Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
   
   
ཕན་བདེའི་རྩ་ལག་ཇོ་ཤཱཀ་རྣམས་ཀྱི་བརྟན་བཞུགས་ཀྱི་ཆོ་ག་མི་འགྱུར་གཡུང་དྲུང་།
   
   
   


 
previousཕན་བདེའི་རྩ་ལག་ཇོ་ཤཱཀ་རྣམས་ཀྱི་བརྟན་བཞུགས་ཀྱི་ཆོ་ག་མི་འགྱུར་གཡུང་དྲུང་།next

ཕན་བདེའི་རྩ་ལག་ཇོ་ཤཱཀ་རྣམས་ཀྱི་བརྟན་བཞུགས་ཀྱི་ཆོ་ག་མི་འགྱུར་གཡུང་དྲུང་།


GLG015_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་རྩ་ལག་ཇོ་ཤཱཀ་རྣམས་ཀྱི་བརྟན་བཞུགས་ཀྱི་ཆོ་ག་མི་འགྱུར་གཡུང་དྲུང་ཞེས་བྱ་བ་བཞུགས་སོ། །


GLG015_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝཾ། རང་སེམས་དག་པའི་བོད་ཡུལ་གསེར་གྱི་སྒོར། །ཡོངས་སྨིན་འབྲས་བཟང་བདེ་སྐྱིད་དུས་ཀུན་ཏུ། །མི་ཟད་རྒྱན་འཁོར་སྩོལ་མཛད་ཤཱཀྱའི་རྒྱལ། །འགྲོ་བའི་མགོན་པོར་སྲ་མཁྲེགས་ཀ་བ་འཛུགས། །དེའང་གངས་ཅན་སོགས་སྐྱེ་དགུ་ཐམས་ཅད་ཀྱི་ལས་ཉོན་བག་ཆགས་དང་བཅས་པ་སྦྱོང་ཞིང་ཐར་པ་དང་རྣམ་མཁྱེན་མཆོག་ལ་འགོད་ཐབས་སུ་ཇོ་ཤཱཀ་རྣམ་གཉིས་རང་བྱོན་ལྔ་ལྡན་སོགས་ཕན་བདེའི་རྩ་ལག་དམ་པ་རྣམས་ཇི་སྲིད་བསྐལ་བའི་བར་བརྟན་པར་བཞུགས་པའི་སླད་དུ། གནས་ཡིད་དུ་འོང་བའི་དབུས་སུ་ཐུབ་པའི་དབང་པོ་ཤར་ཕྱོགས་སུ་སྒྲ་གཅན་འཛིན། ལམ་ཕྲན་བསྟན། བྷ་ར་དྷཱ་ཛ་བསོད་སྙོམས་ལེན། ལམ་བསྟན་པ། ལྷོ་ཕྱོགས་སུ་ཀླུའི་སྡེ། སྦེད་བྱེད། མི་ཕྱེད། ཡན་ལག་འབྱུང་། ནུབ་ཕྱོགས་སུ་མ་ཕམ་པ། ནགས་ན་གནས། དུས་ལྡན། རྡོ་རྗེ་མོའི་བུ། བྱང་ཕྱོགས་སུ་བཟང་པོ། གསེར་བེའུ། བྷ་ར་བྷ་ཛ་གསེར་ཅན། བ་ཀུ་ལ་རྣམས་དགྲམ། བླ་མ་དཀོན་མཆོག་གི་གཏོར་མ། །གནས་བརྟན་གྱི་གཏོར་མ། དཔལ་ལྷ་དང་མགོན་པོ་བདུན་ཅུའི་གཏོར་མ། གཞི་བདག་གི་གཏོར་མ། ཆ་གསུམ་(༢ན)


GLG015_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ། གཏོར་མ་བརྒྱ་རྩ་མཆོད་ཡོན་ལ་སོགས་པ་རྣམས་བཤམ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་། ཐུགས་རྗེ་ཆེན་པོའི་མངོན་རྟོགས་བསྡུས་པ་ཞིག་བཏོན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབ། མཆོད་པ་གོང་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ་ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝི་དྱེེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱ་ཧཱུྃ། ཞེས་བརླབ། དབུས་ཀྱི་ལྟེ་བ་ལ། ཡང་(༢བ)


GLG015_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ། སྐུ་མདོག་གསེར་བཙོ་མ་ལྟ་བུ། ཕྱག་གཡས་ས་གནོན། གཡོན་པ་མཉམ་གཞག །ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ན་བཟའ་ཆོས་གོས་སྣམ་སྦྱར་དམར་པོ་གསོལ་བ། ཞལ་འཛུམ་མདངས་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྐུ་ལྟ་བས་ཆོག་མི་ཤེས་པ། དབུའི་གཙུག་ཏོར་ལྟར་མི་མངོན་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། འོད་དེ་གང་ལ་རེག་པ་ཐམས་ཅད་བྱང་ཆུབ་ཆེན་པོར་འགྱུར་བ། སྐུ་དེ་གང་གིས་མཐོང་བ་དང་། རེག་པ་དང་། ཡིད་ལ་བྱས་པ་དང་། མཚན་ཐོས་པ་ཐམས་ཅད། བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པ། ཡོན་ཏན་བསམ་གྱི་ཁྱབ་པའི་ཕུང་པོར་གྱུར་པ་དེ་བཞུགས་པའོ། །ཤར་ཕྱོགས་ཀྱི་པད་འདབ་བཞི་ལ། གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་ཕྱག་ན་རིན་པོ་ཆེའི་པྲོོག་ཞུ་བསྣམས་པ། གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་ཕྱག་གཉིས་མཉམ་པར་བཞག་པ་དང་། གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། ཕྱག་གཡས་གླེགས་བམ་འཛིན་པ། གཡོན་པ་མཉམ་བཞག་གི་སྟེང་དུ་ལྷུང་བཟེད་བསྣམས་པ། གནས་བརྟན་ཆེན་པོ་ལམ་བསྟན། ཕྱག་གཡས་གླེགས་བམ། གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའོ། །ལྷོ་ཕྱོགས་ཀྱི་པད་འདབ་བཞི་ལ། གནས་བརྟན་ཆེན་པོ་ཀླུའི་སྡེ། གཡས་བུམ་པ། གཡོན་འཁར་གསིལ་བསྣམས་པ། གནས་བརྟན་ཆེན་པོ་སྦེད་བྱེད། ཕྱག་ན་གླེགས་བམ་བསྣམས་པ། གནས་བརྟན་ཆེན་པོ་མི་ཕྱེད་པ། ཕྱག་ཐལ་མོ་སྦྱར་བའི་བར་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བསྣམས་པ། གནས་བརྟན་ཆེན་པོ་(༣ན)


GLG015_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་འབྱུང་། ཕྱག་ཐལ་མོ་སྦྱར་བའི་བར་ན་སྤོས་ཕོར་བསྣམས་པ། མཆན་ཁུང་གཡོན་ན་རྔ་ཡབ་བསྣམས་པའོ། །ནུབ་ཕྱོགས་ཀྱི་པད་འདབ་བཞི་ལ། གནས་བརྟན་ཆེན་པོ་མ་ཕམ་པ། ཕྱག་གཉིས་མཉམ་པར་བཞག་པ། གནས་བརྟན་ཆེན་པོ་ནགས་ན་གནས། ཕྱག་གཡས་ཞི་བའི་སྡིགས་མཛུབ་མཛད་པ། གཡོན་རྔ་ཡབ་བསྣམས་པ། གནས་བརྟན་ཆེན་པོ་དུས་ལྡན་ཕྱག་ན་གསེར་གྱི་རྣ་ཀོར་བསྣམས་པ། གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ། ཕྱག་གཉིས་སྡིགས་མཛུབ་དང་རྔ་ཡབ་བསྣམས་པའོ། །བྱང་གི་པད་འདབ་བཞི་ལ། གནས་བརྟན་ཆེན་པོ་བཟང་པོ། ཕྱག་གཡས་ཆོས་འཆད། གཡོན་མཉམ་གཞག་མཛད་པ། གནས་བརྟན་ཆེན་པོ་གསེར་བེའུ། ཕྱག་ན་རིན་པོ་ཆེའི་ཞགས་པ་བསྣམས་པ། གནས་བརྟན་ཆེན་པོ་བྷ་ར་དྷ་ཛ་གསེར་ཅན། ཕྱག་གཉིས་མཉམ་གཞག ། གནས་བརྟན་ཆེན་པོ་བ་ཀུ་ལ། ཕྱག་ན་ནེའུ་ལེ་བསྣམས་པའོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང་། འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏ་ལའི་ཕྱག་ན་རྔ་ཡབ་དང་བུམ་པ་བསྣམས་པ། རལ་པའི་ཐོར་ཅོག་བཅིངས་པ་ལ། སྡེ་སྣོད་ཀྱི་གླེགས་བམ་མང་པོ་འཁུར་བ། མདུན་གྱི་ནམ་མཁའ་ལ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ། དར་གྱི་ན་བཟའ་ལྷབ་ལྷུབ་ཏུ་ཡོད་པ་པུས་མོར་བརྗེས་པ། པུས་མོ་གཡས་པ་ལས་སྟག་གི་ཚོགས་སྤྲུལ་པ། དགེ་བསྙེན་གྱི་ཚོགས་དང་བཅས་པ་བཞུགས་པར་བསམ་མོ། །ཐུབ་པའི་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །མྱ་ངན་མི་འདའ་མངོན་སུམ་ཀུན་ཡུལ་དུ། །ལྷ་མིའི་བསོད་ནམས་དཔལ་ཞིང་འཚོ་(༣བ)


GLG015_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གཞེས་པ། །རྒྱལ་ཚབ་དགྲ་བཅོམ་བཅུ་དྲུག་ཞབས་ལ་འདུད། །ཏེ་སེའི་གངས་ན་དགྲ་བཅོམ་ཡན་ལག་འབྱུང་། །དྲང་སྲོང་རི་ངོས་ཤེལ་ནགས་མ་ཕམ་པ། །ལོ་མ་བདུན་རིར་བཙུན་པ་ནགས་ན་གནས། །ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགས། །སི་གྷ་ལ་ན་རྡོ་རྗེ་མོ་ཡི་བུ། །ཆུ་བོ་ཡ་མུན་གླིང་ན་བཟང་པོ་བཞུགས། ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེའུ། །ནུབ་གླིང་བ་ར་དྷྭ་ཛ་གསེར་ཅན་བཞུགས། །སྒྲ་མི་སྙན་ན་དཔལ་ཆེན་བ་ཀུ་ལ། །པྲི་ཡང་ཀུ་ན་གནས་བརྟན་སྒྲ་གཅན་འཛིན། །བྱ་རྒོད་ཕུང་པོར་དགེ་སློང་ལམ་ཕྲན་བསྟན། །ཤར་གླིང་བྷ་ར་དྷ་ཛ་བསོད་སྙོམས་ལེན། །སུམ་ཅུ་རྩ་གསུམ་འཕགས་པ་ལམ་བསྟན་བཞུགས། །ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ། །རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་བཞུགས། །གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་པ། །འཕགས་ཆེན་གནས་བརྟན་རྒྱལ་པོ་བཅུ་དྲུག་པོ། །རེ་རེ་བཞིན་ཡང་དགྲ་བཅོམ་དུ་མས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་འཕྲིན་ལས་སྐྱོངས། །ཆོས་གསུངས་འགྲོ་དོན་མཛད་པས་ལེགས་སྐྱོབ་མཛད། །ཅེས་ལྷ་ཚོགས་རྣམས་གསལ་བཏབ། སྔོན་ཚེ་བཅོམ་ལྡན་ཤཱཀྱ་ཐུབ། །ཤཱཀྱ་སེང་གེ་རྒྱལ་བའི་སྲས། །འཇིག་རྟེན་འདི་ན་ཡོངས་བཞུགས་ཤིང་། །མྱ་ངན་འདས་ཚུལ་བསྟན་པའི་ཚེ། །བདེ་གཤེགས་ཆོས་ཀྱི་རྒྱལ་པོའི་སྲས། །འཕགས་པ་ཡང་དག་ཤེས་རབ་ཀྱིས། །ཉོན་མོངས་བུད་ཤིང་བསྲེག་པར་མཛད། ཁམས་གསུམ་སྒྲོལ་བའི་དགྲ་བཅོམས་ནས། །བྱ་བ་བྱས་ཤིང་བྱེད་པ་བྱས། ཁུར་བོར་བདག་དོན་རྗེས་སུ་བརྙེས། །སྲིད་པའི་སྦྱོར་བ་ཡོངས་སུ་ཟད། །ཡང་དག་ཤེས་རབ་རྣམ་པར་གྲོལ། །ཉོན་མོངས་(༤ན)


GLG015_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་རྣམ་པར་བཅོམ། །ཟབ་མོའི་དོན་ལ་མཁས་པ་པོ། །དམིགས་མེད་ཆོས་ཀྱི་ངེས་པར་འབྱུང་། །སྤྱོད་ལམ་མཛེས་པས་རྣམ་པར་བརྒྱན། །བདེ་གཤེགས་བཀའ་ལ་རབ་གནས་པའོ། །དགྲ་བཅོམ་བཅུ་དྲུག་བཞུགས་པ་ནི། །ཀཽཎྜི་ཡ་དང་ཤ་རིའི་བུ། །མཽངྒལ་བུ་དང་འོད་སྲུང་དང་། །ཀུན་དགའ་བོ་དང་སྒྲ་གཅན་འཛིན། །ཉེ་བར་འཁོར་དང་མ་འགགས་པ། །རབ་འབྱོར་དང་ནི་རྟ་ཐུལ་དང་། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །གྱད་བུ་ནོར་དང་ལེགས་འོངས་དང་། །ནག་པོ་དང་ནི་འཆར་ཀ་དང་། །གང་པོ་དང་ནི་ཀ་ཏྱའི་བུ། །དགྲ་བཅོམ་བྱེ་བ་མང་པོ་དག །སང་གི་དུས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་མྱ་ངན་འདས་སླད་དུ། །དམ་པ་ཆོས་ཀྱི་གཉེར་གཏད་པ། །འཇིག་རྟེན་ཁམས་འདི་བསྲུང་མཛད་པ། །འཁོར་བཞི་ཡོངས་སུ་སྐྱོང་མཛད་པའི། །སེམས་ཅན་དོན་ལ་ཕན་བརྩོན་པ། །གནས་བརྟན་ཆེན་པོ་བཅུ་དྲུག་རྣམས། །དགྲ་བཅོམ་བརྒྱ་སྟོང་མཆོད་ཚོགས་དང་། །འཛམ་བུ་དང་ནི་གླིང་བཞི་དང་། །ཡུལ་རྣམས་སོ་སོར་བཞུགས་པ་རྣམས། །ཤར་གྱི་ལུས་འཕགས་གླིང་ཆེན་ནས། །གནས་བརྟན་ཆེན་པོ་མཚན་གྲགས་པ། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་གི་འཁོར་རྣམས་དང་། །སང་གི་དུས་འདིར་གཤེགས་སུ་གསོལ། །སུམ་ཅུ་རྩ་གསུམ་ལྷ་གནས་ནས། །ཉན་ཐོས་ཆེན་པོ་ལམ་བསྟན་ཡང་། །དགྲ་བཅོམ་དགུ་བརྒྱའི་འཁོར་ཚོགས་དང་། །སང་གི་དུས་དེར་གཤེགས་སུ་གསོལ། །རི་ཡི་རྒྱལ་པོ་ངོས་ཡངས་ནས། །ཉན་ཐོས་ཆེན་པོ་ཀླུའི་སྡེ་ཡང་། །དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །(༤བ)


GLG015_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཡི་རྒྱལ་པོ་བྷི་ཧུ་ནས། །ཉན་ཐོས་ཆེན་པོ་སྦེད་བྱེད་ཀྱང་། །དགྲ་བཅོམ་སྟོང་དང་བཞི་བརྒྱ་ཡི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །གངས་ཀྱི་རི་བོ་ཆེན་པོ་ནས། །ཉན་ཐོས་ཆེན་པོ་མི་ཕྱེད་པ། །དགྲ་བཅོམ་སྟོང་གི་འཁོར་ཚོགས་དང་། །སང་གི་དུས་འདིར་གཤེགས་སུ་གསོལ། །གངས་རི་ཆེན་པོ་ཏེ་སེ་ནས། །ཉན་ཐོས་ཆེན་པོ་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱ་ཡི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །དྲང་སྲོང་རི་ངོགས་ཤེལ་ནགས་ནས། །ཉན་ཐོས་ཆེན་པོ་མ་ཕམ་པ། །དགྲ་བཅོམ་མང་པོའི་འཁོར་ཚོགས་དང་། །སང་གི་དུས་འདིར་གཤེགས་སུ་གསོལ། །ལོ་མ་བདུན་པའི་རི་ཕུག་ནས། །ཉན་ཐོས་ཆེན་པོ་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱ་ཡི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཟངས་ཀྱི་གླིང་ཞེས་བྱ་བ་ནས། །ཉན་ཐོས་ཆེན་པོ་དུས་ལྡན་ཡང་། །དགྲ་བཅོམ་སྟོང་དང་ཆིག་བརྒྱ་ཡི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །སིངྒྷ་ལ་ཡི་གླིང་ཕྲན་ནས། །དགྲ་བཅོམ་རྡོ་རྗེ་མོ་ཡི་བུ། །ཉན་ཐོས་སྟོང་གི་འཁོར་ཚོགས་དང་། །སང་གི་དུས་འདིར་གཤེགས་སུ་གསོལ། ཁ་ཆེའི་ཡུལ་གྱི་ས་མཚམས་ནས། །ཉན་ཐོས་ཆེན་པོ་གསེར་བེའུ། །དགྲ་བཅོམ་ལྔ་བརྒྱའི་འཁོར་ཚོགས་དང་། །སང་གི་དུས་འདིར་གཤེགས་སུ་གསོལ། །ནུབ་ཀྱི་བ་ལང་སྤྱོད་པ་ནས། །བྷ་ར་དྷྭ་ཛ་གསེར་ཅན་ཡང་། །དགྲ་བཅོམ་བདུན་བརྒྱའི་འཁོར་ཚོགས་དང་། །སང་གི་དུས་འདིར་གཤེགས་སུ་གསོལ། སྒྲ་མི་སྙན་གྱི་གླིང་ནས་ཀྱང་། །གནས་བརྟན་ཆེན་པོ་བ་ཀུ་ལ། །དགྲ་བཅོམ་དགུ་བརྒྱའི་འཁོར་ཚོགས་ཀྱང་། །སང་གི་དུས་འདིར་གཤེགས་སུ་གསོལ། །པྲི་(༥ན)


GLG015_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཀུ་ཡི་གླིང་ཕྲན་ནས། །ཉན་ཐོས་ཆེན་པོ་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱ་ཡང་། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བྱ་རྒོད་ཕུང་པོའི་རི་ལས་ཀྱང་། །ཉན་ཐོས་ཆེན་པོ་ལམ་ཕྲན་བསྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱ་ཡིས། །་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །དེ་དག་ལ་སོགས་གཞན་དག་ཀྱང་། །ཤིང་ཆེན་སཱ་ལའི་དྲུང་དག་ནས། །ལུམྦིའི་གནས་དང་རྒྱལ་པོའི་ཁབ། །ནཻ་རཉྫ་ན་བདུད་འདུལ་བ། བ་ར་ཎཱ་སི་ཡངས་པ་ཅན། །མཉན་ཡོད་ལྷ་ཡི་གྲོང་ཁྱེར་དང་། །མཆོད་རྟེན་བརྒྱད་ཀྱི་གནས་རྣམས་དང་། །སུམ་ཅུ་རྩ་གསུམ་གནས་རྣམས་དང་། །བཞུགས་དང་གྲགས་པ་ཐམས་ཅད་དང་། །གཞན་ཡང་འཛམ་གླིང་ལྷོ་ཕྱོགས་ཀྱི། །མཚོ་ཡི་འགྲམ་དང་མ་ལ་ཡའི། །ནགས་དང་རི་ཁྲོད་ས་རྣམས་སུ། །ཆུ་བོ་ན་ར་མ་ཏིའི་འགྲམ། །རི་བོ་བྷིན་དྷུ་ཡོངས་འདུ་ཡི། །གཞན་ཡང་མེ་ཏོག་འབྲས་ལྡན་པའི། །ཤིང་དང་སྤང་དུ་ནིའུ་གསིང་དང་། །བྱ་དང་རི་དྭགས་གནས་པ་དང་། །ཉམས་དགའ་བ་ཡི་སར་བཞུགས་དག །རྒྱ་མཚོ་ཆེན་པོའི་འགྲམ་ལོགས་ན། །ཀླུ་ཆེན་ལས་ལ་འཁྲིལ་མཛད་ཅིང་། །ཡང་དག་འཇིགས་པའི་ཏིང་འཛིན་གནས། །སྦྲུལ་མགོ་གདེངས་པས་གདུགས་ལྟར་སྐྱོབས། །དོན་རྣམས་མཛད་ཅིང་བཞུགས་པ་དང་། །གཞན་ཡང་རྒྱལ་བས་ཞབས་བཅགས་པར། །བཞུགས་པར་གྱུར་བའི་དགྲ་བཅོམ་རྣམས། །ཏིང་འཛིན་རྫུ་འཕྲུལ་རྐང་པར་ལྡན། །སྐུ་ཚེ་རིང་བའི་ཚུལ་སྟོན་ཅིང་། །གནས་བརྟན་ཆེན་པོར་མཚན་གྲགས་པ། །ཉན་ཐོས་ཆེན་པོ་སྦྱིན་བྱེད་དང་། །སྐྱེས་པ་དང་ནི་རྟོགས་བྱེད་དང་། །(༥བ)


GLG015_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྲུང་བུ་དང་གྲགས་ལྡན་དང་། །དགྲ་བཅོམ་བྱེ་བ་མང་པོ་ཡི། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །སྟོང་ཆེན་ཁམས་དང་གླིང་ཕྲན་གཞན་རྣམས་དང་། །འཛམ་བུའི་རི་ཁྲོད་ནགས་ཚལ་ཆུ་བོའི་རྒྱུན། །ལྟ་དང་ལྟེང་ཀ་དྲི་ཞིམ་ངད་ལྡན་པ། །དེ་ན་འཕགས་པའི་ཚོགས་རྣམས་ལེགས་བཞུགས་ཏེ། །གནས་བརྟན་ཆེན་པོ་དགྲ་བཅོམ་ཡོན་ཏན་ལྡན། །ཚེ་ཡི་འདུ་བྱེད་ལྷག་མའི་སྐུ་ལ་གནས། །སེམས་ཅན་དོན་ཕྱིར་བརྩེ་བས་དེར་དགོངས་ཏེ། །བསོད་ནམས་བསགས་པའི་མཆོད་པ་གང་བཤམས་པར། །བརྩེ་ཕྱིར་བྱམས་ལྡན་ཐུགས་རྗེས་གཤེགས་སུ་གསོལ། །ཞེས་པས་ལན་གསུམ། གནས་བརྟན་ཆེན་པོ་དགྲ་བཅོམ་ཡོན་ཏན་ལྡན། །ཚེ་ཡི་འདུ་བྱེད་ལྷག་མའི་སྐུ་ལ་གནས། །སེམས་ཅན་དོན་ཕྱིར་བརྩེ་བས་དེར་དགོངས་ཏེ། །བསོད་ནམས་བསགས་པས་མཆོད་པ་གང་བཤམས་པར། །བརྩེ་ཕྱིར་བྱམས་ལྡན་ཐུགས་རྗེས་གཤེགས་སུ་གསོལ། །ཞེས་པས་ལན་གསུམ་ལ་བརྟེན་ནས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཤིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་བསྟོད་པར། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པའི་བཀའ་བསྒོ་བསྟན་པའི་རྒྱལ་མཚན་འཛིན། །(༦ན)


GLG015_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷ་ཛ་གསེར་ཅན་དང་། །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་འཕྲན་བྷ་ར་དྷཱ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུ་སྡེ་སྦེེད་བྱེད་མི་ཕྱེད་པ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་སྐུར་འཛིན་པ། ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་གཤེགས་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་སྩོལ་མཛད་བསྟན་པ་བསྲུང་། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །་དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ། །དཀོན་མཆོག་གསུམ་གྱིས་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་པས་སྤྱན་དྲངས་ལ་བཞུགས་སུ་གསོལ། །ཡན་ལག་བདུན་པ་ཚར་གཅིག་བྱ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོངས་ཞིག་ཅེས་ལྷ་མི་རྣམས་ཀྱིས་བསོད་ནམས་ཀྱི་དཔལ་ཞིང་དུ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ། མྱ་ངན་ལས་མི་འདའ་བར་(༦བ)


GLG015_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ན་མངོན་སུམ་དུ་བཞུགས་ཤིང་། །བཀའ་ལུང་གི་རྗེས་སུ་བསྒྲུབ་པར་འཕགས་པའི་ཚོགས་ངེས་པར་ཞལ་གྱིས་བཞེས་པ། པྲིི་ཡང་ཀུའི་གླིང་ནས་འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན། འཁོར་དགྲ་བཅོམ་པ་སྟོང་དང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་རྣམས་ཐམས་ཅད་ལ་སྦྱར་རོ། །བྱ་རྒོད་ཕུང་པོའི་རི་ལ། འཕགས་པའི་གནས་གཏན་ཆེན་པོ་ལམ་ཕྲན་བསྟན། འཁོར་དགྲ་བཅོམ་པ་སྟོང་དྲུག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཤར་གྱི་ལུས་འཕགས་གླིང་ན། འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ལྷ་གནས་སུམ་ཅུ་རྩ་གསུམ་གནས། འཕགས་པའི་གནས་བརྟན་ཆེན་པོ་ལམ་བསྟན། འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རིའི་རྒྱལ་པོ་ངོས་ཡངས་ལ། འཕགས་པའི་གནས་བརྟན་ཆེན་པོ་ཀླུའི་སྡེ། འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །རིའི་རྒྱལ་པོ་བྷི་ཧུ་ལ། འཕགས་པའི་གནས་བརྟན་ཆེན་པོ་སྦེད་བྱེད། འཁོར་དགྲ་བཅོམ་པ་སྟོང་དང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གངས་རིའི་རྒྱལ་པོ་ལ། འཕགས་པའི་(༧ན)


GLG015_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་ཆེན་པོ་མི་ཕྱེད་པ། འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གངས་རི་ཆེན་པོ་ཏེ་སེ་ལ། འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་། འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དྲང་སྲོང་རི་ངོགས་ཤེལ་ནགས་ན། འཕགས་པའི་གནས་བརྟན་ཆེན་པོ་མ་ཕམ་པ། འཁོར་དགྲ་བཅོམ་པ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རི་ནགས་ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན། འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས། འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཟངས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན། འཁོར་དགྲ་བཅོམ་པ་སྟོང་དང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། སིངྒྷ་ལའི་གླིང་ན་འཕགས་པ་རྡོ་རྗེ་མོ་བུ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཆུ་བོ་ཡ་མུ་ནའི་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་བཟང་པོ་ལ་འཁོར་དགྲ་བཅོམ་པ་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཁ་ཆེའི་ཡུལ་ན། འཕགས་པའི་གནས་བརྟན་ཆེན་པོ་གསེར་བེའུ། འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་(༧བ)


GLG015_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ནུབ་ཀྱི་བ་ལང་སྤྱོད་ན། འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷཱ་ཛ་གསེར་ཅན་ལ། འཁོར་དགྲ་བཅོམ་པ་བདུན་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བྱང་གི་སྒྲ་མི་སྙན་ན་འཕགས་པའི་གནས་བརྟན་ཆེན་པོ་བ་ཀུ་ལ། འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏ་ལ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་ཕྱག་འཚལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་མཆོད་པ་རྒྱས་པར་དབུལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་། གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་ལ་སོགས་པའི་འགྲོ་བ་དཔག་ཏུ་མེད་པའི་ལྷག་པའི་བསམ་པ་རྣམ་པར་དག་ཅིང་། བསམ་སྦྱོར་དད་ཅིང་གུས་པའི་སྒོ་ནས་ཁྱེད་རྣམས་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་དང་། མཆོད་པ་ཕུལ་བ་ལ་སོགས་པ་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་ལ་ཕན་བདེ་དཔག་ཏུ་མེད་པ་འབྱུང་བར་མཛད་དུ་གསོལ། ལྷ་དང་མི་ཐམས་ཅད་ཀྱི་འདྲེན་པའི་གཙུག་རྒྱན་དམ་པར་གྱུར་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་(༨ན)


GLG015_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤཱཀྱའི་རྒྱལ་པོའི་གདུང་ཚབ་ཏུ་གྱུར་པ་འདི་ཉིད་འགྲོ་བ་ཐམས་ཅད་ཀྱི་དཔལ་དང་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་བར་གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ་ལོ། །བཞུགས་ནས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཞིང་འདྲེན་པ་དམ་པ་མཛད་དུ་གསོལ། གཞན་ཡང་དེ་དག་སྐུ་དང་། གསུང་དང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། །རྟེན་མཆོག་ཁྱད་བར་ཅན་རྣམས་ཀྱང་འགྲོ་བ་ཐམས་ཅད་ཀྱི་དཔལ་དང་། མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར་གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ། བཞུགས་ནས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པ་མཛད་དུ་གསོལ། །དེ་དག་ཐམས་ཅད་ཀྱི་མཐུ་དང་། སྟོབས་དང་། ནུས་པ་དང་། བསོད་ནམས་ཀྱི་དཔལ་ལ་བརྟེན་ནས་འབྱུང་བ་མེ་དང་ཆུའི་གནོད་པ་དང་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ཅེས་པ་ལ་སོགས་པ་འདུན་པ་དྲག་པོ་དང་ལྡན་པའི་སྒོ་ནས་གསོལ་བ་གདབ་པ་དང་། སྨོན་ལམ་དུ་གསོལ་བ། མདོ་ལས་བྱུང་བ་དང་ཅི་ལྟར་རིགས་པ་རྣམས་བྱའོ། །དེ་ལྟར་གསོལ་བ་འདེབས་པ་དང་སྨོན་ལམ་གང་བཏབ་ཀྱི་དུས་ན་གདུང་ཤུགས་དྲག་པོའི་སྒོ་ནས་དད་པ་དང་གུས་པ་བྱེད་པ་གལ་ཆེ་གསུངས། ཡང་མཆོད་པ་(༨བ)


GLG015_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གསོས་ནས་གོང་བཞིན་བལྡབ་དཔལ་གསོལ་གྱི་རྗེས་སུ། སྔོན་ཚེ་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་མགོན་བདུན་ཅུ་རྩ་གཉིས་པོ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨ་ཀཱ་རོ་མ་ཁཾ་སོགས་ལན་གསུམ་གྱིས་གཏོར་མ་བསྔོས། དཔལ་མགོན་བདུན་ཅུ་རྩ་གཉིས་པོ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཞེས་སོགས་བྱ། ཕུན་སུམ་ཚོགས་པ་མངའ་བ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་བརྗོད། ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་གླིང་པས་མཆིམས་ཕུའི་ལམ་ཁ་བྲག་སྣ་སེང་གེའི་གདོང་ནས་བཞེས་པའི་རྒྱལ་པོ་བཀའ་འབུམ་ནང་བཞིན་འཁྱེར་བདེར་ཟ་ཧོར་གྱི་བནྡེ་སྔགས་དཀར་མ་ཎི་བས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བདེ་ཞིང་སྐྱིད་པའི་དགའ་སྟོན་ལ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ། །


previousཕན་བདེའི་རྩ་ལག་ཇོ་ཤཱཀ་རྣམས་ཀྱི་བརྟན་བཞུགས་ཀྱི་ཆོ་ག་མི་འགྱུར་གཡུང་དྲུང་།next