Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
   
   
   
སྨོན་ལམ་ཆེན་མོའི་དམ་བཅའི་སྐབས་ཀྱི་མ་ཎི་བསྐུལ་རྒྱུའི་ཚིགས་བཅད་བརྟན་བཞུགས་དང་བཅས་པ།
   
   


 
previousསྨོན་ལམ་ཆེན་མོའི་དམ་བཅའི་སྐབས་ཀྱི་མ་ཎི་བསྐུལ་རྒྱུའི་ཚིགས་བཅད་བརྟན་བཞུགས་དང་བཅས་པ།next

སྨོན་ལམ་ཆེན་མོའི་དམ་བཅའི་སྐབས་ཀྱི་མ་ཎི་བསྐུལ་རྒྱུའི་ཚིགས་བཅད་བརྟན་བཞུགས་དང་བཅས་པ།


GLG015_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཆེན་མོའི་དམ་བཅའི་སྐབས་ཀྱི་མ་ཎི་བསྐུལ་རྒྱུའི་ཚིགས་བཅད་བརྟན་བཞུགས་དང་བཅས་པ་བཞུགས་སོ། །


GLG015_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ལེགས་བྱས་བྱེ་བའི་འོད་སྟོང་གིས། །བསྟན་འགྲོའི་ཕན་བདེའི་སྣང་བ་རབ་གསལ་བའི། །བདེ་ལེགས་རྒྱ་མཚོའི་སྒོ་འཕར་ཕྱོགས་ཀུན་དུ། །རྣམ་པར་འབྱེད་པའི་དཔལ་དེས་ཁྱབ་གྱུར་ཅིག །རྨད་བྱུང་ཐུབ་བསྟན་དར་བ་ཁ་བའི་ལྗོངས། །དགེ་བཅུའི་ཡོན་ཏན་ཀུན་ཚང་སྐྱིད་ཤོད་མཐིལ། །སྡེ་བཞིས་མངོན་མཐོ་བོད་ཡུལ་རྡོ་རྗེ་གདན། །འབུམ་ཕྲག་གྲོང་ཁྱེར་ལྡན་པ་ཡུལ་གྱི་ལྗོངས། །སྐར་ཚོགས་ས་ལ་འཕོས་འདྲའི་གྲོང་ཁྱེར་མཆོག །གནམ་ལ་འཁོར་ལོ་རྩིབས་བརྒྱད་གདུགས་ལྟར་ཕུབ། །ས་གཞི་པད་འདབ་བརྒྱད་པའི་ཚུལ་གྱིས་བརྟེན། །ཕྱོགས་མཚམས་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཛེས་ཤིང་། །གྲངས་མེད་དགེ་མཚན་ཚོགས་ཀྱིས་སྐོར་བའི་དབུས། །སྤྱན་རས་གཟིགས་དབང་གངས་ཅན་ལྗོངས་ཀྱི་རྗེར། །བསམས་བཞིན་སྲིད་བཟུང་སྲོང་བཙན་སྒམ་པོ་ཡི། །ཐུགས་རྗེའི་སྒྱུ་འཕྲུལ་གར་ལས་ལེགས་གྲུབ་པའི། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་བཟང་འདིར། །སྔོན་ཚེ་འཕགས་པའི་ཡུལ་དུ་ཤཱཀྱའི་ཏོག །ཟས་གཙང་སྲས་ཀྱིས་མུ་སྟེགས་རབ་བརྟུལ་བའི། །ངོ་(༢ན)


GLG015_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བཀོད་པ་རྒྱ་མཚོའི་དགེ་མཚན་རྣམས། །གངས་ཅན་འགྲོ་བའི་དཔལ་དུ་སྐྲུན་མཛད་པའི། །བློ་གྲོས་མཆོག་གི་སྐལ་བ་བཟང་པོ་རུ། །སྒྱུར་མཛད་འཇམ་མགོན་བླ་མ་ཙོང་ཁ་པའི། །ཆོ་འཕྲུལ་མཆོད་པའི་མཛད་ཆེན་དགེ་བའི་དུས། །ལུས་ཅན་རྣམས་ཀྱི་བསོད་ནམས་ཞིང་མཆོག་ཏུ། །སངས་རྒྱས་དངོས་དང་ཁྱད་པར་མ་མཆིས་པར། །ཞལ་གྱིས་བཞེས་པའི་ཤཱཀྱ་མུ་ནི་སོགས། །རྒྱལ་དང་དེ་སྲས་སྣང་བརྙན་གྲངས་མེད་ཅིང་། །རྒྱ་ཆེན་མང་པོས་ལུང་གི་ཡོན་ཏན་དང་། །མངོན་རྟོགས་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པའི། །ཕྱོགས་བཅུའི་དགེ་འདུན་འདུས་པའི་ཚོགས་རྣམས་ཀྱི། །དྲི་མེད་སྨོན་ལམ་དག་པས་མཚམས་སྦྱར་བའི། །ཕུན་སུམ་ཚོགས་པའི་དུས་ཆེན་འདི་ཉིད་ལ། །ལུས་ངག་ཡིད་ཀྱིས་བསགས་པའི་དགེ་བའི་ཚོགས། །ཅུང་ཟད་བགྱིས་ཀྱང་གྲངས་མེད་བསོད་ནམས་ཀྱི། །དངོས་པོ་ཟད་པ་མེད་ཕྱིར་འབད་པར་རིགས།དམ་བཅའི་རིམ་པ་ལ། བཀའ་རྒྱས་འབྲིང་བསྡུས་གསུམ། གསང་བདེ་འཇིགས་གསུམ། གུར་བརྟག་སམ་གསུམ། དུས་འཁོར་སོགས་ཀྱི་རྒྱུད་འཛིན། བྱམས་ཆོས་སྡེ་ལྔ།(༢བ)


GLG015_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་རིགས་ཚོགས་དྲུག །འགྲེལ་པ་སྒྲོན་གསལ། དུས་འཁོར་འགྲེལ་ཆེན། བཀའ་གདམས་གཞུང་དྲུག །ལམ་རིམ་ཆེ་ཆུང་། རིམ་ལྔ་གསལ་སྒྲོན། རང་གང་མོས་ཀྱི་ཡི་དམ་ལྷའི་བསྙེན་སྒྲུབ། ལྷ་ས་བསམ་ཡས་ལ་སོགས་པའི་གནས་ཁྱད་པར་ཅན་ལ་ཕྱག་དང་སྐོར་བ་འབུམ་ཐེར། དཀར་མེ། ཞལ་ཟས། སྤྱན་གཟིགས་མཆོད་རྫས་འབུལ་བ། བཀའ་འགྱུར་གྱིས་ཐོག་དྲངས་པའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་བ། མཚན་བརྗོད། དམིགས་བརྩེ་མ། ས་ལམ། ལྟུང་བཤགས། སྨོན་ལམ་ལྔ། སྒྲོལ་མ་ཤེར་སྙིང་སོགས་འབུམ་ཐེར། ཡིག་དྲུག་དུང་ཕྱུར། ལམ་སྲང་། ཟམ་པ་འཆོས་པ། རྡོ་ལྷ་སྤྱན་འབྱེད། སྲོག་གཅོད་སྤོང་བ། བསྙེན་གནས་སྨྱུང་གནས་བསྲུང་བ། ངན་སློང་ལ་སྦྱིན་པ་གཏོང་བ་སོགས་རང་གང་འདོད་ཀྱི་དམ་བཅའ། །ཞེས་སྨོན་ལམ་ཆེན་མོའི་དམ་བཅའི་སྐབས་མ་ཎིའི་འགོ་བརྒྱངས་ལ་བསྐུལ་རྒྱུ་དཀོན་མཆོག་བློ་གྲོས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །མངྒལཾ། །འཇམ་མགོན་ལང་ཚོ་དར་བའི་མཁྱེན་པའི་གཞིར། །ཐུབ་བསྟན་དཔག་བསམ་སྡོང་པོ་རབ་རྒྱས་པའི། །བློ་བཟང་གྲགས་སྙན་རིང་ལུགས་གྲིབ་བསིལ་ལ། །འགྲོ་ཀུན་ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག །ཕུལ་བྱུང་བསོད་ནམས་མཆོག་ཏུ་རབ་བརྟན་ཅིང་། །ཐུབ་བསྟན་ལེགས་སྐྱོང་ས་དབང་ཆོས་ཀྱི་རྒྱལ། །གནམ་བསྐོས་ས་ཡི་ཚངས་པའི་སྐུ་ཚེ་དང་། །མཚན་བྱུས་མངའ་ཐང་ཕྱོགས་བཅུར་རྒྱས་པར་ཤོག །ལེགས་བྱས་བྱེ་བའི་ཡིད་བཞིན་དབང་གི་རྒྱལ། །སྡེ་བཞིའི་འདོད་དགུ་ཆར་དུ་བསྙིལ་བའི་འབྲས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་ཡོངས་ཁྱབ་པའི། །(༣ན)


GLG015_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་དཔལ་གྱིས་དུས་ཀུན་ཁྱབ་གྱུར་ཅིག །ཅེས་སྨོན་ལམ་ཆེན་མོའི་དཾ་བཅའི་སྐབས་མ་ཎི་བསྐུལ་རྒྱུའི་ཚིགས་བཅད་བརྟན་བཞུགས་འདི་ཡང་དཀོན་མཆོག་བློ་གྲོས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ན་མོཿ ཤཱཀྱ་མུ་ནེ་ཡི། འཛམ་བུའི་གསེར་སྦྱངས་ལས་གྲུབ་ས་འཛིན་དབང་། །མཚན་དཔེའི་དྲ་བས་འཁྱུད་པའི་གཟུགས་ཀྱི་སྐུ། །མཐོང་བས་དོན་ལྡན་ངེས་ལེགས་ལ་སྦྱོར་བའི། །རྒྱལ་བ་ཟས་གཙང་སྲས་པོར་གསོལ་བ་འདེབས། །གང་གི་མགུར་གནས་གཞོམ་མེད་ནཱ་དའི་སྒྲ། །དམ་པའི་ཆོས་ཀྱི་དབྱིངས་སུ་སྒྲོག་པའི་གླུ། །ཐོས་པས་སྲིད་ཞིའི་གདུང་སེལ་ཐོས་འཛིན་རྒྱན། །ཡན་ལག་དྲུག་ཅུའི་གསུང་ལ་གསོལ་བ་འདེབས། །ཀུན་གསལ་ཞགས་པས་འཆིང་བར་ནུས་མིན་པའི། །རྒྱ་ཆེན་ཕ་མཐའ་བྲལ་བ་ཤེས་བྱའི་ཁྱོན། །མངོན་སུམ་གཟིགས་པའི་ཡེ་ཤེས་མཆོག་གི་ཐུགས། །རྣམ་པ་ཐམས་ཅད་མཁྱེན་ལ་གསོལ་བ་འདེབས། །འོག་མིན་གནས་སུ་སྐུ་གསུམ་མངོན་གྱུར་ཀྱང་། །འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་ཀྱི། །ཚུལ་བསྟན་འགྲོ་བ་འདྲེན་པའི་ཐབས་མཁས་ཅན། །ཀུན་མཁྱེན་ཉི་མའི་གཉེན་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་གྱིས། །ཚེ་རབས་ཀུན་དུ་སངས་རྒྱས་བསྟན་པ་ལ། །ཞུགས་ནས་དེ་དོན་ཚུལ་བཞིན་ཉམས་བླངས་པས། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་བསྟོད་པའི་རིམ་པ་འདི་ནི་སུ་ཧིང་ཨུ་ཆིང་ཝང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ཏལ་ཁར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །བཀྲ་ཤིས། །


previousསྨོན་ལམ་ཆེན་མོའི་དམ་བཅའི་སྐབས་ཀྱི་མ་ཎི་བསྐུལ་རྒྱུའི་ཚིགས་བཅད་བརྟན་བཞུགས་དང་བཅས་པ།next