Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
  expand section
   
   
   
   
   
   
   
ཕུན་ཚོགས་འདོད་དགུ་མ་སོགས་ཇ་མཆོད་ཀྱི་སྐོར།


 
previousཕུན་ཚོགས་འདོད་དགུ་མ་སོགས་ཇ་མཆོད་ཀྱི་སྐོར།no next

ཕུན་ཚོགས་འདོད་དགུ་མ་སོགས་ཇ་མཆོད་ཀྱི་སྐོར།


GLG015_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་འདོད་དགུ་མ་སོགས་ཇ་མཆོད་ཀྱི་སྐོར་བཞུགས་སོ། །


GLG015_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་། ཨོཾ་ཨཱཿཧཱུཾ། ཕུན་ཚོགས་འདོད་དགུའི་རྒྱ་མཚོ་ཀུན་གྱི་བཅུད། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས། །ཡིད་འོང་མཆོད་སྤྲིན་རྒྱ་མཚོ་ཆེན་པོ་འདིས། །སྐྱབས་གནས་མཆོད་འོས་རྒྱ་མཚོ་མ་ལུས་མཆོད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །རྒྱ་བོད་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། །ཡི་དམ་དཀྱིལ་འཁོར་རྒྱལ་བ་རྒྱ་མཚོའི་ཚོགས། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །སྐྱེ་དགུའི་གཉེན་གཅིག་ཐུབ་དབང་ཤཱཀྱའི་ཏོག །འཕགས་བརྒྱད་གཏོར་གྱི་སྐབས་འདི་སོར་གནས་དང་། ཚེས་བཅུ་ལ། འཕགས་ཡུལ་གྲུབ་པའི་གཙུག་རྒྱན་རིགས་འཛིན་བརྒྱད། །གངས་ཅན་བསྟན་པའི་བདག་པོ་པདྨ་འབྱུང་དང་། རྒྱུན་ཇ། འཕགས་ཡུལ་གྲུབ་པའི་གཙུག་རྒྱན་མར་མེ་མཛད། །གངས་ཅན་བསྟན་པའི་བདག་པོ་བཙོང་ཁ་པ། ཞེས་འདོན་པ་སྤོ། །ཡུལ་གྲུབ་པའི་གཙུག་རྒྱན་བི་རཱུ་པ། །གངས་ཅན་བསྟན་པའི་མངའ་བདག་ས་སྐྱ་པ། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །རང་བྱུང་རྡོ་རྗེ་ལུས་ཀྱི་ཕོ་བྲང་དབྱིངས། །སྙིང་དབུས་པདྨ་བཞུགས་པའི་དྲིན་ཅན་རྗེ། །རྩ་ཁམས་དཔའ་བོ་ཌཱ་ཀིའི་ཚོགས་བཅས་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །མཆོད་བྱ་མཆོད་བྱེད་དག་པ་གདོད་མའི་གཤིས། །གནས་ལུགས་རང་ངོ་ཤེས་པ་མཆོད་པའི་མཆོག །ཟུང་འཇུག་བདེ་ཆེན་རང་སེམས་བླ་མ་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་བའི་བསྟན་པ་སྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པོའི་ཚོགས་ཀྱི་གྲོགས་མཛད་པའི། །གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་རོལ་བར་ཤར། །འདོད་ཡོན་བྱང་ཆུབ་སྒྲུབ་པའི་གྲོགས་སུ་གྱུར། འདི་འདྲའི་ལམ་བཟང་རྙེད་པ་བླ་མའི་དྲིན། །དགྱེས་པར་རོལ་(༢ན)


GLG015_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རྡོ་རྗེའི་སྤུན་གྲོགས་རྣམས། །ངོ་མཚར་བཀོད་པའི་རིན་ཅེན་སྣོད་ཡངས་སུ། །རོ་བརྒྱའི་བཅུད་དུ་འཁྱིལ་བའི་རྒྱ་ཇའི་མཚོ། །ཡེ་ཤེས་བདུད་རྩིར་རབ་སྤེལ་འཛད་མེད་གཏེར། །རྨད་བྱུང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི། །ཀུན་བཟང་རྡོ་རྗེ་འཆང་དབང་པདྨ་འབྱུང་། །ཇོ་འབྲོམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །དགེ་འདུན་ལྷུན་གྲུབ་བསོད་ནམས་ཡོན་ཏན་གཏེར། །ཐུབ་བསྟན་རྒྱ་མཚོའི་སྡེ་ལ་མཆོད་པ་འབུལ། །ལེགས་ལྡན་རྡོ་རྗེ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །དགེ་འདུན་བཀྲ་ཤིས་ཚར་ཆེན་མཁྱེན་བརྩེའི་དབང་། །གསར་རྙིང་ཆོས་ཀྱི་དབང་ལུང་མན་ངག་དང་། །རྒྱུད་བཤད་གདམས་པ་སྩོལ་བའི་བླ་མའི་ཚོགས། །ཁྱད་པར་སྙིང་དབུས་པདྨའི་ཟེའུ་འབྲུ་ན། །རྩ་བའི་བླ་མ་དཀྱིལ་འཁོར་འཁོར་ལོའི་བདག །དཔལ་འབྱོར་ཆོས་ཀྱི་བང་མཛོད་ཀུན་དགའི་དཔྱིད། །འཇམ་མགོན་གྲུབ་པའི་དཔའ་བོར་མཆོད་པ་འབུལ། །སྒྲུབ་ཆེན་བཀའ་བརྒྱད་ཟིལ་གནོན་ཚེ་བདག་ལྷ། །མི་བསྐྱོད་རྡོ་རྗེ་བདེ་དགྱེས་མ་ཧེའི་ཞལ། །རྣམ་པར་རྒྱལ་མ་ལ་སོགས་དངོས་གྲུབ་ཀུན། །ཆར་འབེབས་ཡི་དམ་ལྷ་ལ་མཆོད་པ་འབུལ། །བསྟན་སྲུང་རྒྱ་མཚོའི་དབང་ཕྱུག་དམག་ཟོར་ལྷ། །མྱུར་མཛད་མགོན་པོ་རྣམ་སྲས་ལས་གཤིན་གསུམ། །གུར་ཞལ་པུ་ཏྲ་བེག་ཙེ་སྟག་ཞོན་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོར་མཆོད་པ་འབུལ། །མ་ནིང་སྔགས་སྲུང་ཐང་ལྷ་ཁྱབ་འཇུག་ཆེ། །པེ་ཧར་ཙི་དམར་རྡོར་ལེགས་བདུད་མགོན་ནག །དྲེགས་པའི་སྡེ་དཔོན་མཐུ་ཆེན་སྡེ་བཞི་སོགས། །ཆོས་སྐྱོང་གཏེར་སྲུང་ཚོགས་ལ་མཆོད་པ་འབུལ། །གནས་སྐབས་ཞི་རྒྱས་དབང་དྲག་ལས་ཀུན་གྲུབ། །མཐར་ཐུག་རིག་པའི་ངོ་བོ་ཀུན་བཟང་མཐོང་། །ཕྱོགས་དུས་(༢བ)


GLG015_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བསམ་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཇ་མཆོད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཞལ་འདོན་དུ། མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བཀྲ་ཤིས་འཁྱིལ་པར་སྦྱར་བའི་ཡི་གེ་པ་ནི་སྨོན་འགྲོ་པཎ་ཆེན་གྱིས་མཛད་དོ། །རྒྱལ་བ་ཀུན་དངོས་མཚོ་སྐྱེས་རྡོ་རྗེའི་ཞབས། །རིགས་བརྒྱའི་ཁྱབ་བདག་བློ་བཟང་གྲགས་པའི་དཔལ། །ཕྱག་ན་པདྨ་བསོད་ནམས་མཚན་ཅན་སོགས། །དངོས་བརྒྱུད་རྡོ་རྗེ་འཛིན་པའི་ཚོགས་རྣམས་དང་། །སྲིད་གསུམ་ཕྱག་རྒྱ་ཟིལ་གནོན་ལྷའི་འཁོར་ལོ། །འདོད་ཁམས་དབང་ཕྱུག་ཞིང་སྐྱོང་སྟོབས་འཕྲོག་ནག །བསྟན་སྲུང་དམ་ཅན་རྒྱ་མཚོར་བཅས་རྣམས་ལ། །ཕུན་ཚོགས་རོ་བརྒྱའི་དཔལ་འཛིན་རྒྱ་ཇས་མཆོད། །རྣམ་པར་སྨོན་པའི་མཆོག་ཐུན་འདོད་པའི་དོན། །ཐོགས་མེད་ལྷུན་གྲུབ་ཁྱད་པར་མངོན་སྤྱོད་ཀྱི། །ལས་སྦྱོར་མཐུ་ཡིས་དགྲ་བགེགས་དཔུང་འཇོམས་ཤིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་མཛོད། །ཅེས་པའང་ལྕགས་སྦྲུལ་ལོར་མེའི་སྤུ་གྲིའི་སྒྲུབ་པ་ཚུགས་སྐབས་བྲག་སྣ་ཆོས་རྗེ་ཨྱོན་བསྟན་འཛིན་གྱིས་གཙོས་པའི་མཚམས་པ་བ་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེ་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །ལྗོན་ཤིང་ཕུར་མའི་ཉིང་ཁུས་གཏམས་པའི་སྣོད། །བདག་ཉིད་གར་དབང་ཕྱག་གིས་ཉེར་བཏེག་པ། །གསེར་སྦྱངས་བུམ་པར་བསྒྱུར་ནང་སྲིད་ཞིའི་བཅུད། །ཡོངས་འདུས་རོ་བརྒྱ་བདའ་བའི་(༣ན)


GLG015_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འདིས། །རང་ལུས་ཕུང་ཁམས་སྐྱེ་མཆེད་ཡན་ལག་རྣམས། །གདན་གསུམ་ཀུན་ཚང་མཁའ་འགྲོ་རྣམ་པ་ལྔ། །ཟག་མེད་བདེ་བས་ཚེ་མཐའ་ཡས་པའི་སྐུར། རབ་གསལ་སྲོག་གི་ཟུངས་གྱུར་མཆོད་པ་འབུལ། །དཀར་དམར་ཐབས་ཤེས་ཞུ་བས་དགའ་བཞི་རྒྱལ། །འཁོར་ལོའི་མདུད་གྲོལ་རླུང་སེམས་དྷཱུ་ཏིར་འདུས། །འཆི་མེད་འོད་སྣང་འཇའ་ལུས་དྭངས་མའི་སྐུར། །ལེགས་ཤར་གཞོམ་གཞིག་བྲལ་བའི་མཆོད་པ་འབུལ། །གསལ་མཚོར་ཟླ་བཞིན་སྣང་ངོར་རྟོག་ཚོགས་འཁྲུལ། །ཀ་དག་དབྱིངས་སུ་འཁོར་འདས་དབྱེར་མེད་གཤིས། །གནས་ལུགས་ཆོས་སྐུར་རང་ངོ་འཕྲོད་པའི་ཞལ། །རབ་མཐོང་དོན་དམ་མཆོག་གི་མཆོད་པ་འབུལ། །སྤྲོས་བྲལ་མཁའ་ལ་ལྷུན་གྲུབ་ཞི་ཁྲོའི་གདངས། །ཤུགས་འབྱུང་འཆར་བ་འཇའ་ལུས་རྡོ་རྗེའི་སྐུ། །མངོན་འགྱུར་ཚེ་དབང་རིགས་འཛིན་པདྨ་དང་། །སྐལ་མཉམ་ངོ་མཚར་མཆོད་པ་འདི་རྨད་བྱུང་། །ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བ་ལྟར་གསང་སྔགས་གསར་རྙིང་གི་ཚེ་ཆོག་དུས་འབྲེལ་ཆགས་པའི་ཆེད་དུ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ལ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །འཁོར་འདས་རྒྱལ་པོར་དུས་གསུམ་སངས་རྒྱས་རྣམས། །མཚོ་སྐྱེས་སྤྲུལ་སྐུ་པདྨ་འབྱུང་གནས་དང་། །དབྱེར་མེད་འཇམ་དཔལ་རྡོ་རྗེ་བཙོང་ཁ་པ། །བློ་བཟང་གྲགས་པའི་དཔལ་ལ་མཆོད་པ་འབུལ། །དགེ་འདུན་ཀུན་འདུས་བསོད་ནམས་བྱེ་བའི་ཞིང་། །ཡོན་ཏན་འབྱུང་གནས་ངག་དབང་བློ་ཡི་གཏེར། །སྐལ་བཟང་རྒྱ་མཚོའི་མགོན་དང་དབང་ཆེན་ལྷ། །མཁའ་འགྲོ་དམ་ཅན་ཚོགས་ལ་མཆོད་པ་འབུལ། །ཁྱད་པར་སྣང་སྲིད་དྲེགས་པའི་(༣བ)


GLG015_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དཔོན་ཆེ། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་གསང་བའི་ཡུམ། །བློན་པོ་ལས་མཁན་བཀའ་སྡོད་ཚོགས་རྣམས་ལ། མཆོད་པ་འབུལ་ལོ་འཕྲིན་ལས་ལྷུན་གྲུབ་མཛོད། །ཅེས་གནས་ཆུང་པེ་ཀར་ལྕོག་ཏུ་ཇ་མཆོད་འདི་ལྟ་བུ་ཞིག་བྱུང་ན་ལེགས་འདྲ་ཞེས་དབུ་མཛད་བློ་བཟང་ཡོན་ཏན་དང་མཆོད་དཔོན་ངག་དབང་ཤེས་རབ་གཉིས་ཀྱིས་མཚམས་སྦྱོར་བས་རྐྱེན་བྱས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །འདོད་དགུའི་ཆར་འབེབས་བླ་མ་ཡི་དམ་ལྷ། །འདོད་ཁམས་དབང་ཕྱུག་དཔལ་ལྡན་རེ་མ་ཏཱི། །འདོད་ཡོན་རྣམ་ལྔའི་རྒྱ་ཇ་འདི་བཞེས་ལ། །འདོད་པའི་དོན་རྣམས་འགྲུབ་པའི་འཕྲིན་ལས་མཛོད། །བསྟན་པའི་དཔལ་གྱུར་མ་དང་། །དཔོན་སློབ་དགོན་གནས་མ་གཉིས་ཀྱིས་འཕྲིན་ལས་འཆོལ།། །།སརྦ་མྀངྒ་ལཾ།


previousཕུན་ཚོགས་འདོད་དགུ་མ་སོགས་ཇ་མཆོད་ཀྱི་སྐོར།no next