Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
   
   
   
   
ཇ་མཆོད་ཀྱི་རིམ་པ་བཅུད་མཆོག་ནམ་མཁའ་མཛོད་ཀྱི་དགའ་སྟོན།
   


 
previousཇ་མཆོད་ཀྱི་རིམ་པ་བཅུད་མཆོག་ནམ་མཁའ་མཛོད་ཀྱི་དགའ་སྟོན།next

ཇ་མཆོད་ཀྱི་རིམ་པ་བཅུད་མཆོག་ནམ་མཁའ་མཛོད་ཀྱི་དགའ་སྟོན།


GLG015_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཇ་མཆོད་ཀྱི་རིམ་པ་བཅུད་མཆོག་ནམ་མཁའ་མཛོད་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


GLG015_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

པད་རྩ་ལྟ་བུར་དཀར་བའི་ཡོལ་གོའི་ནང་། ཁ་དོག་དམར་སེར་ལེགས་འཁྱིལ་རྒྱ་ཇ་ཡི། །ཕུན་ཚོགས་རོ་བརྒྱ་བདའ་བ་བཏུང་བའི་མཆོག །འཛད་མེད་ནམ་མཁའ་མཛོད་དུ་བྱིན་བརླབས་ཏེ། །གདེངས་ཅན་ཀླུ་དབང་འཛིན་པ་ལག་མང་དང་། །བཙུན་མོ་སྲས་དང་བཀའ་ཉན་བློན་པོར་བཅས། །ཕོ་ཉ་མངག་གཞུག་འཁོར་ཚོགས་རྒྱ་མཚོ་ལ། །མཆོད་པར་འབུལ་ལོ་དངོས་གྲུབ་མ་ལུས་སྩོལ། །འཇིག་རྟེན་ཁམས་སུ་ཆར་འབབ་ལོ་ཏོག་དང་། །རྩི་བཅུད་རབ་རྒྱས་དཔལ་འབྱོར་ལོངས་སྤྱོད་འཕེལ། །བསྟན་དང་བསྟན་འཛིན་དགོན་གནས་སྡེ་བཅས་སྐྱོངས། །འདོད་པའི་རེ་བ་ཡིད་བཞིན་སྐོང་བར་མཛོད། །ཇ་མཆོད་འདིའང་གདེངས་ཅན་དབང་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའོ། །དོན་ཀུན་གྲུབ་པ་དགྲ་བཅོམ་ཤཱཀྱའི་ཏོག །རིགས་གསུམ་རྣམ་སྤྲུལ་ཆོས་རྒྱལ་མེས་དབོན་ཚོགས། །བསྟན་པའི་མངའ་བདག་རྗེ་བཙུན་བཙོང་ཁ་པ། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །འཇམ་དཔལ་དཔའ་བོ་དུས་ཀྱི་དགྲར་བཞེངས་ནས། །གནམ་ས་ལྟར་བགྲད་ཞལ་གདངས་གཤིན་རྗེ་གཤེད། །བར་ཆད་ཀུན་སེལ་དཔལ་ཆེན་ཧེ་རུ་ཀཿ ཡི་དམ་དཀྱིལ་འཁོར་འཁོར་ལོར་མཆོད་(༢ན)


GLG015_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུལ། །རྡོ་རྗེ་དབྱིངས་ཕྱུག་དབྱངས་ཅན་ངག་གི་ལྷ། །སྲིད་གསུམ་མངའ་སྒྱུར་འདོད་ཁམས་དབང་ཕྱུག་མ། །དུང་སྐྱོང་རྒྱལ་མོ་བསྟན་མ་བཅུ་གཉིས་སོགས། །བཀའ་སྡོད་འཁོར་ཚོགས་བཅས་ལ་མཆོད་པ་འབུལ། །བྱིན་རླབས་ཆར་འབེབས་མྱུར་མཛད་ཡེ་ཤེས་མགོན། །རྣམ་བཞིའི་འཕྲིན་ལས་སྒྲུབ་མཛད་ངལ་བསོས་པོ། །སྐྱེ་འགྲོའི་སྲོག་འཕྲོག་ལས་གཤིན་འཆི་བདག་ནག །བསྟན་སྲུང་དམ་ཅན་རྒྱ་མཚོར་མཆོད་པ་འབུལ། །བདེ་གཤེགས་ཡོངས་ཀྱི་མཐུ་སྟོབས་བཞུ་བླུགས་པ། །རྡོ་རྗེ་སྲིན་པོ་གུར་ཞལ་པུ་ཏྲ་དང་། །བེག་ཙེ་རྒྱལ་པོ་སྐུ་ལྔ་ཙེའུ་དམར། །དྲེགས་པ་སྡེ་བརྒྱད་ཚོགས་ལ་མཆོད་པ་འབུལ། །བོད་ཀྱི་ལྷ་ཆེན་རྗེ་ཡི་མགུར་ལྷ་དང་། །འབངས་ཀྱི་སྲོག་ལྷ་ཐུགས་དཀར་གཟའ་ཆོས་ལྷ། །ས་བདག་རྒྱལ་བློན་འགོ་བའི་ལྷ་ལྔ་སོགས། །ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་པ་འབུལ། །ནད་གདོན་དབུལ་ཕོངས་བར་གཅོད་ཀུན་ཞི་ཞིང་། །མ་རུངས་དགྲ་སྡེ་དཔུང་བཅས་ཚར་བཅད་དེ། །དཔའ་བོའི་ལག་རྟགས་ཕྱོགས་ལས་རྣམ་རྒྱལ་བའི། །རུ་མཚོན་སྲིད་པའི་རྩེ་མོར་བསྒྲེང་པར་མཛོད། །ཅེས་ས་སྐྱོང་བློ་བཟང་མཐུ་(༢བ)


GLG015_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་དབུས་གཙང་ཚོ་ཆེན་རྣམས་ལ་འོས་པའི་ཇ་མཆོད་ཅིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །པད་རག་མདངས་འཕྲོག་ག་བུར་ངད་པ་འཐུལ། །ཕུན་ཚོགས་རོ་བདའ་རྐང་འཐུང་ཕུར་མའི་བཅུད། །འཛད་མེད་ནམ་མཁའ་མཛོད་དུ་རབ་སྤེལ་བ། །སྐྱབས་གནས་དཀོན་ཅོག་གསུམ་ལ་མཆོད་པ་འབུལ། །བསྟན་པའི་བདག་པོ་ཐུབ་དབང་ཟས་གཙང་སྲས། །ཉེ་བར་འཁོར་དང་རྒྱལ་སྲས་སྒྲ་གཅན་འཛིན། །ཞི་བ་འཚོ་སོགས་འཕགས་བོད་གནས་བརྟན་ཏེ། །ཕན་བདེའི་རྩ་ལག་རྣམས་ལ་མཆོད་པ་འབུལ། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲིའི་ཞབས། །ལྔ་རིག་ཀུན་གཟིགས་ས་སྐྱ་ལོ་ཙཱ་བ། །ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ། །གངས་ཅན་མུན་སེལ་ཚོགས་ལ་མཆོད་པ་འབུལ། །རྒྱུད་སྡེ་རྣམ་བཞིའི་ཡི་དམ་དཀྱིལ་འཁོར་ལྷ། །ཐུབ་བསྟན་སྐྱེད་མཛད་ལེགས་ལྡན་ནག་པོ་ཆེ། །དཀར་ཕྱོགས་སྐྱོང་བའི་གཙང་རིས་མགོན་པོ་སོགས། ས་དགེ་སོ་སོར་ཚོགས་སྐབས་ཚིག་འདི་གཉིས་གང་རུང་དོར་ནས། ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་ཤ །ཞེས་ཁ་ཆེ་པཎ་ཆེན་གྱི་གོང་དུ་འཇུག །བསོད་ནམས་ཞིང་གྱུར་ཡོངས་ལ་མཆོད་པ་འབུལ། །ལུས་ཅན་སྤྱི་དང་ཇ་འདི་བསྒྲུབ་པའི་ཆེད། །དཀའ་སྤྱད་མི་དང་དུད་འགྲོར་བཅས་པ་ཀུན། །ནུབ་ཕྱོགས་བདེ་ལྡན་ཞིང་དུ་པདྨ་ལ། །སྐྱེས་ནས་ཐེག་ཆེན་ཆོས་ལ་ལོངས་སྤྱོད་ཤོག །ཅེས་ཇ་མཆོད་འདི་ནི་ཀ་སྨི་ར་པའི་མ་ཧཱ་པཎྞི་ཏའི་སྲོལ་འཛིན་ཚག་མིག་ཚོགས་པ་སྤྱི་སོས་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲ་ཤིས་རབ་བརྟན་པ་ཕུན་ཚོགས་དབང་པོའོ། །རོ་བརྒྱ་བདའ་བ་ལྗོན་ཤིང་ཕུར་མའི་བཅུད། །ཕྱེ་མར་ལན་ཚྭས་རོ་བསྒྱུར་བཏུང་བའི་མཆོག །དུས་གསུམ་རྒྱལ་སྲས་སློབ་མར་བཅས་ཀུན་དང་། །ཡང་སྒོས་ཉི་མའི་གཉེན་ལ་མཆོད་པ་འབུལ། །གྲུབ་པའི་འཁོར་ལོས་སྒྱུར་བ་བི་རཱུ་པ། །འཇིག་རྟེན་མིག་གཅིག་ལོ་ཆེན་འབྲོག་མིའི་ཞབས། །འཇམ་དབྱངས་བདུན་སོགས་དཔལ་ལྡན་ས་སྐྱ་པ། །ཡབ་སྲས་བརྒྱུད་པར་བཅས་ལ་མཆོད་པ་འབུལ། །གནས་ལྔ་རིགས་པའི་གཙུག་རྒྱན་ཨ་ཏི་ཤ །འབྲོམ་སྟོན་རྗེ་སོགས་རྒྱ་ཆེན་སྤྱོད་བརྒྱུད་དང་། །ཟབ་མོ་ལྟ་བརྒྱུད་ཉམས་ལེན་བྱིན་རླབས་ཀྱི། །བརྒྱུད་པའི་བླ་མ་རྣམས་ལ་མཆོད་ལ་འབུལ། ཁྱད་པར་རྒྱལ་བ་གཉིས་པ་བཙོང་(༣ན)


GLG015_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་པ། །རྒྱལ་ཚབ་རྗེ་དང་ཤེས་རབ་སེང་གེའི་ཞབས། །དགེ་འདུན་མཁས་གྲུབ་བསོད་ནམས་རྒྱ་མཚོའི་ཞིང་། །དགའ་ལྡན་བསྟན་འཛིན་ཚོགས་ལ་མཆོད་པ་འབུལ། །ལྷ་རིགས་རླངས་ཀྱི་གདུང་ལས་གསང་བའི་བདག །མི་ཡི་སྲིད་བཟུང་དྲུང་ཆེན་ཏཱའི་སི་ཏུ། །བྱང་ཆུབ་རྒྱལ་མཚན་གྱིས་མཚོན་ཕག་གྲུ་པའི། །གདན་རབས་བཀའ་རྒྱུད་རྣམས་ལ་མཆོད་པ་འབུལ། །རྡོ་རྗེ་གུར་གྱི་མགོན་པོ་ཕྱག་བཞི་དྲུག །འདོད་ཁམས་དབང་ཕྱུག་ལྷ་ཆེན་སྟོབས་འཕྲོག་ནག །རྣམ་མང་ཐོས་སྲས་ལ་སོགས་ཐུབ་པའི་བསྟན། །སྲུང་མཛད་དམ་ཅན་རྒྱ་མཚོར་མཆོད་པ་འབུལ། །བསོད་ནམས་བྱས་པའི་འབྲས་བུ་ནམ་མཁའི་མཐའ། །དེ་སྲིད་བར་དུ་ནམ་ཡང་མི་འཛད་པ། །གྲོ་བཞིན་སྐྱེས་ཀྱི་རྣམ་པར་ཐར་པ་བཞིན། །འཛིན་ཕྱིར་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་དང་གི་ལས་ཆེན་པ་གསུམ་དང་གཉེར་པ་གཉིས་སོགས་ཀྱིས་བསྐུལ་བ་ལྟར་ཆོས་སྡེ་འདི་ཉིད་སྡེ་སྲིད་ཕག་མོ་གྲུ་པས་ཕྱག་དར་ནས་བཏབ་ཅིང་དེང་སང་(༣བ)


GLG015_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ས་དགེ་ཉིས་ཚོགས་ཀྱི་ར་མ་ལུག་གི་རིགས་འདི་འདྲ་ལ་ཇ་མཆོད་ཀྱང་རྨ་བྱའི་སྒྲོ་གདོངས་ལྟ་བུ་ཞིག་དགོས་པར་མངོན་ནས་གོ་བདེ་འབོལ་རྩོམ་གྱི་ཚུལ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རབ་དྭངས་མན་ཤེལ་ཞུན་མའི་ཡོལ་གོའི་ནང་། །པད་རཱག་མདངས་འཕྲོག་ཤོང་དཀར་རྩེ་མོའི་བཅུད། །མྱངས་པས་རིག་པ་གསལ་ཞིང་ལྕེ་བདེ་བ། །ཕུན་ཚོགས་རོ་བརྒྱའི་རྩེར་སོན་བཏུང་བ་འདི། །རྣམ་འདྲེན་མཆེད་བདུན་མདོ་སྡེ་ཤློ་ཀ །བརྒྱད་བརྒྱའི་གྲངས་ལྡན་རི་མོ་གཡས་འཁྱིལ་བའི། །མགུར་ནས་ཚངས་པའི་དབྱངས་སྙན་གདུལ་བྱའི་རྣར། །སྒྲོགས་མཛད་ཉི་མའི་གཉེན་ལ་མཆོད་པ་འབུལ། །ཁྱོད་གསུང་ཟབ་དང་རྒྱ་ཆེའི་འཛིན་མ་ལས། །ཉམས་ལེན་སྙིང་པོའི་ཆོ་ག་ས་ལེ་སྦྲམ། །བློ་གསལ་རྒྱན་དུ་སྤུད་མཛད་ཞི་འཚོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ཇི་ལྟར་ཞལ་གྱིས་འཆེས་པའི་སྨོན་ལམ་རྣམས། །ཉེར་གྲུབ་ཐུགས་རྗེའི་གློག་ཞགས་སྙིགས་དུས་མུན། །གཞིལ་ལ་ཆེས་མྱུར་བཻཌཱུར་འོད་ཀྱི་རྒྱལ། །བཅོམ་ལྡན་སྨན་གྱི་བླ་མར་མཆོད་པ་འབུལ། །དམ་བཅའ་མི་འགྱུར་རྡོ་ཡི་རི་མོ་ལ། །མཁྱེན་བརྩེ་ནུས་མཚུངས་མངོན་མཁྱེན་ཆོས་བསྒྲགས་དང་། །མྱ་ངན་མེད་དཔལ་གསེར་བཟང་རིན་ཅེན་ཟླ། །མཚན་ལེགས་མཆེད་དྲུག་བཅས་ལ་མཆོད་པ་འབུལ། །ཐུབ་གསུང་ཆུ་གཏེར་ལས་ཐོན་བདེན་ཚིག་གིས། །སྲིད་ཞིའི་གདུང་སེལ་གླེགས་བམ་ཟིལ་མངར་གྱིས། །ལུས་ཅན་མངོན་པར་མཐོ་དང་ཐར་པའི་སྲོག །ཟུངས་གྱུར་དམ་པའི་ཆོས་ལ་མཆོད་པ་འབུལ། །སེམས་པ་བཅུ་དྲུག་ཕྱོགས་སྐྱོང་ཉི་ཟླ་ཟུང་། །གནོད་སྦྱིན་སྡེ་(༤ན)


GLG015_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རྒྱལ་ཆེན་རྣམ་བཞི་སོགས། །སྨོན་ལམ་མཆོག་འདི་ཞུ་གསོལ་འཛིན་ཅིང་སྤེལ། །སྲུང་མཛད་དགེ་འདུན་རྣམས་ལ་མཆོད་པ་འབུལ། །འཇིག་རྟེན་གསུམ་གྱི་གསེར་ལྡན་ལུས་ཕྲའི་ལྟོར། །སངས་རྒྱས་སྲས་བཅས་ཐུགས་རྗེའི་མཁའ་ཀློང་ལས། །བྱིན་རླབས་ཆར་ཀྱིས་རིང་པོར་བསྐྱེད་བསྲིངས་པ། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །ཁྲི་སྲོང་ལྡེ་བཙན་ཆེད་བཏབ་སྨོན་ལམ་བཞིན། །ཐུབ་པའི་བསྟན་རྒྱས་དེ་འཛིན་སྐྱེས་བུ་དང་། །ས་སྤྱོད་ཚོགས་རྣམས་སྒྲིབ་དག་སྐུ་ཚེ་འཕེལ། །དབུ་རྨོག་ལེགས་བཙན་ཆོས་སྲིད་དར་བར་ཤོག །རྐང་འཐུང་ཕུར་མ་ཙི་ནའི་ཡུལ་གྲུ་ནས། །འདྲེན་པར་ངལ་བའི་ཁུར་ལྕི་མི་ཁལ་ཚོགས། །སྔར་བསགས་སྡིག་སྒྲིབ་བྱང་ནས་རྒྱལ་བ་བདུན། །ལེགས་བཞུགས་དག་པའི་ཞིང་དུ་སྐྱེ་བར་ཤོག །རིག་ཅན་བློན་པོའི་འབྱུང་བའི་རི་བོའི་དབྱིབས། །གཉིས་འཐུང་འགྱིང་འདྲའི་ས་བཀྲ་ཤིས་པའི་ངོས། །འདི་ཕྱིའི་བདེ་སྐྱིད་རབ་འཕེལ་ས་ཆེན་པོས། །འཇིག་རྟེན་འདེགས་ནུས་དེ་སྲིད་རྒྱས་པར་ཤོག །རྒྱ་ཇའི་ཕུད་མཆོད་སྤྱད་པའི་འབྲས་བུ་ལས། ཆོས་སྡེ་གཞན་ཚོར་ཞལ་འདོན་དུ་མང་ཇ་མཛད་ན། །ས་ལའི་སྨན་ལྗོངས་བསོད་ནམས་གཤིན་པའི་སར། །མདོ་ཆོག་སྨོན་ལམ་ཆེ་བཏབ་སོ་ནམ་ལ། །ཉེར་བརྩོན་ཚངས་པར་སྤྱོད་པའི་ཆོས་སྡེ་འདི། །འཛམ་གླིང་མུན་སེལ་སྒྲོན་མེར་རྟག་འབར་ཤོག །ཅེས་འབྱིན་འཇུག་བྱེད། །བྱམས་མགོན་མཆོག་གི་སྤྲུལ་སྐུ་འཚང་རྒྱ་ཚེ། །འདུས་པ་དང་པོར་སྐྱེས་ནས་དམ་ཆོས་ཀྱི། །བདུད་རྩིས་ལེགས་ངོམས་སྨིན་ཅིང་གྲོལ་བར་ཤོག །མཁའ་ལ་གཟའ་སྐར་འཕྲོད་དང་དུས་སྦྱོར་དགེ། །ནོར་འཛིན་ཁྱོན་ལ་ཁྲི་གདུགས་ཉི་འོད་དྲོ། །བར་སྣང་ཕྱོགས་མཚམས་དགེ་མཚན་ལྟས་ཀྱིས་ཁྱབ། །བཀྲ་ཤིས་ཟླ་རྒྱས་ལྟར་འཕེལ་རྨད་དུ་བྱུང་། །ཞེས་(༤བ)


GLG015_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་བདུན་གྱི་སྨོན་ལམ་ཆོ་ག་དང་འབྲེེལ་བའི་ཇ་མཆོད་ཅིག་ཆོས་སྡེ་རི་བོ་བདེ་ཆེན་དུ་འཛུགས་རྩིས་ཀྱིས་གནས་བརྟན་འཇམ་དབྱངས་གྲགས་པས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོའོ། །རིན་ཆེན་ཡོལ་གོར་རྐང་འཐུང་ཕུར་མའི་བཅུད། །འཆར་ཀའི་ཐུན་མཚམས་མདངས་འཛིན་བཏུང་བའི་རྩེ། །ཤཱཀྱ་སེང་གེ་དེས་གསུངས་དམ་པའི་ཆོས། །ཐེག་གསུམ་དགེ་འདུན་བཅས་ལ་མཆོད་པ་འབུལ། །གྲུབ་ཐོབ་བརྒྱད་ཅུ་རྒྱན་དྲུག་མཆོག་གཉིས་དང་། །ཆོས་རྒྱལ་མེས་དབོན་མཁན་སློབ་ལོ་པཎ་ཚོགས། །ཁྱད་པར་ཇོ་འབྲོམ་ཁུ་རྔོག་ཤཱཀྱ་ཤྲཱི། །གངས་ཅན་བསྟན་པའི་སྒྲོན་མེར་མཆོད་པ་འབུལ། །འཁོན་རིགས་འཇམ་དཔལ་རྡོ་རྗེ་ས་སྐྱ་པ། །རབ་འབྱམས་ཤེས་བྱ་ཀུན་གཟིགས་བུ་སྟོན་རྗེ། །རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པའི་དཔལ། །བཀའ་དྲིན་མཚུངས་མེད་རྣམས་ལ་མཆོད་པ་འབུལ། །རྒྱལ་བསྟན་གྱེན་དུ་འདེགས་ལ་མ་ཕམ་མགོན། །སྙིང་སྟོབས་རབ་བརྟན་ཀུན་བཟང་མཆོད་པའི་སྤྲིན། །སྤྲོ་མཛད་འཕགས་ཆེན་དམ་པ་ས་སྤྱོད་ཚུལ། །འཛིན་ལ་ཡི་རང་དད་པས་མཆོད་པ་འབུལ། །བགྲང་ཡས་རྒྱུད་སྡེ་རྣམ་བཞིའི་དཀྱིལ་འཁོར་ལྷ། །ལེགས་ལྡན་ལྕམ་དྲལ་དཔལ་མགོན་བདུན་ཅུ་སོགས། །རྣམ་བཞིའི་འཁོར་ཚོགས་སྐྱོང་ལ་མཐུ་རྩལ་ཅན། །ཕྱི་ནང་བསྟན་སྲུང་རྒྱ་མཚོར་མཆོད་པ་འབུལ། །རོ་བདེའི་བཏུང་བར་ཉེར་ཞེན་འདོད་སྲེད་དང་། །ལོག་འཚོས་མ་གོས་དཀོན་མཆོག་མཆོད་པའི་རྫས། །འཁོར་གསུམ་རྣམ་དག་ནམ་མཁའ་མཛོད་ཀྱི་སྒོ། །རབ་འབྱེད་སྐལ་བཟང་བྱང་ཆེན་བར་ཐོབ་ཤོག །རྣམ་འདྲེན་སྲས་དང་སློབ་མར་བཅས་པ་རྣམས། །ཙནྡས་བྱུག་དང་(༥ན)


GLG015_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་གཟས་པ་ལ། །མཉམ་ཡང་དགྱེས་པར་བཞེས་ནས་ལེགས་བྱས་ཀྱི། །ཕུང་པོ་མ་ཟད་སྟེར་ལ་སྤྲོ་དགའ་བརྟས། །ཞེས་མྱང་སྟོད་དཔལ་འཁོར་བདེ་བ་ཆེན་པོའི་ཚོགས་ཆེན་ཀྱི་ཞལ་འདོན་དུ་འོས་པའི་ཇ་མཆོད་ཅིག་དགོས་ཞེས་མཁན་ཆེན་ངག་དབང་འཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ངོ་བོ་འདུས་མ་བྱས་པ་རིག་པའི་རྩལ། །ཀ་དག་ཀུན་བཟང་གནས་ལུགས་རང་གྲོལ་བ། །གར་དབང་ཆོས་སྐུར་འཁྲུལ་དགའི་ལྷ་བཞིན་དུ། །གཞན་མིན་རང་ངོ་ཤེས་པས་མཆོད་པ་འབུལ། །རང་གཞན་དབྱིངས་ལ་ཡེ་ཤེས་ལྔ་ལྡན་གདངས། །མ་འདྲེས་ཤེལ་ཚོན་ལྟ་བུར་གསལ་བའི་འཇའ། །ཞི་ཁྲོ་སྒྱུ་འཕྲུལ་ལོངས་སྐུར་ནམ་མཁའ་མཛོད། །འབྱམས་ཀླས་སྒོ་འཕར་ཕྱེ་བའི་མཆོད་པ་འབུལ། །ཐུགས་རྗེ་སིནྡྷུའི་དྭངས་མཚོར་འདབ་བརྒྱའི་རྩེར། །དུས་གསུམ་རྒྱལ་བའི་ཡེ་ཤེས་རྡོ་རྗེ་སེམས། །པད་འབྱུང་ཡབ་ཡུམ་སྤྲུལ་སྐུར་ཕྱི་དང་ནང་། །གསང་བ་དེ་བཞིན་ཉིད་ཀྱི་མཆོད་པ་འབུལ། །དུག་ལྔ་ཡེ་དག་ཕུང་ལྔ་གནས་གྱུར་ལ། །ལྔ་ལྡན་འཁོར་ལོར་ཐོད་ཕྲེང་རིགས་ལྔའི་འཕྲུལ། །ཞི་རྒྱས་དབང་དྲག་ཐམས་ཅད་ལས་གྲུབ་པར། །གཉིས་མེད་གཉིས་སྣང་སྤྲུལ་བསྒྱུར་མཆོད་པ་འབུལ། །ཐབས་མཆོག་ཝཾ་ཡིག་པད་འབྱུང་ཀུན་གསལ་མདངས། །ཞེས་པ་ཨེ་དབྱིངས་འཚོ་རྒྱལ་ཡིད་འཛིན་མར། །མཁའ་ལ་མཁའ་སྦྱོར་ལྟ་བུའི་སྒྱུ་འཕྲུལ་ཅན། །དགའ་བཞིའི་བདེ་སྟོང་རྒྱས་ལ་མཆོད་པ་འབུལ། །སྒོ་གསུམ་བག་ཡོད་རི་ཥིས་ཉེས་ལྟུང་ཆུའི། །དུག་རྣམས་ཚུལ་ཁྲིམས་ཡན་ལག་བརྒྱད་ལྡན་དུ། །ཡོངས་(༥བ)


GLG015_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་སྡོམ་བརྩོན་པདྨ་སཾ་བྷ་ཝ། །ལས་འབྲས་ཕྲ་ཞིབ་འབྱེད་པར་མཆོད་པ་འབུལ། །ད་ལྟ་ཇི་སྙེད་ཆོས་ཀུན་དྭངས་མའི་མཚོར། །ཟླ་གཟུགས་ལྟ་བུར་དྲི་མེད་སྤྱན་རས་ཀྱི། །མངོན་སུམ་གཟིགས་པ་བློ་ལྡན་མཆོག་སྲེད་ཞབས། །ཐམས་ཅད་མཁྱེན་པར་ངེས་ལ་མཆོད་པ་འབུལ། །ནང་དུ་དུག་གསུམ་རྒྱ་བྲལ་རྫོགས་སངས་རྒྱས། །གཞན་ནས་མ་འཚོལ་འཁོར་འདས་ཐམས་ཅད་ལ། །སྣང་བ་འབྱམས་ཀླས་པདྨ་རྒྱལ་པོ་ཆེས། ཁམས་གསུམ་དབང་དུ་སྡུད་ལ་མཆོད་པ་འབུལ། །སེམས་ཅན་རྣམས་ཀྱི་མ་རིག་སྟུག་པོའི་མུན། །ཅིག་ཅར་སངས་བྱེད་སྣང་བའི་གཏེར་ཆེན་པོ། །བརྒྱ་ཕྲག་ཉི་མའི་འོད་ཟེར་ཆེར་འབར་བ། །གྲངས་མེད་འགྲོ་བ་འདུལ་ལ་མཆོད་པ་འབུལ། །མཚན་དཔེའི་དཔལ་གྱིས་མངོན་པར་མཐོ་བའི་ཞལ། །མཐོང་ཐོས་དྲན་དང་རེག་པས་རྣམ་གྲོལ་བ། །འཇིགས་མེད་ཤཱཀྱ་སེང་གེའི་ང་རོ་ཡི། །བདུད་ཚོགས་འཇོམས་པར་མཛད་ལ་མཆོད་པ་འབུལ། །གཏུམ་ཆེན་དཔའ་བོ་རྡོ་རྗེ་རྩེ་བརྒྱའི་མཚོན། །གདེངས་པས་ལོག་འདྲེན་ལྷ་མིན་མེ་ཡི་མངལ། །ལྟུང་བྱེད་སེང་གེ་སྒྲ་སྒྲོག་མིག་སྟོང་ཅན། །ལྟ་ངན་མུ་སྟེགས་འདུལ་ལ་མཆོད་ལ་འབུལ། །འཆོལ་བའི་ཁྲོ་རྒྱལ་མཐོང་བའི་མོད་ཉིད་ལ། །འཁོར་འདས་ལྷ་འདྲེ་ལག་ཆ་སྟབས་གཅིག་ཏུ། །འཆོར་ནུས་ཡིད་སྲུབས་ཀླད་འགེམས་གྲོ་བོ་ལོད། །དྲེགས་པ་ཚར་གཅོད་མཛད་ལ་མཆོད་པ་འབུལ། །རྩ་གསུམ་འདུས་པའི་ངོ་བོར་ལེགས་མཆོད་པས། །གནས་སྐབས་སྲིད་ཞིའི་ཡོན་ཏན་གོང་འཕེལ་ཞིང་། །སྐྱེ་བར་ཐོད་འཕྲེང་རྩལ་གྱིས་རྗེས་བཟུང་ནས། །རིང་མིན་ཆོས་ཉིད་ཟད་སར་འཁྱོལ་བར་ཤོག །ཅེས་ཆོས་ལོངས་སྤྲུལ་གསུམ། ཐོད་ཕྲེང་རིགས་ལྔ། མཚན་བརྒྱད་དང་(༦ན)


GLG015_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་ཇ་མཆོད་ཅིག་རྩོམས་ཞེས་ལྷ་བཅས་སྐྱེ་དགུའི་འདྲེན་མཆོག་དཔལ་ས་སྐྱ་པ་གདན་ས་འོག་ནས་བདག་ཆེན་རིན་པོ་ཆེ་བསོད་ནམས་བསྟན་འཛིན་དབང་པོ་བྱམས་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་བཀའ་སྩལ་བ་དང་དུ་བླངས་ཏེ་གཡོ་རུ་ལྷོ་རྒྱུད་དུ་སྐྱེས་པའི་ཟ་ཧོར་གྱི་སྔགས་སྨྱོན་ཆེ་མཆོག་འདུས་པ་རྩལ་གྱིས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བཅུ་ལ་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །འཁོར་འདས་རྒྱལ་པོས་དུས་གསུམ་སངས་རྒྱས་རྣམས། །མཚོ་སྐྱེས་སྤྲུལ་སྐུ་པདྨ་འབྱུང་གནས་དང་། །དབྱེར་མེད་འཇམ་དཔལ་རྡོ་རྗེ་བཙོང་ཁ་པ། །བློ་བཟང་གྲགས་པའི་དཔལ་ལ་མཆོད་པ་འབུལ། །དགེ་འདུན་ཀུན་འདུས་བསོད་ནམས་བྱེ་བའི་ཞིང་། །ཡོན་ཏན་འབྱུང་གནས་ངག་དབང་བློ་ཡི་གཏེར། །སྐལ་བཟང་རྒྱ་མཚོའི་མགོན་དང་དབང་ཆེན་ལྷ། །མཁའ་འགྲོ་དམ་ཅན་ཚོགས་ལ་མཆོད་པ་འབུལ། །ཁྱད་པར་སྣང་སྲིད་དྲེགས་པའི་སྡེ་དཔོན་ཆེ། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་གསང་བའི་ཡུམ། །བློན་པོ་ལས་མཁན་བཀའ་སྡོད་ཚོགས་རྣམས་ལ། །མཆོད་པ་འབུལ་ལོ་འཕྲིན་ལས་ལྷུན་གྲུབ་མཛོད། །ཅེས་གནས་ཆུང་པེ་ཀར་ལྕོག་ཏུ་ཇ་མཆོད་འདི་འདྲ་ཞིག་བྱུང་ན་ལེགས་འདྲ་ཞེས་དབུ་མཛད་བློ་བཟང་ཡོན་ཏན་དང་། མཆོད་དཔོན་ངག་དབང་ཤེས་རབ་གཉིས་ཀྱིས་མཚམས་སྦྱར་བས་རྐྱེན་བྱས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །


previousཇ་མཆོད་ཀྱི་རིམ་པ་བཅུད་མཆོག་ནམ་མཁའ་མཛོད་ཀྱི་དགའ་སྟོན།next