ཚལ་སྟུག་པོ་འཁྲིགས་པའི་ཁྲོད། །དྲང་སྲོང་དཀའ་ཐུབ་བསྟེན་པ་ལྟ་བུར་གནས། །སང་ཉིན་རྒྱལ་བ་གཉིས་པར་ངོ་མཚར་གྱི། །གཟིགས་སྣང་རྒྱ་མཚོའི་འབྱུང་གནས་བསམ་གླིང་གི །བྱིན་བརླབས་གཟི་བྱིན་འབར་བའི་ཕུག་པ་དང་། །སྦྱོར་དྲུག་མུན་འཁྲིད་བསྟར་བའི་ཁང་བུ་མཇལ། །ཀྱེ་མ་སྔོན་དུས་དམ་པའི་བསྟི་གནས་མཆོག །བར་དུ་བློ་གསལ་(༦ན)


GLG015_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོའི་སྤྱོད་ཡུལ་ཅན། །དེང་དུས་བཤང་གཅིས་གང་བའི་མི་གཙང་ཁྲོད། །འདུས་བྱས་མཚན་ཉིད་འགྲོ་ལ་སྟོན་པ་བཞིན། །དེ་ནས་འོངས་ཚེ་རིང་མིན་ལུང་པའི་མདོར། །སྲིན་ཡུལ་ལངྐའི་ཁེང་འཕྲོག་བཙན་པོའི་རྫོང་། །ཤར་ཕྱོགས་འོལ་ཁ་སྟག་རྩེའི་ཉེ་འདབས་ཀྱི། ཁྲུས་ཀྱི་རྫིང་བུའི་ངོས་སུ་བདེ་བར་སོན། །འཐོར་རླུང་རྒྱུད་ལས་དྲངས་པའི་གྲོང་པའི་མདར། །བརྣག་དཀའི་ཟུག་རྔུ་འབྱིན་པ་རྣོན་པོའི་མཚོན། །དྲོ་འཇམ་རེག་བྱ་དུམ་བུར་བཅད་པ་ན། །སྔོན་བསགས་དཀར་མིན་འབྲས་བུ་རྡོལ་བ་བཞིན། །ཉིན་གཅིག་རྫོང་དུ་དུས་སྟོན་ལ་ཕྱིན་ཚེ། །ལྷོ་ཕྱོགས་ཞིག་ཏུ་འཆའ་བའི་ཁང་རུལ་རྣམས། །གོར་ཁེབས་མཁྲེགས་པའི་ཁང་གསར་བསྐྲུན་མཐོང་བས། །བྱེད་པོ་དབུས་གཤོང་སྐྱེ་བོ་ཡིན་པར་གོ །བསོད་ནམས་ཞིང་མཆོག་ངོ་མཚར་རྒྱལ་བའི་བཀའ། །ཡི་གེའི་ཕྲེང་བར་སྤེལ་བའི་པུ་སྟ་ཀ །གསར་བསྐྲུན་བརྒྱ་ཕྲག་བརྒལ་བར་ཤིས་བརྗོད་ཀྱི། །མེ་ཏོག་སིལ་མའི་ཚོགས་ཀུན་གཅལ་དུ་བཀྲམ། །གྲངས་མེད་འདུས་པའི་སྐྱ་སེར་ཚོགས་རྣམས་ལ། །ཡིག་དྲུག་བཟླས་ལུང་བླ་མའི་རྣལ་འབྱོར་སོགས། །སོ་སོའི་འདོད་དང་མཐུན་པའི་ཆོས་སྦྱིན་གྱི། །སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་ཆོ་ག་བསྟར། །རིས་མེད་ནད་ཀྱི་གཉེན་པོ་ཚ་ཆུའི་རྫིང་། ཁ་དྲག་དབང་ཆེན་རྣམས་ཀྱིས་བསྲུངས་བ་ན། །ཀུན་ལ་རང་དབང་སྤྱོད་པའི་གནས་བྲལ་བས། །ཆུ་ལ་བྲེ་འཇལ་དོན་དེ་དངོས་སུ་མཐོང་། །ཕན་ཚུན་ལུང་པ་ཁ་དོག་གཅོང་རོང་གི ། མི་བཟད་གཡང་ས་ལྡན་པའི་འཕྲང་རིང་པོ། །བགྲོད་དཀའི་ལ་ལམ་བརྒལ་ཚེ་པཀྵུའི་འགྲམ། །ལྷ་རིགས་བདུད་རྩིའི་དབང་པོས་(༦བ)


GLG015_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་བསྟབས། །རྣམ་རྟོག་ཐོག་རྫིར་གཏོང་ནུས་ལབ་སྒྲོན་མའི། །སྒྲུབ་གནས་གཅོད་ཡུལ་གདམས་པའི་གཏེར་གྱི་མཛོད། །ཟངས་རི་ཁང་དམར་ཞེས་གྲགས་བར་འདས་ཚེ། །ཡིད་འོང་རྫོང་དང་གྲོང་ཁྱེར་བཀོད་པ་མཐོང་། །དེ་ན་ཟ་ཧོར་རིགས་ལྡན་དབང་མོ་དེས། །གསར་བསྐྲུན་ལྷ་ཡི་ཁང་པར་ཅོ་འདྲི་བར། །ཕུན་ཚོགས་བསྙེན་བསྐུར་བསྟབས་དང་ལྷན་ཅིག་པར། །དགུན་ཀྱང་སོས་ཀྱི་དྲོ་འཇམ་མེས་པོས་བསྐྲུན། །དེ་ནས་གནམ་སྔོན་འཁྱིལ་འདྲའི་པཀྵུའི་ཀླུང་། །བརྒལ་ཚེ་ལྷ་རིགས་མི་དབང་བློན་བཅས་རྣམས། །བསོད་ནམས་ལང་ཚོ་རྒྱས་པའི་རྣམ་དཔྱོད་ཀྱིས། །མདུན་བསུས་ཆད་ཀར་རྫོང་དུ་ཉེ་བར་སླེབས། །དེ་ན་ཁུལ་དོག་སྒེ་ཁུང་ཁབ་མིག་ཙམ། །ཉིན་མོ་མུན་པའི་སྨག་རུམ་སྟུག་པོ་ཅན། །ཅུང་ཟད་མཚན་མོའི་ཆ་ལ་གསལ་འདྲ་དེར། །ཞག་བཞིར་འབྱུང་པོའི་བྱ་ཡི་བརྟུལ་ཞུགས་བླངས། །འོན་ཀྱང་མཁྱེན་དཔྱོད་འཇམ་དབྱངས་གཞོན་ནུ་ལ། །འགྲན་བཟོད་ལྷོ་རྒྱུད་ས་ཡི་ཚངས་པ་དེས། །བཀོད་པས་མཛེས་པའི་ལོངས་སྤྱོད་ཆར་ཆེན་པོས། །ཀུན་གྱི་མགྲིན་པའི་འཁོར་ལོ་དོག་པོར་བྱས། །གུང་གི་དུས་སྟོན་བསྟབས་པའི་སྡེར་ཁ་རྣམས། །སྲོད་ལ་མར་མེ་སྤར་ནས་འདྲེན་བྱེད་པའི། །བཞུགས་གྲལ་ཉི་མའི་འཁོར་ལོ་གྲོལ་བ་དང་། །སང་གི་སྐྱ་རེངས་འཆར་བ་མཉམ་དུ་བྱས། །རྟོག་གེའི་ཁེངས་པས་དྲེགས་པའི་ལས་ཆེན་པ། །གཙུག་ལག་རྒྱ་མཚོ་མཐོང་བས་སྙིང་གས་ཏེ། །སྨྲ་བའི་སྲོག་དང་བྲལ་བའི་མུ་ཅོར་རོ། །ལེགས་བཤད་མཚོན་གྱིས་ཕུབ་ཀྱང་དོན་གྱིས་སྟོངས། །ལྷ་རིགས་རྗེ་བློན་ཉེ་དབང་ཚོགས་བཅས་ལ། །འཕགས་ཡུལ་རྣལ་འབྱོར་དབང་མོའི་(༧ན)


GLG015_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་གཞུང་གི །ཚེ་དབང་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གཉིས། །སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་གས་ཕུལ། །སྡེ་དགོན་བདུན་དུ་གྲགས་སོགས་ཨེ་རོང་གི །སྐྱ་སེར་མང་པོ་ཚོགས་པའི་ཟང་ཟིང་གི །འདུ་འགོད་འགལ་མེའི་འཁོར་ལོ་ལྟ་བུ་དེས། །སྲིད་པ་འཁོར་བའི་ངང་ཚུལ་སྟོན་པ་བཞིན། །སླར་ཡང་ཀླུང་ཆེན་ལོ་ཧི་ཏ་བརྒལ་ཏེ། །སྔོན་དུས་དམ་པའི་བསྟི་གནས་གསས་ཁང་རྩེ། །བར་དུ་བཙན་པོའི་མཁར་གྱི་ལྟག་རིའི་རྫོང་། །་དེང་དུས་ཡང་དགོན་ཞེས་གྲགས་ཀུན་དང་འབྱོར། །གནས་དེར་དངོས་སྟོབས་རིགས་པའི་ཁབ་མིག་ལ། །ཤེས་བྱའི་སྲད་བུ་མཐའ་དག་བརྒྱུད་ནུས་པའི། །ལུང་དང་རིགས་པ་སྨྲ་བའི་འདུས་པའི་སྡེས། །བསྙེན་བཀུར་བླ་མའི་རྣལ་འབྱོར་ཆོས་འབྲེལ་ཕུལ། །སྐུ་གསུང་ཐུགས་རྟེན་བཞུགས་པའི་གཙུག་ལག་ཁང་། །གྲྭ་རྐྱང་གནས་མལ་བདེ་བའི་ཤག་སྐོར་དང་། །ཟང་ཟིང་འབྱོར་པའི་འདུ་འགོད་གཉེར་ཁང་སོགས། །ཀུན་ལ་ཤིས་པ་བརྗོད་པའི་མེ་ཏོག་གཏོར། །མར་ལམ་ཚོང་འདུས་བྲག་ཁའི་ཚོམས་ཆེན་དུ། །བྱང་ཕྱོགས་ས་དབང་མཚོ་སྐྱེས་རྡོ་རྗེ་ཡིས། །ལོངས་སྤྱོད་ཆར་སྤྲིན་ལྟ་བུར་གཡོ་བ་ལས། །འོངས་པའི་མཆོད་སྦྱིན་ཆར་རྒྱུན་ཅི་ཡང་ཕབ། །ཕ་མཐའ་མི་མངོན་ཡར་རྒྱབ་གཙང་ཆུའི་ཀླུང་། །དཀའ་ཚེགས་ཆུང་ངུས་བགྲོད་ཐབས་ལྕགས་ཀྱི་ཟམ། །ཐང་སྟོང་རྒྱལ་པོའི་བྱིན་རླབས་གཟུགས་ཅན་དུ། །གྲུབ་པའི་འོག་དེར་ཉང་པོའི་གྲུ་ལས་བགྲོད། །སྔོན་དུས་མདོ་སྔགས་རྒྱ་མཚོའི་ཆོས་གྲྭ་ཚེ། །དེང་དུས་ཕུན་ཚོགས་འདོད་དགུ་འབྱུང་བའི་གནས། །རྩེས་དང་བླ་གཡེར་ས་དགེའི་སྡེ་ཟུང་གིས། །ཕུ་དུད་རི་མོར་བྱ་བ་དང་(༧བ)


GLG015_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས། །མར་མེ་མཛད་པའི་གཙུག་རྒྱན་གསེར་གླིང་པའི། །ཐུགས་དམ་ཟས་གཙང་སྲས་པོའི་སྐུའི་སྣང་བརྙན། །མཐོང་ཐོས་དྲན་དང་རེག་པས་རྣམ་གྲོལ་བ། །མཇལ་འདི་ལེགས་བྱས་རྒྱ་མཚོའི་ཟོང་གིས་བསྒྲུབས། །འཁོན་རིགས་འཇམ་དབྱངས་བསོད་ནམས་རྒྱལ་མཚན་གྱིས། །བྱིན་བརླབས་ཆོས་སྲུང་འདུ་བའི་བསམ་གཏན་གླིང་། །མཇལ་ཚེ་སྔོན་གནས་སད་འདྲའི་དགའ་བ་དང་། །ལྷན་ཅིག་སྨོན་ལམ་འཕྲིན་བཅོལ་ནན་ཏན་བྱས། །དེ་དང་འབྲེལ་བར་འདིར་སྣང་ཕུན་ཚོགས་ཀུན། །རྨི་ལམ་ལྟར་མཐོང་སྣ་ཤག་གྲུབ་ཆེན་པས། །པདྨའི་སྐུ་ཚབ་ལས་འཕྲོ་གླིང་པ་ཡི། །གཏེར་བྱོན་ཡིད་བཞིན་རཏྣ་འགྲོ་འདུལ་བྱིན། །དེའི་ནུབ་གངས་ཅན་ཡོངས་ཀྱི་ལྷ་གཅིག་པུ། །བླ་དབོན་ཟུང་དུ་འཇུག་པའི་གོང་མ་ཆེའི། །ཕོ་བྲང་འཛམ་གླིང་རྒྱན་གཅིག་སྣེ་སྡོང་རྩེར། །ངོ་མཚར་བཀོད་པ་རྒྱ་མཚོའི་མདུན་བསུས་འབྱོར། །དེའི་ནུབ་ལྔ་མཆོད་ཆེན་མོའི་དུས་སྟོན་དང་། །་འགྲིག་པའི་མར་མེ་ཚར་དུ་དངར་བའི་ཕྲེང་། །ཕྱོགས་མཚམས་སྟེང་འོག་མ་ལུས་ཡོངས་ཁྱབ་པ། །ས་ལ་རྒྱུ་སྐར་གྲོང་ཁྱེར་འཕོས་པ་བཞིན། །སྡེ་བཞིའི་སྒོ་འཕར་འབྱེད་པའི་ཚོམས་ཆེན་དུ། །འཛད་མེད་འདོད་དགུ་དུས་སྟོན་ཚོགས་པའི་དབུས། །སྨན་ལུང་རིགས་སྔགས་འཆང་བ་སྔ་འགྱུར་ལས། །བརྩམས་པའི་ལེགས་བཤད་རྒྱུད་མང་ཅི་ཡང་འཁྲོལ། །རླངས་སྟོན་འགྲོ་བའི་མགོན་པོ་ཡབ་སྲས་ལ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་དང་། །ཕྱག་དྲུག་གཏོར་དབང་བར་ཆད་ཀུན་སེལ་གཉིས། །བཞེས་པའི་དོན་དང་སྦྱར་ནས་རྒྱས་པར་ཕུལ། །རྒྱལ་བ་ཀུན་གྱི་སྒྱུ་འཕྲུལ་དྲ་བའི་གར། །མཚན་བརྒྱད་གཟུགས་སུ་ཤར་བའི་སྟང་སྟབས་(༨ན)


GLG015_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འཆམས། །གཟིགས་མོ་མཚར་དུ་དངར་བ་དེ་མཐོང་ཚེ། །ཨོ་རྒྱན་མཁའ་འགྲོའི་གླིང་ཡང་གཞན་དུ་ཅི། །དུས་དེར་ཧེ་རུ་ཀ་ཡི་སྟང་སྟབས་ཀྱིས། །ནག་ཕྱོགས་བདུད་སྡེ་ཕྱེ་མར་འཐག་པའི་འཆམས། །ལྷ་གཟིགས་དམ་པའི་སྐུ་ཡི་ལུས་འགྱུར་གྱིས། །སྒྱུ་མ་མཁན་གྱི་ཁེངས་པ་ཐུང་ངུར་བྱས། །རྒྱལ་པོའི་ཕོ་བྲང་ཆེན་པོའི་ཉེ་འདབས་ཀུན། །གྲངས་མེད་སྡེ་དཔོན་ཚོགས་པའི་ཁང་བཟང་གིས། །ལེགས་བསྐོར་ཕལ་ཆེར་གྱང་ཧྲུལ་འདྲེ་ཅན་ལྟར། །གྱུར་པའི་མི་རྟག་འགྲོ་ལ་སྟོན་པ་བཞིན། །པཎ་གྲུབ་དབང་པོ་ནགས་ཀྱི་རིན་ཆེན་གྱིས། །བྱིན་བརླབས་རྒྱུད་མགོན་གུར་གྱི་སྐུ་བརྙན་དང་། །གོང་མ་ཀུན་དགའ་ལེགས་པའི་ཕྱག་བཟོ་ཡི། །སྟོབས་འཕྲོག་ཞིང་སྐྱོང་དབང་པོའི་སྣང་བརྙན་མཇལ། །མཁས་དང་གྲུབ་པའི་འཁོར་ལོས་སྒྱུར་མང་པོའི། །མཐུ་སྟོབས་གཟི་བྱིན་བསྐྱེད་པའི་དུར་ཁྲོད་ཆེ། །དམ་ཅན་འདུ་བའི་གནས་མཆོག་དེ་ཉིད་ལས། །གཞན་པའི་བསིལ་བའི་ཚལ་དེ་དམིགས་སུ་མེད། །བོད་འབངས་གཉེན་གཅིག་ལྷ་གཟིགས་རས་པ་ཡི། །ཐུགས་དམ་འཁོར་མང་མགོན་པོའི་ཞལ་ཐང་སོགས། །སྟེང་ཤོད་བར་གྱི་མགོན་ཁང་མ་ལུས་དང་། །ཕུར་པའི་ཛས་ཕྲོའི་དུས་སུ་གོང་སྨྱོན་གྱིས། །སྒྲུབ་པའི་ངོ་མཚར་བསྟན་པའི་ཞབས་རྗེས་མཇལ། །ཐུབ་བསྟན་རྩ་བ་ངེས་པར་འབྱུང་བའི་ཁྲིམས། །རྒྱས་མཛད་པཎ་ཆེན་ཤཱཀྱ་ཤྲཱི་ཡི། །ལུགས་འཛིན་ཇོ་བོ་སྟན་གཅིག་ཚོགས་པ་ཡིས། །བསྙེན་བཀུར་བླ་མའི་རྣལ་འབྱོར་ཆོས་འབྲེལ་བྱས། །གནས་ལྔ་མཁྱེན་དེའི་ཐུགས་དམ་ལྷག་པའི་ལྷ ། འཇིགས་པ་བརྒྱད་སྐྱོབ་དངོས་གྲུབ་ཀུན་སྩོལ་བའི། །རྒྱལ་བ་ཀུན་ཡུམ་(༨བ)


GLG015_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་མ་ཡི། །སྐུ་བརྙན་མཇལ་ཞིང་སྨོན་ལམ་མཚམས་སྦྱོར་བྱས། །དེ་ནས་རྒྱང་གྲགས་གསུམ་ཙམ་འདས་པའི་སང་། །ཕྱག་ན་པདྨའི་ཡེ་ཤེས་སྒྱུ་འཕྲུལ་གར། །བོད་འབངས་རྒྱལ་པོར་ཤར་བ་སྲོང་བཙན་གྱིས། །ལེགས་བསྐྲུན་ཁྲ་འབྲུག་ཉེ་བའི་འདབས་སུ་འབྱོར། །གཙུག་ལག་ཁང་བཟང་སྐུ་གསུང་ཐུགས་རྟེན་ལ། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་དང་། །ལྷན་ཅིག་བསྟན་འགྲོ་ཕན་བདེ་རྒྱས་པ་ཡི། །ལྷག་བསམ་དག་པའི་སྨོན་ལམ་ནན་ཏན་བཏབ། །ཁྱམས་དེར་སྔོན་ཚེ་བཀའ་འདུས་དཀྱིལ་འཁོར་དུ། །རྒྱལ་དབང་པདྨས་ལྷ་སྲས་རྗེ་འབངས་རྣམས། །སྨིན་བྱེད་ས་སྟེགས་མཐོང་བས་དོན་ལྡན་པ། མཇལ་ཞིང་གདུང་ཤུགས་དྲག་པོས་གསོལ་བ་བཏབ། །ཆུ་སྦུར་མིག་ལ་སྣང་བ་ཐ་མལ་གྲོང་། །ཕན་དང་བདེ་བའི་འབྱུང་གནས་སྤྲུལ་པའི་གནས། །ངེས་པའི་དོན་དུ་དག་པའི་ཞིང་ཁམས་ཀྱང་། །གཞན་དུ་འཚོལ་བར་བྱེད་པ་བྱིས་པའི་བློ། །གངས་ཅན་བསྟན་པའི་ཉེར་འཚོ་དམ་པ་འདིར། །བསྙེན་བཀུར་མཆོད་པ་དུས་ཀྱིས་བསྐལ་བ་ཡིས། །ཆེས་ཆེར་དམན་པ་མཐོང་བས་རྐྱེན་བྱས་ཏེ། །མཆོད་ཚོགས་གངྒཱའི་རྒྱུན་འདྲ་ཆད་མེད་བཙུགས། །སྔོན་བྱོན་རྒྱལ་བློན་བྱང་ཆུབ་སེམས་དཔའ་ཡི། །གཙུག་ལག་ཁང་བཟང་གསོ་དང་མཆོད་བྱེད་པ། །གེགས་བྱེད་རང་གི་དགོན་སྦུགས་ཆུང་ངུ་ལ། །བསྔགས་བརྗོད་བྱེད་པ་ཕལ་ཆེར་བདུད་ལས་བཞིན། །གནས་དེའི་ཆོས་སྲུང་དགེ་བསྙེན་ཚངས་པ་ཆེ། །འོངས་ནས་ལུང་བསྟན་སྒྲ་དབྱངས་སྒྲོག་བྱེད་པ། །མཐུན་པའི་རྫས་ཕུལ་འཕྲིན་ལས་ཉེར་བཅོལ་ཞིང་། །དམ་བཞག་བཅར་ཚེ་སྐུ་ཡི་རྣམ་འགྱུར་བསྟན། །ཕྱོགས་(༩ན)


GLG015_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རིས་མེད་གྲུབ་མཐའ་འདུས་པའི་སྡེ། །ཀུན་ལ་ཟང་ཟིང་འབྱོར་བའི་མཆོད་སྦྱིན་སྒོ། །མངོན་པར་བྱེ་བའི་འདོད་དགུའི་མཚམས་སྦྱོར་གྱིས། །རྣམ་ཐོས་བུ་ཡི་མདུན་ས་བཞིན་དུ་བྱས། །ཆོས་ཀུན་རིག་པའི་རྩལ་དུ་རྣམ་གྲོལ་བས། །མགྲིན་པའི་རྩ་ཁ་བྱེ་བའི་ཀོང་ཆེན་པས། །བོད་ཡུལ་བདེ་བའི་ཐབས་ཀྱི་གླེང་མོ་དང་། །ཁྱབ་འཇུག་ཆེན་པོའི་གསང་བའི་བླ་རྡོ་བྱིན། །ཉེར་བརྒྱད་ནང་པར་མཚོ་སྐྱེས་རྡོ་རྗེ་ཡིས། །བྱིན་བརླབས་ཚེ་ཆུའི་རྒྱུན་འབབ་འབུམ་པའི་དྲུང་། །འབྱོར་ཚེ་སྐམ་པོའི་རྡོ་ལས་གཤེར་བའི་ཆུ། །ཆལ་ཆིལ་གཡོ་བའི་ངོ་མཚར་ལྟད་མོ་མཐོང་། །དེའི་ནུབ་ལྔ་བརྒྱའི་གཙུག་རྒྱན་ཨ་ཏི་ཤའི། །ཞབས་ཟུང་ཨུ་དུམ་ཝཱ་ར་ཉེར་བཀོད་པའི། །སོལ་ནག་ཐང་ཆེན་གཙུག་ལག་ཁང་མཇལ་ཞིང་། །ཕ་མེས་བརྒྱུད་པའི་ཆོས་སྲུང་མཉེས་པར་བྱས། །རིག་ཅན་བློན་པོ་འབྱུང་བའི་ས་དཔྱད་ཀྱི། །རི་ངོགས་ཕོ་བྲང་འཆིང་བར་སྟག་རྩེ་ཞེས། །རྣམ་རྒྱལ་ཁང་བཟང་ས་ལ་འཕོས་འདྲ་དེར། །གཟིགས་མོར་མཚར་བའི་བསུ་བ་དང་བཅས་འབྱོར། །ཕྱོགས་ཀུན་དགོན་དང་ཡུལ་གྲུའི་ཁོར་ཡུག་ཅན། །རྩ་བར་རྒྱུ་སྐར་ལྟ་བུའི་གྲོང་ཁྱེར་བརྡལ། །སྟེང་ན་མཁའ་ལ་སྙེག་འདྲ་བཙན་པོའི་རྫོང་། །འདི་ཀོ་ཚངས་པས་བསྐྲུན་ལས་གཞན་སུས་ནུས། །བློ་བཟང་གྲགས་སྙན་འབར་བའི་བསྟན་པ་ལ། །རབ་གུས་ས་ཧོར་ཚེ་བརྟན་རྡོ་རྗེ་ཡིས། །ཉེར་བསྐྲུན་རི་བོ་བདེ་ཆེན་གཙུག་ལག་ཁང་། །ཀུན་དགའ་ར་བར་བཅས་པ་ཞིབ་ཏུ་མྱུལ། །ཡང་སྟེང་རྒྱུད་སྡེ་རྒྱ་མཚོའི་ལྷ་ཡི་སྐུ། །གར་དགུའི་ཉམས་ཀྱི་རོལ་པ་མངོན་སུམ་དུ། །སྟོན་པའི་བྱེད་པོ་པིར་ཐོགས་མཁྱེན་བརྩེ་བའི། །བསྔགས་བརྗོད་གླེང་མོ་ཕལ་(༩བ)


GLG015_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་དྲང་པོའི་ཚིག །གནས་དེར་ཕུན་ཚོགས་དུས་སྟོན་གཡུ་འབྲུག་གི །སྒྲ་སྐད་དབྱངས་སུ་འཚེར་བའི་བཟའ་བཏུང་བཅུད། །འཆི་མེད་བཟའ་ཤིང་ར་བ་ཉུལ་བའི་འབྲས། །སྟར་གའི་འབྲས་བུ་ཐོབ་ལ་བསྙེམས་པ་བཞིན། །གྲལ་དེར་ལུང་རིགས་སྨྲ་བའི་མཁན་ཆེན་པ། །ཉིན་བར་མནལ་གྱི་འོད་གསལ་ཏིང་འཛིན་དང་། །གང་དུ་ངོས་བཟུང་བྲལ་བའི་འཕྲོས་གཏམ་ནི། །འཐུག་པོའི་གཉིད་ལ་གཡར་བའི་སླ་ཆོས་བཞིན། །དེ་ཚེ་གྲངས་མེད་ཁྲོམ་གྱི་ས་ཆེན་པོར། །ལྷག་བསམ་དག་པའི་ཤིང་རྟས་ཉེར་དྲངས་པའི། །འཆི་མེད་དབང་གི་ནོར་བུ་འདྲེན་སྙམ་ཡང་། །མི་བསྲུན་གཞན་འཕྲུལ་གནས་ཀྱི་བྱེད་པོས་བཀག །བགྲང་ཡས་སྐྱེ་བོ་འདུས་པའི་ཚོགས་དབུས་སུ། །སྡེ་དགོན་མཐའ་དག་མགྲིན་པ་གཅིག་པའི་དབྱངས། །སྣམ་ཕྲུག་གཙོ་བོར་གྱུར་བའི་ཡུལ་ལུགས་དང་། །བསྟུན་པའི་བརྒྱ་ཕྲག་འབུལ་བ་མཚར་དུ་དངར། །ཆག་མལ་འབྱོར་བའི་དཔལ་དང་ལྡན་པའི་རྫིང་། །འདྲེན་བྱེད་ཁབ་ཀྱི་མིག་བུར་དྲངས་པའི་ཆུ། །དད་པའི་འཕྲུལ་དང་ལྡན་པའི་ནོར་བུའི་ཟོང་། །པཀྵུའི་ཀླུང་ཙམ་དྲངས་ལ་དཀའ་བ་མེད། །བྱ་ནག་གདུང་གིས་བཙུན་པའི་སྤྲུལ་སྐུ་སོགས། །མཆོག་དམན་བར་མའི་སྐྱེ་བོ་སུམ་བརྒྱ་ལྷག །དགེ་ཚུལ་བསྙེན་པར་རྫོགས་པའི་དངོས་པོ་ལ། །བཀོད་དེ་རྒྱལ་བའི་བསྟན་ལ་རི་མོར་བྱས། །སྟོད་སྨད་བར་གྱི་རིས་བྲལ་འདུས་པའི་སྡེར། །སོ་སོའི་འདོད་སྦྱར་ཆོས་ཀྱི་འབྲེལ་བ་དང་། །འཕྲལ་ཡུན་དགེ་བའི་མཐུན་རྐྱེན་བསྒྲུབ་པ་སོགས། །བྱ་བ་ལས་ཀྱི་འཁོར་ལོའང་ཅུང་ཟད་བྱས། །ཟ་ཧོར་ཆོས་ཀྱི་རྒྱལ་པོ་ཁུ་དབོན་དང་། བཻ་རོའི་ཐུགས་སྤྲུལ་གཏེར་སྟོན་ར་སྨིའི་ཞབས། །(༡༠ན)


GLG015_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་ཟུང་དུ་འབྲེལ་ལས་ཉེར་བསྐྲུན་པའི། །ཐེག་མཆོག་གྲུབ་པའི་འདུས་སྡེ་དཔལ་རི་བས། །བོད་འབངས་དོན་དུ་རིགས་འཛིན་པདྨ་འབྱུང་། །ཡར་ངོའི་ཚེས་བཅུར་ཕེབས་ཞེས་ཞལ་འཆེས་པའི། །མཆོད་པའི་འཕྲིན་ལས་གྱེར་བའི་སྟང་སྟབས་ཀྱིས། །ནག་ཕྱོགས་འཚུབ་མའི་རླུང་དང་ལྷན་ཅིག་བསྐྲད། །རང་བྱོན་ལྔ་ལྡན་ཐུགས་ཀའི་རྒྱ་མཚོ་དང་། །མི་རྗེའི་གཟུགས་སྐུའི་ཆུ་བོ་གཅིག་འདྲེས་ཀྱང་། །ཐུན་མོང་སྣང་ངོར་རགས་པའི་ཟ་མ་ཏོག །སྲི་ཞུར་བསྐྲུན་པའི་སྲོང་བཙན་དབང་པོའི་སྟེང་། །བསྟན་དང་སྐྱེ་དགུའི་ཕན་བདེ་སྤེལ་བ་དང་། །སྒོས་སུ་ཟ་ཧོར་རིགས་ལ་ཤིས་པ་ཡི། །ཕུན་ཚོགས་རྟེན་འགྲེལ་བསྒྲིགས་ཚེ་ལྷ་ལམ་ནས། །མེ་ཏོག་ཆར་དང་འཇའ་ཚོན་གུར་ཁྱིམ་ཕུབ། །རང་འདོད་ལྕེ་གཉིས་རྐྱོང་བའི་འཁྱོག་པོའི་འགྲོས། །མི་ལྡན་བོད་འབངས་བདེ་བའི་ལྷག་བསམ་དང་། །ལོ་པཎ་རྒྱལ་བློན་རྣམས་ལ་དད་པའི་མཐུས། །ལྟས་བཟང་བྱུང་གི་བདག་འདྲའི་ནུས་པས་ཅི། །དེ་ན་མངའ་བདག་གསུང་སྤྲུལ་ཆོས་དབང་གིས། །བཞེངས་པའི་གཙུག་ལག་ཁང་དང་ཤངས་མཚལ་ལས། །ལེགས་གྲུབ་དཔལ་མགོན་མ་ནིང་ནག་པོ་ཡི། །སྐུ་བརྙན་མཇལ་ཞིང་འཕྲིན་ལས་གཉེར་བཅོལ་བྱས། །རྟ་སྐད་མངོན་སུམ་དབྱངས་སུ་འཚེར་བྱེད་པའི། །དབང་ཆེན་སྐུ་བརྙན་བཞུགས་པའི་ཁྱམས་ར་དེར། །ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་ཤིང་། །དྲི་མེད་རྒྱ་ཆེན་སྨོན་ལམ་ནན་ཏན་བྱས། །བསམས་པའི་དོན་ཀུན་གྲུབ་པ་རྡོ་རྗེའི་གསུང་། །ཐོས་པས་སྲིད་ཞིའི་གདུང་སེལ་པི་ཝཾ་སྒྲ། །ས་མཐར་རྒུད་པའི་འཁོར་ལོ་བསྐོར་བ་ལ། །བདེ་བའི་ཉམས་ལྡན་རྣ་བར་ཚེར་མ་བཞིན། །གྲྭ་པ་མངོན་ཤེས་གདན་ས་(༡༠བ)


GLG015_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཡས་དང་། །བཟང་པོའི་ལ་མོ་བརྒྱུད་བར་མངོན་ཕྱོགས་ཚེ། །རྐུན་པོའི་བྲམ་ཟེས་ར་སྐྱེས་བོར་བ་བཞིན། །སྨན་ལྗོངས་སྐྱིད་པའི་ཡར་ཀླུངས་ཕྱོགས་སུ་བཏེག །དུས་དེར་རིང་ཕྱོགས་ཞ་སེར་འཛིན་ཀུན་ལ། །ཡང་དག་རྡོ་རྗེས་བྱ་བ་བྱས་ཟིན་པའི། །མི་རྒན་བློན་པོ་མགར་འདྲའི་ཆོས་རྒྱལ་དེ། ཁ་བའི་ལྗོངས་སུ་བཞུགས་པའི་ཞལ་ལེན་མཛད། །གཏམ་དེ་ཐོས་ཚེ་ཤེས་ལྡན་མ་ལུས་པའི། །ཡིད་ཀྱི་ངལ་གསོའི་གདུང་སེལ་བླ་མེད་ཀྱང་། །བྱས་པ་དྲིན་དུ་མི་བཟོ་མཁྲིས་ནད་ཅན། །གངས་རི་སེར་པོར་སྣང་ལ་ཅི་བྱ་ཡོད། །དེ་ནུབ་བཙན་ཐང་གཡུ་ཡི་ལྷ་ཁང་འདབས། །དམ་པའི་ངང་ཚུལ་ལྡན་པ་རླངས་སྟོན་རྗེ། །ཡབ་སྲས་ཟུང་དང་མཇལ་ཞིང་འཕྲལ་ཡུན་དུ། །རྣམ་པར་དགེ་བའི་གསུང་གླེང་ཅི་ཡང་བྱུང་། །འབྲས་གཤོངས་གནས་སྒོ་འབྱེད་པའི་བཀའ་བབས་ཅན། །ཟབ་དོན་བསྟན་པ་རྒྱས་མཛད་ལྷ་བཙུན་པས། །མ་འོངས་ལུང་དུ་བསྟན་པ་གསང་བའི་ཚིག །ཐོས་ཆེ་ལྐོག་གྱུར་ཆོས་ཀུན་མངོན་སུམ་བཞིན། །ལམ་ཞོར་བཙན་ཐང་གཡུ་ཡི་ལྷ་ཁང་དང་། །བྱ་ས་རི་ཟུར་གཙུག་ལག་ཁང་མཇལ་ནས། །གཙང་ཆུང་གླིང་ཁར་གྲགས་པའི་གྲོང་ཆུང་འདབས། །བྱེད་པོས་ཐལ་བའི་རླུང་འཚུབ་གུར་དུ་ཕུབ། །མང་ཐོས་མཁས་པའི་གྲལ་དུ་མ་ཆུད་ཀྱང་། །བཙུན་པོས་རིམ་པར་བཟུང་བ་སྟག་ལུང་པའི། །ཞབས་དྲུང་ཚུལ་མིན་སྤྱོད་པའི་གར་མཁན་ཅན། །མདོ་ཁམས་ཕྱོགས་ནས་ཕེབས་དང་ངོས་ཀྱིས་མཇལ། །ནང་བར་བློ་མདའི་གཟིངས་ལས་ཕྱིར་བརྒལ་ཏེ། །གངས་ཅན་འགྲོ་བའི་བསོད་ནམས་མཆོད་སྡོང་ཆེ། །ལུགས་གསུམ་འགྱུར་བ་མེད་པའི་གཙུག་ལག་ཁང་། །མཐོང་ཐོས་དྲན་རེག་དོན་ལྡན་ས་དེར་སླེབས། །(༡༡ན)


GLG015_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འཕྲལ་དབུ་རྩེ་རིགས་གསུམ་སྟེང་ཤོད་ཀུན། །ཞིབ་མོར་མཇལ་ཡང་ཉི་མའི་དཀྱིལ་འཁོར་དེ། །སྔ་ཕྱིའི་དུས་ལས་རིང་འདྲའི་ལོང་ཆེ་ཞིང་། །རྒྱལ་ཕུར་འཕྲོད་ཀྱང་མ་བསྒྲིགས་ལྷུན་གྱིས་གྲུབ། །སང་ཉིན་དབུ་རྩེ་རིགས་གསུམ་གླིང་ཕྲན་རྣམས། །ཞིབ་མཇལ་མཆོད་བསྟོད་སྨོན་ལམ་ནན་ཏན་དང་། །ཐུབ་བསྟན་རྩ་ལག་མཁན་ཆེན་ཞི་བ་འཚོའི། །དབུ་ཐོད་གཡུ་ཡི་སྒྲོལ་མའི་ནང་མཇལ་ཞུས། །སྡེ་བརྒྱད་དྲེགས་པའི་དམག་དཔོན་ཙེ་དམར་བ། །སྤྱན་གཟིགས་བ་ལིམ་རྒྱན་གྱིས་མཉེས་བྱས་ཤིང་། །རྡོ་རྗེའི་ཕྱག་རྒྱ་བདུད་རྩིའི་བཏུང་བར་བཅས། །སྔོན་གྱི་དམ་ཚིག་གཉེན་པོ་ནན་ཏན་བསྐྱར། །སྲོག་བདག་མི་བསྲུན་ཁྲོས་པའི་ཉི་ཟེར་གྱིས། །ཆེར་རློམ་ཀུན་ད་དྲེགས་པའི་ཁ་ཟུམ་ཡང་། །རིག་སྔགས་འཆང་བའི་རྒྱུད་ཀྱི་འདབ་བརྒྱ་པ། །ངོ་མཚར་ཟེའུ་འབྲུ་བཞད་པ་ཆོས་ཉིད་ཡིན། །དེའི་ཉིན་ཇོ་བོའི་གླིང་གསུམ་མ་གཏོགས་པའི། །གླིང་ཕྲན་ཕྱི་ནང་རྟེན་ཀུན་མཇལ་བ་ན། །ལོ་པཎ་རྒྱལ་བློན་རྣམས་ལ་དད་པ་དང་། །དགའ་དང་སྤྲོ་བ་ཕན་ཚུན་འགྲན་བཞིན་འཕེལ། །ཡིད་འོང་བཀོད་པས་མཛེས་པ་ཇོ་མོའི་གླིང་། །རྣམ་གསུམ་སང་ཉིན་སྔ་དྲོའི་ཆར་མཇལ་ནས། །གུང་གི་དུས་སྟོན་བཙན་པོའི་ཕོ་བྲང་དུ། །ས་སྐྱོང་མཚོ་སྐྱེས་རྡོ་རྗེས་རྒྱས་པར་བསྟབས། །གུང་ཐང་ལ་ཁར་རིགས་འཛིན་པདྨ་ཡིས། །བཞག་པའི་ཞབས་རྗེས་འགྲོ་བའི་མཆོད་སྡོང་ཆེ། །ལོ་ཆེན་བཻ་རོའི་ཕྱག་བཟོའི་རྟ་མགྲིན་སོགས། །བྱིན་རླབས་སྤྲིན་ཕུང་གཡོ་བའི་རྟེན་རྣམས་མཇལ། །ཉི་ཤུའི་སྔ་དྲོ་ཧལ་པོ་རི་ཡི་རྩེར། །བྱང་གླིང་ཟབ་གཏེར་བཀའ་ནན་རབ་བརྗིད་ཀྱིས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དམ་བཏགས་ནས། །བོད་ཡུལ་བསྟན་དང་འགྲོ་བའི་(༡༡བ)


GLG015_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེ་བསྐྲུན། །དེ་ཚེ་ཐོག་མར་ལྷ་སྲིན་འཁྲུགས་པ་ཡིས། །མི་བཟད་གནམ་ལྕགས་འདེབས་འདྲའི་སྤྲིན་ནག་དང་། །ཐོར་རླུང་དྲག་ཏུ་འཚུབ་པ་མཇུག་ཆོག་སྐབས། །འཇའ་ལྟར་ཡལ་ཏེ་དྲོ་འཇམ་བདེ་བས་ཁྱབ། །ཕུན་ཚོགས་རྟེན་འབྲེལ་འགྲིག་ཚུལ་འདིར་བརྟགས་ན། །ཕུང་བྱེད་འདྲེན་པར་རློམ་རྣམས་འདུལ་བའི་གཉེན། །ཟབ་གཏེར་སྒོ་འབྱེད་གཏེར་སྟོན་གྲངས་མེད་ཞིག །འབྱོན་པའི་བཟང་པོའི་དུས་ཞིག་འོང་ངམ་སྙམ། །ས་ལ་དག་པའི་ཞིང་མཆོག་གསུང་གི་གནས། །མཆིམས་ཕུ་ནགས་ཀྱི་དུར་ཁྲོད་གསང་བའི་ཕུག །མཐོང་བས་དོན་ལྡན་མཁའ་འགྲོའི་གནས་མཆོག་དེར། །ཞག་གསུམ་གནས་ཀྱི་འབྲེལ་བས་སྐལ་བཟང་བྱས། །རྫ་མོ་ཧཱུཾ་འདྲར་གྲགས་སོགས་གྲུབ་པའི་རྟགས། །བསྟན་པའི་གནས་ཀུན་མཇལ་ཚེ་འབད་མེད་དུ། །ཆོས་ཀུན་རྨི་ལམ་ཡུལ་གྱི་བྱ་བྱེད་ལྟར། །འདི་ཞེས་བརྗོད་དུ་མེད་པའི་ཉམས་འགའ་ཤར། །ཕྱིར་ལམ་སླར་ཡང་དབུ་རྩེ་རིགས་གསུམ་གྱི། །བྱིན་རླབས་འཛད་པ་མེད་པའི་རྟེན་མཇལ་ཞིང་། །བྱང་ཕྱོགས་བདག་པོ་བར་ཆད་སེལ་བའི་ལྷ། །ཕྱག་དྲུག་ཡེ་ཤེས་མགོན་པོའི་རྗེས་གནང་བྱས། །སྒྲགས་མདར་ལྷོ་རྒྱུད་དགེ་འདུན་འདུས་པའི་སྡེ། །དུ་མའི་སེར་སྦྲེངས་མུ་ཏིག་ཕྲེང་བ་ལྟར། །བསྒྲིགས་པའི་རྣམ་སྦྱར་མདངས་ཀྱིས་ནམ་མཁའ་ཡང་། །ཐུན་མཚམས་གཞོན་ནུའི་མཛེས་པ་འཕྲོག་པ་བཞིན། །རིགས་འཛིན་བླ་མའི་གདན་ས་རྡོ་རྗེ་བྲག །པདྨའི་ཨེ་ཝཾ་ལྕོག་སྒར་འདུ་ཁང་དུ། །གུང་གི་བྲོ་བསྟབ་ནང་རྟེན་གཏེར་རྫས་ཀུན། །མཇལ་ཞིང་བྱིན་རླབས་དབང་བཞིའི་དམིགས་པ་བླངས། །དེ་ནས་འཕྲེང་འགོའི་གཞིས་གར་འབྱོར་པ་ན། །ས་ཆེན་བྱམས་པས་སྐྱོང་པའི་མཆོད་(༡༢ན)


GLG015_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཟུང་། །ལྷོ་རྒྱུད་འཛིན་མའི་དཔྱ་ཁྲལ་ཀུན་བསྡུས་ཏེ། །སྐྱིད་ཤོང་ཡུལ་གྱུར་བཏེག་དང་ལྷན་ཅིག་འཛོམ། །མཁའ་ལ་སྙེག་འདྲའི་མཐོན་པོའི་ལ་བརྒལ་ནས། །ཞག་རེར་ཉིན་མཚན་ལན་བཞི་འབྱུང་བའི་ས། །རྟོག་གེའི་ལྕེ་གཉིས་རྐྱོང་བ་མ་ལ་ཡའི། །ལྷོ་ཕྱོགས་གསང་ཕུའི་ནགས་ཀྱི་ཁྲོད་བརྒྱུད་དེ། །སྣེའུ་གཞིས་ཀའི་ལྗོན་ཤིང་ར་བའི་ཁྲོད། །གངས་ཁྲོད་ཕྱག་ཆེན་བསྟན་འཛིན་འབྲུག་པ་རྗེ། །དགེ་ཚུལ་དངོས་པོར་བསྒྲུབས་ཤིང་རྗེ་བཙུན་མ། །ཡིད་བཞིན་འཁོར་ལོའི་རྗེས་གནང་རྒྱས་པར་ཕུལ། །ཆོས་བརྒྱད་བྱ་བས་དབེན་པའི་ལྷ་རྩེ་བ། །མཁྱེན་དཔྱོད་ཚངས་པར་འགྲན་བཟོད་སྤྲུལ་པའི་སྐུ། །ཚིག་རེར་ལན་གྲངས་མེད་དུ་བརྩེགས་པའི་གསུང་། །བག་ཕེབས་གླེང་མོའི་རིམ་པ་ཅི་ཡང་བྱུང་། །གངས་ཅན་བོད་ཀྱི་མཛེས་རྒྱན་ཆོས་ཀྱི་སྡེ། །དཔལ་ལྡན་འབྲས་སྤུངས་འདུས་པའི་གླིང་ཆེན་པོར། །སློབ་དཔོན་རབ་འབྱམས་སྨྲ་བའི་བཤེས་གཉེན་སོགས། །ཁྲིམས་ལྡན་ངུར་སྨྲིག་འཛིན་པས་མདུན་བསུས་ཏེ། །རྣམ་དཔྱོད་ལྡན་ན་འཆད་རྩོད་རྩོམ་པའི་གནས། །སྒྲུབ་ལ་གཞོལ་ན་བསམ་གཏན་ཁང་བུ་བརྩེགས། །སྙོམས་ལས་ཅི་བདེར་སྤྱོད་པའི་སྤྲོ་ཁང་ཅན། །འཆི་མེད་ཡུལ་མཚུངས་དགའ་ལྡན་ཕོ་བྲང་དེར། །མཐའ་འཁོར་ཡུལ་ནས་རྒྱལ་བའི་བསྟན་པ་ལ། །མོས་ལྡན་གསར་དུ་འོངས་པའི་སྐྱ་སེར་རྣམས། །འདོད་པའི་ཆོས་ཀྱིས་རེ་བ་སྐོང་བ་དང་། །ཕར་གཏོང་ཚུལ་ལེན་འཇིག་རྟེན་མཐུན་འཇུག་བྱས། །རྒྱལ་ཟླའི་སྟོད་དུ་སྒོ་གསུམ་མི་གཡེང་བའི། །ཏིང་འཛིན་བཟླས་བརྗོད་བརྩོན་པ་ལྷུར་བླངས་ཤིང་། །ལོ་གསར་དུས་ཆེན་གནམ་བཟས་ཁྲིགས་རིམ་ཀུན། །སྔར་གྱི་སྲོལ་རྒྱུན་ཇི་བཞིན་ཆད་(༡༡བ)


GLG015_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱས། །རྡོ་རྗེའི་གདན་མཆོག་ར་ས་འཕྲུལ་སྣང་དུ། །མཉན་ཡོད་མཆོད་པའི་དུས་སྟོན་སྟོད་ཀྱི་ཆར། །འཕྲལ་ཕུགས་ཀུན་ཏུ་དགེ་བའི་སྨོན་ལམ་དང་། །བསྟན་སྲུང་དུང་སྐྱོང་དབང་མོར་འཕྲིན་ལས་བཅོལ། །ས་ཆེན་ཆོས་ཀྱི་རྒྱལ་པོ་ནམ་མཁའི་མཚན། །འཕྱོང་རྒྱས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་སོགས། །དུ་མས་སྤུངས་པའི་གསེར་དངུལ་གོས་དར་གྱིས། །དྲེགས་ལྡན་རུས་སྦལ་མང་པོའི་སྙིང་རྩ་འདར། །དེ་ནས་བླ་ཆེན་རྣམ་པའི་སྐུ་ཚབ་ཀྱིས། །མིང་དང་དོན་མཐུན་ཅ་པོའི་རྫོང་སྟ་སོགས། །ཤར་ཕྱོགས་རྒྱ་མཚོའི་འགྲམ་དུ་འགྲོད་པའི་གྲབས། །རྐང་དྲུག་བུང་བའི་ལག་པ་ཁྲུས་ཀྱིས་བྲལ། །ཤར་ཕྱོགས་ཀོང་ཡུལ་ལོ་མའི་ནགས་ཚལ་ནས། །གནས་བརྟན་ཡན་ལག་འབྱུང་གི་སྐྱེ་བ་ཞིག །མེས་པོ་ཚངས་པའི་བརྟུལ་ཞུགས་འཛིན་པ་དེ། །བཅུ་གསུམ་ལྷ་ལམ་འཁོར་ལོས་སྨིན་པར་བྱས། །འཁོན་རིགས་འཇམ་དབྱངས་དཔའ་བོ་རྩེ་གདོང་པ། །རླངས་སྟོན་ལྷ་གཟིགས་གོང་མ་ཆེན་པོ་སོགས། །དུས་དེར་བོད་ཀྱི་ཆེ་དགུ་ཕལ་ཆེ་བ། །ངོས་ཅག་གོང་དུ་འགྲོ་བའི་རྫོང་བར་བྱོན། །ནག་ཟླའི་དམར་ཕྱོགས་བཟང་པོ་དང་པོའི་ཚེ། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་བསྟི་གནས་ནས། །བཏེག་སྟེ་སྟོད་ལུང་ཞེས་བྱའི་ཡུལ་གྲུ་ཆེ། །རིམ་བགྲོད་དྲི་ཟའི་རྒྱལ་པོའི་མདུན་སར་འབྱོར། །ཡུལ་དེར་དགོན་སྡེ་གྲོང་གི་བཀོད་པ་སོགས། །དཀར་ནག་འདྲེས་མ་ལས་ཀྱི་ཐག་ཁྲ་ཅན། །ཆེར་རློམ་ལྟོ་འགྲོའི་མི་བཟད་གདུག་པའི་ལྕེ། །ས་འོག་སྲད་བུ་དར་གྱི་ཐགས་ལ་འགྲིམ། །ལམ་དུ་ངོར་ཆེན་རྡོ་རྗེ་འཆང་དབང་གི །རྒྱལ་ཚབ་གར་ཆེན་ཤེས་རབ་འབྱུང་གནས་དང་། །ཕན་ཚུན་གསུང་ངག་ཆོས་ཀྱི་གླེང་མོ་ཡི། །པད་དཀར་དྲི་དང་བུང་(༡༢ན)


GLG015_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཔེ་ཇི་བཞིན། །ཆེན་པོའི་རྣམ་དཔྱོད་འཛིན་པ་ཀརྨ་པའི། །རྒྱལ་ཚབ་སྤྲུལ་སྐུ་གྲགས་པ་མཆོག་དབྱངས་དང་། །ངོས་ཀྱི་མཇལ་ཞིང་འཇིག་རྟེན་མི་ཆོས་ལས། །བརྩམས་པའི་སྨྲ་མཁས་གསུང་གིས་གཞན་སེམས་འཁྲིད། །དུས་དེར་གཙང་སྟོད་བཀྲ་ཤིས་ལྷུན་པོ་ནས། །པཎ་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་བའི་མགོན། །གནས་རྙིང་ཞབས་དྲུང་སློབ་དཔོན་རྣམ་བཞི་སོགས། །ཡབ་སྲས་མ་ལུས་ཕེབས་དང་ཞིབ་པར་མཇལ། །དེའི་ཚེ་གསུམ་ལས་གོང་མའི་མདུན་ས་རུ། །ཕེབས་པའི་མཐུན་འགྱུར་བྱས་པ་དེ་བཞིན་དུ། །ད་སྒོས་མགྱོགས་སྐོར་མཛད་ནས་བོད་ཡུལ་དུ། །ཤོག་ཅེས་ནན་ཏན་ཆེན་པོས་ལན་འགའ་སྩལ། །བསམ་པའི་དོན་ཀུན་གྲུབ་པ་བདེ་བ་ཆེ། །གནམ་བསྐོས་རྒྱལ་པོའི་ཕོ་བྲང་གསར་པ་དེར། །ཉིན་ཞག་བཅུ་ཕྲག་གཉིས་ཀྱི་བར་དག་ཏུ། །ཐག་རིང་ཡུལ་དུ་ཆས་པའི་མགྲོན་པོ་ཀུན། །ཐེ་ཚོམ་སྔས་ལ་མགོ་བོ་བཞག་སྟེ་ཉལ། །རིམ་གྱིས་ཤུལ་དུ་ཞུགས་ཏེ་ཟླ་གཅིག་བར། །ཕྱག་མཛོད་ནོར་འཛིན་སྐྱོང་བ་འཁོར་བཅས་དང་། །ལྷན་ཅིག་ཕོ་རོག་རྡོ་རྗེའི་བགྲོད་ཚུལ་གྱིས། །གདང་ལར་གྲགས་པའི་རི་བོ་ཕལ་ཆེར་བརྒལ། །ཉིན་ཞག་མང་འདས་ཆུ་སྟོད་ཟླ་བའི་ནང་། །ས་གཞིར་ཆལ་ཆིལ་གཡོ་བའི་རླབས་ཕྲེང་ཅན། །འདྲེ་ཆུར་གྲགས་པའི་ཆུ་བོ་ཆེ་ལས་བགྲོད། །དེ་ནས་རིམ་བརྒྱུད་ཤོང་མོང་འཛོམ་རའི་མདུན། །ད་ལས་པཱ་དུར་ཅུང་ཟད་བྲོ་འཚལ་བར། །མྱུར་མཛད་ཡེ་ཤེས་མགོན་པོའི་རྗེས་གནང་གིས། །སེམས་ཀྱི་ངལ་གསོའི་རྟེན་གྱི་ཆོ་ག་བསྟར། །ཧོང་ཚང་ཀརྨ་བསོད་ནམས་མཆེད་གཉིས་ཀྱིས། །གཏོར་ཚོགས་མེད་པའི་སྙན་པའི་རྔ་གཤང་ལ། །རེ་བའི་བྱ་རོག་ཚོགས་(༡༢བ)


GLG015_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཁྲོམ་པ་སྟེང་། །ཉིན་ཞག་གཉིས་བར་འཕུར་ལྡིང་གར་གྱིས་རོལ། །རིམ་འགྲོད་མཚོ་མོར་བར་མ་མདོ་ཡི་ཧོར། །དད་མོས་རྔ་མ་ནག་པོའི་མདོག་ཅན་གྱིས། །མཁོ་དགུའི་འབྱོར་བ་ཆེར་སྤུངས་འཆི་མེད་དབང་། །སུམ་སྟོང་བརྒལ་བའི་ཁྲོམ་ལ་རྒྱས་པར་བྱས། །དེ་ཚེ་ལྷ་རྒྱལ་དར་གྱི་བེའུ་དང་། །ལྷན་ཅིག་བརྒྱ་ཕྲག་མཛོ་མོ་ཉེར་བསྟར་ཞིང་། །སྒར་ཆེན་སྒྲིགས་ཀྱི་རི་མོ་ནམ་མཁའི་ངོས། །འདྲི་བར་ནོར་འཛིན་སྐྱོང་དེ་རྣམ་པར་བྲེལ། །ཐང་ཕྲོག་བསམ་གྲུབ་བདེ་ཆེན་ནས་བཟུང་སྟེ། །གདང་ལའི་ལ་མོར་གྲགས་ཚུན་ཟླ་གཅིག་བར། །ཕྱག་མཛོད་ནོར་འཛིན་སྐྱོང་བ་འཁོར་བཅས་དང་། །ལྷན་ཅིག་ཕོ་རོག་རྡོ་རྗེའི་འགྲོས་ཀྱིས་བགྲོད། །བོད་འབངས་བདེ་སྐྱིད་སྤེལ་ཐབས་པི་ཝཾ་སྒྲ། །མི་དབང་སྙན་གྱི་དབང་པོར་ཉེར་འཁྲོལ་བ། །ནང་སེམས་འགྲོ་ལ་དཀར་བའི་མོས་འདུན་ལས། །ཕལ་ཆེར་གྲོག་སྐམ་ཉ་རྒྱ་ཙམ་དུ་ཟད། །དེ་ནས་ཉིན་ཞག་མང་བགྲོད་ལྷ་རྩེའི་གཞུང་། །བེ་རི་སྟོད་རྟའི་སྡེར་སླེབས་བསྙེན་རྫོགས་དང་། །རབ་བྱུང་ཐུགས་རྗེ་ཆེན་པོའི་བཟླས་ལུང་སོགས། །འགྲོ་ཕན་མིང་དུ་བསྙད་ནས་ལམ་དུ་ཞུགས། །དབྱར་དུས་མཁའ་ལ་འཕྱོ་བའི་འབྲི་ཆུ་ལ། ཁོ་རྐྱལ་རྫིངས་ཀྱི་བྱེ་བྲག་རྒྱང་རིང་པོར། །བོར་ནས་མི་ཁལ་མཐའ་དག་རབ་བརྒལ་ཏེ། །དཀའ་ཚེགས་ཆུང་ངུས་ཕ་རོལ་བདེ་བར་བགྲོད། །དེ་འདྲ་ཆེན་པོ་འགའ་ལྟར་གྲུབ་རྟགས་སུ། །འབེབ་ན་གཞན་མགོ་བསྐོར་མོད་གསུང་རབ་དང་། །བསྟུན་ཚེ་སྟེས་དབང་ཙམ་ལ་རློམ་སེམས་སུ། །རྨོངས་པའི་རང་མཚང་ཡིན་སྙམ་བཏང་སྙོམས་བོར། །མདོ་སྟོད་ས་སྐྱོང་མཁའ་འགྲོས་ལྷ་སྡེ་དང་། །མི་སྡེའི་ཞབས་འབྲིང་བར་བཅས་མདུན་བསུས་ཏེ། །བརྒྱ་སྟོང་(༡༤ན)


GLG015_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཀྱི་འབུལ་བ་ཉེར་བསྟར་བས། །བླ་ཆེན་འཕྲིན་ལས་མངོན་སུམ་བཞིན་དུ་བྱས། །སྟག་ལུང་ཐང་བའི་བཀའ་བརྒྱུད་སྲོག་ཤིང་དེས། །ཆབ་ཤོག་ཆོས་སྲིད་ཟུང་འབྲེལ་འཕྲིན་ལན་བཅས། །ཕྱག་མཛོད་ངག་གི་དབང་ཕྱུག་ཉེར་བསྔགས་ཚེ། །འཛམ་གླིང་སྣོད་བཅུད་མངོན་སུམ་མཐོང་བ་བཞིན། །མཚོ་སྔོན་གཡས་རུའི་དཔོན་ཁག་དུ་མ་ཡིས། །རྟ་དང་རྔ་མོ་བརྒྱ་ཕྲག་གིས་བསུ་བ། །ཐག་རིང་ལམ་དུ་ཆས་པའི་མགྲོན་པོ་རྣམས། །བདེ་བར་གནས་སུ་ཕྱིན་པའི་བྱེད་པོ་བཞིན། །ན་མར་མདོར་སླེབས་ཏྲེ་བོ་ཧོར་ཚང་དང་། །དགེ་རྩེ་སོགས་ཀྱིས་རྟ་དྲེལ་མཛོ་གསེར་ཇའི། །བརྒྱ་འབུལ་ཉེར་བསྟར་སྒོས་སུ་གཏོང་བའི་སྒོ། །ཕྱེ་ཚེ་དཀར་ནག་བཞིན་རས་སྤེལ་མར་སྟོན། །རྗེས་གནང་ལུང་སོགས་འདོད་ཆོས་སྣ་ཚོགས་པ། །འགྲུལ་དང་བསྟུན་པའི་སྒོ་གསུམ་ཉེར་འབད་ཚེ། །གསང་བདེ་འཇིགས་གསུམ་རྗེས་གནང་ཤེས་བྱ་ལ། །སྔོན་མེད་མི་སྲིད་སྲིད་པའི་གཏམ་གསར་ཐོས། །སརྦ་མངྒལཾ།། །།


previousལམ་ཡིག་རང་གཟུགས་གསལ་སྟོན་དྲི་བྲལ་མེ་ལོང་།next