Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་མཛད་པའི་སྐུ་གསུང་ཐུགས་རྟེན་དང་རིན་པོ་ཆེའི་མཆོད་རྫས་སོགས་གསར་བཞེངས་ཀྱི་དཀར་ཆག་དང་སྨོན་ལམ་སོགས།
   
   
   
   
   
   
   


 
previousརབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་མཛད་པའི་སྐུ་གསུང་ཐུགས་རྟེན་དང་རིན་པོ་ཆེའི་མཆོད་རྫས་སོགས་གསར་བཞེངས་ཀྱི་དཀར་ཆག་དང་སྨོན་ལམ་སོགས།next

རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་མཛད་པའི་སྐུ་གསུང་ཐུགས་རྟེན་དང་རིན་པོ་ཆེའི་མཆོད་རྫས་སོགས་གསར་བཞེངས་ཀྱི་དཀར་ཆག་དང་སྨོན་ལམ་སོགས།


GLG017_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྟེན་གསར་བཞེངས་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་གཉིས་པ་བཞུགས་སོ།།


GLG017_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་མེ་ཏོག་འཕྲེང་ཅན།)
སཾཁྱནསྟིཏྲིཀལྤེདྭིསཾགཱཎྱཕལྱཱདྷརཀྵཏྲཔཱཀྱཱདྭཧོརྣརྟྲཀཿ །
གྲངས་མེད་བསྐལ་གསུམ་བསགས་པའི་ཚོགས་གཉིས་འབྲས། །འོག་མིན་ཞིང་གཙོར་སྨིན་ལས་དུ་མའི་གར། །(༢ན)


GLG017_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཨེཀཔཪྻངྐམཱཤྭཀྱབྲྀཀྵེཙཔྲྀཥྤཱཤྲཡོབཱརནིརྨཱམཡོཔདྷྱཡཿ
སྐྱིལ་ཀྲུང་གཅིག་གིས་མྱ་ངན་མེད་ལྗོན་ལ། །རྒྱབ་བརྟེན་མཆོག་གི་སྤྲུལ་པའི་སྒྱུ་མ་མཁན། །ལྷ་རྣམས་བསྔགས་པའི་མེ་ཏོག་འཐོར་བའི་ཡུལ། །(༢བ)


GLG017_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བཟང་འདི་ལ་ཆད་མེད་སྟོང་ཕྲག་འཕྲེང་། །རིམ་བྱོན་བདེ་གཤེགས་བཞི་པ་དོན་ཀུན་གྲུབ། །རྒྱལ་གཞན་ལས་ལྷག་སྙིང་སྟོབས་ཁྱད་ཞུགས་དཔའ། །མཐའ་ཀླས་ཉི་མ་གཟི་བརྗིད་ལས་འཕགས་སྐུ། །མཚན་དཔེ་རབ་བཀྲ་མཐོང་བས་རྣམ་གྲོལ་བ། །དྲན་པས་སྲིད་ཞིའི་གདུང་སེལ་མཛའ་ན་མོ། །ཡིད་དབང་བསྟན་པ་འཕྲོག་པ་ཀུནྡའི་དཔྱིད། །མཁྱེན་པའི་གཞལ་བྱར་བྲོས་པའི་ལྐོག་གྱུར་ཆོས། །ནམ་མཁའི་ཕ་མཐའ་བཙལ་ཀྱང་མ་རྙེད་པར། །སླར་ཡང་ཐུགས་ཀྱི་མན་ཤེལ་དྲི་བྲལ་ངོས། །བྱེད་པོས་པིར་གྱིས་བྲིས་པ་ཚོན་རིས་བཞིན། །སྐྱོན་གྱི་རྙོག་མའི་རྡུལ་ཆ་ཕྲ་མོས་ཀྱང་། །མ་གོས་ཡོན་ཏན་དངས་བསིལ་ལྷུང་ལྷུང་སྒྲ། །རྫོགས་པ་ཁྱོད་ཉིད་གཅིག་པུའི་ངང་ཚུལ་ཙམ། །མ་ཡིན་བདེ་བར་གཤེགས་ཀུན་སྤྱི་ལུགས་སྲོལ། །འགྲོ་ཁམས་སྒྲིབ་གཉིས་ནད་ཀྱིས་མནར་དེ་སྲིད། །འཕྲིན་ལས་རྩི་སྨན་ལྗོན་པ་འཇུག་པའི་མཐའ། །ཟད་མིན་དེ་ཕྱིར་ཚངས་པ་ཐལ་སྦྱར་ནས། །ཆོས་འཁོར་བསྐོར་བར་གསོལ་ལ་རྟག་ཏུ་འབྲེལ། །སྐུ་དང་ཐུགས་ཡོན་འཕྲིན་ལས་མ་ལ་ཡའི། །བསེར་བུས་འགྲོ་ཀུན་ཉེས་བརྒྱ་ཚ་བའི་གདུང་། །བཅིལ་ཡང་དཔལ་གྱི་མགུལ་ནས་ཚངས་པའི་གསུང་། །འདི་ཀོ་མཛད་པ་རྣམས་ཀྱི་ཡང་རྩེར་སོན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་སོགས། །མཐའ་ཀླས་ཡིད་ཅན་སྐད་དང་དབང་པོ་རུ། །གསུང་གཅིག་གདངས་ལས་སོ་སོ་ལེགས་འབྱུང་བ། །སྟོང་ཕྲག་རྫིང་བུར་ཤར་བའི་ཟླ་གཟུགས་བཞིན། །དབུས་འགྱུར་ཤར་ལྷོ་ནུབ་ཀྱི་ལྗོངས་ཆེན་པོར། །དར་བའི་གསུང་རབ་ཟད་མེད་བང་མཛོད་ལས། །ལོ་པཎ་བརྩོན་པའི་ཤིང་རྟས་བོད་ཡུལ་འདིར། །མཁའ་ཚེས་གླེགས་བམ་རིན་ཅེན་ཕུང་པོར་དྲངས། །རྒྱལ་བསྟན་ཉི་ལྟར་(༣ན)


GLG017_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བཞེད་ལྷག་བསམ་གྱིས། །མཆོད་གནས་སྡེ་གཉིས་དབུ་ཡི་ཐོད་ཁུར་ནས། །བཤད་སྒྲུབ་སྲོག་གི་ཟུངས་སུ་སྔོན་བྱུང་གི །རྒྱལ་བློན་རིམ་པར་བྱོན་ལས་སུ་ཞིག་གསུང་། །ཡིད་སྲུབས་ཕྱོགས་ཀྱི་དམོད་པས་ལུང་རྟོགས་ཟླ། །ཆ་ཤས་འཕེལ་འགྲིབ་དངོས་པོའི་གཤིས་ཡིན་ཀྱང་། །ཕྱི་དར་བསྟན་པའི་ཉི་དཀྱིལ་རྟག་གང་བ། །འགྲོ་འདིའི་བསོད་ནམས་དཔྱིད་དུ་རྒྱས་པ་བཞིན། །དགེ་སྡིག་སྲང་ལ་བཏེག་པས་ལས་དཀར་གྱི། །ཕུང་པོ་ལྕིད་དུ་ཆེ་འདོད་བླང་དོར་ལ། །ལྟ་བའི་མིག་ཡངས་ནང་སོ་དགོས་དགོས་ཀྱིས། །བརྩོན་པས་བརྒྱ་ཕྲག་གླེགས་བམ་དེང་འདིར་བསྒྲུབས། །རྒྱུ་སྦྱོར་བྲིས་མཁན་ཞུས་ཆེན་ལས་བྱེད་ཀུན། འདིར་འབད་བསམ་སྦྱོར་ཛམྦུ་ལྗོན་པའི་འབྲས། །ལེགས་བྱས་རྒྱ་མཚོར་ལྷུང་ལས་སྲིད་དང་ཞིའི། །གསེར་གྱི་སྙེ་མ་ཡོངས་སུ་སྨིན་པར་ཤོག །བདེ་བར་གཤེགས་པས་གང་མཁྱེན་ཆོས་རྣམས་ལ། །མངོན་སུམ་འཁྲུལ་མེད་གཞལ་ནུས་བཙོང་ཁ་པའི། །བསྟན་པའི་བ་དན་ཕྱོགས་བཅུར་རབ་ཚུགས་ཤིང་། །དེ་འཛིན་སྐྱེས་བུ་འདུས་ཚོགས་དར་བར་ཤོག །ཐོས་བསམ་སྒོམ་པ་འབྲེལ་བའི་གྲུ་བོ་ཆེས། །འགྲོ་མང་ནོར་བུའི་གླིང་དུ་འདྲེན་བཟོད་པ། །ཟ་ཧོར་རིགས་ལས་འཇམ་དབྱངས་དགའ་བའི་བཤེས། །སྲོག་གི་འཚོ་བ་དོན་དང་ལྡན་གྱུར་ཅིག །གོམ་པའི་རི་མོ་རྒྱལ་ཕྲན་བྱེ་བའི་མགོར། །འགོད་པའི་བློ་དང་བཟང་པོའི་ལས་འཕྲོའི་མཐུ། །སྟོབས་ལྡན་ས་སྤྱོད་ཚེ་དང་དབང་ཐང་གིས། །དུས་ཀྱི་བྱེད་པོའི་ངང་ཚུལ་འཛིན་པར་ཤོག །སྲིན་པོ་བྱིན་ཤ་འདར་པའི་དཔའ་རྟུལ་གྱིས། །དགྲ་དཔུང་སྲིད་སྡེ་ལྐོག་མར་སྙིང་འབྲོས་མཁན། །བསྟན་འཛིན་ད་ལའི་རྒྱལ་པོས་གནམ་དང་སའི། །དབང་ཕྱུག་དམ་པའི་ངང་ཚུལ་འཛིན་པར་ཤོག །ལྷ་ལྡན་གཙུག་ལག་བྱ་འདབས་ཀྱིས་བསྐྱངས་པ། །སྡེ་(༣བ)


GLG017_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འཛམ་གླིང་ཡོངས་ཀྱི་བདོག་པའི་དཔྱ། །ཀུན་ཚང་ཚོང་འདུས་དར་བ་རྣམ་ཐོས་བུའི། །གན་མཛོད་མངོན་སུམ་འཕོས་པའི་རྗེས་འགྲོར་ཤོག །འབྱོར་པ་ནོར་བུས་འགྲངས་རྒྱས་ལྟར་གྱུར་ཀྱང་། །རྒྱགས་པའི་ཁེངས་བྲལ་ཁང་ཁྱིམ་ཤག་སྐོར་ལྡན། །མགོན་མེད་ཟས་སྦྱིན་ལ་འཁུའི་མི་བརྒྱུད་དང་། །མངའ་ཐང་བླ་ནས་བླར་ཡང་འཕེལ་བར་ཤོག །དཀོན་ཅོག་ཐུགས་རྗེའི་གཟི་བྱིན་ནོར་བུའི་སྒྲོན། །ཆེས་ཆེར་འཇིག་རྟེན་ཡོངས་ཀྱི་ཕན་དང་བདེའི། །སྣང་བ་ཆད་པ་མེད་སྒྱུར་འདིས་མཚོན་པའི། །དུས་གསུམ་བསགས་པའི་དགེ་ཚོགས་མཐའ་དག་བསྔོ། །ཞེས་འགྲངས་རྒྱས་ཤག་པ་ནང་སོ་དགོས་དགོས་ཀྱི་ལྷག་བསམ་གྱིས་ཡིད་དྲངས་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གླེགས་བམ་དུ་བཞེངས་པའི་ཚེ་དཀར་ཆག་སྨོན་ལམ་དང་བཅས་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་ཛ་ཡནྟུ།(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)
རཱགབིནྡུརྦྷབཱསྠིཏྱཤཾསུཁྱརཱསཱདཡགཱརྠིཔྲཱརྠབུདྷཻཪྶབྷཾ། །ནམབཻཤཱཥཙཱཪྻོཛཡཱནྱརྟིངྉྤཉྩམཱིཏཱིཔྲཏྉྤ྄ཛྱནཱིཤཱཀྱཀཿ
ཆགས་རྡུལ་སྲིད་ལ་མི་གནས་ཞི་བདེའི་རོ། །ཞེན་མེད་འགྲོ་དོན་ལ་གཞོལ་སངས་རྒྱས་སྤྱིའི། །ལུགས་ལས་ཁྱད་འཕགས་རྒྱལ་གཞན་གྱིས་དོར་བའི། །ལྔ་བདོའི་སྐྱེ་རྒུའི་འདྲེན་པ་ཤཱཀྱའི་ཏོག །འཛུམ་ཞལ་པདྨའི་འདབ་རྒྱ་ཡོངས་གྲོལ་ལས། །ལེགས་གསུང་སྦྲང་རྩིའི་(༤ན)


GLG017_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བ་འཛག་པའི་རྒྱུན། །རིགས་ཅན་གསུམ་གྱི་བུང་བ་ངོམས་བྱས་དེང་། །བར་མེད་ལས་ལྷན་མཐའ་དག་གཅིག་ཏུ་ཚིམ། །རྒྱུ་དེས་མཐོ་རིས་དགའ་ཚལ་ལྟ་ཞོག་གི །ཐར་པའི་ཡུལ་ས་ཀུན་ཀྱང་ཕན་པའི་གླུ། །དར་དིར་སྒྲོགས་ལ་བྲེལ་བས་གཏམས་པ་འདི། །མགོན་ཁྱོད་དྲིན་ལས་གཞན་དུ་གང་གིས་བྱས། །ལོག་པའི་སློབ་དཔོན་གྱིས་འདྲིད་མུ་སྟེགས་བྱེད། །ལྷ་གཅིག་ཕྱོགས་ལས་ཕྱིར་གྱུར་སྐལ་ངན་ཅན། །བྱང་བསྟན་ཕུག་པར་ཉི་འོད་མི་འཆར་བའི། །རང་བཞིན་དེ་ལ་སུ་ཡིས་བཅོས་སུ་ཡོད། །ཅི་ཡང་ཡིད་མི་བྱེད་པའི་རྙོག་པ་ཡིས། །ཐུབ་བསྟན་ཆུ་ཀླུང་སྦགས་པ་ཀ་མ་ལས། །དྲུངས་ཀྱང་ཕྱག་རྒྱའི་ཁྲུས་གང་དེར་སྨོན་པ། །ལྗོངས་འདིར་སྐྱེ་རྒུའི་ལས་ངན་ལྡོག་པ་དཀའ། །འོན་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །རླབས་འཕྲེང་ཡོལ་བ་མེད་པའི་རྒྱ་མཚོའི་འཇིང་། །ས་ལམ་གདེངས་ཀ་གཡོ་བའི་གཙུག་ཏོར་རྩེར། །སྐུ་བཞི་ནོར་བུའི་ཅོད་པན་འོད་འབར་སྤྲོ། །དེ་ཚུལ་འགྲུབ་བྱེད་རྒྱུ་རྐྱེན་ལ་རག་པས། །སྒྲིབ་གཉིས་ནད་གསོའི་སྨན་པ་ཉི་མའི་གཉེན། །དཔལ་གྱི་གུར་ལས་གསུངས་པ་དམ་པའི་ཆོས། །ཐོས་བསམ་སྒོམ་ལ་མཁས་རྣམས་གཅིག་ཏུ་གཞོལ། །བོད་སྐྱོང་རྒྱལ་པོའི་བཀས་བཅད་ལྔ་ཕྱིར་འགྱུར། །ཕྱི་དར་འཇིག་རྟེན་མིག་གཅིག་མཐའ་ཀླས་པའི། །གསར་ཞུས་སྔར་བྱུང་བཅོས་སོགས་རྒྱལ་བའི་བཀའ། །བརྒྱ་ཕྲག་གླེགས་བམ་བསོད་ནམས་བརྒྱ་མཚོའི་ཞིང་། །འདྲི་ཀློག་འཆད་ཉན་སྲི་ཞུར་བྱེད་པ་ཀུན། །སྔོན་གོམས་སྐྱེ་བོའི་སྤྱི་གཙུག་ཤ་རྨེན་ལས། །བརྡོལ་བའི་འཁོར་འདས་ཕུན་ཚོགས་ང་ལ་ནུའི། །དབང་ཐང་གསེར་གྱི་འཁོར་ལོ་མཁའ་ལ་འཕགས། །འདི་དང་གཏན་གྱི་མདུན་མ་མ་ལུས་པ། །འགྲུབ་ལ་གོར་མ་ཆགས་པ་བློ་གྲོས་ཀྱི། །མིག་གིས་མངོན་སུམ་མཐོང་བཞིན་(༤བ)


GLG017_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་འདོར་བ། །དེ་འདྲ་གཞན་འཕྲུལ་བདག་པོས་བརླམས་པར་ཟད། །སྐྱེ་རྒ་ན་འཆིའི་ཆུ་སྲིན་འབྱུང་གནས་ལས། །སྒྲོལ་ནུས་དལ་འབྱོར་གྲུ་བོ་ཆེ་ཡི་མཐུས། །སྤངས་རྟོགས་རིན་ཅེན་འདྲེན་འདོད་དཔྱོད་ལྡན་རྣམས། །དགེ་ཚོགས་དེད་དཔོན་ངང་ཚུལ་ལ་བརྟེན་རིགས། །དེ་ཡང་དཀར་ནག་གི་ལས་ཀྱི་འབྲས་བུ་འཆོལ་བར་མི་འབྱུང་བ་འོ་སྐོལ་གྱི་སྟོན་པས་ལན་གཅིག་མ་ཡིན་པར་བཀའ་སྩལ་ཞིང་དེ་ལ་ཡིད་བརྟན་དུ་བྱས་པ་མི་བསླུ་བ། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་བསྐམས་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན། ཞེས་སངས་རྒྱས་ཀྱིས་མི་བདེན་པ་གསུང་བ་ནི་ནམ་ཡང་མེད་ཅིང་དགེ་བའི་ཚོགས་རྣམས་ཀྱི་ནང་ནས་ཀྱང་དཀོན་ཅོག་གསུམ་དངོས་དང་དེའི་རྟེན་ལ་རི་མོར་བྱ་བ་ནི་མཆོག་ཏུ་བསྔགས་པས། ལུང་གཞི་ལས། །མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་ལ་ནིགོམ་འདོར་ན། །ཛམྦུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཁྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་བདག་སྔོན་སྤོས་འཚོང་གྱུར་བ་ལས། །རྣམ་པར་གཟིགས་ཀྱི་གསུང་རབ་ཀྱི། །དགེ་སློང་དགེ་འདུན་སྤྱན་དྲངས་ནས། ཁྱེད་ཅག་ཇི་སྙེད་བཞེད་པ་ཡི། །བསྙུན་སྨན་བདག་གིས་དབུལ་བགྱིས་ཏེ། །ཤུན་པ་རྩ་བ་འབྲས་བུའི་སྨན། །དགེ་འདུན་བདག་གིས་ཚིམ་པར་གྱིས། །དགེ་འདུན་དབྱར་གྱི་སྤྱན་དྲངས་ནས། །བདག་ལ་དགེ་སློང་གཅིག་ཅིག་གིས། །ཨ་རུ་ར་གཅིག་མ་གཏོགས་བར། །དེ་ན་འགའ་ཡང་སློང་བ་མེད། །བསྐལ་པ་དགུ་ཅུ་རྩ་གཅིག་ཏུ། །བདག་ནི་ལོག་པར་ལྷུང་མ་གྱུར། །སྨན་སྦྱིན་པ་ཡི་རྣམ་སྨིན་ནི། །མཐུ་ཆེན་འདི་(༥ན)


GLG017_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བལྟ་བར་གྱིས། །དགེ་བ་ཆུང་ངུ་བྱས་པས་ནི། །བདེ་བ་མང་པོ་ཉམས་སུ་མྱོང་། །ཨ་རུ་ར་ནི་གཅིག་བྱིན་པས། །ཡུན་རིང་མཐོ་རིས་རྣམས་སུ་དགའ། །ཞེས་སངས་རྒྱས་ཀྱི་མཆོད་རྟེན་ལ་གུས་པར་བྱས་པ་དང་དགེ་འདུན་ལ་བསོད་སྙོམས་དང་སྨན་ཕུལ་བ་སོགས་ཀྱིས་མཚོན་པའི་བསོད་ནམས་ཀྱི་འབྲས་བུ་བླ་ན་མེད་ནའང་དེའི་ནང་ནས་ཀྱང་གསུང་རབ་ཉིད་མཆོག་ཏུ་གྱུར་པས། བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཁོ་ར་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་མཆོད་པ་རྣམ་པ་མང་པོས་བཀུར་སྟིར་བྱ་བླ་མར་བྱ། རྗེད་པར་བྱ་མཆོད་པར་བྱ་རི་མོར་བྱ་བསྙེན་བཀུར་བྱ་སྟེ་ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར་རོ། །ཞེས་འབྱུང་བ་ཤེར་ཕྱོགས་སུ་མ་ཟད་ཐུབ་པའི་གསུང་རབ་མཐའ་དག་ལ་ཕྱོགས་མཚུངས་ཤིང་། །རྒྱུད་རྣམས་ནི་ཕན་ཡོན་ལྷག་པར་ཆེ་བས། རྡོ་རྗེ་རྩེ་མོ་ལས། བཟླས་པའི་གསང་བ་ངེས་སྦས་པ། །གསང་བ་འདི་ནི་རྣམ་པ་དྲུག །རིག་འཛིན་རྣམས་ཀྱི་སྙིང་པོ་དང་། །རྣལ་འབྱོར་རྒྱུད་ནི་བསྡུས་པ་དང་། དོན་ཡོད་ཤིན་ཏུ་རྨད་བྱུང་བ། །གསང་བ་ལས་ཀྱང་མཆོག་གསང་བཤད། །བཟླས་བརྗོད་ཙམ་གྱི་སྦྱོར་བ་ཡིས། །ལྟ་བའི་རི་བོ་འཇོམས་པར་འགྱུར། །ཞེས་བཟླས་བརྗོད་ཙམ་གྱི་ཕན་ཡོན་འདི་ལྟར་གསུངས་ཤིང་། སྤྱི་རྒྱུད་དུ། །དཀྱིལ་འཁོར་(༥བ)


GLG017_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་མཐོང་མ་ཐག །དེ་དག་ཐད་པར་འགྱུར་ཡིན་ན། །ཞེས་དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་སྡིག་པའི་ཚོགས་རྣམས་བྱང་བར་གསུངས་པའི་ཤུགས་བསྟན་ལ། རྒྱུད་སྡེ་བཞིའི་གླེགས་བམ་འདྲི་ཞིང་ཀློག་པ་དང་རི་མོར་བྱེད་པ་སོགས་ཕན་ཡོན་མཐའ་ཀླས་པས་འཇམ་དཔལ་དབྱངས་ཀྱི་རྣམ་པར་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་ལོ་པཎ་རྣམས་ཀྱིས་མདོ་འདུལ་ཤེར་ཕྱོགས་མང་དུ་བསྒྱུར་ཅིང་། རིགས་ཀྱི་དབོན་གསང་བའི་བདག་པོ་མངའ་བདག་ཁྲི་རལ་པ་ཅན་གྱིས་སྐད་གསར་བཅད་ཀྱིས་གཏན་ལ་འབེབས་སུ་བཅུག །གསང་སྔགས་རྙིང་མའི་རྒྱུད་རྣམས་ནི་བཀའ་ཤིན་ཏུ་གཉན་པས་གསང་ཆོས་ལྟ་བུར་སྦས་པའི་ཚུལ་དུ་གྱུར་ནས་བསྟན་པ་ཉིན་མོ་ལྟར་གསལ་བ་དུས་ཀྱི་འཕེལ་འགྲིབ་སྣ་ཚོགས་བྱུང་ནའང་དཔལ་མར་མེ་མཛད་དང་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་སོགས་ལོ་པཎ་མཁས་གྲུབ་མང་པོས་བསྟན་པའི་མེ་རོ་ཆེས་ཆེར་བསོས་ཤིང་ཁྱད་པར་བཀའ་འགྱུར་རོ་ཅོག་ལ་དབུས་པ་བློ་གསལ་དང་བཅོམ་ལྡན་རལ་གྲི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཚལ་པ་སི་ཏུ་དགེ་བའི་བློ་གྲོས་རྣམས་ཀྱིས་དཀར་ཆག་བསྒྲིགས་ཤིང་དག་ཐེར་མཛད་ནས་འཕེལ་རྒྱས་སུ་གྱུར་ཅིང་ཁྱད་པར་བསྟན་པའི་རྒྱུན་ལ་དགོངས་ནས་བཤེས་གཉེན་གྲོ་ལུང་པ་ཆེན་པོ་དང་། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མདོ་མངས་ཀྱི་ལུང་རྒྱུན་འབད་པ་ཆེན་པོས་བཙལ་བ་ནི། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་བཀླག་པར་བྱ་ཀུན་ཆུབ་པར་བྱ། རབ་ཏུ་གདོན་པར་བྱ། བསྟན་པར་བྱ་ཉེ་བར་བསྟན་པར་བྱ་ལུང་དབོག་པར་བྱ་ཁ་ཏོན་བྱ་བྲི་བར་བྱ། ཞེས་གསུངས་པའི་དགོངས་པ་བླ་ན་མ་མཆིས་པ་(༦ན)


GLG017_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཅིང་། བར་སྐབས་སུ་རིམ་གྱིས་ཆ་ཕྲ་བར་གྱུར་པ་བུ་སྟོན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོས་ཤིང་རྟའི་སྲོལ་སླར་ཡང་བཏོད་ཅིང་དེང་སང་གི་དུས་ཆོས་པར་རློམ་པ་ཕལ་ཆེར་ཁྱིམ་གྱི་བདག་པོའི་བསམ་སྦྱོར་ལྷུར་བླངས་ཏེ་གལ་ཆུང་ཆོས་ལ་བྱེད་པའི་དུས་ངན་འདིར། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་གནས་གསར་པ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྟན་པ་རིན་པོ་ཆེའི་སྲོག་འཐུད་པའི་རྣམ་པར་ཐར་པ་ལ་གཟུར་གནས་སྐྱེ་རྒུ་རྣམས་ལག་པའི་སོར་མོ་སྙིང་གར་ཟུམ་པའི་གནས་སུ་སྣང་ཞིང་སླར་ཡང་ཐུབ་བའི་བསྟན་པ་ལ་བྱ་བ་ཡང་དག་པར་མཛད་པ་ངེས་པ་དོན་གྱི་བསྟན་འཛིན་མང་ཞིང་འགྲོ་བའི་བསོད་ནམས་ཀྱི་མཐུས་རྟགས་ཙམ་འཛིན་པའི་བར་དུ་འབྱོན་པར་སེམས་སོ། །སྐབས་དོན་པ་རི་ངྷ་ར་ཞེས་པ་ཡོངས་འཛིན་དུ་འབོད་པ་ཆུ་ཕོ་བྱི་བའི་ལོ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་ནས་དོ་དམ་ཉུག་པ་དོན་གྲུབ་རྡོ་རྗེ་དང་འབྲི་ལུང་དབང་རྒྱལ་གཉིས་ཀྱིས་བྱས་དཔོན་ཡིག་པ་ཨོ་ཆོས་ལུང་དཀར་མོ་ནས་མཁས་བསྡུས་ཀྱིས་ཧོར་རྒྱལ་པོའི་དུས་བོད་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་བའི་ཡ་གྱལ་ལྷོ་ཁྲི་སྐོར་གྱི་རྫོང་གི་ལྟེ་བ་ཤལ་དཀར་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་ལ་རྙིང་མ་རྒྱུད་འབུམ་གཙོ་བསྡུས་གསུམ་བསྣན་ཏེ་བཞེངས་པ་ཡིན་ནོ། །རྒྱ་ཧོར་བོད་ཡུལ་ཚངས་པའི་ལྟེ་བ་རུ། །ཞྭ་སེར་བསྟན་སྲིད་གསེར་སྒོང་ཡོངས་སྤུངས་པ། །བསོད་ནམས་བྱས་པའི་དྲོད་ཀྱིས་ཆེར་སྨིན་འབྲས། །ཐུབ་པའི་བསྟན་ལ་ནམ་ཡང་འཛད་མེད་ཤོག །འདིའི་ཆེད་བྱེད་པོར་གཏོགས་པའི་མཆོག་དམན་འགྲོས། །ཉེར་མཚོན་རྒྱུད་ལྔའི་སྐྱེ་རྒུ་མ་(༦བ)


GLG017_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ། །གནས་སྐབས་སུམ་རྩེན་དཔལ་ལ་སྤྱོད་བཞིན་དུ། །རིང་མིན་བྱང་ཆུབ་མཆོག་དེ་རྙེད་པར་ཤོབ། །ཤིས་བརྗོད་མེ་ཏོག་དཀར་མཛེས་མཆོད་པའི་སྤྲིན། །རྒྱལ་གསུང་སྲི་ཞུར་དབུལ་བའི་འཆི་མེད་རྣམས། །ལྷ་ལམ་ངོས་སུ་དགའ་བའི་གར་སྒྱུར་ཅིང་། །རབ་རྙན་གླུ་དབྱངས་རྟག་ཏུ་ལེན་གྱུར་ཅིག །ཅེས་བཀའ་འགྱུར་གསར་བཞེངས་ཀྱི་དཀར་ཆག་སྨོན་ལམ་དང་བཅས་པ་འདི་ནི་ཟ་ཧོར་གྱི་བནྡེ་སྡོམ་བརྩོན་སྡེ་སྣོད་གསུམ་པས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་ཤྲཱི་ཨསམཔཪྤཏནནྡབཧཤྴཱསནོདཡབྷཝནྟུ། ཆུ་བྱི་ཕོ་བྲང་ཆེན་པོ་པོ་ཏ་ལའི་མཆོད་ཁང་དམར་པོའི་ལི་མ་ལྷ་ཁང་དུ་བཞུགས་པའི་བྲིས་ཐང་སྣ་ཚོགས་སྣོད་སྒམ་ཆོས་བཅས་དེབ་ཐེར་དུ་བཀོད་པའི་འགོ་བརྗོད་ངོ་མཚར་སྒྱུ་འཕྲུལ་གར་མཁན། རྣམ་འདྲེན་སྲས་དང་སློབ་མའི་སྣང་བརྙན་གྱི། །སྤྲུལ་བསྒྱུར་ཆུ་ཟླ་ཇི་བཞིན་གདུལ་བྱའི་ངོར། །ཤར་བའི་ཕ་མཐའ་མེས་པོས་མ་རྙེད་ནས། །ཟག་བཅས་གཉིད་ལ་བསྐལ་པའི་བར་དུ་གཡུར། །འོན་ཏེ་ཚུར་མཐོང་འགྲོ་བློར་ཉེར་འཚམ་པའི། །སྣ་ཚོགས་བཀོད་པ་ཀཱ་ཤི་གཙང་མའི་ངོས། །གཙུག་ལག་གཉིས་པ་ཤེས་པའི་སོར་མོའི་གར། །ལེགས་བསྒྱུར་སྒྱུ་མའི་རྣམ་འཕྲུལ་གཟིགས་མོར་མཚར། །གྲངས་སྙེད་རྟོགས་པར་སླ་བའི་ངོས་འཛིན་གྱི། །དཀར་ཆག་ཨ་འདུས་ཀ་འཕྲེང་ཡི་གེའི་གཟུགས། །དེབ་ཐེར་འཁྲུལ་པ་མེད་པའི་ཨཱ་དཪྴར། །གསལ་འདིས་མི་བསྐྱུད་མཐོང་བས་དོན་ཀུན་གྲུབ། །ཅེས་ཤིས་པར་བརྗོད་ནས། །ཆུ་བྱི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ར་ས་འཕྲུལ་སྣང་གི་མཎྜལ་ར་བའི་ལྕགས་ཁྲ་གསར་བརྗེས་ཀྱི་ནུབ་ཕྱོགས་སུ་ར་མ་ལུག་གི་ཚགས་སོགས་རྒྱས་པར་སྤེལ་བའི་ཁ་ཡིག་མཆོད་སྤྲིན་འཛད་མེད་འཁྱིལ་བའི་ཕྱག་རྒྱ། ཛམྦུའི་ལྗོན་པས་མཚན་(༧ན)


GLG017_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གླིང་གི་རྒྱན། །ལྷ་བཅས་སྐྱེ་རྒུའི་བསོད་ནམས་རྒྱ་མཚོའི་ཡུལ། །མཐོང་ཐོས་དྲན་པའི་ངེས་ལེགས་སར་སྦྱོར་བ། །ཤཱཀྱའི་ཏོག་གྱུར་རྣམ་འདྲེན་ཉི་མའི་གཉེན། །མགོན་དེའི་བརྟེན་པ་ཞིང་ཁམས་ཞིང་གི་གཙོ། །སྲོང་བཙན་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ། །ས་ལ་གནས་པའི་འོག་མིན་སྟུག་པོ་བཀོད། །རྒྱ་གར་རྒྱ་ནག་ཧོར་དང་བལ་ཡུལ་ལི། །ཡ་ཚེ་བོད་ཀྱི་ཆེ་རྒུས་ཐོག་དྲངས་པའི། །མཆོག་དམན་བར་པའི་འགྲོ་བས་ཡོངས་སྤེལ་བ། །མཆོད་སྤྲིན་འཛད་པ་མེད་པ་ནམ་མཁའ་མཛོད། །གང་དེར་མི་བསྲུན་ཆོམ་པོས་མ་བྱིན་ལེན། །སྲུང་བྱེད་ལྕགས་ཀྱི་དྲ་བའི་འཁོར་ཡུག་གི །ནུབ་ངོས་དངུལ་ཚགས་རུ་བཞི་ར་མ་ལུག །རྨད་བྱུང་བཀོད་པས་རི་མོར་ཚར་དངར་བ། །ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་སྤེལ་བའི། །དོ་དམ་བར་ཏ་ཆོས་མཛད་ཨ་ཏར་སོགས། །ཚགས་པ་རིན་ཅེན་གྱིས་གཙོས་བཟོ་བོའི་རིགས། །དགོས་བྱེད་སྤྲོད་མཁན་བྱང་གླིང་རྒྱལ་པོས་བགྱིས། །དགེ་ཚོགས་མ་དྲོས་ལས་འོངས་གངྒཱའི་ཀླུང་། །བྱང་ཆུབ་མཆོག་གི་རྒྱ་མཚོར་རྟག་བབས་ནས། །འབྲས་བུ་རྒྱུད་ལྔའི་ཡིད་ཅན་མ་ལུས་པ། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །སེམས་ལྡན་ཀུན་གྱི་སྙིང་ལ་དཀོན་ཅོག་གི །མ་སྨད་ཐུགས་རྗེ་ཞུགས་པའི་གཟི་བྱིན་འོད། །འབར་བའི་བཀྲ་ཤིས་སྣང་བའི་དགའ་སྟོན་གྱིས། །ཡངས་པའི་ནོར་འཛིན་མ་ལུས་གསལ་བར་ཤོག །ཆོས་ཉིད་ཟད་སར་འཁྱོལ་བའི་རགས་པའི་ལུས། །འཇའ་ཚོན་འོད་སྐུར་གྲོལ་མཐུས་འཁོར་འདས་ལ། དབང་སྒྱུར་བརྟུལ་ཞུགས་མཐར་ཕྱིན་རིག་སྔགས་འཆང་། །པདྨ་ཐོད་འཕྲེང་འགྲོ་ཀུན་རྗེས་སུ་བཟུང་། །ཐབས་ཤེས་མཁའ་(༧བ)


GLG017_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁའ་སྦྱོར་ཟུང་འཇུག་པས། །ངྷུ་ཏཱིར་རླུང་སེམས་བཅིངས་ལས་འཁོར་ལོའི་མདུད། །རྣམ་གྲོལ་བདེ་སྟོང་བྱིངས་ཞུགས་པདྨ་ལས། །ལེགས་པར་འབྱུང་བའི་གནས་གཅིག་ཁྱོད་ཁོ་ན། །ཕྱག་དར་ཁྲོད་པའི་ངུར་སྨྲིག་གོས་འཆང་ཞིང་། །ཡོན་ཏན་ཀུན་རྫོགས་པདྨ་སམ་བྷ་ཝ། །ལྔ་རིག་མཁྱེན་ཡངས་སྤྱན་གྱིས་མ་གཞལ་བའི། །ཇི་ལྟ་ཇི་སྙེད་གནས་ཚུལ་ད་ག་རེ། །གཅིག་ཏུ་གསལ་བའི་བློ་གྲོས་ཉི་འོད་ཀྱིས། །རྨོངས་ཆེན་སྨག་རུམ་ཕ་མཐར་བྱས་པའི་བཤུལ། །ཤེས་བྱའི་གཟུགས་ཀུན་མཐོང་བའི་སྐལ་པ་དང་། །ལྡན་ཁྱོད་མཆོག་གི་ཉེ་ལམ་ལ་སྲེད་བཙོན། །སྐྱེ་མེད་པདྨའི་ཟེའུ་འབྲུར་སྐྱེ་བའི་ཚུལ། །ཆགས་མེད་རྒྱལ་སྲས་རྒྱུད་ལྔར་ཆགས་པ་ཡིས། །ཞེན་མེད་ཁམས་གསུམ་སྡུད་པོར་ཞེན་པ་ཅན། །ངེས་མེད་འགྲོ་ཀུན་མངའ་འབངས་རིས་ལྟར་སྐྱོང་། །བརྒྱ་ཕྲག་ཉི་མའི་དཔལ་ལ་འགྲན་པའི་འོད། །ཐུགས་རྗེའི་ཟེར་འཕྲེང་སྤྲོ་བ་རྨད་པོ་ཆེ། །གདུལ་བྱར་སྣང་བ་བརྩེ་བའི་མཆོག་སྦྱིན་མཁན། །རྣལ་འབྱོར་སྤྱོད་པས་ས་ལམ་རྟོགས་པ་རྫོགས། །དཀར་མིན་རང་སེམས་འཁྲུལ་བའི་སྒྱུ་མའི་གྲོང་། །ཡིད་སྲུབས་བ་གླང་སྨྱོན་པའི་སྲོག་པ་རྩེར། །ཤཱཀྱའི་མཚན་དཔེ་སེང་གེའི་མཆེ་བ་ཡིས། །ཉེར་གཅོད་ཐུབ་ཆེན་གཞན་ན་དམིགས་སུ་མེད། །ལྟ་ངན་མུ་སྟེགས་སྡེ་བཅས་རི་དགས་ཚོགས། །ལྐོག་མར་དོན་སྙིང་འཐོན་པའི་སྔོན་འགྲོའི་སྒོར། །རྣ་བར་འཇིགས་པ་མེད་པ་སེང་གེའི་སྒྲ། །སྒྲོགས་པའི་རྡོ་རྗེའི་ཁྲོ་བོ་གར་གྱིས་རོལ། །འཆོལ་པའི་ཁྲོ་བོ་གཏུམ་ཆེན་སྟང་སྟབས་ཀྱིས། །ཕུར་པའི་དབྱུག་རྩེར་དགྲ་བགེགས་ཕྱེར་བཏགས་པས། །སྡེ་བརྒྱད་ཀུན་གྱི་ལག་ཆ་སྟབས་གཅིག་ཏུ། །འཆོར་བྱེད་རྡོ་རྗེ་སྲིན་པོ་གྲོ་བོ་ལོད། །མགོན་ཁྱོད་མཛད་(༨ན)
པས་མཁའ་ཁྱབ་དེ་སྙེད་ཚད། །རྣམ་མཁྱེན་ལས་གཞན་གཞལ་ནུས་སྲིད་མིན་ཀྱང་། །འཛམ་བུའི་གླིང་ན་མཚོ་སྐྱེས་རྣམ་རོལ་གར། །ཆེ་ལོང་ཞིང་བཀོད་ངོ་མཚར་འབྱམས་སུ་ཀླས། དགེ་ཚོགས་རྀ་ཥིའི་འོད་ཀྱིས་གང་ཁྱབ་ཆུ། །སྲིད་ཞིའི་ཟུག་རྔུའི་དུག་བྲལ་ཕན་དང་བདེའི། །ཡན་ལག་བརྒྱད་དུ་བསྒྱུར་བ་སྐྱེ་རྒུའི་བདག །མཐོ་རིས་སྨན་པ་ཆེན་པོ་དེང་འགྲུབ་ཤོག །ཅེས་པ་འདི་ཡང་སྣེའུ་སྡོང་རྩེའི་བདག་མོ་བསོད་ནམས་དབང་འདུས་རྒྱལ་མོས་དཔལ་ཨོཾ་ཌཱི་ཡཱ་ནའི་སློབ་དཔོན་ཆེན་པོ་མཚན་བརྒྱད་གྲ་ཚར་སིནྡྷུ་རྒྱ་མཚོའི་ཞིང་བཀོད་དང་བཅས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །


previousརབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་མཛད་པའི་སྐུ་གསུང་ཐུགས་རྟེན་དང་རིན་པོ་ཆེའི་མཆོད་རྫས་སོགས་གསར་བཞེངས་ཀྱི་དཀར་ཆག་དང་སྨོན་ལམ་སོགས།next