Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་མཛད་པའི་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་ཁྲོ་གསར་བླུག་གི་ཁ་བྱང་དང་། རིན་ཆེན་རྒྱན་ཆའི་དེབ་ཐེར་གྱི་འགོ་བརྗོད་སོགས།
   
   
   
   
   
   


 
previousརབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་མཛད་པའི་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་ཁྲོ་གསར་བླུག་གི་ཁ་བྱང་དང་། རིན་ཆེན་རྒྱན་ཆའི་དེབ་ཐེར་གྱི་འགོ་བརྗོད་སོགས།next

རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་མཛད་པའི་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་ཁྲོ་གསར་བླུག་གི་ཁ་བྱང་དང་། རིན་ཆེན་རྒྱན་ཆའི་དེབ་ཐེར་གྱི་འགོ་བརྗོད་སོགས།


GLG017_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་མཛད་པའི་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་ཁྲོ་གསར་བླུག་གི་ཁ་བྱང་དང་། རིན་ཆེན་རྒྱན་ཆའི་དེབ་ཐེར་གྱི་འགོ་བརྗོད་སོགས།ཆུ་གླང་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་ནས་བླུག་པའི་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་ཁྲོ་འཛམ་གླིང་འདོད་འཛོའི་ཁ་བྱང་ཆད་མེད་མུ་ཏིག་གསར་པའི་འཁྲི་ཤིང་། རྒྱ་ཧོར་མདོ་སྟོད་མདོ་སྨད་བལ་བོད་སོགས། །འཛམ་གླིང་སྐྱེ་རྒུས་ལེགས་བྱས་སྤེལ་བའི་ཆེད། །ལྗོན་པའི་ཕུར་མ་བཅུད་དུ་འཁྱིལ་བའི་ཇ། །རོ་བརྒྱའི་དཔལ་ལྡན་ཚ་བའི་ཟ་མ་ཏོག །འདི་ནང་སྲིད་ཞིའི་ལོངས་སྤྱོད་མ་ལུས་པ། །དབྱར་མཚོ་ལྟ་བུར་གྱེན་ནས་གྱེན་ཕྱུར་བའི། ཁྲོ་འདི་ཤོང་བའི་སྣོད་དུ་ཚངས་པ་ཡིས། །ཡངས་པའི་ནོར་འཛིན་དཔལ་མོའི་མངལ་ཆེན་བསྐྲུན། །བསོད་ནམས་ཟད་མེད་ཤེས་པའི་མུ་ཏིག་ཆར། །རྒྱུན་དུ་འབབ་པ་འཁྲི་ཤིང་གཞོན་ནུ་མའི། །ངང་ཚུལ་ཇི་བཞིན་རྟག་ཏུ་སངས་རྒྱས་སྲས། །མཆོད་ལ་རབ་དགའི་བག་ཆགས་སད་གྱུར་པའི། །འདིར་འབད་སྐྱེ་རྒུའི་མཚོན་པའི་མཁའ་མཉམ་གྱི། །མ་རྒན་འགྲོ་བའི་རྒྱུད་ཀྱི་སྒྲིབ་གཉིས་ནད། །སེལ་བའི་སྨན་པ་སངས་རྒྱས་ཞེས་བྱའི་(༨བ)


GLG017_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །གྲགས་པའི་གོ་འཕང་མྱུར་དུ་འཐོབ་པར་ཤོག །གྲངས་མེད་བརྩེགས་མར་བསྒོས་པ་སྡིག་པའི་འབྲས། །ཡོངས་སྨིན་སྡུག་བསྔལ་དྲི་མ་ཀུན་བཀྲུ་བ། །མི་ཕྱེད་འདུས་པའི་ཐུགས་རྗེ་མཐོ་རིས་ཆབ། །རབ་སྒྲེངས་ཕན་བདེའི་ཞབས་སུ་བསིལ་བར་ཤོག །ཁྲོ་ཁར་རྒྱའི་ཁལ་ཕྱེད་བཞི་བརྒྱ། ཁམས་བཤའ་ཁལ་བདུན་ཅུ་དོན་ལྔ། སྟོད་བཤའ་ཁལ་བཅོ་ལྔ། ཞལ་འདེབས་སུ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་གསེར་ཞོ་ཕྱེད་གསུམ་ཕུལ་བའི་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་ཁྲོ་འཛམ་གླིང་འདོད་འཇོ་འདི་ནི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་མཛད། དོ་དམ་འབོག་གོང་མཁར་ལྟག་པ་ཕུན་ཚོགས་གྲགས་པས་ཆུ་ཤུར་ཞ་གབ་པ་ཚེ་དབང་། ལོ་རོ་བ་དབུ་མཛད་སངས་རྒྱས་དོན་གྲུབ། དགའ་བ་རྡོ་རྗེ་ཅན་མི་གྲངས་བཅུ་གཉིས་ཀྱིས་ཆུ་གླང་ཧོར་ཟླ་བཞི་པའི་ཚེས་བཅུ་ལ་བླུགས་པ་མངྒ་ལཾ། ཆུ་གླང་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་ནས་བླུགས་པའི་ལྷ་ས་སྨོན་ལམ་ཆེན་མོ་ཚོགས་ཁྲོ་འདོད་འཇོའི་རེ་སྐོང་གི་ཁ་བྱང་ཟས་སྦྱིན་གཉིས་པའི་རྗེས་འགྲོ་དབུགས་དབྱུང་སྙན་པའི་ཏཾ་བུ་ར། ཕྱོགས་བཅུའི་རྒྱལ་བས་ཆེས་ཆེར་བསྔགས་པའི་ཡུལ། །སྙིང་སྟོབས་མཆོག་གིས་དཔའ་བ་དོན་ཀུན་གྲུབ། །ཤཱཀྱ་སེང་གེ་སྟོན་པ་དྲུག་སྡེའི་ཚོགས། །མཐོ་རིས་ཐར་པའི་ལམ་དུ་ཉེར་དྲངས་པ། །མཉན་ཡོད་མཆོད་པའི་དུས་ཀྱི་དགའ་སྟོན་ལ། །ཕྱོགས་བཅུའི་དགེ་འདུན་འདུས་པའི་སྲིད་ཞུའི་སྣོད། །མ་སྨད་ཕུན་ཚོགས་འདོད་པའི་རེ་སྐོང་ཁྲོ། །ཡིད་ཅན་བསོད་ནམས་རྒྱ་ཚོའི་ཞིང་གི་ཕུལ། །མཐའ་བཞིའི་མཁོ་དགུ་ལོངས་སྤྱོད་མ་ལུས་པ། །གངས་ཅན་ལྟོ་བར་བྱེད་པོས་དྲངས་པ་བཞིན། །འཆད་མེད་ཟོང་རྣམས་དཀོན་ཅོག་མཆོད་པའི་རྫས། །རབ་སོང་རྒྱུ་སྦྱོར་བྱས་པ་དོན་(༩ན)


GLG017_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཤོག །འདི་སྒྲུབ་ཀུན་དང་བགྲང་ཡས་སེམས་ཅན་རྒྱུད། །བདེ་བར་གཤེགས་པ་བརྒྱད་ཀྱི་ཐུགས་རྗེའི་མཐུ། །ཉེར་ཞུགས་མངོན་མཐོའི་ཐེམ་སྐས་ལ་བརྟེན་ནས། །བྱང་ཆུབ་མཆོག་གི་ཁང་པར་འཇུག་པར་ཤོག །ཡང་སྲིད་ཀུན་ཏུ་སངས་རྒྱས་ཉན་ཐོས་ལ། །རྟག་ཏུ་བརྙེས་བཀུར་རླབས་ཆེན་ཚོགས་སྒྲུབ་པར། །མགོན་མེད་ཟས་སྦྱིན་རྣམ་ཐར་བཞིན་སྤྱོད་པའི། །དགེ་ཚོགས་འགྲོ་ཀུན་བྱང་ཆུབ་འཐོབ་བྱེད་བསྔོ། ཁྲོ་ཁར་རྒྱའི་ཁལ་ཕྱེད་བཞི་བརྒྱ། ཁམས་བཤའ་ཁལ་བདུན་ཅུ་དོན་ལྔ། སྟོད་བཤའ་ཁལ་བཅོ་ལྔ། ཞལ་འདེབས་སུ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་གསེར་ཞོ་ཕྱེད་གསུམ་ཕུལ་བའི་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་ཁྲོ་འདོད་འཇོའི་རེ་སྐོང་འདི་ནི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་མཛད་དོ་དམ་འབོག་གོང་མཁར་ལྟག་པ་ཕུན་ཚོགས་གྲགས་པ། ཆུ་ཤུར་ཞ་གབ་པ་ཚེ་དབང་། ལོ་རོ་བ་དབུ་མཛད་སངས་རྒྱས་དོན་གྲུབ། དགའ་བ་རྡོ་རྗེ་ཅན་མི་གྲངས་བཅུ་གཉིས་ཀྱིས་ཆུ་གླང་ཧོར་ཟླ་བཞི་པའི་ཚེས་བཅུ་ལ་བླུགས་པ་མངྒལཾ། སྨན་རྒྱས་གསུང་རབ་དཔལ་ལྡན་རྒྱུད་བཞི་ཡི། །ཆ་ལག་བཅོ་བརྒྱད་སྒོ་ནས་གསལ་བྱེད་པ། །རྗེ་བཙུན་གཡུ་ཐོག་ལེགས་བཤད་ཡོངས་འདུའི་ལྗོན། །རིས་མེད་ཀུན་དགའི་འདོད་པ་ཅིག་ཏུ་འཇོ། །དར་མོ་སྨན་རམས་བློ་བཟང་ཆོས་གྲགས་ཀྱིས། །སྔ་ཕྱིར་པར་དུ་བརྐོ་བར་ཉེར་བསྐུལ་ཞིང་། །དེང་སང་དྲང་སྲོང་རྒན་པོའི་གླེགས་བམ་མཛོད། །གངས་ཅན་ལྷ་རྗེ་རྣམས་ཀྱི་སྤྱི་ཡི་ནོར། །ནད་དུ་གྱུར་རོ་ཅོག་ཀུན་དྲུང་འབྱིན་པ། །སྨན་པ་ཆེ་མཆོག་ཤཱཀྱ་སེང་གེ་ཡི། །རྣམ་ཐར་ལས་འདིར་འབད་པ་བྱེད་ཀུན་གྱིས། །ཟིན་པའི་སྐལ་བ་བཟང་པོར་མྱུར་སྤྱོད་ཤོག །ཅེས་པའང་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་ཕུན་ཚོགས་(༩བ)


GLG017_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའོ། །ཀུན་དགའ་ཞེས་པ་ཤིང་སྟག་ལོའི་དཀར་ནག་རྩིས་ཀྱི་ལོ་ཐོ་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བཟོས་པའི་འགོ་བརྗོད་བླང་དོར་གཟུགས་ཀུན་གསལ་བའི་ཉིན་བྱེད། བྷཱཝཀཱསཾཁྱཀཝེདྭིགནྱོདཡཱགྲེརྦལཱརཱུཔདྷརྨཤྩཀལྤཱགམ། །ཤྲེཡབྷདྲཻཿཕ་ལཱནཱཾརསསྭཱཐུདཱནཻཿཀརཱཨཱརྀཛཱཡནྟུཤཽདྡྷཽདན། །གྲངས་མེད་བསྐལ་པར་གོམས་པའི་ཚོགས་གཉིས་ཀྱི། །ས་བོན་དར་དྲག་ཆོས་གཟུགས་ཡོངས་འདུའི་ལྗོན། །དགེ་ལེགས་འབྲས་བཟང་རོ་བདའ་འགྲོ་ཀུན་ལ། །སྦྱིན་མཛད་ཟས་གཙང་སྲས་པོ་རྒྱལ་གྱུར་ཅིག །སྟོང་ཉིད་རྡོ་རྗེ་བཙུན་མོའི་ཨེ་གསང་དུ། །ཝཾ་ཡིག་བདེ་ཆེན་ཟུང་འཇུག་མེ་ལོང་ངོས། །མཚན་དཔེའི་གར་མཁན་ཀཱ་ལ་ཙཀྲ་ཞེས། །དཔལ་ལྡན་སྒྱུ་སྐར་དཀྱིལ་འཁོར་གཙོ་དེ་བསྔགས། ཁམས་གསུམ་བརྟན་པ་ཀུན་འཕྲོག་རིག་བྱེད་མ། །འཆི་མེད་ཚེ་སྟེར་རྗེ་བཙུན་འཕགས་མའི་ཞབས། །མི་མཛད་(༡༠ན)


GLG017_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་མཆོད་སྦྱིན་མཚོ་བྱུང་ལྷ། །སྙིང་དབུས་པདྨའི་ཟེའུ་འབྲུར་རྟག་ཏུ་བཞུགས། །ལོ་བརྒྱར་གསང་ཆེན་ནཱ་ཐའི་དབྱངས་སྙན་པོ། །སྒྲོགས་པའི་སྣང་བ་རྡོ་རྗེའི་ལྗགས་བརྐྱངས་ནས། །ཆ་བསགས་འགྲོ་ཀུན་དང་པོའི་སངས་རྒྱས་སར། །འཁྲིད་མཛད་ཆོས་རྒྱལ་རིགས་ལྡན་ཚོགས་ལ་བདུད། །འཕགས་བོད་བཀའ་དྲིན་ཟླ་བྲལ་ལོ་པཎ་ཚོགས། །གསུང་རབ་རྒྱ་མཚོའི་མཐར་སོན་བུ་སྟོན་རྗེ། །སངས་རྒྱས་ཀུན་གྱི་ཡབ་གཅིག་བཙོང་ཁ་པ། །གཟུར་གནས་ཡོངས་ཀྱི་ལག་པད་ཟུམ་བྱའི་ཡུལ། །ངེས་པར་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས། །གནས་ལྔ་རིག་པའི་ལོ་ཆེན་སྟག་ཚང་པ། །གངས་ཁྲོད་དུས་འཁོར་ཞབས་པ་ནོར་བུ་བཟང་། །རྣམ་གསུམ་ལམ་འདིར་འཁྲུལ་མེད་བསྟན་པའི་སྲོག །ཤིང་རྟ་ཆེན་པོ་ལྷུན་གྲུབ་རྒྱ་མཚོའི་གཏེར། །རྣམ་དཔྱོད་ཟླ་བྲལ་དཔལ་མགོན་འཕྲིན་ལས་རྗེ། །གསར་རྙིང་ཕུག་པའི་མན་ངག་ལུགས་འཛིན་པའི། །མཁས་མང་རིན་ཅེན་འཕྲེང་བ་ཕྱག་གི་གནས། ཁྱད་པར་བདག་བློ་རྩིས་ཀྱི་སྣང་བ་ལ། །གཅིག་ཏུ་དཀར་པར་མཛད་པའི་འཇིག་རྟེན་མིག །འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱི། །བཀའ་དྲིན་དྲན་ཚེ་སྙིང་ནས་གུས་པས་འདུད། །སྣ་བོའི་ལག་ལེན་ལོག་པའི་ཆུ་སྐྱར་གྱིས། །འགྲོ་མང་ཉ་སྲོག་ཕྲལ་དང་མཚུངས་མིན་པའི། །འཁྲུལ་མེད་ཕུག་པའི་མན་ངག་ལུགས་བཞེད་སྲོལ། །ལེའུ་ཐོ་ཡིད་བཞིན་དབང་རྒྱལ་དེང་འདིར་སྤེལ། །ལྷ་རྣམས་སྙན་པའི་གླུ་ལས་སྔགས་བརྗོད་ཡུལ། །བསྐལ་བཟང་འདི་ལ་རྣམ་འདྲེན་སྟོང་འབྱོན་པའི། །དབུས་ན་སྙིང་སྟོབས་མཆོག་གིས་ཆེར་དཔའ་བ། །དོན་ཀུན་ལྷུན་གྱིས་གྲུབ་པའི་ཟས་གཙང་སྲས། །དྲག་པོ་ལྕགས་སྤྲེེལ་ས་གའི་ཚེས་བདུན་ལ། །བལྟམས་ནས་རིག་བྱེད་ཡོན་ཏན་མཚམས་(༡༠བ)


GLG017_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མིག་འདས། །རྒྱལ་བ་ཞེས་པ་ནམ་མཐོངས་ཟླ་བའི་ཚེས། །བདུད་རྩི་བརྙེས་ནས་མཁའ་སྟོང་དུས་མིག་གྲངས། །ཤཱཀྱ་སེང་གེས་འབྲས་སྤུངས་མཆོད་རྟེན་ཆེར། །ཟླ་བཟང་སོགས་ལ་དང་པོའི་སངས་རྒྱས་རྒྱུད། །ལྕགས་འབྲུག་ནག་ཉར་གསུངས་ནས་ཆུ་གཏེར་མདའ། །དབང་པོ་མཚེ་མ་སྔོན་དུ་བྱུང་པའི་ལོ། །ཕྱག་ན་པད་དཀར་འཆང་བ་སྲོང་བཙན་རྗེས། །ལྷ་ལྡན་གཙུག་ལག་བསྐྲུན་ནས་རྩེ་ལག་ཕྱོགས། །གངས་ཅན་རྗེ་འབངས་འདྲེན་པར་ཐོད་འཕྲེང་རྩལ། ཁྲི་སྲོང་མཐུས་དྲངས་ཟླ་ལག་ཀླུ་འདས་ཚེ། །སྟོད་འགྲེལ་ཨཱ་ནནྡར་འབོད་ཀུན་དགའི་ལོ། །མང་བཀུར་རྒྱལ་པོའི་ཁབ་ཏུ་དར་ལྗང་གོས། །ཕང་ཕུང་མཛེས་པར་ཀླུབས་པ་ཤིང་ཕོ་སྟག །འབྱུང་བ་སུམ་ལྡན་ཁ་ཡན་སྤན་པའི་ཀླུང་། །ཕོ་བྲང་གླིང་དབུས་བདུད་ཀྱི་མེ་ལོང་འཆར། །འཁྲུལ་མེད་གྲུབ་པའི་མཐའ་ལ་ལོ་ཡི་བདག །བདུད་རྩིའི་འོད་ཅན་དཀྱིལ་འཁོར་ཉ་གང་རྒྱས། །སྟོང་དང་དྲུག་བརྒྱ་ཉི་ཤུའི་ཡུལ་གྲུ་ན། །རྒྱུ་སྐར་མཛེས་མ་མཛའ་བོའི་ལྷ་མོས་དབང་། །བྱེད་པའི་ལོ་བདག་དྲང་སྲོང་སྙན་ངག་མཁན། །ས་བདག་དཀར་པོ་འཕྲུལ་བློན་རི་བོང་འཛིན། །དེ་རྣམས་ཤར་བ་དྭངས་མའི་མཚོ་ནང་དུ། །དགེ་དང་མེ་དགེའི་རོལ་རྩེད་འདུས་པའི་གར། །བསྒྱུར་བ་ཕྱི་ནང་རྒྱུད་དང་ཁུངས་ལྡན་གྱི། །དུས་རྟག་བསྟན་བཅོས་ལས་བྱུང་འདི་ན་གསལ། །བར་འདིར་མདོ་སྡེ་གསང་བ་སོགས་ལས་བྱུང་བའི་ལོ་བཤད་ཚིགས་བཅད་ལྷུག་གང་ཡོད་ཆུ་བབས་སུ་བཀོད། མཛེས་མཛེས་སྙན་པོའི་ཏམྦུ་ར་བསྒྱུར་ནས། །དགྱེས་དགྱེས་ཐོས་འཛིན་བུ་རམ་དངར་བྱས་ཀྱང་། །ཟོམ་ཟོམ་ཕུབ་མ་གཡོགས་པའི་ཆུ་དོང་བཞིན། །གསལ་གསལ་རྫུན་གྱི་ཕུག་དེ་རྡིབ་ཀྱི་དོགས། །ངན་ངན་དཀར་མིན་ལས་ཀྱི་འབྲས་མང་ཡང་། །བསགས་བསགས་ལེགས་བྱས་ཕུང་པོ་ཆེར་སྤུངས་ན། །སྐྱིད་སྐྱིད་ཕུན་ཚོགས་(༡༡ན)


GLG017_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལ་འཇིག་རྟེན་ཀུན། །ལྷོད་ལྷོད་ཡོངས་སུ་སྤྱོད་ལས་གཞན་དུ་མིན། །དེ་ཕྱིར་ཚད་ལྡན་སྒྲུབ་མཆོད་སྲེག་ཟོར་མདོས། །བདེ་གཤེགས་བདུན་མདོ་འགྱུར་རོ་ཅོག་གི་བཀའ། །རྟེན་དང་དགེ་འདུན་བཀུར་སྟི་སྦྱིན་གཏོང་སོགས། །མཆོག་དམན་མཐའ་དག་ཚོགས་གསོག་མཛད་པར་རིགས། །དགེ་ལེགས་ཏི་སེའི་གཙུག་ཏོར་ལས་བབས་ཆུ། །སྤྱི་དང་ཁྱད་པར་གང་ཅན་ཉེས་བརྒྱའི་དྲི། །རབ་བཀྲུས་ཕན་བདེའི་རྒྱ་མཚོར་ངེས་ལེགས་རྒྱུན། །ལྷུང་ལྷུང་དལ་གྱིས་བབས་ཏེ་རོ་གཅིག་ཤོག །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ཕྱག་རྒྱ་ཆེ། །ལོ་དང་ཕྱོགས་གསུམ་དག་ལ་མངོན་བྱས་ནས། །འོག་མིན་གཞན་དུ་མི་འཚོལ་དུས་འཁོར་ལོའི། །རྒྱུད་འགྲེལ་སྐྱེ་བར་ཐོས་བསམ་སྒོམ་བྱེད་ཤོག །ལེགས་ལྡན་གཙུག་ན་ཟླ་བའི་དབྱངས་འཆར་ལ། །རབ་སྦྱངས་ཕས་རྒོལ་དགྲ་སྡེ་ཉེར་བཅོམ་ཞིང་། །རང་སྲིད་རྣམ་པར་རྒྱལ་བའི་རྔ་བོ་ཆེ། །བརྡུངས་པས་སྐད་གསང་འཛམ་གླིང་ཀུན་ཁྱབ་ཤོག །དགའ་བའི་དཔལ་ལྡན་ཕོ་བྲང་སྡེ་བཞིའི་མཛོད། །ལུགས་གཉིས་ཁྲིམས་ཤིང་འགྲོ་བའི་གཉར་བཀལ་ཏེ། །དུས་ཀྱི་བདག་པོའི་ཆེ་བ་མི་འགོག་པའི། །ཤིས་པའི་མཚན་མ་བཟང་པོས་དཔལ་འབར་ཤོག །རིག་ལྡན་བློན་པོ་འབྱུང་བའི་ས་དཔྱད་རི། །ཕྱིང་བར་སྟག་རྩེའི་ཁབ་ཀྱི་བྱ་འདབས་ནས། །གཙུག་ལག་འདི་ལ་ཡངས་པའི་བློ་མིག་ཅན། །ལྐོག་པ་ཕུན་ཚོགས་དབང་པོ་ཞེས་བྱས་བཀོད། །རིང་སྦྱངས་རྒན་པོའི་ཡུས་དང་རྣམ་དཔྱོད་རྩལ། །ཆེ་ཕྲ་བདག་འདྲས་འཁྲུལ་མེད་རྟོགས་དཀའ་ཡང་། །མཁས་མང་རིམ་པར་བརྒྱུད་པའི་སློབ་དཔོན་གྱི། །ཕྱག་བཞེས་ཇི་ལྟར་བྲིས་པས་ནོངས་མེད་སྙམ། །དེ་ཕྱིར་སྐར་ནག་དགོངས་པ་གཅིག་བསྡེབས་ནས། །བླང་དོར་ཚུལ་(༡༡བ)


GLG017_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསྟན་ཚེ་དགེ་བའི་འབྲས། །ནམ་ཡང་བསླུ་མེད་འབྱུང་བས་ལེའུ་ཐོ་འདི། །ནོར་བུ་དབང་གི་རྒྱལ་པོར་ད་གདོད་ངེས། །འཆི་མེད་ཚོགས་རྣམས་རྒྱུད་མངས་ལས་དྲངས་པའི། །རབ་སྙན་བདེན་པ་བརྗོད་ཚིག་གླུར་ལེན་ཅིང་། །ལྷན་གཅིག་མནྡ་ར་ཡི་ཆར་བབས་ཏེ། །འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །སྔོན་བྱོན་མཁས་རྣམས་བཤོལ་ལ་བཞེད་སྲོལ་མང་། །དེང་རྩིས་ཕལ་ཆེར་འོལ་ཚོད་མུ་ཅོར་སྨྲ། །མཆུ་ཟླ་ཉིས་བརྩེགས་ཕུག་པ་མན་ངག་ལུགས། །དབོ་ཟླ་བཤོལ་བ་རྣམ་དཔྱོད་རྩལ་གྱིས་ཐོན། །(ཤོ་ལོ་ཀ་དང་པོ་སྡེབ་སྦྱོར་རྒྱུན་ཆགས་བཞི་པ་སྦྲུལ་གྱི་མིང་ཅན།)
པྲཛཨལལཡཤོམསཱརྦསདེབཾགྲཾཔོདོལཀསྭསྟིབཱིཎཿ པུཥཻརོདཨཱཔཱནྠཀྲྀཏྲཱརྠཨཱིཥཌྒིཏཱི། །བིགཏཏརམལཱིཀཔུརྞྱགྲཐིཏྭཱབིནཱཡསྶཧསྲཧསྶུཀཝེབཏཿ སཱུདྲཡོཿརཏྣསཾ བརྞཙཱབེཤཡོཿ། །ལྷ་རྣམས་མགྲིན་བཏེགས་སྭ་སྟིའི་རྒྱུད་མངས་གླུར་བླངས་བསྔགས་བརྗོད་མེ་ཏོག་ཚིག་མདའི་ལམ་ཀུན་དོག་པོར་བཀང་སྟེ་འབེབས་པའི་ཡུལ། །གྲགས་ཆེན་དོན་ལྡན་བསྐལ་བཟང་འདི་ལ་སྐྱེ་རྒུའི་བསོད་ནམས་སྲད་བུར་བརྒྱུས་ནས་རིམ་བྱོན་རྣམ་འདྲེན་སྟོང་གི་རིན་ཅེན་འཕྲེང་། །(༡༢ན)


GLG017_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཨཛིཏམུཀུཊནཱཐཏཻཔཱལཏཱུཨཱབྷིབུདྱིནྟཡཿརཏྣཔཱུརྦཱསནེབཛྲརཏྣཱཀནཱིརྨཱཎཀཱཡེམཧཱཡུབརཛནཏམོགམཱནོབལོབུཀྐིཡཉྩཱཧིཤྈྐརིསཏྐེཏུཤུཀླཤྴིརེབནྡྷཥེཀཱཏཨཱིབཾཏཐཱ། དེ་དག་རྣམས་ལས་སྙིང་སྟོབས་ཆེན་པོས་ཁྱད་པར་ཡོངས་གྱུར་དམ་པ་ཏོག་དཀར་དབུས་འགྱུར་འཆང་འདིར་མཆོག་གི་སྤྲུལ་པའི་སྐུར། །འཚང་རྒྱའི་སྔོན་འགྲོ་རིན་ཅེན་ཅོད་པན་གང་གི་ཐོད་དུ་བཅིངས་ཏེ་དབང་བསྐུར་རྒྱལ་ཚབ་མི་ཕམ་མགོན་དེས་འགྲོ་འདི་སྐྱོངས། །(ཤློཀ་གཉིས་པ་སྡེབ་སྦྱོར་རབ་བསགས་གསུམ་པ་རྒྱ་མཚོ།)(༡༢བ)


GLG017_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པརིཏཏཔརྀཏེཀཱུཤདཱམཤྩཀྲྀཙྪེཏབསྟཱརདཱཿཀྵནྟིཤཱིལདྲཤཿ དྷཱནཙཔྲཛྷབཱིཿ སཀལཙལབྷཏཡཱཎྵཱཌསཾཁྱཱཔརཾཔཱརསཾཔྟཱུདསཱཀྲྀཙྪཀྲཾཙྪཏྭཱཙཨརོདྷིསཱཝཀྵིཨཱིཥཏ། བགྲང་རིང་བརྒྱུད་མར་སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་ལ་ལན་གཅིག་མིན་པར་གོམས་བྱས་ཀྱང་། །ཚུར་མཐོང་བྱིས་པའི་བློ་མིག་ཆུང་ངུར་ལོ་དྲུག་དཀའ་སྤྱད་ངལ་སྤངས་མཐའ་སྙེད་ཀུ་ཤའི་ཆུན་ཆངས་བཏིང་བའི་སྟེང་། །(༡༣ན)


GLG017_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཨནཤིཏནཙལབཛྲཻཀཔཪྻངྐཀྲྀཏྭཱཙགངྒཱརཛསྶ྄ཾཁྱཝསྟུལྱམཱརསྱསེནཻཀདཱལུགྭིདིཤིཏམཛཡདུནྡཱུབྷིཀརྞནྱསཱནུཏྟརོམཔུརཱུཥམྱཤཱརཱཤིམཻཏྲྱཱནུཏེནཱཐདྷརྟུ། །མི་གཞིག་རྡོ་རྗེའི་སྐྱིལ་ཀྲུང་གཅིག་བཅས་གཡོ་བ་མེད་དང་གངྒཱའི་ཀླུང་རྡུལ་གྲངས་མཉམ་བདུད་སྡེ་དུས་གཅིག་ཏུ། །བཅོམ་པའི་རྒྱལ་རྔ་ཕྱོགས་བྲལ་རྣམ་འགོད་སྐྱེས་བུ་འདུལ་བའི་ཁ་ལོ་ལེགས་བསྒྱུར་བྱམས་མགོན་ཁྱོད་ཀྱིས་བདག་རྗེས་ཟུངས། །(༡༣བ)


GLG017_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

(ཤློཀ་གཉིས་པ་སྡེབ་སྦྱོར་རབ་བསགས་གཉིས་པ་རྒྱ་མཚོ།)
གཨནསམཨནུརཱགེཎསཾཙོདནབྲཱཧྨཎོབྲྀདྡྷདྒནྡྷྈྐརཏྱཀྟཙཱནྟཱཡདཎྜཿཔཎིདྷིཨབཏརཙིཏྟཿཨུཔཱདོརཐེནཱནཡཱསཽམནསྦཏྨཎིདྭཱིསམཱཛཱཀྵྱཀཱཤ །ཚངས་པ་རྒན་པོས་མཁའ་མཐའི་ཞགས་པ་བརྐྱང་ཡང་མ་རྙེད་འགྲོ་ལ་མཉམ་པར་རྗེས་ཆགས་ཀྱིས། །ལེགས་བསྐུལ་སྨོན་འཇུག་སེམས་བསྐྱེད་ཤིང་རྟས་དྲངས་པའི་ཚོགས་གཉིས་འཛད་མེད་ཡིད་བཞིན་ནོར་བུའི་དཔྱ། །(༡༤ན)


GLG017_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཨཛཏཧིཏསུཁནཱཐཔདྷརྨཔྲཏཱིབིམྦཨུངྒཱཊནདྭཱརཨཱཀཱཤཀོཥཱཨསཾཔྟུ། །དྡྷཱརཎིམམམནརཏྣཔྲཏཱིཛྙཱབྷྲཎཱཏཤྲུཏསྶདྱཧཱརཱིཀསཾདཱནཀརྟཱཔྲཡཙྪ། །ཆོས་གཟུགས་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་མ་འདྲིས་ཀུན་ལ་ཕན་བདེའི་མཆོད་སྦྱིན་སྩོལ་མཛད་པ། །མི་ཕམ་མགོན་པོས་ཉེ་བར་དམ་བཅས་གཟུངས་ཀྱི་ཕན་ཡོན་ཐོས་པའི་མོད་ལ་བདག་ཡིད་ཕྲོགས། །རིང་པོར་མི་ཐོགས་ཛམྦུའི་ལྗོན་པས་ཡོངས་སུ་མཚན་པའི་གླིང་མཆོག་འདིར། །མགོན་ཁྱོད་མཚན་དཔེའི་སྣང་བརྙན་འབར་བ་ཉི་མའི་དངོས་པོ་བརྒྱ་ཡིལུས། །རྣམ་པར་གྲོལ་ལམ་སྣང་བའི་དགའ་སྟོན་ལོངས་སུ་སྤྱོད་པར་ཉེར་སྤྲོ་ཕྱིར། །མ་སྨད་དགེ་ཚོགས་ས་བོན་འདེབས་ལ་བརྩོན་པའི་སྤོབས་པ་གཟེངས་སུ་མཐོ། །ཆེར་སྙིགས་འགྲོ་བ་འདྲེན་ལ་རྒྱལ་བ་རྣམས། །མི་ལུས་ཟོལ་འཛིན་བཤེས་གཉེན་འགའ་ཞིག་དང་། །སྲིད་ལམ་དུབ་པའི་གདུང་སྐྱོབ་སྨན་གྱི་བླ། །མཆེད་ཀུན་མགྲོན་ཐབས་བཀོད་ལེགས་ཚར་དུ་དངར། །སངས་རྒྱས་སེམས་དཔའ་སེམས་མ་ཁྲོ་བོ་རྣམས། །གཅིག་འདུས་ལྷ་(༡༤བ)


GLG017_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཀའ་གདམས་བཞེད་པའི་སྲོལ། །དྲེགས་པའི་སྡེ་དཔོན་རྡོ་རྗེ་གྲགས་ལྡན་མིར། །རབ་བརླམས་ལོག་འདྲེན་གཤེད་དུ་མངོན་སུམ་བཞིན། །ཐར་པའི་གྲོང་ཁྱེར་ས་ཐག་མི་རིང་རྒྱུ། །རྒྱ་ཧོར་བཟང་གོས་དབང་གཞུའི་ཚོན་རིས་ཅན། །བརྒྱ་ཕྲག་དུ་མར་སྤེལ་ལེགས་གཟིགས་མོ་རུ། །ཚར་དངར་ཡེ་ཤེས་སེམས་དཔའ་གཅིག་ཏུ་འཁྱིལ། །འབད་པ་འདི་སྣང་ཕྱི་མའི་སྲིད་བདེ་ཙམ། །གཉེར་དང་གཞན་འདྲིང་སྙན་གྲགས་ལྷུར་བླངས་ཏེ། །འཁོར་བའི་འཁོར་ལོ་བསྐོར་ལ་ཆུང་ངུའི་བློ། །མ་སོང་གཞན་ཕན་ལྷག་བསམ་གྱིས་དྲངས་བཞེངས། །སྣང་མུན་བསྐལ་པའི་ཁྱད་པར་དེ་བཞིན་གཤེགས། །འཇིག་རྟེན་ཁམས་སུ་བྱོན་ལ་བལྟོས་པའི་ཕྱིར། །མ་རྒན་ཡིན་ནོ་ཅོག་གི་བདེ་བའི་གཞི། །ཐུབ་པ་རྣམས་ཀྱི་རིང་ལུགས་ཁོ་ནར་རག །བསོད་ནམས་བྱས་པའི་ས་བོན་ཡོངས་འཕེལ་རྩ། །རྒྱ་ཆེར་བསྐྱེད་བསྲིངས་སྡོང་པོ་དར་དྲག་པ། །ཤཱཀྱའི་ལུང་རྟོགས་ཡོངས་འདུ་ས་བརྟོལ་དབང་། །བསྐལ་བརྒྱར་ཕན་བདེའི་འབྲས་དུད་ཀུན་ཚིམ་ཤོག །ཐུབ་བསྟན་འདབ་རྒྱས་གྲིབ་ཏུ་བསིལ་པའི་འོག །འཇིག་རྟེན་གསུམ་གྱི་སྐྱེ་རྒུ་མ་ལུས་པ། །སིམ་པའི་ཚོར་བ་ཆད་མེད་ངལ་སྟེགས་ལ། །འཚོ་བའི་རེ་བ་དོན་དང་ལྡན་པར་ཤོག །རྒྱལ་ཀུན་མཁྱེན་རབ་ཕུང་པོའི་ཟ་མ་ཏོག །འཇམ་མགོན་བློ་བཟང་གྲགས་པའི་རིང་ལུགས་མཆོག །བླ་ནས་བླར་འདེགས་ཆོས་སྲིད་ཉི་ཟླའི་འོད། །འཇིག་རྟེན་གསུམ་པོ་རྟག་ཏུ་གསལ་བྱེད་ཤོག །དགའ་བ་བརྒྱ་པའི་གནམ་གྱི་ཤེ་མོང་ལུང་། །བཙན་པོའི་ཁྲིམས་ཀྱིས་རྫོགས་ལྡན་དགའ་སྟོན་ལ། །ལེགས་སྤྱོད་ཕོ་བྲང་ཆེན་པོའི་བཀའ་འོག་ཏུ། །བོད་དང་བོད་ཆེན་མ་ལུས་འདུ་བར་ཤོག །འདིའི་ཆེད་ཆུ་ཐིགས་ཙམ་གྱིས་མཐའ་(༡༥ན)


GLG017_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས། །ཕན་པ་བསྒྲུབས་སོ་ཅོག་གི་ཡིད་ཅན་རྣམས། །བྱམས་མགོན་བསྟན་པ་འཛམ་བུའི་གླིང་ཤར་ཚེ། །འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག །སྲིད་བདེར་སྦྱར་བའི་དགེ་བ་ཉི་ཚེ་བས། །འབྲས་བུ་འཛད་མི་ཤེས་པ་གངྒཱའི་རྒྱུན། །འགྲོ་ཀུན་རྒྱུད་ལ་བྱང་ཆེན་ཆུ་བོའི་གཏེར། །ཆེས་ཆེར་ཡོངས་འཕེལ་རོ་གཅིག་རྒྱུ་རུ་བསྔོ། །མ་བྱོན་སངས་རྒྱས་ལྔ་པ་རྒྱལ་ཚབ་མི་ཕམ་མགོན་པོ་མ་ག་དྷ་རྡོ་རྗེའི་སྤོ་ལ་མཆོག་གི་སྤྲུལ་པའི་སྐུའི་རོལ་གར་བསྟན་པའི་ཚེ་གང་གི་རྗེས་སུ་འཛིན་པ་དང་དམ་བཅས་པའི་གཟུངས་ཀྱི་ཕན་ཡོན་མཐོང་བས་ཡིད་ཕྲོགས་ཏེ་མགོན་པོ་འདི་ཉིད་ཀྱི་སྣང་བརྙན་མགྲོན་ཐབས་ཀྱི་ལྷ་ཚོགས་དང་བཅས་པ་རྒྱ་ཧོར་བཟང་གོས་སྣ་ཚོགས་ཀྱི་རྒྱུ་ལས་བསྐྲུན་པ་སཱ་ལའི་ལྗོངས་འདིར་ཆེ་ཚད་དུ་གཏོགས་པ་ཞིག་བཞེང་བའི་འདུན་པ་ལྷག་བསམ་གྱིས་དྲངས་པ་བཞིན་འཕགས་པའི་ཡུལ་དུ་པྲ་མ་ཏི་ཞེས་པ་ཕྱོགས་འདིར་བག་ཡོད་དུ་འབོད་ཅིང་འཇམ་དབྱངས་རྒྱལ་པོའི་ཁབ་ཏུ་གུའི་ཚེའུ་ཞེས་ཆུ་མོ་གླང་གི་ལོ་རྒྱལ་བ་ཤཱཀྱ་སེང་གེས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་དང་པོའི་སངས་རྒྱས་ཀྱི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བཀའ་སྩལ་བའི་ཟླ་བའི་ཡར་ཚེས་བཅུ་གསུམ་པ་པ་སངས་དབོའི་འཕྲོད་དགེ་བར་དབུ་བཙུགས་པའི་ཕྱག་མཛོད་མི་རྗེ་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བླངས་དོ་དམ་ཏྲེེ་བོ་དར་ཁན་དཀའ་བཅུ། ལྷ་ཁང་པ་རྡོ་རྗེ་ནོར་བུ། བཀྲས་རབ་པ་དཀོན་ཅོག །རི་མོའི་དབུ་མཛད་དོ་དམ་ཚེ་དབང་རིག་འཛིན། དབུ་ཆུང་རགས་ཁ་འཇམ་དབྱངས་དབང་པོ། དབུ་འོག་རོང་ཚངས་པ། ལྷ་ས་བ་ལེགས་པ་རྒྱལ་མཚན། དཀོན་ཅོག །མཁར་རྩེ་དགེ་བསྙེན། གོས་བཟོ་བ་དབུ་མཛད་རྒྱལ་རྩེ་རི་ནང་ཕུན་ཚོགས། ལྷ་ས་ར་རྩེ་ཤག་པ་ཨྱོན། པ་རྣམ་བརྟན་པ། ནོར་ཁྱུང་ཚེ་(༡༥བ)


GLG017_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། འཕྲང་འགོ་ཚངས་ལྡན། དབུ་ཆུང་གོང་དཀར་ཕུན་ཚོགས། རྒྱལ་རྩེ་པདྨ་ཚེ་རིང་། གཞིས་རྩེ་དར་རྒྱས་བཀྲ་ཤིས། དབུ་འོག་རྒྱལ་རྩེ་བསྟན་འཛིན་རྡོ་རྗེ། ཆོས་དབང་། དཔལ་ལྡན། དཔལ་འབྱོར། ངག་དབང་དཔལ་ལྡན། གྲ་ཕྱི་ནོར་སྐྱོང་། གོང་དཀར་ལྔ་ཡགས། པ་རྣམ་སུམ་ལེགས། ཚེ་དབང་དགོས་སླེབས། འགྲངས་སྐྱེས། ནོར་བུ། དཀྱུས་མ་བྱམས་གླིང་མཁས་མཆོག །གྲ་ཕྱི་ཚེ་བརྟན། ཀུན་དགའ། ཆོས་གྲགས། གེ་སར། བདེ་བ། སྲད་པ་བརྒྱ་དཔོན། ཚེ་བསམ། ཚེ་དབང་། པ་སངས་དགོས་སྐྱེས། ཉི་མ། ཤཱཀྱ། ཕུན་ཚོགས། བཀྲ་ཤིས། སྤོ་སྤོ་ཚེ་རིང་། ནོར་བུ་དབང་འཛིན། རྡོར་འཕེལ། ཟངས་རི་བཀྲ་ཤིས་པ་རྣམ་ལྷ་བུ། གནས་གསར་དགེ་འདུན། ཚེ་དབང་ནོར་ཆོས། འདུས་ཆུང་དགེ་བསྙེན། དཀོན་ཅོག་སྐྱབས་འབྱུང་གནས། ཆོས་འཕེལ། རྒྱལ་རྩེ་དོན་གྲུབ། ཕུར་པ་རྡོ་རྗེ་བཙན་སྐྱབས། བསྟན་འཛིན་རྒྱལ་པོ། ཚེ་རིང་བཀྲ་ཤིས། ཨ་ལུང་བཟོ་མི་མགར་བ་བརྒྱད། ཐག་པ་འཆོས་མི་སྔོ་བཟོ་བ་བཅུ། རྒྱ་བོད་ཀྱི་ཡིག་རིས་པ་རྒྱལ་རྩེ་འཇམ་དབྱངས་དབང་པོ། སྐུ་རྒྱུད་དངོས་གཞིའི་བསྡོམས་ཐོ་ཟུར་གསལ་ལྟར་དང་ཞལ་འདེབས་གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོའི་གོས་ཡུག་གཉིས། ཆིང་གིས་གནམ་གྱི་བརྒྱུད་པ་དའི་བུང་ཧུང་ཐའི་ཇིའི་ཧོར་གོས་འབྲུག་རིས་མ་ཁ་བཅུ་གཉིས། རྭ་སྒྲེང་མཁན་ཆེན་བསྟན་པ་དར་རྒྱས་ཀྱིས་གོས་ལྗང་ཡུག་དྲུག །དབུ་མཛད་བློ་བཟང་ཡོན་ཏན་གྱིས་གོས་ཡུག་གཅིག །ཆེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་གྱིས་གོས་ཡུག་གཅིག་རྣམས་ཕུལ། དེང་ནས་སྐྱེ་བརྒྱུད་མཐའ་ཅན་གྱུར་དེ་སྲིད། །འབྲས་བུ་སྤྱི་བོའི་ཤ་རྨེན་བརྡོལ་བ་ལས། །ངེས་ལེགས་ལྷ་མོའི་དཔལ་ལ་དབང་ཕྱུག་པར། །འགྲོ་རྣམས་མཉམ་པར་སྤྱོད་ནུས་སྐལ་བཟང་ཤོག །ཚེ་ཡང་རིང་གནས་ལོངས་སྤྱོད་གཏེར་སྒོ་འཆད་མེད་འབྱེད་པ་རྫོགས་ལྡན་གྱི། །རྩེ་དགའ་ཁོང་ནས་རྒོད་པའི་(༡༦ན)


GLG017_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་འཇིག་རྟེན་གསུམ་གྱིས་ལེགས་མཐོང་ནས། །དགའ་སྐྱིད་གླུར་ལེན་གཙུག་ཏོར་རྩེ་མོར་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ། །ལུགས་གཉིས་རྐང་སེན་ཟླ་བ་རྟག་ཚེས་ཆ་ཤས་ཡར་ཕེལ་བཀྲ་ཤིས་ཤོག །ཅེས་དཀར་ཆག་ཆེད་དུ་བརྗོད་པ་བཀྲ་ཤིས་གླུ་དབྱངས་འདི་ནི་ཆུ་ཤེལ་གྱི་དབང་པོ་སྣོན་གྱི་ཉ་བའི་ཕྱོགས་ཕྱི་མའི་རྒྱལ་བ་གཉིས་པའི་པ་སངས་ནམ་གྲུའི་འགྲུབ་སྦྱོར་གྱི་དུས་དགེ་བར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་སིདྡྷི་རསྟུ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།)
གཱམྱནཱཡཀོཏྤདཱརྡྲཨུཥྞབཱིརྔཔཱཀམུནྟཡོརྒཎདྭིདྷཱརྨཀཡམཱུལཡོརཏིསྠིཏཔྲཏཱནིཔཉྩབཱཾདྲུམྦིཀབིཤྭནིརྨཎོཔཔཏྟྲཀཱཡཔཽཔཀཤྩཏུཿཕལོགུརུཤྩཔཱརིཤཱཀྱསིབྷཀེཏུབྷཱུཏཛཱཡབྷདྲཔཱདྉྤ྄ཡཙྪ། །འགྲོ་འདྲེན་དམ་བཅས་ཐུགས་བསྐྱེད་ས་བོན་ཚོགས་གཉིས་དྲོད་གཤེར་ཀྱིས་སྨིན་པས། །ཆོས་སྐུའི་རྩ་བ་ཆེས་ཆེར་རབ་བརྟན་ངེས་པ་ལྔ་ལྡན་སྡོང་པོ་ཅན། །སྣ་ཚོགས་སྤྲུལ་པའི་ཡལ་འདབ་ཉེར་རྒྱས་སྐུ་བཞིའི་འབྲས་བུས་ཡོངས་དུད་པ། །རྒྱལ་བའི་ཏོག་(༡༦བ)


GLG017_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་དཔག་བསམ་ལྗོན་པ་ཤཱཀྱ་སེང་གེས་དགེ་ལེགས་སྩོལ། །ཐུབ་པའི་རྣམ་སྤྲུལ་གངྒཱའི་ཀླུང་རྡུལ་སྙེད། །མཁྱེན་པའི་ཕུང་པོ་དངོས་གང་འཇམ་པའི་དབྱངས། ཡིད་ཅན་སྲིད་ལམ་དུབ་པའི་གདུང་སྐྱོབ་ཏུ། །མི་ལུས་ཟོལ་བརྟེན་བློ་བཟང་གྲགས་པས་སྐྱོངས། །ཛམྦུའི་གསེར་ཞུན་འཁྱིལ་བའི་འོད་འབར་བ། །ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཆེ། །རབ་འཛིན་དགེ་འདུན་དཀོན་ཅོག་ཡིན་ནོ་ཅོག །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། །རྣམ་བཀྲ་རི་མོ་གཡས་འཁྱིལ་དཔལ་གྱི་མགུར། །མཐོར་བཏེག་ཡན་ལག་དྲུག་ཅུ་ཚངས་པའི་སྐུར། །ཆོས་ཕུང་རྒྱ་མཚོའི་ཚིག་དོན་ཉེར་བླངས་པ། །སྐྱེ་རྒུའི་ལེགས་བྱས་མངོན་སུམ་སྣང་བ་བཞིན། །དྲང་ངེས་གསུང་རབ་ལྷ་ཡི་ཆུ་བོའི་རྒྱུན། །ཅིག་ཅར་འཐུང་བའི་མི་བརྗེད་གཟུངས་ཐོབ་ཅན། །བཀའ་རྣམས་སྡུད་པའི་དྲང་སྲོང་ཞལ་སྒོ་ལས། །ཐུབ་བསྟན་ལམ་གསུམ་སྲོག་ཏུ་ཆད་མེད་འབབ། །ཤིང་རྟ་ཆེ་སོགས་འཕགས་ཡུལ་པཎ་གྲུབ་ཀྱིས། །ལན་བརྒྱར་དཔྱད་བརྡར་བསྲེགས་པའི་དམ་ཆོས་གསེར། །རྣམ་བཤད་ཕྲ་ཚོམ་བཀོད་པའི་གདུབ་སྐོར་གྱིས། །དཔྱོད་ལྡན་གཡོན་མིག་མ་ཡི་རྒྱན་དུ་མཛེས། །མདོ་འདུལ་ཤེར་ཕྱོགས་ངེས་གསང་ཐེག་པའི་རྒྱུད། །རིམ་འགྱུར་ཆོས་རྒྱལ་མེས་དབོན་ལོ་པན་གྱི། །ཟླ་མེད་བཀའ་དྲིན་གངས་ཅན་སྐྱེ་རྒུ་ཡིས། །བསྐལ་པར་གཞལ་ཀྱང་འཁོར་བར་ནུས་པ་ཕྲ། །འཆད་ཉན་བསམ་དང་སྒོམ་པས་ཐུབ་པའི་གསུང་། །དར་བ་སྔོན་བྱུང་ལོ་རྒྱུས་གཞན་འདྲིང་ཙམ། །མ་ཡིན་དམ་པ་དུ་མའི་རྣམ་པར་ཐར། །འཁྲུལ་མེད་མཐོང་ལ་བློ་ལྡན་སུ་ཞིག་བསྙོན། །བསོད་ནམས་བསོད་ནམས་མིན་པ་ཕྱོགས་བཟུང་གིས། །རྒྱལ་བསྟན་ཟླ་བ་འཕེལ་འགྲིབ་མི་སེམས་བཞིན། །བདེ་སྐྱིད་ཀུནྡར་ཡིད་གཏོད་གཉིས་སྐྱེས་ལ། །ཤེས་(༡༧ན)


GLG017_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཁྲེལ་བའི་འདབ་མ་དགོད་ཅིང་འདར། །བཀའ་གདམས་བཤེས་གཉེན་བློ་གྲོས་འབྱུང་གནས་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཞབས། །དུ་མས་ལུང་ཁུངས་འཚོལ་དང་དཀར་ཆག་གི །དཔྱད་པ་གསུམ་གྱིས་གཏན་ལ་ལེགས་པར་ཕབ། །ཚལ་པ་སི་ཏུ་དགེ་བའི་བློ་གྲོས་དང་། །ངེས་པར་ཐམས་ཅད་མཁྱེན་པ་བུ་སྟོན་སོགས། །མཁས་མང་མཛད་པ་དྲང་སྲོང་ཆུ་ལྷའི་བུས། །མ་དག་དུག་དབྱུང་ནད་སེལ་ཆུ་བོར་བསྒྱུར། །ཀྲྀ་ཀྲིའི་རྨི་ལྟས་ཇི་བཞིན་མདོ་རྒྱུད་བཀའི། །རྒྱུན་བཟང་པད་དཀར་སྲད་བུའི་སྲོག་གི་ཟུངས། །ཐོས་བསམ་རྡོ་རྗེའི་ལུག་རྒྱུད་ཀྱིས་གདམས་པའི། །སྔོན་མེད་སྨན་པ་ཀུན་དགའ་རྣམ་པར་རྒྱལ། །ཕལ་ཆེན་སྲིད་པའི་མལ་དུ་བག་ཡངས་གཉིད། །སྟུག་པོ་ལས་སློང་ལྷག་བསམ་སྐྱ་རེངས་ཀྱིས། །འཆད་ཉན་ཉི་མའི་དཀྱིལ་འཁོར་འདྲེན་མཛད་པ། ཁོ་བོའི་ཡོངས་འཛིན་རྫེ་བཙུན་བཀའ་འགྱུར་བ། །དེ་ཙམ་དམ་པའི་སྤྱོད་ཚུལ་ཆར་སྤྲིན་ལ། །གཅིག་ཏུ་སྤྲོ་བས་ཡར་བལྟའི་མིག་གཏོད་ཅིང་། །གཟུར་གནས་སྤུ་སྡུག་བཀྲ་བའི་རྨ་བྱའི་གར། །བློ་གྲོས་འདབ་ཤོག་ཟླུམ་པོར་བྱས་ཏེ་བསྒྱུར། །ཚུལ་དེ་ཀློག་དང་བསམ་གཏན་མཁན་ཀུན་གྱིས། །གཞོལ་བར་བྱ་ལས་ཁྱིམ་གྱི་བདག་པོ་རྣམས། །ཡི་གེར་འདྲི་དང་སྲིད་ཞུར་བྱས་པའི་འབྲས། །གཟུགས་སུ་སྣང་ན་སྲིད་གསུམ་སྣོད་དུ་ཆུངས། །ཨེ་དབྱིབས་ཆོས་ལུང་དཀར་བའི་འཛིན་མ་ན། །ཚངས་རིགས་གྲུབ་པའི་ལུགས་གཉིས་རྣམ་དཔྱོད་ཅན། །དཀོན་ཅོག་བླ་མར་བཟུང་བས་སྟོབས་འབྱོར་ཀུན། །དར་ཞིང་རྒྱས་པའི་ཞང་བློན་དྲ་མ་གང་། །འཛོལ་མེད་བླང་དོར་ཁ་དཔངས་མཐོན་པོ་ཅན། །སྲིད་སྐྱོང་གསར་གོམ་རིམ་པས་དཀྱུས་ཐོག་གཅོད། །གཏོང་ཕོད་རིན་ཅེན་(༡༧བ)


GLG017_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྒ་སྲབ་བརྒྱན་སྤྲས་པའི། །རྟ་མཆོག་གཞོན་ནས་ཅི་བདེར་སླེབས་མཐོང་ཚེ། །གྲགས་སྐམ་འགྲིན་པ་བཟང་པོའི་གཉའ་སྟེང་ན། །ཚུལ་མིན་སྤྱོད་པའི་ཟེ་བ་ཙམ་བཟུང་སྟེ། །འཇུངས་པའི་ཐང་ལ་བརྒྱུགས་ནས་རྩེ་མོའི་དར། །ལེན་རྣམས་ཆུ་འདོད་སྨིག་རྒྱུར་སྙེག་པ་བཞིན། །བེཌཱུར་ཞུན་མ་འཁྱིལ་འདྲ་མཐིང་ཤོག་ངོས། །གསེར་དངུལ་སྤེལ་མའི་ཡིག་གཟུགས་སྡེབ་ལེགས་ཅན། །གླེགས་བམ་ཉ་ཕྱིས་ཁོག་པ་ཡངས་པོ་རུ། །རྣམ་སྨིན་དཀར་པོའི་མུ་ཏིག་ཕྱུར་བུར་སྤུངས། །འགྲོ་ཀུན་ཕ་མར་གྱུར་ནས་ཕན་བཏགས་པའི། །ཡོན་དུ་དགེ་ཚོགས་འབྲས་བུ་གཏོང་ཕོད་ཞར། །རང་གི་འདི་ཕྱི་ཙམ་བདེའི་ཕུབ་མ་ཙ། །འབྲས་དཀར་ལོ་ལེགས་ཤུགས་ལས་ངང་གིས་འབྱུང་། །མཆོག་དམན་གདུལ་བྱའི་བློར་འཚམ་སྣ་ཚོགས་མདོ། །བག་ཡོད་བགྲང་བྱར་བཞེངས་པས་ཐོག་དྲངས་ཏེ། །གངས་ལྗོངས་རྒྱལ་སྲུང་ཚོམ་བུའི་དོ་ཤལ་ཆེ། །བརྩོན་པའི་སྲད་བུར་སྙིང་སྟོབས་སོར་མོས་བརྒྱུ། །ཆེད་དུ་བསོད་ནམས་ས་བོན་འདི་བཏབ་པར། །ཐུབ་བསྟན་ཨ་མྲའི་སྡོང་པོ་དར་དྲག་རྩེར། །བདེ་སྐྱིད་ས་ཧ་ཀ་ར་སྨིན་པའི་རོ། །མ་རྒན་སེམས་ཅན་རྣམས་ཀྱིས་མྱོང་བར་ཤོག །སངས་རྒྱས་ཀུན་གྱིས་གང་མཁྱེན་ཤེས་བྱའི་གནས། །མངོན་སུམ་གཟིགས་པ་འཇམ་མགོན་བཙོང་ཁ་པའི། །རིང་ལུགས་བོད་ཡུལ་ཧོར་དང་རྒྱ་ནག་པོའི། །རྒྱལ་ཁམས་ཀུན་ཏུ་ཁྱབ་ཅིང་དར་བར་ཤོག །རྣམ་མཁྱེན་ཐོབ་མིན་དེ་སྲིད་རྒྱུ་སྦྱོར་གྱི། །ལེགས་བྱས་ལྷ་གོས་ལས་གྲུབ་སྟན་བཟང་པོ། །སྐྱེ་བའི་གོམ་པ་གང་བཀོད་འབད་མེད་དུ། །འདིང་བ་གྲོ་བཞིན་སྐྱེས་ཀྱི་སྤུན་ཟླར་ཤོག །དཀོན་ཅོག་ཐུགས་རྗེས་སྨིན་པའི་གང་བུ་རུ། །ཚེ་འབྱོར་རིགས་བརྒྱུད་དབང་ཐང་དར་བའི་ཏིལ། །བགྲང་དུ་མེད་འཕེལ་རྒྱས་པ་ནམ་མཁའ་མཛོད། །ཇི་བཞིན་ནམ་ལང་མི་འཛད་གཏེར་(༡༨ན)


GLG017_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ཤོག །འདྲི་དང་བརྡ་ཚིག་དོན་ལ་ཞུས་ཆེན་མཁན། །གཡོས་མལ་སྣག་ཤོག་གིས་མཚོན་ཡོ་བྱད་ཀུན། །ལུས་ངག་ཡིད་ཀྱིས་འབད་རྣམས་སྲིད་དང་ཞིའི། །སིམ་པའི་ཚོར་བ་རྟག་ཏུ་མྱོང་བར་ཤོག །གངས་ཅན་ཡུལ་གྲུ་གཙོར་གྱུར་འཛམ་གླིང་འདིར། །སྡིག་འབྲས་གཤོངས་སུ་རྩོད་པའི་ཀླུང་ཆེན་རྒྱུན། །དྲག་འབབ་རྫོགས་ལྡན་ཆུ་ལོན་གྱིས་བཀག་སྟེ། །དགའ་སྤྲོའི་སྐམ་ལ་རྩེ་དགའ་དགོད་པར་ཤོག །ལས་ཉོན་གདོན་ཞུགས་སྐྱེ་རྒ་ན་འཆིའི་རོའི། །གཙུག་ཏུ་དགེ་བའི་རིགས་སྔགས་ཕུར་པའི་དབལ། །བཏབ་པས་འཇིག་རྟེན་གསུམ་གྱི་སྐྱེ་རྒུའི་ཚོགས། །མྱང་འདས་གྲོང་ཁྱེར་ཆེན་པོར་དབུགས་དབྱུང་ཤོག །ཆུ་ཡི་བུམ་པ་གང་ཡང་ཟད་པའི་མཐར། །ནམ་མཁའི་ངོ་བོ་ངང་གིས་ལྷུན་གྲུབ་ལྟར། །འགྲོ་སེམས་སངས་རྒྱས་བག་ལ་ཞ་བྱེད་སྒྲིབ། །ཉེར་སངས་འོག་མིན་གཞན་ནས་མི་འཚོལ་ཤོག །དུས་ཀྱི་ཆད་པའི་སྤྲིན་ནག་མང་པོའི་མགོ །འཐུག་པོ་དཀར་མིན་མཁའ་ལ་ཡོངས་གདེངས་པ། །རྣམ་འདྲེན་རྒྱས་སྲས་ཉན་རང་བདེན་ཚིག་རླུང་། །དྲག་པོས་སྐད་ཅིག་ཙམ་ལ་མཐར་བྱེད་ཤོག །ཆོས་ཉིད་ཆོས་ཅན་བློ་མིག་བྲང་གི་སྟེང་། །བསྲུབས་ལས་འཁོར་འདས་ལེགས་ཚོགས་རྒོད་མ་ཁ། །ཀུན་དགའི་མཛའ་བ་སྟེར་བའི་གཟི་བྱིན་གྱིས། །བཀྲ་ཤིས་སྣང་བའི་དཔལ་གྱིས་ཁྱབ་གྱུར་ཅིག །ཅེས་ཡུལ་ལྷོ་བརྒྱུད་ཨེ་རིག་པའི་འབྱུང་གནས་ཀྱི་སའི་ཆ་ནས་རྒྱལ་བ་བཙོང་ཁ་པ་ཆེན་པོའི་བསྟན་པ་ལ་གུས་པ་ལྷུར་ལེན་པའི་རི་སྒོ་གཟིམས་ཤག་ལྷོ་པ་གསོལ་དཔོན་རབ་བརྟན་ཞེས་དཔའ་མཛངས་རྟུལ་ཕོད་པ་གང་གི་རིགས་ལས་ལུགས་གཉིས་སྤྱོད་པའི་བློ་མིག་ཡངས་པ་ནང་སོ་དཀོན་ཅོག་དར་རྒྱས་ཀྱིས་མཉམ་མེད་ཟས་གཙང་སྲས་པོའི་གསུང་རབ་ལས་(༡༨བ)


GLG017_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁ་བ་ཅན་གྱི་ལྗོངས་འདིར་འཁོར་ལོ་དང་པོའི་ལུང་སྡེ་བཞི། །གཉིས་པའི་ཤེར་ཕྱོགས། །གསུམ་པའི་དཀོན་བརྩེགས་དང་ཕལ་ཆེན། ཐེག་པ་སྣ་ཚོགས་བསྡུས་པའི་མདོ་སྡེ། རྒྱུད་འབུམ་གསར་མ་རྣམས་འགྱུར་རོ་ཅོག་དང་། གསང་སྔགས་རྙིང་མའི་རྒྱུད་གཙོ་བསྡུས་དང་བཅས་བཞེང་བར་མངོན་དུ་ཕྱོགས་པའི་སྟ་གོན་གྱི་ཚེ་དཀར་ཆག་ཆེ་བརྗོད་སྨོན་ལམ་རྒྱས་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྜེས་ཆུ་གླང་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ལ་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་བ་སརྦྦ་དི་ཀེ་ཛ་ཡནྟུ། ཟླ་ལྟར་དཀར་ཡང་ཐོར་ཚུགས་སྣུམ་ཞིང་ནག །སྤྲོས་དང་བྲལ་ཡང་གོས་བཟང་རིན་ཅེན་རྒྱན། །འགྲོ་ལ་བརྩེ་ཡང་ཡིད་སྲུབས་ཕྱེ་མར་འཐག །བློ་གྲོས་རྒན་ཡང་གཞོན་ནུའི་ངང་ཚུལ་ཅན། །མཚན་དཔེའི་སྐུ་ནི་མཐོང་བ་དོན་དང་ལྡན། །ཚངས་པའི་གསུང་གི་ཤེས་བྱའི་གནས་ཀུན་རྟོགས། །ཐུགས་རྗེས་སྲིད་ཞིའི་འཇིགས་སྒྲོལ་འཇམ་པའི་དབྱངས། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཡབ་གཅིག་པུ། །སྣང་བརྙན་མདོ་ཁམས་ཏྲེ་བོའི་ཡུལ་གྲུ་ནས། །ལེགས་སྦྱར་རྩིས་དང་ཐུ་མིའི་གཙུག་ལག་སོགས། །རིག་གནས་དུ་མར་བློ་མིག་རབ་ཡངས་པ། །ངག་དབང་ནམ་མཁར་འབོད་དེའི་གསོལ་གདབ་རྟེན། །ཡང་ཡང་སྙིང་ནས་མི་ཕྱེད་དད་པ་ཡིས། །ལྷང་ལྷང་ཐུགས་རྗེ་བསྐུལ་བར་གསོལ་འདེབས་ན། །གསལ་གསལ་མགོན་ཁྱོད་བདག་ཡིད་ལ་ཞུགས་ནས། །བཟང་བཟང་འཆད་རྩོད་རྩོམ་པའི་སྤོབས་པ་སྩོལ། །འཇམ་ཞིང་དབྱངས་སྙན་ཟླ་ལྟར་དཀར་བའི་ཞལ། །ཞལ་འཛུམ་ལྷུག་པར་བསྟན་ནས་འགྲོ་བ་ཀུན། །ཀུན་གཟིགས་མགོན་པོའི་གོ་འཕང་མ་འཐོབ་བར། །བར་ཆད་(༡༩ན)


GLG017_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་ལས་རྒྱལ་བར་བྱིན་གྱིས་རློབས། །ཞེས་ཏྲེ་བོ་སྤོས་འཛིན་རིག་བྱེད་སྨྲ་བ་ངག་དབང་ནམ་མཁས་འཇམ་དཀར་གྱི་སྐུ་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་ཕུན་ཚོགས་དབང་པོའོ། །བག་ཡོད་ཀྱི་ལོ་རྒྱས་བཏབ་ར་མོ་ཆེའི་ཀུན་དགའ་ར་བར་སྐྱེས་རབས་སོ་བཞི་པའི་ཞིང་བཀོད་བྲིས་པའི་ཚེ་ལེའུ་སོ་སོའི་ཞལ་བྱང་མཛད་པའི་སྙིང་པོ་ཚིག་བཅད་དུ་སྤེལ་བ་ཞིང་ཁམས་རྒྱ་མཚོ། བསྐལ་མང་གོམས་པའི་སྙིང་རྗེ་ཆེན་པོའི་ཆུ། །ལྷག་བསམ་རི་གཟར་ལས་བབས་གཞན་རྐྱེན་གྱིས། །ལྡོག་མིན་སྟག་མོའི་སྲོག་ཆེད་རང་གི་ལུས། །གཏོང་ལ་ལྷ་ཀླུ་གནོད་སྦྱིན་རྗེས་ཡི་རངས། ༡ །བརྒྱ་བྱིན་བྲམ་ཟེ་མིག་བྲལ་ཉམ་ཐག་པར། །ཉེར་སྤྲུལ་ཆོད་མྱུལ་བྱེད་ལ་ཞུམ་པའི་བློ། །རབ་སྤངས་ཚམ་ཚོམ་མེད་པར་རང་གི་སྤྱན། །སྟེར་མཛད་ཤི་པི་ལ་ཡི་རྒྱལ་པོ་མཚར། ༢ །གླ་ཡིས་འཚོ་བའི་དབུས་པོར་གྱུར་ན་ཡང་། །བསོད་ནམས་ཞིང་ལ་གཟན་ཆངས་བྱིན་པའི་འབྲས། །ཀོ་ས་ལ་ཡི་ས་སྤྱོད་དབང་པོ་རུ། །གྱུར་པའི་སྙན་གྲགས་ཕྱོགས་ཀྱི་རྣ་བར་འཇེབས། ༣ །སྡིག་ཏོའི་འཕྲུལ་གྱི་བཟོད་དཀའི་དམྱལ་མེ་ལ། །འཇིགས་མེད་བརྟུལ་ཞུགས་ཆེན་པོས་རང་སངས་རྒྱས། །རྙེད་བཀུར་ཕུལ་ལ་དཔའ་བའི་སྤྱོད་ཚུལ་གྱིས། །མེ་ཏོག་མདའ་ཅན་མྱ་ངན་ཁང་བུར་བརྒྱལ། ༤ །བདོག་པ་དགུན་གྱི་ཆུ་བྲན་བཞིན་བསྐམས་ཚེ། །གཏོང་སེམས་དབྱར་གྱི་མཚོ་ལྟར་ཆེར་འཕེལ་བ། །འཇུངས་པའི་ཟིལ་གྱིས་མི་ནོན་ཚོང་དཔོན་གྱི། །མཛད་པས་བརྒྱ་བྱིན་ཡིད་དབང་ཅི་ཡང་ཕྲོགས། ༥ །གཞན་དག་གཙོས་པའི་ཚེར་མ་རང་སྙིང་ལ། །ཟུག་པས་མ་བཟོད་ཞུགས་ཀྱི་ཕུང་པོ་རུ། །མཆོད་པར་སོམ་ཉི་མེད་པ་རི་བོང་གི །གྲགས་པ་འཆི་མེད་འདུན་སར་གཅིག་ཏུ་ཆེ། ༦ །སྲིད་བདེ་(༡༩བ)


GLG017_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཡིན་པར་ཡོངས་རིག་ནས། །རབ་བྱུང་དབེན་པར་སྤོང་བ་ལྷུར་ལེན་ཀྱང་། །རང་ཉིད་ཆོག་ཤེས་གཞན་ལ་སྦྱིན་བརྩོན་པ། །གཉིས་སྐྱེས་མཆོག་ལ་ལྷ་དབང་དད་པ་འཕེལ། །བརླང་པོར་སྤྱོད་པའི་གནོད་སྦྱིན་བཏུད་པའི་ཆེད། །རིས་མེད་འགྲོ་ཀུན་སྐྱོང་བའི་སྙིང་རྗེ་ཆེ། །རྩ་ཆེན་ལས་གཏར་དངས་མའི་ཁྲག་གི་རྒྱུན། །སྩོལ་མཛད་བྱམས་པའི་སྟོབས་ཁྱོད་སྐྱེ་རྒུའི་གཉེན། ༨ །དོན་མེད་འཁོར་བའི་དངོས་པོ་གང་ལ་ཡང་། །མ་ཆགས་སྡུག་བསྔལ་དང་དུ་ལེན་ནུས་པ། །ཐམས་ཅད་སྒྲོལ་གྱི་ངང་ཚུལ་འདི་མཐོང་ཚེ། །གྲགས་ཆེན་སངས་རྒྱས་དེ་ཡང་མི་རིང་ཉེ། །འཆི་བ་ཆོས་སྨྲའི་ཚིག་གིས་ཡིད་དྲངས་ནས། །ཕྱུགས་ཀྱི་མཆོད་སྦྱིན་སྡིག་པའི་ལམ་པོ་ཆེ། །བཀག་ནས་ཕོངས་རྣམས་འདོད་པའི་རེ་བསྐང་སྟེ། །མངོན་མཐོ་ངེས་ལེགས་ས་མཁན་ཁྱོད་གཅིག་པུ། ༡ །རང་ཉིད་གཡུལ་ངོར་ཕམ་པ་ཡལ་དོར་ནས། །མཁའ་ལྡིང་སྲོག་གཅོད་སྡོམ་ཆེན་ཤིང་རྟའི་ཁ། །སྒྱུར་ཚེ་སྦྱིན་སྐྱེས་དཔུང་རྣམས་འཐོར་རླུང་གིས། །གཏོར་བའི་སྤྲིན་བཞིན་བྱེར་བས་རྒྱལ་རྔ་བརྡུངས། ༡༡ །སློབ་བུའི་ངང་ཚུལ་བརྟག་ཕྱིར་སློབ་དཔོན་གྱི། །རྐུ་བ་ཆོས་སུ་བཤད་ཚེ་བྲམ་ཟེ་ཆེ། །ཡིད་དམ་བརྟན་པོའི་བརྟུལ་ཞུགས་ལྷུར་བླངས་པའི། །ངོ་མཚར་སྟོན་ཟླ་ཉ་གང་བཞིན་དུ་དཀར། ༡༢ །མྱོས་བྱེད་མིག་གི་ཟུར་མདའ་འཕངས་པའི་མོད། །རྒྱལ་པོའི་བརྟན་པ་ཕྲོགས་ཀྱང་ལོག་གཡེམ་གྱི། །མཉེན་པོས་ངོ་ཚ་ཤེས་ལ་བློན་པོ་སོགས། །འབངས་རྣམས་རངས་པའི་བསྟོད་བསྔགས་དབྱངས་སུ་ལེན། ༡༣ །གློང་མཁར་བྲུ་ཆེན་ཆུད་ནས་ཚོང་པ་རྣམས། །ཉི་བུའི་མཆེ་བའི་ཕྲག་པར་ཉེར་འགྲོ་ཚེ། །རྫུན་བྲལ་བདེན་ཚིག་བརྗོད་པས་འཇིགས་པ་ལས། །ཐར་མཛད་ལེགས་པའི་ཕ་རོལ་ཕྱིན་དེ་མཚར། ༡༤ །དཀར་མིན་(༢༠ན)


GLG017_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་འབྲས་བུའི་མཚོ་བསྐམས་ཏེ། །ཉ་རྣམས་སྲོག་སོང་བཞིན་དུ་ཉམ་ཐག་པར། །དག་པའི་ཚུལ་གནས་མཐུ་ཡིས་ཆར་འབེབས་པ། །གསེར་མིག་རྒྱལ་པོའི་རྣམ་ཐར་ཡིད་ལ་འབབས། ༡༥ །ཚང་ཚིང་ཞུགས་ཀྱིས་བསྲེགས་པའི་མེ་ལྕེ་ལ། །ཆེར་སྐྲག་བཤོག་རྩལ་རྫོགས་ཀུན་བྱེར་ན་ཡང་། །སྲེག་པའི་ཕྲུག་གུའི་ཚོགས་རྣམས་འཚིག་ཉེ་ཚེ། །སྐད་ཅིག་བཟློག་པའི་བདེན་པ་བརྗོད་དེ་བཙན། ༡༦ །མཛའ་བོའི་ས་སྦྱོད་ལོག་པའི་བཤེས་གཉེན་གྱིས། །དབྱེན་བཅོས་ཆང་གིས་ཆེར་མྱོས་ར་རོ་ནས། །འདི་ཕྱིའི་མདུན་མ་ཉམས་ཚེ་ཐབས་མཁས་མཐུས། །བག་ཡོད་གནས་ལ་སྦྱོར་བ་རྨད་དུ་བྱུང་། ༡༧ །རྨུགས་འཛིན་ལོངས་སྤྱོད་རྗེས་འགྲོ་དཔལ་འབྱོར་ལ། །རྒྱགས་པའི་བསྙེམས་པ་མི་ལྡན་འཁོར་བའི་ཆོས། །ཆུ་ཤིང་ལྟར་གཟིགས་ཁྱིམ་སྤངས་བས་མཐའ་རུ། །ཞི་བའི་རོ་བརྒྱ་མྱོང་དེ་མཆོག་གི་བློ། ༡༨ །ཕ་མ་དང་བྲལ་རྐྱེན་གྱིས་མཆེད་པོ་དྲུག །འབངས་བཅས་ནགས་སུ་པང་རྩས་ཉེར་འཚོ་བའི། །རང་སྐལ་ཆད་ལ་མི་གདུང་འདོད་ཆུང་བར། །མཆོད་སྦྱིན་བརྒྱ་པས་སྙན་པའི་བསྟོད་བསྔགས་བརྗོད། ༡༩ །རྣ་དབང་ཉམས་པས་བརྗོད་པ་དོན་ལོག་སྒྲས། །རབ་ཏུ་བྱུང་ཞེས་གྲགས་པས་ཉེར་བསྐུལ་ནས། །མི་རྗེ་གཉེན་གྲོགས་རྣམས་ཀྱིས་མ་ལྡོག་པར། །སྲིད་ལས་བྱུང་བའི་བག་ཡོད་བརྟུལ་ཞུགས་བླངས། ༢༠ །གཉིས་སྐྱེས་འཁོར་བར་ཡིད་ཕྱུང་འབྲོག་དགོན་པར། །བགྲོད་པའི་ཕྱི་བཞིན་རྒྱུ་བའི་མཆིས་བྲང་པ། །འཆི་བར་བཟོད་པའི་ཆར་གྱིས་ས་བདག་རྒྱུད། །གདུང་བའི་ཉོན་མོངས་མེ་ཆེན་རབ་ཏུ་བསད། ༢༡ །ནམ་མཁའི་རྒྱལ་པོའི་ཆེད་དུ་བཞིན་བཟང་སྲོག །འདོར་ནུས་ཡ་རབས་ཚུལ་ལ་རྔོན་པ་ཡང་། །མཚར་འཛིན་རྒྱལ་ཁབ་མགྲིན་རྔ་གཟེངས་མཐོའི་སྒྲས། །རྗེ་འབངས་ལེགས་པའི་ལམ་བཀོད་དགེ་བའི་བཤེས། ༢༢ །གཙུག་ལག་ངན་པའི་གཏམ་གྱིས་ཡིད་དྲངས་ནས། །མི་བདག་ལོག་(༢༠བ)


GLG017_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་དུ་མངོན་ཕྱོགས་པ། །ལུང་དང་རིག་པས་ཚར་བཅད་ཡང་དག་སར། །སྦྱོར་བའི་ཀུན་ཏུ་རྒྱུ་ཁྱོད་བྱང་ཆུབ་ཆེ། ༢༣ །གཅོང་རོང་ལྷུངས་ལས་ཉེར་བཏོན་སྲོག་བསྐྱབས་མི། །དྲིན་ལན་ལོག་པར་གཞལ་ལ་རྗེས་བརྩེའི་མེ། །ཆེས་ཆེར་འབར་བས་ནགས་ཀླུང་སྟུག་པོ་ལས། །སྒྲོལ་མཛད་འཕགས་ཆེན་སྤྲེའུའི་ངང་ཚུལ་བཟུང་། ༢༤ །རྒྱལ་པོ་རི་དྭགས་རྔོན་ཕྱིར་ཅང་ཤེས་རྟ། །བརྒྱུགས་པའི་མོད་ལ་གཏིང་ཟབ་གཡང་ལྷུངས་པར། །མི་འཇིགས་སྦྱིན་པས་དབུགས་དབྱུང་ཤ་ར་བྷའི། །བཟོད་པའི་སྙིང་སྟོབས་གོ་ཆ་མཆོག་ཏུ་བཙན། ༢༥ ། ཤུགས་དྲག་ནུས་ཁྱེར་བཟུང་ལན་ལོག་འཇལ་མིས། །སྣ་དྲངས་ས་སྐྱོང་དམག་དཔུང་ཉེར་ལྷགས་ཀྱང་། །བྱང་ཆུབ་སེམས་ཀྱིས་མ་རུང་རབ་བཏུལ་བའི། །རི་དགས་རུ་རུའི་མཛད་པ་འདི་རྨད་བྱུང་། ༢༦ །ས་ཧཱ་ཀ་རའི་རོར་སྲེག་མི་རྗེ་ཡི། །བརླང་སྤྱོད་དཔུང་གིས་འཇིག་ཏུ་འཆའ་བའི་ཚེ། །གྲངས་མེད་སྤྲེལ་ཚོགས་འཇིགས་པ་ལས་བསྐྱབས་པའི། །བདག་གཞན་མཉམ་པར་བརྗེ་བའི་ཚུལ་འདི་བསྔགས། ༢༧ །རང་རྒྱུད་ཉོན་མོངས་རྒྱས་དཔེ་གཞན་བཀབ་ནས། །ས་དབང་མཚོན་གྱིས་དྲང་སྲོང་ལུས་གཏུབས་པར། ཁོང་ཁྲོའི་བུད་ཤིང་བཟོད་པའི་མེས་བསྲེགས་ལ། །མཐོང་ཆོས་མྱོང་བའི་དམྱལ་མེ་འགྲན་བཞིན་འབར། ༢༨ །ལོག་ལྟའི་རྡུལ་གྱིས་ཡན་ལག་སྦྱིན་སེམས་ཆུ། །རྙོག་པའི་ངན་འགྲོའི་གཡང་ལ་གོམ་ཁྱེར་བ། །ཚངས་རིགས་གྲུབ་པའི་ཐབས་མཁས་ཀེ་ཏ་ཀས། །བགྲུངས་པས་ཕན་བདེའི་གཟུགས་བརྙན་གཅིག་ཏུ་གསལ། ༢༩ ། མྱ་ངམ་དགོན་པར་བརྒྱ་ཕྲག་བདུན་གྱི་མི། །མནར་བའི་སྡུག་བསྔལ་སྐྱབ་ཕྱིར་རང་གི་ལུས། །ཡལ་བར་འདོར་ལ་སྤྲོ་བའི་གཉིས་འཐུང་དབང་། །གོམ་སྟབས་ལྷོད་པོས་ཚོགས་གཉིས་ས་ཆེན་བརྒལ། ༣༠ །ཟླ་ལྟར་དཀར་བའི་ལྷག་བསམ་འོད་པོ་ཆེས། །སུ་དྭ་ས་བུའི་རྩུབ་སེམས་སྨག་རུམ་དཔུང་། །རྒྱལ་པོའི་རིགས་སོགས་འགྲོ་མང་བདེ་བའི་ལམ། །ལེགས་(༢༡ན)


GLG017_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་ཐུགས་རྗེའི་རྣམ་འདྲེན་ཡོལ་མེད་མཚར། ༣༡ །ལྕགས་ཁྱིམ་སྣ་ཚོགས་ནོར་བུའི་ཕྲས་མཛེས་སོགས། །མ་སྨད་འབྱོར་པ་དུག་ཆུ་ལྟར་སྤངས་ནས། །དབེན་པའི་གནས་སུ་ཞི་བའི་ལམ་པོ་ཆེ། །ཞུགས་ཏེ་བྱང་ཆུབ་མཆོག་དེ་མི་རིང་ཉེ། ༣༢ །བྲག་རི་འབིགས་ནུས་རྣོ་ངར་རྭ་གདེངས་ཀྱང་། ཉམ་ཆུང་སྤྲེའུས་འཚོ་བར་བཟོད་པའི་གོ །བཙན་པོའི་ཁྱུ་མཆོག་ངང་ཚུལ་གནོད་སྦྱིན་གྱིས། །མཐོང་ཚེ་ལེགས་སོའི་ཚིག་གི་མེ་ཏོག་འཐོར། ༣༣ །དྲེགས་མྱོས་སེང་གེ་མགྲིན་པ་རུས་འཛེར་གྱིས། །བཟོད་དཀའི་ཟུག་ངུར་གྱུར་ཚེ་ཁ་ནང་དུ། །ཕྱིན་ཏེ་ནང་དྲུང་འབྱིན་པའི་འདབ་བརྒྱ་པ། །སྔོན་མེད་སྨན་པ་ཆེན་པོ་དཔག་བསམ་ལྗོན། ༣༤ །
(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་རྙིགས་མ་པར་རྩོན་པ།)
བོདྷཱནུཏྟརཡོཿཙརོ྅ཙརམཧཱནྱཱསཔྲཏཱིཛྙཱམནཱིཙིཏྟསྭཱརནིཛིཥྵཙསྶཀལཡོཿཤྲཱིབཏྶརེཙིཏྲཡོཿམཱལུགྒཱིཪྻརཐསྱསརྦགམནོམོཀྵོནགཱརེབལཻནཱཡིཥྵཱཏིཐིསིདྷཤཱཀྱཀརུཎོནེཏྲཱཀྵིཔེལོཀཏཾ། །རྒྱུ་དང་མི་རྒྱུའི་ཡིད་ཅན་མཐའ་དག་བླ་མེད་བྱང་ཆུབ་ཆེན་པོ་རུ། །འགོད་པའི་དམ་བཅའ་ཐུགས་ཀྱི་དཔལ་བེའུ་གསལ་བའི་རི་མོ་ནམ་དུ་ཡང་། །ཟུབས་མིན་བརྩོན་འགྲུས་ཤིང་རྟའི་ཤུགས་ཀྱིས་ཐར་པའི་གྲོང་དུ་འགྲོ་བ་ཀུན། །འདྲེན་པའི་དེད་དཔོན་ཤཱཀྱ་སེང་གེས་ཐུགས། (༢༡བ)


GLG017_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ།)
བཱིགཪྞཨུཥྞགཎགརྦྷམཧཱདཱིཏཱིཡོདྷརྨཛྙསརྦཔརིཨཎྜསུབརྞཔཱཀཿདེབཱནྱཔཎྜིངཙསིདྡྷམཏེཤྩབྲྀདྡྷོབྷདྲསྱཀཱིརྟིཔཊུཙཛཱལགོམིཏེསྟུཏྲ། རྗེའི་སྤྱན་རས་ཡེངས་མེད་གཟིགས། །ཚོགས་གཉིས་མངལ་གྱི་དྲོད་པོ་ཆེར་སྦྲུམས་པས། །ཆོས་ཀུན་མཁྱེན་པའི་གསེར་སྒོང་ཡོངས་འཛིན་པ། །བློ་གྲོས་པཎ་གྲུབ་ལྷ་གཞན་ལས་རྒན་པའི། །མཁས་བཙུན་བཟང་པོའི་གྲགས་པ་འབར་ཁྱོད་བསྔགས། །རང་རིགས་སྣ་བོར་ཞེན་པའི་རྟུལ་པོའི་བློས། །བསྟོད་མིན་གཏན་གྱི་སྐྱབས་གནས་བཙོང་ཁ་པར། །ངེས་ཀྱང་རིས་མེད་གྲུབ་མཐར་སྨོད་པའི་མཚོན། །མི་འཕེན་ཤེས་རབ་མིག་དཀྱུས་རིང་པོའི་དྲིན། །ཀྲི་ཀྲིའི་རྨི་ལྟས་ཁྲོན་པས་འབོད་ལྟར་དིང་། །རང་འདོད་དྭངས་ཁར་འཚངས་པའི་རྨོངས་ཞེན་གྱིས། །སྣ་ཚོགས་རི་མོས་བྱིས་པའི་བློ་བྲིད་ཀྱང་། །ཐུབ་བསྟན་ཞུགས་ཀུན་དད་པའི་ཆ་ཤས་ཕྲ། །ཅིའི་ཕྱིར་མཛེས་སྡུག་རྨ་བྱའི་གར་སྟེང་ན། །ཚུལ་འཆོས་གདོང་དྲུག་ཕྱོགས་ལྷུང་འདམ་བུའི་ཚལ། །བག་ཡེངས་རྒྱུ་ལ་གཞན་སྡེ་མ་གཉིས་པ། །འཁྲུལ་ཆོས་མཆེ་བ་ཕྱུངས་པར་དགོད་ལ་བྲེལ། །(༢༢ན)


GLG017_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འདིར་མཚན་དཔེའི་ངོ་མཚར་བཀྲ་བའི་ལུས། །གྲིབ་མ་གཉིས་པ་ལས་གཞན་གྲོགས་མེད་པ། །ཤཱཀྱ་སེང་གེའི་མཛད་པ་འདྲི་བ་ལ། །ཀླ་ཀློ་མུ་སྟེགས་མ་ཡིན་སུ་མི་དད། །འདི་སྣང་འགྲོ་འདུག་ཉལ་འཆག་མཐུན་འཇུག་ལ། །རྣམ་པར་ཐར་ཞེས་གླེང་མིན་བསྐལ་མང་དུ། །ཐུགས་བསྐྱེད་ཆང་གིས་མྱོས་པའི་བྱང་སེམས་ཀྱི། །རླབས་ཆེན་སྤྱོད་པའི་རྒྱང་གླུ་བླངས་དེ་མཚར། །ཚོགས་གཉིས་བསགས་འབྲས་ཆོས་དབྱིངས་ཞི་བའི་མལ། །མནལ་ཡང་འོག་མིན་ཞིང་ཁམས་ཞིང་གི་གཙོར། །ངེས་པ་ལྔ་ལྡན་ལས་སྤྲུལ་འཛམ་གླིང་འདིར། །མཐའ་ཀླས་མཛད་པས་འགྲོ་མང་ཕན་བདེར་སྦྱོར། །སྤངས་དང་མངོན་དུ་མཛད་ལ་ཐུབ་པ་རྣམས། །མཉམ་ཡང་ཆེས་ཆེར་གདུལ་དཀའ་འདུལ་བའི་མགོན། །ཟས་གཙང་སྲས་ཁྱོད་ཆེན་པོའི་དྲིན་གྱི་མཐའ། །ནམ་མཁའི་སྐ་རགས་དེས་ཀྱང་ག་ལ་ཆིངས། །སྙིང་སྟོབས་ལྷག་པར་རྒྱས་པ་སྔོན་བྱུང་གི །རླབས་ཆེན་སྤྱོད་པའི་གྲངས་ཚད་ཚངས་པ་ཡིས། །བསྐལ་པར་གཞལ་ཀྱང་རྟོགས་པར་ནུས་མིན་ན། །བུས་པའི་བློ་གྲོས་རྣམས་ཀྱིས་ཅི་ཞིག་རྙེད། །འོན་ཏེ་ཀ་ལནྟ་ཀས་ཆུ་གཏེར་ལས། །སྐོམ་པའི་གདུང་བ་སེལ་ནུས་འཐུངས་པ་བཞིན། །འཕགས་བོད་པཎ་གྲུབ་དུ་མས་མདོ་འདུལ་ནས། །གང་དཔོགས་བཀོད་པའི་གླེགས་བམ་ཚད་མའི་དབང་། །རྒྱལ་བས་དཔལ་གྱི་འགུར་ནས་འབྱུང་འགྱུར་ལུང་། །ཉེར་བསྟན་དཔའ་བོས་སྙན་ངག་ཏམྦུ་རའི། །རྒྱུད་ལས་དྲངས་པའི་སྐྱེས་རབས་སརྒ་རུ། །སོ་བཞི་གྲངས་སུ་བྱེད་པའི་གླུ་འདི་སྙན། །འཁོར་མཚོར་སྒྲོལ་བའི་མ་མ་སྟོང་འཁུན་ཁར། །འཆི་མེད་ལུས་ཕྲའི་དཔལ་འཛིན་ཀོང་ཅོ་ཡི། །ངོ་མཚར་སྤྲུལ་པའི་གནྡྷོ་ལའི་རྩིག་ངོས། །ཞིང་ཁམས་རྒྱ་མཚོའི་སྣང་བརྙན་འབྱམས་སུ་ཀླས། །མཁྱེན་བརྩེའི་ལང་(༢༢བ)


GLG017_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་རྒྱས་པའི་པིར་ཐོགས་མཁན། །བཞེད་སྲོལ་འཛིན་མཁས་དབུ་མཛད་གཞོན་ནུ་སོགས། །གཙུག་ལག་གཉིས་པ་ཤེས་པའི་དཔྱོད་ལྡན་འགས། །སྒྱུ་མ་མཁན་གྱི་ཁེངས་པ་བག་ལ་ཞ། །ལོག་རྟོག་དྲིས་སྦགས་དིང་འགྲོ་ཁྱབ་འཇུག་རྐང་། །དག་བྱེད་རྣམ་ཐར་མཐོ་རིས་ཨརྒྷའི་ཆབ། །སྦྲེངས་པའི་ལེགས་བྱས་ཡན་ལག་བརྒྱད་ལྡན་རྒྱུན། །བྱང་ཆེན་ཟླ་བའི་མ་མ་འཕེལ་བྱེད་ཤོག །ཞྭ་སེར་ཅོད་པན་འཆང་བསྟན་ལྷ་དང་མིས། །ཡོན་གནས་དམ་པར་བླ་ནས་བླར་བཀུར་ཞིང་། །སཱ་ལའི་ཚལ་འདིར་གནས་པའི་སྐྱེ་རྒུ་ཀུན། །རྫོགས་ལྡན་གཞོན་ནུའི་རྩེ་དགའ་དགོད་པར་ཤོག །ཚུལ་མིན་བག་ཚའི་སྨག་རུམ་མ་འཐིབས་པར། །ཡང་དག་ཁྲིམས་ཤིང་བོད་ཆེན་གཉའ་བ་རུ། །རབ་ལྕི་དགའ་ལྡན་ཆོས་ཀྱི་ཕོ་བྲང་ཆེའི། །མངའ་ཐང་མཆོད་སྦྱིན་བརྒྱ་པའི་དཔལ་འཛིན་ཤོག །མཆོག་གསུམ་ཐུགས་རྗེའི་ག་བུར་གཟེགས་མའི་རྡུལ། །ལྷུངས་པའི་མོད་ལ་བདེ་སྐྱིད་ཀུནྡའི་འདབ། །གྲོལ་བྱེད་བཀྲ་ཤིས་ཟླ་བ་དཀར་པོའི་ཆ། །གང་བའི་དཔལ་གྱིས་དུས་ཀུན་ཁྱབ་པར་ཤོག །ཅེས་གངས་ཅན་ཕན་བདེའི་རྩ་ལག་རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་དུས་བབས་ཀྱིས་ཉམས་ཆག་བྱུང་བར་ཕྱག་མཛོད་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་ནས་ཞིག་གསོས་མཛད་པའི་ལས་དཔོན་འཕན་ཡུལ་ལྷ་ཁང་པ་དགེ་ལོགས་ཨ་དར། ཤིང་བཟོ་དབུ་ཆེན་གྲ་ས་པ། ལྷ་ས་ལམ་རྙེད། དབུ་ཆུང་གནས་གསར་འཇམ་དབྱངས། གྲ་ཕྱི་དགོས་དགོས་རྩེ་གདོང་ཕུན་ཚོགས། བྱེ་མདའ་ལྷ་བུ། ཆུ་ཤུར་ཚེར་གསེབ་པ། སྨོན་དྲུག་གླིང་པ། རྩེ་ཁ་ཆོས་སྐྱོང་། རྡོ་བཟོ་དབུ་ཆེན་དཔལ་བཟང་ཚེ་རིང་། དོལ་པ་དགོས་སྐྱེས། དབུ་ཆུང་སྦེལ་ནག་ཚེ་རིང་རྒྱལ་པོ། མལ་དྲོ་ཇོ་ཇོ་བཀྲ་ཤིས། འཕན་ཡུལ་སྤང་ལྐོག་མགོན་པོ། (༢༣ན)


GLG017_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་རྟ་བསོད་ནམས་ལྷུན་གྲུབ། འབྲི་གུང་བསམ་གྲུབ་ཚེ་བརྟན། གསེར་ཏོག་གི་ཟངས་བརྡུངས་དོ་དམ་འདར་གཞོན་ངག་དབང་འཕྲིན་ལས་དང་གྲ་པ་དཔོན། གསེར་གཏོང་བའི་དོ་དམ་སྟར་སྡོང་པ་ནང་སོ་བློ་བཟང་ཚེ་བརྟན། ཤངས་བརྒྱ་ཚོ་ནས། ཉང་པ་མདོ་ཆུང་ནས། འགྲངས་རྒྱས་ཤག་པ་ནང་སོ་དགོས་དགོས། ཟངས་མགར་བའི་དབུ་མཛད་རྣམ་སྲས་ལྷས་བྱིན། དངོས་གྲུབ། བལ་པོ་ཨ་མ་ར་སིདྷ་། །ངྷ་ན་ཤྲཱི་སོགས་ཀྱིས་བྱས་ཤིང་། མཆོད་འབུལ་གྱི་རྒྱུན་ཚུགས་ནས་རིང་པོར་མ་ལོན་པ་བག་ཡོད་ཀྱི་ལོ་ཀུན་དགའ་ར་བར་འོ་སྐོལ་གྱི་སྟོན་པ་མཉམ་མེད་ཟས་གཙང་སྲས་པོས་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེའི་མཛད་པ་ལས་སྙན་ངག་མཁན་དཔའ་བོས་བཏུས་པའི་སྐྱེས་རབས་སོ་བཞི་པའི་ཞིང་བཀོད་ནག་པ་ཟླ་བའི་ཚེས་བཞི་ལ་དབུ་བཙུགས། ཁྲུམས་སྟོད་ཀྱིས་ཉ་བའི་ནང་དུ་ལེགས་པར་གྲུབ་པའི་དོ་དམ་སྡེ་པ་འདར་གཞོན་ངག་དབང་འཕྲིན་ལས། ཀོང་པོ་གུར་བཟང་པ་བསོད་ནམས་དར་རྒྱས། རི་མོ་བའི་དབུ་ཆེན་ཆོས་མཛད་གཞོན་ནུ། གོང་དཀར་འབྲས་སྤུངས་སློབ་དཔོན་པ་ངག་དབང་འཕྲིན་ལས། དབུ་འབྲིང་སྦུས་ཁྱིམ་ངང་གྲོལ། ཞོ་ར་རྒྱལ་པོ། གསང་མཁར་ཚེ་འཕེལ། རྣམ་རྒྱལ་ཚིང་བཀྲས། དབུ་ཆུང་སྦུས་ཁྱིམ་ནོར་དབང་། བྱིངས་སྡེབས་ཛམ་བྷ་ལ། བྱམས་པ་རྒྱལ་མཚན། བསོད་ནམས་ནོར་བུ། ཞོ་ར་དབང་ཕྱུག །ནོར་བུ་དོན་ལྡན། ཨོ་རྒྱན་དར་རྒྱས། སངས་རྒྱས་དོན་ལྡན། བསོད་ནམས་མགོན་པོ། གྲ་ཕྱི་ནོར་བུ། བཀྲ་ཤིས་དཔལ་འབྱོར། མོན་མཁར་བློ་བཟང་། འཇམ་དབྱངས་རིན་ཅེན། འབྲུག་སྟོད་འཇམ་དབྱངས། གྲགས་པ་དབང་ཕྱུག །བློ་བཟང་བསམ་གཏན། བསོད་ནམས་འཇམ་དབྱངས། ངག་དབང་མདོ་སྡེ། མོན་མཁར་(༢༣བ)


GLG017_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ། ཞོ་ར་ངག་དབང་། ཀུན་དགའ་རབ་འཕེལ། ནོར་བུ་བཀྲ་ཤིས། བྱམས་པ་མཐར་ཕྱིན། སངས་རྒྱས་འཕྲིན་ལས། གསང་སྔགས་བསྟན་འཛིན། རིན་ཆེན་རྣམ་རྒྱལ། ངག་དབང་ཡེ་ཤེས་བཟོད་པ་རྒྱ་མཚོ། བྱམས་གླིང་མཁས་མཆོག །ཀུན་དགའ་བསྟན་འཛིན། སྐལ་བཟང་། འཛོམ་དྲུག །ཐོས་བསམ་རྣམ་རྒྱལ། བཀྲ་ཤིས་ཚེ་རིང་། སྦུས་ཁྱིམ་ལྷས་བྱིན། སངས་རྒྱས་འཕེལ། རྩེ་ལུང་དོན་གྲུབ་མཁན་ཆེན། བྱང་ཆུབ་ཡེ་ཤེས་བཟང་པོ། དགྲ་འདུལ། བློ་བཟང་བསྟན་འཛིན། ལྷ་བསྲུང་། སངས་རྒྱས་ཀུན་དགའ། བཀྲ་ཤིས། རྟ་མགྲིན། ནོར་བུ་འཕྲིན་ལས། བློ་བཟང་རྡོ་རྗེ། ཚེར་སྟེང་རབ་བརྟན། ཇ་མ་ནམ་ལངས་རྣམས། ལྕགས་ཕག་མཆོད་ཁང་སྟེང་མ་གཉིས་ཀྱི་འབུར་སྐུ་རྣམས་དང་འདི་ལོ་སྒོ་ཁྱམས་ཀྱི་རྒྱལ་ཆེན་བཞེངས་པའི་དོ་དམ་ཕོད་དཀར་བ་བསོད་ནམས་རྣམ་རྒྱལ། རྒྱལ་སྨན་བཀྲ་ཤིས་ཁ་པ། བསྟན་འཛིན་རབ་བརྟན། དབུ་ཆེན་བག་དྲོ། དབུ་ཆུང་ཆོས་འཕེལ། བྱིངས་སྡེབས་འཛོམ་དྲུག །སྨིན་དྲུག །ཨ་བར་དཔལ་འཛིན། བཙུན་ཆུང་། བློ་བཟང་བསྟན་སྐྱོང་། ཨོ་རྒྱན་མགོན་པོ། ལྔ་འཛོམ། བློ་བཟང་བསྟན་འཕེལ། འཛོམ་དྲུག་གཞོན་པ། ཨ་བར་དར་རྒྱས། ཨོ་རྒྱན། གཡུ་འབྲུག །བསྟན་འཛིན་བསམ་གྲུབ། ནོར་བུ་ཚེ་རིང་། བསོད་ནམས་ཚེ་རིང་། རྒྱ་བོད་ཀྱི་ཡིག་རིས་པ་ཉང་སྟོད་འཇམ་དབྱངས་དབང་པོ། ཕོགས་སོགས་འཕྲལ་དགོས་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོ་རྣམས་ཀྱིས་བགྱིས་པའི་ཚེ་ཞིང་བཀོད་ཀྱི་ཆེ་བརྗོད་སྨོན་ལམ་དང་བཅས་པ་འདི་ནི་ཟ་ཧོར་གྱི་རིགས་ལས་སྡོམ་བརྩོན་ཀློག་པ་མཁན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་བག་ཡོད་ཅེས་པ་ཆུ་གླང་ཧོར་ཟླ་དྲུག་པའི་དམར་ཆའི་དགའ་བ་དང་པོ་ལ་གཙུག་ལག་ལུགས་བརྒྱའི་འདུན་ས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་སརྦྦ་དཱ་ཤྲེ་ཡ་སིདྡྷི་རསྟུ།(༢༤ན)


GLG017_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་སྤྲིན་རྣམ་པར་སྒྲོག་པ།)
ཏྲིབྷིཿལོཀིཥྵེབྷྱཤྩརཙནཙརོམདྷྱཨཱདརཤསཏྭེཨུཔཱདཱིརྒྷསྶརྦེཨནུརགདཡཤྩིཏྟབིམྦཔྲཏཱིནི། པརཱརཱུཔཱཏྱཱགཾནིཛསུགཏཡོཿསརྦརཱུཔསྶམཤྩཾཨཏཱིཀཱཥཱཡསྶོགཏིདཡཨདྷིཤྲཱདྷཤཽདྷཽདནཻཀཾ །འཇིག་རྟེན་གསུམ་ན་རྒྱུ་དང་མི་རྒྱུའི་སེམས་ཀྱི་ནོར་བུའི་མེ་ལོང་ངོས། །བསྙེན་སྲིང་མེད་པར་ཀུན་ལ་རྗེས་ཆགས་ཐུགས་རྗེའི་གཟུགས་བརྙན་ཉེར་འཕོས་པའི། །དམ་པའི་རང་བཞིན་ནམ་ཡང་མི་གཏོང་བདེ་གཤེགས་སྤྱི་ཡི་ཚུལ་ལུགས་ཀྱང་། །ཆེར་སྙིགས་འགྲོར་བརྩེའི་ཁྱད་པར་དེ་ཡིས་ཟས་གཙང་སྲས་པོར་གཅིག་ཏུ་དད། །མགོན་ཁྱོད་བྱ་དཀའ་ཡལ་དོར་བསྐལ་མང་པོར། །བསགས་པའི་ཚོགས་འབྲས་སེམས་ཅན་ཁོ་ནའི་ཆེད། །ཡིན་ཕྱིར་བྱང་ཆུབ་བརྙེད་ནས་གཞན་དོན་དུ། །ཡོལ་མེད་འཕྲིན་ལས་མཚར་ཅི་དངོས་པོའི་གཤིས། །མ་རྒན་ཉམ་ཐག་མ་བཟོད་སློབ་ལམ་ཚེ། །རི་གཟར་ཆུ་ལྟར་ལྡོག་མིན་བརྩོན་འགྲུས་གོ །གྱོན་ན་བཞེད་པའི་རྣམ་མཁྱེན་ཐོབ་ནས་དིང་། །གདུལ་དཀའ་མི་འདུལ་བཏང་སྙོམས་གང་གི་སྐྱོན། །འོན་ཏེ་མ་རིག་སྟུག་པོའི་སྨག་གི་རུམ། །སྒྲིབ་པའི་མལ་དུ་ཉལ་ལ་མཚན་(༢༤བ)


GLG017_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དཔེའི་སྐུ། །བསྟན་ཀྱང་བྱང་ཕུག་ཉི་བཞིན་མ་མཐོང་ཉེས། །མགོན་ཁྱོད་ལ་བཀལ་ལེ་ལན་བརྡ་རུ་མེད། །གཞན་སྐྱོན་དཔྱད་ཀྱིས་དབྱུང་ཚུལ་ཡོན་ཏན་སྨན། །འདེབས་མིན་བདེན་པ་བསྟན་པས་གདུལ་བྱ་རྣམས། །གྲོལ་ཕྱིར་ཚངས་པའི་དབྱངས་ཀྱིས་གསུངས་པའི་བཀའ། །ཕན་བདེའི་སྲོག་འཐུད་ཐེངས་གསོས་བདུད་རྩིའི་དཔྱིད། །མི་བརྗེད་གཟུངས་ཐོབ་རྣམས་ཀྱིས་ཉེར་བསྡུས་ནས། །ཡི་གེའི་འཕྲེང་བར་སྤེལ་བའི་གླེགས་བམ་ཚོགས། །ཡིད་ཅན་ཀུན་གྱི་འདོད་པའི་རེ་སྐོང་བ། །སྔོན་མེད་བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ། །དབུས་འགྱུང་འཆང་དང་གངས་ཅན་བོད་ཡུལ་འདིར། །འཆད་ཉན་ཞུས་ཆེན་འགྱུར་བཅོས་ཀྱིས་སྤེལ་བའི། །ལོ་པཎ་རྒྱལ་བློན་འཕགས་ཆེན་རྣམ་ཐར་གྱིས། །ཡིད་དབང་ཕྲོགས་པས་ལག་པད་སྙིང་ཀར་ཟུམ། །ཐུབ་གསུང་དྲང་ངེས་དཀའ་བའི་གནད་ཀྱི་མདུད། །རྣམ་དཔྱོད་སོར་མོས་འགྲོལ་ལ་ཟླ་མེད་པ། །བློ་བཟང་གྲགས་པའི་དཔལ་ཁྱོད་རིགས་གསུམ་གྱི། །སྒྱུ་འཕྲུལ་གར་ལས་གཞན་མིན་གཙུག་ན་བསྟེན། །རྒྱལ་དང་དེ་སྲས་སྤྲུལ་པས་སྐྱེ་རྒུ་རྣམས། །རྗེས་སུ་བཟུང་ལ་ངེས་རྙེད་མོས་རླུང་གིས། །ཐུགས་རྗེའི་མཁའ་གླང་བསྒུལ་ལས་བདེ་སྐྱིད་ཆར། །ནོར་འཛིན་ཁྱབ་པའི་བཀྲ་ཤིས་དགེ་ལེགས་སྩོལ། །ཞེས་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པའི་སྒོ་ནས་ཡུལ་ཁྱད་པར་ཅན་ལ་ཆེད་དུ་བརྗོད་པ་སྔོན་དུ་འགྲོ་བའི་བཀྲ་ཤིས་པའི་གླུ་དབྱངས་ཀྱིས་སྔུན་བསུས་ཏེ། མཐའ་ཀླས་པའི་བསྐལ་པ་མང་པོར་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བརྩོན་པ་ཆེན་པོས་གོམས་འདྲིས་སུ་མཛད་དེ་ཚོགས་རླབས་པོ་ཆེ་བདེ་བླག་ཏུ་བསགས་ནས་འོག་མིན་གྱི་ཞིང་དུ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ཀྱང་མི་མཇེད་ཀྱི་ཞིང་འདིའི་(༢༥ན)


GLG017_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་ཉོན་མོངས་པའི་སྟོབས་ལྷག་པར་རྒྱས་ཏེ་འདུལ་བར་དཀའ་བ་རྣམས་ཀྱི་དོན་དུ་མ་ག་དྷ་རྡོ་རྗེའི་གདན་གྱི་སྤོ་ལ་མཆོག་གི་སྤྲུལ་པའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་བསྐལ་བཟང་རྣམ་འདྲེན་བཞི་པའི་མཚན་སྙན་ཤཱཀྱ་སེང་གེ་ཞེས་འོ་སྐོལ་གྱི་སྟོན་པ་བླ་ན་མེད་པ་འདི་ཉིད་ཀྱིས་དྲང་ངེས་ཀྱི་ཐེག་པ་ལས་བརྩམས་པའི་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་མཛད་པའི་ཕ་མཐའ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཚད་བཟུང་བར་མི་ནུས་ན་སོ་སོ་སྐྱེ་བོ་རྣམས་ཀྱི་བློས་སྤོབས་པའི་ཡུལ་མིན་ནའང་མི་བརྗེད་པའི་གཟུངས་ཐོབ་པའི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་བར་མཛད་ནས་གླེགས་བམ་དུ་བཀོད་དེ་དགོངས་དོན་རྟོགས་པར་དཀའ་བ་དག་ཤིང་རྟ་ཆེན་པོ་གཉིས་སོགས་པཎ་གྲུབ་རྣམས་ཀྱིས་ལེགས་པར་བཀྲལ་ནས་རྒྱ་གར་འཕགས་པའི་ཡུལ་དུ་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བ་ཡིན་ལ། དེ་ཡང་བྲམ་ཟེའི་རྒྱལ་པོ་རྒྱལ་ཤེས་ཀྱིས་དགེ་འདུན་གྱི་ཀུན་དགའ་ར་བ་མེ་ལ་བསྲེགས་ཏེ་གླེགས་བམ་རྣམས་ཞུགས་སུ་སྦྱངས་པས་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་བ་ན་ལུང་སྡེ་བཞིའི་གླེགས་བམ་གཞན་རྣམས་རྙེད་ཀྱང་གཞུང་བླ་མ་ཁ་ཆེའི་དགེ་སློང་ཞིག་གི་བློར་ཡོད་པ་ལས་ཡི་གེར་བྲིས་པས་མ་ཚང་པ་དང་མ་དག་པ་ཡོད་པའི་རྒྱུན་འཕེལ་ཞིང་སྔར་གསུང་རབ་མེར་བསྲེགས་པའི་ཐལ་ཁྲོད་ནས་རྙེད་པར་གྲགས་པའི་གཞུང་བླ་མ་ཡུལ་དབུས་ཀྱི་དགེ་སློང་ཞིག་གི་བློར་ཡོད་པ་སྡེ་སྣོད་འཛིན་པ་དུ་མས་གྲོང་ཁྱེར་བཅོམ་བརླག་ཏུ་བསྡུས་པའི་ཞུ་བ་མ་རྫོགས་པ་འདི་དག་པ་ཡིན་ལ། དེའང་དཀར་ཆག་ཕང་ཐང་མ་སོགས་ཀྱི་རྗེས་སུ་འབྲངས་ཏེ་ཚལ་བ་བཀའ་འགྱུར་དུ་དང་པོར་ལུང་གཞི། གཉིས་པར་སོ་ཐར་གྱི་མདོ་དང་རྣམ་འབྱེད། གསུམ་པར་ཕྲན་(༢༥བ)


GLG017_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་བཞི་པར་ཞུ་བ་འཛད་ལ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་དང་པོར་ཕའི་སོ་ཐར། དེ་ནས་མའི་སོ་ཐར་དང་རྣམ་འབྱེད། དེ་ནས་དོན་འགྲེལ་བ་ལུང་གཞི། ཁ་སྐོང་ཕྲན་ཚེགས། གཏན་ལ་འབེབས་པ་གཞུང་བླ་མ་རྣམས་ཡོད་པས་གང་གི་རྗེས་སུ་འབྲངས་ཀྱང་མི་འཐད་པ་མེད་ལ། ཡུམ་རྒྱས་པའི་བྱམས་ཞུས་སོགས་ལེའུ་བཞི་ཀླུའི་ཡུལ་ནས་གདན་མ་འདྲོངས་པར་ཉི་ཁྲི་དང་བརྒྱད་སྟོང་པ་ནས་དེ་རྣམས་ཁ་བསྐོང་བ་རྒྱ་ནག་ནས་འགོས་ཆོས་གྲུབ་ཀྱི་འགྱུར་ཡོད་པ་དངོས་བསྟན་ལ་འཁྲུལ་གཞི་བྱ་བར་མི་རིགས་ཤིང་། བརྒྱད་སྟོང་པ་ལ་འཕྲེང་ཅན། བཟོ་སྦྱངས། སྡེ་ཅན་ཞེས་མིང་གསུམ་དུ་གྲགས་པ་འགྱུར་གྱི་ཚིག་སྣ་རིང་ཐུང་ཅུང་ཟད་ལས་དོན་ལ་ཁྱད་པར་མེད་པའི་རྒྱུ་མཚན་འཇིག་རྟེན་གྱི་མིག་གཅིག་པུ་ཞ་ལུ་ལོ་ཆེན་རིན་ཅེན་ཆོས་སྐྱོང་བཟང་པོས་གསུངས། མདོ་མང་གི་ནང་ནས་གཙོ་བོར་གྱུར་པ་འཕགས་པ་དཀོན་ཅོག་བརྩེགས་པར་རྣམ་པ་བཅུ་དྲུག་གིས་ཆོས་བསྟན་པ་དེ་རྣམས་འོད་སྲུངས་ཀྱིས་ཞུས་པ་འཕགས་པ་སྡོམ་པ་གསུམ་བསྟན་པར་ཚིག་དོན་མདོར་བསྡུས་ནས་དེའི་རྒྱས་བཤད་སྒོ་མཐའ་ཡས་པ་སོགས་ལེའུ་ལྷག་མ་རྣམས་ཀྱིས་བསྟན་པས་རྩ་འགྲེལ་ལྟ་བུ་ཡིན་ཅེས་ཐམས་ཅད་མཁྱེན་པ་ཡེ་བཟང་རྩེ་པའི་ཞལ་སྔ་ནས་གསུང་བ་ལེགས་པར་བཤད་པ་ཆེན་པོར་སྣང་། ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེར་མཚན་གྱི་རྣམ་གྲངས་མང་དུ་བྱུང་བའི་མཁན་ཆེན་པདྨ་བཟང་པོས་སྨད་ཆད་ཅེས་པ་མ་སྨད་པའི་དོན་དང་། སྤྱན་སྔ་ཞྭ་དམར་པ་བཞི་པ་ཆོས་ཀྱི་གྲགས་པས་མ་རིག་པའི་སྨག་རུམ་མེད་པའི་སྨག་ཆད་དུ་སྒྲ་བཤད་པ་གཉིས་ཀ་མཁས་པའི་གསུང་ལ་ཁུངས་ཡོད་པ་གཞིར་བཅས་ཀྱང་དབུས་པ་བློ་གསལ་གྱིས་རྨག་ཆད་ཅེས་པ་ཡང་དག་པའི་བརྡ་རྙིང་དུ་གསུང་པ་(༢༦ན)


GLG017_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་མངོན་ཞིང་འདི་ལ་སྙན་གྱི་གོང་རྒྱན་དང་པདྨའི་རྒྱན་སོགས་མཚན་གྱི་རྣམ་གྲངས་སུ་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོ་འགོས་ལོ་ཡེ་བཟང་རྩེ་པ་བཞེད། མདོ་སྣ་ཚོགས་པ་ཕྱོགས་གཅིག་ཏུ་བསྡུས་པ་རྣམས་ནི་འཁོར་ལོ་གསུམ་པོ་སོ་སོ་ནས་བྱུང་བའི་ཐེག་པའི་མཐོ་དམའ། དྲང་ངེས། སྒྲ་ཇི་བཞིན་པ་ཡིན་མིན། དགོངས་པ་ཅན་དང་ལྡེམ་དགོངས་སོགས་རྣམ་གྲངས་ཆེས་ཤིན་ཏུ་མང་ཡང་། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཅེས་པ་ལྟར་དེ་དག་ཐམས་ཅད་གདུལ་བྱའི་བློ་བྲིད་ལུགས་ཙམ་ལས་དོན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་ཐབས་སུ་མ་གོ་བར་འགའ་ཞིག་བཟང་པོ་དང་འགའ་ཞིག་ངན་པར་བཟུང་ན་རྒྱལ་བ་བཙོང་ཁ་པ་ཆེན་པོས། མང་དུ་ཐོས་ཀྱང་ཆོས་ཀྱིས་འཕོངས་པ་ནི། །གསུང་རབ་གདམས་པར་ཤར་བ་མེད་པས་ནོངས། །ཞེས་གསུང་བ་ཐོག་ཏུ་འབབ་པའི་ཕྱིར། ཏིང་ངེ་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །ཞེས་བཀའ་སྩལ་པ་ལྟར་ཆོས་སྤོང་གིས་སྒྲིབ་པ་ལ་འཛེམ་པ་ནི་གནད་དུ་ཆེ་ཞིང་མདོ་སྣ་ཚོགས་པའི་བཞུགས་ཚུལ་ལ་ཚལ་པ་བཀའ་འགྱུར་དང་ཐེམ་སྤངས་མ་གཉིས་མི་མཐུན་པ་གང་གི་རྗེས་སུ་འབྲངས་ཀྱང་ཆོག་པར་མངོན། གསང་སྔགས་ཕྱི་འགྱུར་གྱི་རྒྱུད་འབུམ་ལ། སངས་རྒྱས་མཉམ་སྦྱོར་དང་(༢༦བ)


GLG017_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་རྩ་རྒྱུད་ཙམ་མ་གཏོགས་བླ་མེད་ཕལ་ཆེར་བསྟན་པ་སྔ་དར་གྱི་དུས་མ་འགྱུར་བ་ཤས་ཆེ་ཤིང་རྒྱ་ཕོ་བ་ལུང་པས་བརྩམས་པའི་གསང་འདུས་གཉིས་མེད་རྣམ་རྒྱལ་དང་། བདེ་མཆོག་ར་ལི་ཉེར་གཅིག་མགོན་པོ་གསང་བ་དངོས་གྲུབ་ཀུན་འབྱུང་སོགས་རྒྱུད་བརྫུས་མ་མང་དུ་བྱུང་བ་མཐའ་དག་རྒྱལ་བ་གཉིས་པ་བུ་སྟོན་རིན་པོ་ཆེས་དག་ཐེར་མཛད་ནས་དབྱུང་བར་བརྟེན་གསང་རྒྱུད་ཚལ་པ་བཀའ་འགྱུར་ལས་ཐེམ་སྤངས་མ་ཁུངས་བཙུན་ཞིང་ལོ་ཆེན་ཚད་ཐུབ་མང་པོའི་འགྱུར་དཔྱད་བཟོད་པ་དང་། ཁྱད་པར་དུས་ཀྱི་འཁོར་ལོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་འགྱུར་སྔོན་མེད་ངོ་མཚར་གྱི་གནས་ཆེན་པོ་ཡིན་པས་ཐོག་མཐའི་འགྱུར་གསར་རྙིང་རྣམས་དོར་ནས་འདི་ཉིད་གཙོ་བོར་གཟུང་ན་ལེགས་པར་མངོན། གསང་སྔགས་སྔ་འགྱུར་གྱི་རྒྱུད་ནི་དཀར་ཆག་ཕང་ཐང་མ་དང་ལྡན་དཀར་མར་གསང་སྔགས་ཕྱིའི་རྒྱུད་རྣམས་ཞིབ་མོར་བཀོད་པའི་རྗེས་སུ་གསང་སྔགས་ནང་གི་རྒྱུད་རྣམས་ནི་ཆེས་གཉན་པས་རེ་ཞིག་འདིར་མ་བཀོད་ཅེས་རྒྱལ་བློན་གྱི་དུས་སུ་བེ་རོ་ཙ་ན་རྨ་གཉགས་གནུབས་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་གསང་བའི་ཚུལ་དུ་ཡོ་ག་རྣམ་གསུམ་བསྒྱུར་བས་དཀར་ཆག་ཕྱི་མ་རྣམས་སུ་ཡང་མི་བཞུགས་ཤིང་བསྟན་པ་ཉམས་པའི་བར་སྐབས་སུ་ལ་ལར་ལྷད་ཅུང་ཟད་ཞུགས་པར་བུ་སྟོན་ཐམས་ཅད་མཁྱེན་པས་ཞུས་དག་ཅིག་མཛད་བཞེད་ནས་རེ་ཞིག་དཀར་ཆག་ཏུ་མ་བཀོད་པའི་སྐྱོན་གྱིས་དིང་སང་བར་དུ་རྒྱུན་འབྱམས་ལ། རྙིང་རྒྱུད་ཚོ་ཧ་ཅང་མངས་པས་ཚང་མ་འདྲི་བར་མ་ནུས་པ་རྣམས་ཕྱོགས་རེར་མི་འགྱུར་པའི་སླད་ཏུ། སི་ཏུ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་ཀྱིས་སྔ་འགྱུར་གྱི་རྒྱུད་གཙོ་བསྡུས་པོ་ཏི་གསུམ་རྒྱུད་འབུམ་དུ་བཀོད་པས་ཚལ་པ་བཀའ་འགྱུར་རྣམ་དཔྱོད་(༢༧ན)


GLG017_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་གྲགས། དེ་ཡང་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་བཀའ་སྩལ་པ་ལྟར་བྱང་ཕྱོགས་གངས་རིས་བསྐོར་བའི་ལྗོངས་འདིར་མངའ་བདག་ཁྲི་རལ་ཡན་གྱི་རྒྱལ་པོ་རྣམས་རིགས་གསུམ་གྱི་མགོན་པོ་སོགས་འཕགས་ཆེན་དུ་མའི་རྣམ་ཐར་སྤྲུལ་པ་ཉག་གཅིག་ཏུ་བྱོན་པའི་ཐོག་མར་རྒྱལ་པོ་གཉའ་ཁྲི་བཙན་པོས་བོད་སྤྱི་ལ་དབང་བསྒྱུར་བ་ནས་གདུང་རབས་ཉི་ཤུ་རྩ་བདུན་པའི་མཐར། ལྷ་ཐོ་ཐོ་རིས་ཕོ་བྲང་ཡོམ་བུ་གླ་སྒང་དུ་བཞུགས་པའི་ཡང་ཐོག་ཏུ་གསེར་གྱི་ཤོག་བུ་ལ་བཻ་ཌཱུཪྻས་བྲིས་པའི་དཔང་སྐོང་ཕྱག་བརྒྱ་པ་དང་། མདོ་སྡེ་ཟ་མ་ཏོག་བབས་པས་བསྟན་པའི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན་འཇམ་དཔལ་རྩ་རྒྱུད་ལས། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱི་དོན་གྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་གྱུར། །རིག་པ་ལོངས་སྤྱོད་ལྡན་ཅེས་བྱ། །མི་ཡི་བདག་པོ་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱ། །ཞེས་དང་། འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། དཀར་མོ་ཆེན་མོ་གཞན་ཕན་བརྩོན། ཅེས་ལུང་བསྟན་པ་ལྟར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ཐུ་མི་སམྦྷོ་ཊས་ཤེར་ཕྱིན་འབུམ་པ། རིན་པོ་ཆེ་ཏོག་གི་གཟུངས། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་བས་བསྟན་པའི་སྲོལ་བཏོད། ཆོས་རྒྱལ་སྲོང་བཙན་སྒམ་པོས། ང་སྟེ་གདུང་རབས་ལྔ་ན་ངའི་དབོན་སྲས་(༢༧བ)


GLG017_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་འབྱུང་བ་ཟངས་ཀྱི་བྱང་བུ་ལ་བྲིས་པའི་ལུང་བསྟན་བཞིན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་བོ་ངྷི་ས་ཏྭ། སློན་དཔོན་པདྨ་འབྱུང་གནས། བི་མཱ་ལ་མི་ཏྲ། ཤནྡིང་གརྦྷ། པདྨའི་ངང་ཚུལ། བཻ་རོ་ཙ་ན། སད་མི་མི་བདུན་སོགས་ལོ་པཎ་མང་པོ་བླའི་མཆོད་གནས་སུ་བསྐུར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་ནས་དར་རྒྱས་སུ་མཛད། འདིའི་དུས་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་བསྒྱུར་བས་རླངས་ཀྱི་ཐུགས་འགྱུར་མར་གྲགས། སྦས་མཉྫུ་དང་ཉང་ཨིནྡྲ་གཉིས་ཀྱིས་བླངས་པའི་རྒྱ་དཔེའི་སྟེང་ནས་ཡོ་བྱད་རྣམས་འབངས་ལ་ཁྲལ་བསྡུས་ནས་བསྒྱུར་པས་དཔྱ་འབུམ་དུ་གྲགས། རྒྱལ་པོའི་དབུ་སྐྲ་དང་རམས་བསྲེས་པའི་རེག་ཟིག་སྔོན་པོ་དུམ་བུ་བཞི་པ་ལ་ལྕགས་ཐུར་བརྒྱུས་པས་ལྕགས་ཐུར་ཅན་དུ་བཏགས་པ་སྔར་བསམ་ཡས་སུ་བཞུགས་ཞིང་། སྐུ་མཚལ་བསྲེས་པའི་རེག་ཟིག་དམར་པོ་ལྷ་ས་གོང་གི་སོ་ཕག་མཆོད་རྟེན་གྱི་ནང་དུ་བཞུགས་པར་གླེང་ཞིང་། གླེགས་བམ་འདི་དག་ཟིན་བྲིས་ལྟ་བུར་སོང་བས་བཻ་རོ་ཙ་ནས་ཞུས་ཆེན་མཛད་པའི་དུམ་བུ་དྲུག་པར་གླེགས་ཤིང་ལ་བརྟེན་ནས་པར་བཀབ་ཅན་དང་གསུང་རབ་ཀྱི་ཁྲོད་དུ་ཕ་ཝང་གིས་ཚང་བཅས་པས་ཕ་ཝང་ཅན་དུ་གྲགས། འབྲོམ་བཟའ་བྱང་ཆུབ་སྨན་གྱིས་རབ་བྱུང་རྣམས་ལ་བསྙེན་བཀུར་པའི་གདུགས་ཚོད་ཐོན་པའི་ཚེ་ཚར་རེ་སྒྲོག་པར་འགྱེད་བདེ་བའི་ཆེད་དུ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་པ་འཇུག་སྣོད་ལ་བརྟེན་ནས་ཤ་སྒྲོ་ཅན་དུ་གྲགས། ལྷ་སྲས་སད་ན་ལེགས་ཀྱི་དུས་ཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་གི་གསུང་རབ་རྣམས་བནྡེ་དཔལ་བརྩེགས་སོགས་ཀྱིས་ཐེམས་བྱང་(༢༨ན)


GLG017_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ཡིན་ཅིང་། དེ་རྗེས་སྟོང་ཐང་ལྡན་དཀར་གྱི་གསུང་རབ་རྣམས་བནྡེ་དཔལ་བརྩེགས་དང་འཁོན་ཀླུའི་དབང་པོ་སྲུང་སོགས་ཀྱིས་བསྒྲིག་པར་མཛད། སྙིང་རྗེ་པད་དཀར་ཆེན་པོ་ལས། ཀུན་དགའ་བོ་ང་འདས་ནས་བྱང་ཕྱོགས་ཀྱི་རྒྱུད་ན་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བ་ཕྱོགས་དང་ཕྱོགས་མཚམས་སུ་སྒྲ་གྲགས་པ་ཡོད་པར་འགྱུར་ཏེ། དེ་ན་ཁྱིམ་བདག་རལ་པ་ཅན་ཅེས་བྱ་བ་ཕྱུག་པ་ནོར་ཆེ་བ། ལོངས་སྤྱོད་ཆེ་བ། བསོད་ནམས་དང་ལྡན་པ། ཤེས་རབ་དང་ལྡན་པ། གཟུགས་བཟང་བ་མཛེས་པ། ལྟ་ན་སྡུག་པ། ཁ་དོག་དབང་པོ་རྒྱས་པ་མཆོག་དང་ལྡན་པ། དད་པ་ཅན་དང་བ་ཅན་ཅིག་འབྱུང་སྟེ། དེས་ངའི་ལུས་དང་ཉན་ཐོས་རྣམས་ལ་བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པ་དང་རྗེད་པ་དང་བསྟབ་པར་འགྱུར་ཏེ། ཞེས་ལུང་བསྟན་པ་ལྟར། མངའ་བདག་ཁྲི་ལྡེ་སྲོང་ལྡེ་བཙན་གྱི་ལུང་གིས་འོན་ལྗང་རྡོའི་ལྷ་ཁང་དུ་ཨཱཙཪྻ་ཛ་ིན་མི་ཏྲ་སོགས་ལོ་པཎ་མང་པོས་བརྡ་སྤྲོད་དང་ཆོས་ཀྱི་གཞུང་དང་མི་མཐུན་པ་རྣམས་ལེགས་པར་དཔྱད་ནས་སྐད་གསར་བཅད་ཆེ་འབྲིང་ཆུང་གསུམ་གྱིས་གཏན་ལ་ཕབ། འཕན་ཡུལ་གྱི་སྨད་ཀ་བ་ན་མོ་ཆེར་འགྱུར་བཅོས་ཀྱི་ཞུས་ཆེན་ལ་བརྟེན་འབུམ་དུམ་པ་བཅུ་དྲུག་ཏུ་བཞེངས་པས་དིང་སང་གི་བར་དུ་དུམ་པ་བཅུ་དྲུག་དར་སོ་ཆེ། དེའང་བོད་སྦྱིའི་བསོད་ནམས་ཀྱི་མཐུ་དམན་པས་གླང་དར་མ་རྒྱལ་སར་འཁོད་དེ་བཤད་སྒྲུབ་ཀྱི་བསྟན་པ་བསྣུབས་ཏེ་བོད་མུན་པའི་སྨག་རུམ་ལྟ་བུར་གྱུར་ནའང་། དཀོན་ཅོག་གི་ཐུགས་རྗེ་ཤུགས་དྲག་པའི་དབང་(༢༨བ)


GLG017_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སླར་ཡང་བསྟན་པ་ཕྱི་དར་དུ་གྲགས་པ་བྱུང་བའི་པཎྜི་ཏ་སྨྲྀ་ཏི། ཇོ་བོ་ཆེན་པོ་ཨ་ཏི་ཤ །པཎ་ཆེན་ག་ཡ་ངྷར། ཨཱ་ཙཪྻ་དམར་པོ། ཁ་ཆེ་པཎ་ཆེན། ནགས་ཀྱི་རིན་ཅེན་སོགས་པཎྜི་ཏ་དུ་མ་དང་། ལོ་ཆེན་རིན་ཅེན་བཟང་པོ། འབྲོག་མི་མར་མལ་རྭ་གཉན་ས་རྔོག་ཤོང་དཔང་སོགས་སྐད་གཉིས་སྨྲ་བ་མཐའ་ཀླས་པས་བཀའ་བསྟན་བཅོས་མང་དུ་བསྒྱུར། ཁྱད་པར་ཡུམ་ཆེན་མོ་སྔོན་རྗེ་མ་གཏོགས་འབངས་ཀྱིས་བཞེང་མི་ནུས་པ་ལས་ཕྱིས་སུ་འབངས་ཀྱིས་བཞེངས་པའི་འབུམ་པུ་ཏི་ཚར་བཅུ་དགུ་ཙམ་བྱུང་བ་ནས་འཕེལ་བའི་རྒྱུན་ལས་ཡར་ཀླུངས་ཇོ་བོས་བཞེངས་པའི་ཤློཀ་ཆིག་འབུམ་ཆིག་སྟོང་ཡོད་པ་ཞིག་དང་རྔོག་ལོས་བལ་ཡུལ་ཕམ་མཐིང་གི་གཙུག་ལག་ཁང་ནས་ཏིང་ངེ་འཛིན་གསུམ་གསར་དུ་རྙེད་པ་སོགས་བམ་པོ་སུམ་བརྒྱ་དང་ལེའུ་དོན་གཉིས་བྱུང་བའི་རྔོག་འགྱུར་ལེགས་པར་གྲགས་ཤིང་ཡུམ་བསྡུས་པ་ཇོ་བོ་ཨ་ཏི་ཤ་དང་ལོ་ཆེན་རིན་བཟང་གིས་འགྱུར་བཅོས་ཤིང་སྐྱིད་ཤོད་སྙེ་ཐང་ར་མོ་ཆེར་ཇོ་འབྲོམ་ཡབ་སྲས་ཀྱིས་བརྒྱད་སྟོང་པ་གསུངས་པའི་ཚེ་གཏན་ལ་ཕབ་ཅིང་རྔོག་ལོས་ཁ་ཆེ་དང་ཡུལ་དབུས་ཀྱི་རྒྱ་དཔེ་དུ་མ་བསགས་ནས་ཞུས་ཆེན་མཛད་པས་གྲགས་ཤིན་ཏུ་ཆེ། རྒྱ་ནག་ནས་འཇམ་དགག་པ་ཤིས་ཆ་རྐྱེན་བསྐུར་བ་ལ་བརྟེན་ནས་དབུས་པ་བློ་གསལ་སོགས་ཀྱིས་སྔོན་མཆིམས་ཀྱིས་བཞེངས་པའི་འདུལ་བ་ལུང་དང་མདོ་སྡེའི་སྐོར་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་དམ་ལྷ་མིའི་རྒྱན་མཆོག །ཞ་ལུ་གསེར་བཀང་། གཙང་གསེར་བཀང་། གཙང་ཆུ་མིག་རིང་མོ། སྤུན་གསུམ་གཙུག་ལག་ཁང་དུ་བཞུགས་པ་དང་མཆིམས་ཀྱི་གསེར་གཞུང་མ། གྲུ་སྤངས་རྩའི་འཛམ་གླིང་རྒྱན་སོགས་མདོ་སྣ་ཚོགས་གུང་བསྒྲིགས། ཤེར་ཕྱོགས་རྒྱུད་འབུམ་རྣམས་(༢༩ན)


GLG017_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞེངས་ཤིང་བཅོམ་ལྡན་རལ་གྲིས་དཀར་ཆག་ཉི་མའི་འོད་ཟེར་མཛད་ཅིང་སི་ཏུ་ཐམས་ཅད་མཁྱེན་པས་བཞེངས་པའི་ཚལ་པ་བཀའ་འགྱུར་གྱི་ཕྱི་མོ་འདི་ཉིད་ལ་བརྟེན། ཤེས་བྱ་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱི་ཆོས་འབྱུང་གི་རྗེས་སུ་འབྲངས་ནས་བཞེངས་པ་ཞ་ལུར་བཞུགས་པ་ནས་རིམ་གྱིས་མཆེད་པས་ཐེམས་སྤངས་མར་གྲགས། རྩ་བར་གྱུར་པ་རྒྱལ་བའི་བཀའ་དང་དགོངས་འགྲེལ་རྣམས་ལ་བརྟེན་ནས་བཤད་སྒྲུབ་ཤིན་ཏུ་དར་ཞིང་ལྷག་པར་མདོ་སྔགས་ཀྱི་གནད་ཤིན་ཏུ་རྟོགས་པར་དཀའ་བའི་མ་རྟོགས་པ་དང་ལོག་པར་རྟོག་པའི་ཐེ་ཚོམ་གྱི་མདུད་པ་མཐའ་དག །སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ལེགས་པར་བཀྲོལ་ཏེ། བསྟན་པའི་རྩ་བ་དམ་པའི་ཆོས་འདུལ་བ་ནས་བཟུང་ཐེག་པའི་ཡང་རྩེར་དཔལ་ལྡན་འདུས་པའི་བར་གྱི་ཐུབ་པའི་རིང་ལུགས་རྨ་མེད་པས་སྟོད་ཛཱ་ཏིའི་མེ་ཏོག་རྣམ་པར་བཀྲ་བའི་དྲི་བསུང་འཐུལ་བ་ནས། སྨད་ཟ་འོག་ཐགས་སུ་འཐག་པའི་ས་ཆེན་པོའི་བར་ཀུན་ཏུ་ཁྱབ་པའི་བཀའ་དྲིན་ཟླ་མེད་པ་ཡིན་ལ། བྱེ་བྲག་མདོ་ལས། དམ་པའི་ཆོས་ཀྱི་ཚུལ་འདི་ཉིད་གཟུང་བར་བྱ། གཅང་བར་བྱ། ལུང་དབོག་པར་བྱ། ལུང་ནོད་པར་བྱ། ཞེས་བཀའ་སྩལ་པ་ལྟར་སྔོན་གྱི་མཁས་གྲུབ་དུ་མས་འདུལ་བ་ལུང་། ཤེར་ཕྱོགས། དཀོན་བརྩེགས། ཕལ་ཆེན། རྒྱུད་འབུམ་རྣམས་ཀྱི་ལུང་རྒྱ་ཆེར་སྤེལ་ནའང་མདོ་སྣ་ཚོགས་པ་འདི་ཉིད་ཉག་ཕྲ་བར་བྱུང་བས། བཤེས་གཉེན་གྲོ་ལུང་པ་ཆེན་པོས་སྟེང་པ་ལོ་ཙཱ་བ་ལུང་རྒྱུན་འཚོལ་བ་དང་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་(༢༩བ)


GLG017_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲི་ཤིང་བསྒྱུར་བར་རྒྱ་གར་དུ་བརྫངས་པས། པཎྜི་ཏ་ཤྲཱི་རྣམ་གཉིས་ལ་མདོ་སྡེ་རྣམས་ལེགས་པར་གསན་རྟོགས་བརྗོད་རིན་པོ་ཆེ་ནི་ཐུགས་བློར་མ་ཤོང་བས་ད་ལྟའི་བར་དུ་ཤོང་གི་འགྱུར་གཅིག་མ་འདི་ག་ལས་མེད། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་སྟག་སྟོན་ཤེས་རབ་འོད་ཟེར་ལ་མདོ་མང་གི་ལུང་ཁུངས་ཚོལ་ཞིག་པར་བཀའ་གནང་བར་བརྟེན་བློ་ཆེན་སངས་རྒྱས་སྲས་དང་སྲད་ཕག་ཁུར་བ་གཉིས་ལ་གསན་ཅིང་སྤེལ་བས་བསྟན་པའི་རྩ་བ་ཚུགས་པ་ལྟ་བུར་སོང་ཞིང་། དེའི་རྒྱུན་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་ལ་ཀུན་མཁྱེན་རྡོ་རྗེ་གདན་པ་ཐུ་བཙུན་ཀུན་དགའ་རྣམ་རྒྱལ་གྱིས་གསན་ནས་རྒྱ་ཆེར་སྤེལ་བའང་རིམ་གྱིས་པདྨའི་སྐུད་པ་ལྟར་བྱུང་བའི་ཚེ། ཁོ་བོའི་འདྲེན་མཆོག་རྡོ་རྗེ་འཆང་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རྒྱུད་དང་འདུལ་བ་ལུང་གཉིས་ངོར་དང་གོང་དཀར་དུ་གསན་ཟིན་ནའང་ཤེར་ཕྱོགས་དང་མདོའི་སྐོར་གྱི་ལུང་འཚོལ་བར་མཁས་གྲུབ་སྨན་ལུང་པ་ཆེན་པོ་བློ་མཆོག་རིག་པའི་རྡོ་རྗེར་ཆ་རྐྱེན་གྱ་ནོམ་པ་དང་བཅས་བསྐུལ་མ་གནང་བར་བརྟེན་བདེ་བར་གཤེགས་པའི་གསུང་རབ་ཀྱི་ལུང་འབོགས་ནོད་ཀྱི་གྲ་ཇེ་བཟང་དུ་གྱུར་པའི་བཀའ་དྲིན་འདི་ནི་གངས་ཅན་པ་རྣམས་ཀྱིས་གཞལ་བར་དཀའ་ཞིང་རང་ཉིད་ཀྱི་ཆེད་དུ་ཆོས་བརྒྱད་ལྷུར་ལེན་པའི་ཆེར་རློམ་རྣམས་ཀྱི་ངང་ཚུལ་ལ་དཔགས་ཀྱང་འཕགས་ཆེན་དམ་པའི་རྣམ་ཐར་ཟླ་མེད་པ་ལ་རྗེས་སུ་ཡི་རང་བའི་ཡུལ་ལོ། །སྐབས་དོན་མདོ་ཉི་མའི་སྙིང་པོ་ལས། །ཅི་འདྲ་བ་ཡི་ལས་བྱས་པ། །དེ་འདྲ་བ་ཡི་འབྲས་བུ་ཐོབ། །དགེ་བ་ཡིན་ན་བཟང་པོ་སྟེ། །སྡིག་པ་བྱེད་པའང་སྡིག་ལྟའོ། །ཞེས་པ་དང་། རིན་ཅེན་(༣༠ན)


GLG017_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བ་ལས། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་པ་ལྟར་དཀར་པོའི་ལས་བསགས་པའི་འབྲས་བུ་བདེ་བ་དང་ནག་པོའི་ལས་ཀྱི་འབྲས་བུ་སྡུག་བསྔལ་འཐོབ་པར་གསུངས་པ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་སངས་རྒྱས་ཀྱིས་རྫུན་གསུང་བ་ནམ་ཡང་མི་སྲིད་པས་རང་ཉིད་ལེགས་པར་འདོད་པ་རྣམས་ཀྱིས་རྣམ་སྨིན་དཀར་པོར་འཛག་པའི་ཚུལ་ལ་འཇུག་དགོས་ཤིང་། འཇུག་ཚུལ་ཡང་། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པ་ཆོ་འཕྲུལ་རྣམ་པར་འཕྲུལ་བ་བསྟན་པ་ལས། གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་མེ་ཏོག་དང་། སྤོས་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ན་བཟའ་དང་། རྒྱན་རྣམས་ཀྱི་མཆོད་པས་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བུ་དག་གང་སེམས་ཅན་ལ་ལས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་སྟོང་ངམ་བསྐལ་པ་བྱེ་བ་ལོན་ཡང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་མཚན་ནས་ལན་བདུན་བརྗོད་ནས་ནམ་མཁའ་ལ་མེ་ཏོག་གཏོར་ན་དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ། །མེ་ཏོག་ནམ་མཁའ་ལ་གཏོར་བ་ལྟ་ཞོག་གི །གང་དག་དད་པས་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བསླབ་པ་གཅིག་ཙམ་འཛིན་ཏམ། ཉིན་(༣༠བ)


GLG017_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ། མཚན་གཅིག་གམ། ཡུད་ཙམ་ཞིག་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིད་ལ་བྱེད་པར་བརྩོན་ན་དེ་སྡུག་བསྔལ་མཐར་བྱས་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྗོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དེ་བཞིན་གཤེགས་པའི་མཚན་བརྗོད་པ་དང་ཡུད་ཙམ་ཞིག་མཆོད་པ་ཡིད་ལ་བྱེད་པར་བརྩོན་པ་དག་ཀྱང་སྡུག་བསྔལ་ལས་ཐར་པ་དང་རྫོགས་བྱང་འཐོབ་པར་གསུངས་ན་སངས་རྒྱས་ལ་མི་ཕྱེད་པའི་དད་པས་ཀུན་ནས་བསླངས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་བ་དང་རི་མོར་བྱེད་པ་ལ་ཕན་ཡོན་རྒྱ་ཆེན་འབྱུང་ཞིང་། དེ་གསུམ་གྱི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་ནི་གསུང་གི་མཛད་པ་ཡིན་པས། གསེར་འོད་ལས། བཅོན་ལྡན་འདས་ཡུལ་གྱི་བདག་པོ་དེ་དག་གིས་གདོན་མི་འཚལ་བར་མདོ་སྡེའི་རྒྱལ་པོ་དམ་པ་འདི་མཉན་ནས་ཡོངས་སུ་བཟུང་བར་བགྱི་ཞིང་མདོ་སྡེ་འདི་ཀློག་པ་དང་། འདོན་པ་དར། ལེན་པ་དང་། འཛིན་པ་དག་ལའང་བསྙེན་བཀུར་བ་དང་། རིམ་གྲོ་དང་མཆོད་པར་བགྱིད་ན་བདག་ཅག་དུས་ཚད་མ་མཆིས་པའི་ལྷའི་འཁོར་གཞན་རྣམས་ཆོས་ཉན་པའི་དགེ་བས་བྱིན་གྱིས་བརླབས་པའི་མཐུས་བླ་ན་མ་མཆིས་པའི་བདུད་རྩིའི་ཆོས་ཀྱི་རོ་མྱོང་བར་འགྱུར་བས། ཞེས་གསེར་འོད་དམ་པ་འདི་ཉིད་ཉན་པའི་ཕན་ཡོན་དངོས་སུ་བསྟན་པའི་ཤུགས་ལ་བཀའ་གཞན་རྣམས་ལའང་དོན་གྱིས་ཐོབ་ཅིང་། ཤེས་རབ་ཁྲི་པ་ལས། རབ་འབྱོར་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་པ་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད། (༣༡ན)


GLG017_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད། ཚད་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར་ཞིང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་འཆད་པར་བྱེད་པ་ན་ལྷའི་འཁོར་མདུན་དུ་གནས་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིན་པོ་ཆེ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལ་རིན་པོ་ཆེ་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་དམྱལ་བར་འགྲོ་བ་ལས་ཡོངས་སུ་ཐར་བར་བྱེད་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་དབུལ་པོ་དང་། གནོད་སྦྱིན་དབུལ་པོ་དང་། ཀླུ་དབུལ་པོ་ལས་ཡོངས་སུ་ཐར་བར་བྱེད་པ་ཡིན་ནོ། །ཞེས་ཤེར་ཕྱིན་གྱིས་མཚོན་ཏེ། བདེ་བར་གཤེགས་པའི་གསུང་རབ་ལ་ཁ་ཏོན་དུ་བྱེད་པ་སོགས་རི་མོར་བྱེད་པའི་མཐུ་ལ་བརྟེན་ནས་གནས་ངན་ལེན་དང་བདེ་འགྲོའི་སྡུག་བསྔལ་གྱི་འཇིག་པ་ལས་ཐར་པར་འགྱུར་པ་གསུངས་པར་མ་ཟད་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པའི་རྒྱུ་མཚན་ཀྱང་གོང་གི་འཕྲོས་ལས། གཞན་ཡང་རྒྱལ་རིགས་ཤིང་སཱ་ལ་ཆེན་པ་ལྟ་བུ་རྣམས་སུ་འབྱིན་པར་བྱེད་པ་དང་། དེ་བཞིན་དུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སྭ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཚོང་དཔོན་གྱི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་འབྱིན་པར་བྱེད་པ་དང་དེ་བཞིན་དུ་རྒྱལ་ཆེན་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་འབྱིན་པར་བྱེད་པ་དང་། དེ་བཞིན་དུ་སྦྱར་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་འབྱིན་པར་བྱེད་པ་དང་། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་འབྱིན་པར་བྱེད་པ་(༣༡བ)


GLG017_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་བཞིན་དུ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱིན་པར་བྱེད་པ་ཡིན་ནོ། །ཞེས་པའི་ཕན་ཡོན་ཚུལ་བཞིན་འབྱུང་བ་ལ་ཡང་དེ་བཞིན་གཤེགས་པ་ལྟ་བུའང་དྲང་དོན་དུ་ལས་ཀྱི་རྣམ་པར་སྨིན་པ་བཅུ་ལ་སྤྱོད་ན་བདག་ལྟ་བུས་ལྟ་སྨོས་ཀྱང་ཅི་དགོས་སྙམ་པ་བཅོས་མིན་གྱི་སྒོ་ནས་རྒྱལ་བའི་བཀའ་འདྲི་བ་དང་ཁ་ཏོན་དང་བཀུར་སྟི་རིམ་གྲོ་བྱས་པའི་ཀུན་ཏུ་སྤྱོད་པའི་སྟོབས་ལ་བརྟེན་ནས་འགྱོད་སྡོམ་དྲག་པོས་བཤགས་པ་བྱས་ན། སྡིག་ལྟུང་རྣམས་བྱང་ནས་ས་ལམ་གྱི་ཡོན་ཏན་ཀུན་འཕེལ་བར་འགྱུར་གྱི་སྟོབས་བཞི་དང་མི་ལྡན་པའི་ཐབས་གཞན་གྱིས་འགྲུབ་པ་མ་ཡིན་པའི་ཕྱིར། ཐབས་ལ་མཁས་པའི་མདོ་ལས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅས་པ་འདི་གསུངས་སོ། །གང་དུ་གནས་ཀྱང་ལས་རྣམས་མི་འབྱུང་བ། །དེ་ལྟ་བུ་ཡི་ས་ཕྱོགས་ཡོངས་མེད་དེ། །བར་སྣང་མ་ཡིན་རྒྱ་མཚོའི་དབུས་མ་ཡིན། །རི་ཡི་ཕྲག་ཏུ་བཞུགས་ཀྱང་མ་ཡིན་ནོ། །རིགས་ཀྱི་བུ་དེ་ནས་མི་བཞི་བཅུ་པོ་དེ་དག་འདི་སྙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེ་ལའང་རྣམ་པར་སྨིན་པར་འགྱུར་ན་བདག་ཅག་ལྟ་བུ་ཅིའི་ཕྱིར་རྣམ་པར་སྨིན་པར་མི་འགྱུར་སྙམ་ནས་དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་སྤྱན་སྔར་བཅོམ་ལྡན་འདས་བདག་ཅག་གིས་གདོན་མི་འཚལ་པར་སྲོག་བཅད་པར་བགྱིས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ནོངས་པ་བཤགས་སོ་ཞེས་ཉེས་པ་བཤགས་པ་དང་ཅི་ནས་ཀྱང་སྐྱེས་བུ་བཞི་བཅུ་པོ་དེ་དག་ཡེ་ཤེས་རྟོགས་པར་འགྱུར་བ་དང་། སྲོག་ཆགས་སུམ་ཁྲི་ཉིས་སྟོང་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་(༣༢ན)


GLG017_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང་། ལས་ཟད་པར་བྱ་བའི་ཕྱིར་ལས་བརྩམས་ནས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་བཤད་དོ། །རྒྱུ་དེ་དང་རྐྱེན་དེའི་ཕྱིར་དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི་ལས་ཀྱི་སྒྲིབ་པ་མ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ཉིད་ཀྱིས་ཤེས་ཤིང་ཚུལ་དེ་དག་ཉམས་སུ་མྱོང་བ་ཡང་དད་པ་ལ་རག་ལུས་པས། ཕལ་ཆེན་ལས། སུ་ཞིག་སངས་རྒྱས་ཡུལ་ལ་དད་སེམས་པ། །དེ་ནི་ཆགས་མེད་ཐུབ་པ་ཀུན་གྱིས་དབང་ཡང་བསྐུར་ཞེས་དང་། དཀོན་ཅོག་ཏ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་གྲོལ། དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཅེས་གསུངས་པ་ལྟར་ཡིན་ལ། ཁྱད་པར་གསུང་རབ་གླེགས་བམ་དུ་བྲིས་ནས་མཆོད་པར་བྱེད་པའི་བསོད་ནམས་ཀྱི་མཐུ་བླ་ན་མེད་པ་ནི་སྡུད་པ་ལས། བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། འཕགས་པ་བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་ཁོར་ར་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་(༣༢བ)


GLG017_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་པ་རྣམ་པ་མང་པོས། བཀུར་སྟིར་བྱ་བླ་མར་བྱ་བརྗོད་པར་བྱ་མཆོད་པར་བྱ་རི་མོར་བྱ་བསྙེན་བསྐུར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངས་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། པད་དཀར་ཆེན་པོ་ལས། ཀུན་དགའ་བོ། གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཞེས་ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་ལ་མངོན་དུ་སྦྱོར་བའི་ཕྱིར་ན་ཚེ་འདི་དང་འཇིག་རྟེན་ཕྱི་མ་ཙམ་གྱི་བདེ་སྐྱིད་དུ་འབྱུང་བ་གོར་མ་ཆག་མོད། འོན་ཀྱང་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་བར་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐངས་འགའ་འབྱུང་། །ཞེས་སངས་རྒྱས་ཀྱི་བསྟན་པ་དང་ཕྲད་པའང་ཤིན་ཏུ་དཀོན་ཞིང་ད་ལམ་དལ་འབྱོར་དོན་ལྡན་དུ་བྱར་ཡོད་པའི་ཚུལ་ལ་འཕྱོང་རྒྱས་སྒེར་བུ་བ་བསོད་ནམས་དར་རྒྱས་ཡིད་ཆེས་ཀྱི་ངེས་པ་རྙེད་དེ་རང་གི་ཚེ་རབས་སྔོན་ནས་ད་ལྟའི་བར་དུ་བསགས་པའི་སྡིག་པ་མི་དགེ་བའི་ལས་རྣམས་སྦྱོང་བ་དང་འདི་ཕྱིའི་ཕན་བདེའི་ལེགས་ཚོགས་སྤེལ་བའི་ལྷག་བསམ་གྱིས་ཀུན་ནས་དྲངས་ཏེ་ཉང་སྟོད་འབྲོང་རྩེའི་གཞིས་ཀར་འཕགས་པའི་ཡུལ་དུ་པྲ་མ་ངྷི་ཞེས་པ་ཕྱོགས་འདིར་བག་ཡོད་དུ་འབོད་ཅིང་། རྒྱ་ནག་པོའི་རྒྱལ་ཁམས་སུ་གུའི་ཚེའུ་ཞེས་པ་ལྗོངས་འདིར་དབང་ཐང་དང་བསྟུན་ཏེ་ཆུ་མོ་གླང་གི་ལོར་འདུལ་མདོ་ཤེར་ཕྱོགས་ལྗོངས་འདིར་འགྱུར་རོ་ཅོག་དང་གསང་སྔགས་ཕྱི་འགྱུར་གྱི་རྒྱུད་འབུམ་དང་བཅས་པའི་བདེ་བར་གཤེགས་(༣༣ན)


GLG017_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསུང་རབ་པུ་སྟ་ཀཿབརྒྱ་ཕྲག་གི་འཕྲེང་བར་སྤེལ་པའི་སྣག་ཤོག་གླེགས་ཤིང་གླེགས་ཆབ་ཞལ་ཁེབས་གདོང་དར་སོགས་རྒྱུ་ཕུན་སུམ་ཚོགས་པ་དང་ཡིག་གཟུགས་བརྡ་དག་གི་གཙུག་ལག་ལ་བློ་མིག་ཡངས་པའི་དབོན་ཡིག་རྣམས་ཀྱིས་འབད་པས་བྲིས་ཤིང་མཁོ་དགུའི་ལོངས་སྤྱོད་ཀྱིས་ཚིམ་པར་བྱས་ནས་གེགས་མེད་དུ་གྲུབ་པ་ཡིན་ནོ། །མཁའ་མཉམ་སེམས་ཅན་ཡོངས་ལ་ཉེར་བསྔོས་པའི། ལེགས་བྱས་རང་གློའི་བུམ་པར་ཤོང་བའི་ཆུ། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་རོ་གཅིག་ནས། ནམ་ཡང་མཛད་པ་མེད་པའི་གཏེར་རྙེད་ཤོག །ཐུབ་བསྟན་སྐྱེ་རྒུའི་སིམ་མཚོར་སྲོག་ཟུངས་སུ། །རབ་དཀར་དགེ་བའི་རྩི་སྨན་འདི་སོང་བས། །མ་ཕམ་མགོན་དེ་དབུས་འགྱུར་འབྱོན་མིན་པར། །དོན་གྲུབ་འཕྲིན་ལས་གྲིབ་ཏུ་འགྲོ་བདེར་ཤོག །ཞྭ་སེར་ཅོད་པན་ཐོད་དུ་ཉེར་བཅིངས་ཏེ། བློ་གསལ་སྐལ་བཟང་འདུས་པའི་གྲགས་པའི་སྒྲས། ཛམྦུའི་ལྗོན་པས་མཚན་པའི་ལུས་ཅན་རྣར། །མཛེས་བྱེད་སྙེད་པའི་རིན་ཅེན་འོད་འབར་ཤོག །བག་ཚའི་གནས་ལ་ངོ་སོར་ཁྱེར་མིན་པ། །ཡ་རབས་ཁྲིམས་ཀྱིས་གངས་ཅན་དཔལ་མོའི་མངལ། །ཡོངས་ལྕི་ཁུར་དུད་དགའ་ལྡན་ཕོ་བྲང་གི །ལུགས་ཟུང་མངའ་ཐང་བླ་ནས་བླར་འཕེལ་ཤོག །ཐུབ་གསུང་གླེགས་བམ་བརྒྱ་ཕྲག་བཞེང་བའི་རྒྱུ། །སྦྱོར་བྱེད་སྒྲོམ་བུ་བསོད་ནམས་དར་རྒྱས་ཀྱི། །ཚེ་དཔལ་རིགས་བརྒྱུད་དབང་ཐང་རྣམ་ཐོས་བུའི། །བཟང་པོའི་བསྐལ་པ་དེ་དང་མཉམ་པར་ཤོག །འདི་སྒྲུབ་ཆེད་དུ་ལུས་ངག་ཡིད་གསུམ་གྱིས། འབད་པར་གཏོགས་སོ་ཅོག་རྣམས་སྲིད་དང་ཞིའི། །བདེ་ལེགས་ཀུན་ལ་རྩོལ་བའི་ངལ་མེད་དུ། །དབང་འབྱོར་འདོད་འཇོའི་བ་མོ་རྙེད་པར་ཤོག །བཀྲ་ཤིས་སྐྱེ་བ་ལྔ་པའི་དུང་དཀར་པོ། ངོ་མཚར་རི་མོ་གཡས་འཁྱིལ་སྐད་གསང་གིས། །ཚངས་པའི་(༣༣བ)


GLG017_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སའི་བར་དུ་ཡོངས་ཁྱབ་ནས། ཕུན་སུམ་ཚོགས་པའི་དགའ་སྟོན་རྒྱས་པར་ཤོག །ཅེས་བག་ཡོད་ཅེས་པ་ཆུ་གླང་གི་ལོ་འཕྱོང་རྒྱས་སྒྲོམ་བུ་བ་བསོད་ནམས་དར་རྒྱས་ཀྱིས་རྣམ་འདྲེན་ཤཱཀྱ་སེང་གེའི་གསུང་རབ་ལྗོངས་འདིར་འགྱུར་བ་ཕལ་མོ་ཆེའི་གླེགས་བམ་བཞེངས་པའི་ཚེ་དཀར་ཆག་དང་འབྲེལ་བའི་སྨོན་ལམ་ཞིག་དགོས་ཚུལ་འབྱུང་བ་ལྟར་ཟ་ཧོར་གྱི་བཎྜེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་སརྦ་དཱ་བྷ་ཝ་ཤནྡཱ་ནཱ་ལ་ཡསྱ་ཤྲེ་ཡ་ཝརྡྷནྟུ། ལྷ་ས་སྨོན་ལམ་ཆེན་མོའི་དུས་ཀྱི་ཡོལ་བ་བླ་བྲེས་གདན་ཆ་སོགས་ཀྱི་འགོ་བརྗོད་གནམ་སའི་ཁྱད་པར་མཛེས་རྒྱན། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་རྫོགས་འཕྲེང་།) བྷཱབཻཪྴནྟོཥྞཱིཥཱགྲེཏྤཱདནཱཁོདནཏྲཾསདྡྷརྨཱདཾ། ཨནྡྷརྡྷཱནྟཱཛྙོཧསྟཱཀུལྱཱཙྪཱིརེབསྟྭཱཪྴསོརྑཿ སྲིད་ཞིའི་གཙུག་ཏོར་རྩེ་མོར་ཞབས་སེན་ཟླ། །ཚེས་པའི་མོད་ལ་དམ་ཆོས་སྣང་བ་ཡིས། །མུན་བསྐལ་མཐར་བྱེད་བུ་རམ་ཤིང་པའི་ཕྱག །རིང་ཁྱོངས་སྤྱི་བོར་བཞག་སྟེ་འགྲོ་དབུགས་ཕྱུངས། །ལུས་ཅན་(༣༤ན)


GLG017_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྗེས་འཛིན་པར་བཞེད་པའི་ཁུར། །རབ་ཏུ་ལྕི་ཡང་མགུར་གྱི་བུམ་བཟང་ནས། །རྣམ་གསུམ་འཁོར་ལོའི་ཟིལ་དངར་འཛད་མེད་རྒྱུན། །འདུལ་ཞིང་རྣ་བའི་བཅུད་དུ་འབབ་འདི་མཚར། །འོན་ཏེ་བསྐལ་མང་བསོད་ནམས་བསགས་པའི་འབྲས། །རབ་ཏུ་སྨིན་པའི་ལང་ཚོ་དར་དྲག་པས། །རོ་བདའ་ཆུ་ལྷའི་བུ་ཡི་བཞིན་ངོམས་པའི། །དུས་ཀྱི་ཆོ་ག་རྫོགས་པའི་སྣོད་དུ་གྱུར། །ལྟ་སྤྱོད་ངན་པའི་ལུང་རིག་གིས་དྲངས་ནས། །གནའ་བོའི་སྲོལ་ལ་ཞེན་པའི་སྟོན་པ་དྲུག །སྡེ་བཅས་བཅོམ་པའི་མཉན་ཡོད་མཆོད་པ་ཡི། །དུས་སྟོན་མངོན་སུམ་ལྗོངས་འདིར་འཕོས་པ་བཞིན། །ཚུལ་དེས་མཐས་ཀླས་སྐལ་བཟང་ཡིད་ཅན་རྣམས། །ཐར་པའི་གྲོང་དུ་འཁྲིད་པའི་ས་མཁན་ཆེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །ལས་གཞན་བྱེད་པོ་ཚད་མས་དམིགས་སུ་མེད། །བྱ་དཀའི་སྤྱོད་པ་རླབས་ཆེན་ཕུང་པོའི་ཚོགས། །ཉེར་བསགས་སྔོན་གྱི་རྟོགས་བརྗོད་ལ་བརྟེན་ནས། །འགྲོ་རྒྱུད་སངས་རྒྱས་དེད་སྤེལ་དགེ་བའི་རླུང་། །ལྡངས་པས་འཁོར་བའི་ཚ་གདུང་རབ་ཏུ་བཅིལ། །དེ་ཕྱིར་ཆོས་སྨྲ་བ་ལ་བསྟི་སྟང་དུ། །བགྱིད་པའི་གནམ་ས་བར་རྒྱན་སྟན་ལ་སོགས། །ཕྱི་ནང་ཉེར་མཁོའི་དཔྱད་དངོས་ཡི་གེ་རུ། །སྤེལ་བའི་དེབ་ཐེར་འཛད་མེད་མཛོད་འདིའོ། ཞེས་བསྔགས་བརྗོད་གྱི་འཕྲེང་བ་ཚིགས་སུ་བཅད་དེ་འོ་སྐོལ་གྱི་རྣམ་འདྲེན་བུ་རམ་ཤིང་པས་རྫོགས་བྱེད་སོགས་ཕྱི་རོལ་པའི་སྟོན་པར་ཁས་འཆེ་བའི་མངོན་པའི་ང་རྒྱལ་ཅན་རྣམས་བཏུལ་བའི་མཆོད་པའི་དུས་སྟོན་བོད་ཡུལ་གྱི་རྡོ་རྗེ་གདན་འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ཁང་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་(༣༤བ)


GLG017_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཕྱག་དར་ཏེ་འཛུགས་པ་གནང་བའི་སྨོན་ལམ་ཆེན་མོའི་དུས་ཀྱི་ཡོལ་བ་བླ་བྲེ་གདན་ཆ་སོགས་ཕྱི་ནང་ཉེར་མཁོའི་ཡོ་བྱད་རྣམས་སྔོན་ཆད་པར་བཀབ་ཅིག་མི་འདུག་པ་ཉེ་ཆར་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཞལ་བཀོད་མཛད་ནས་བག་ཡོད་ཅེས་པ་ཆུ་གླང་ཧོར་ཟླ་བརྒྱད་པའི་ཉེར་ལྔ་རྒྱལ་དང་ཕུར་བུ་འཛོམ་པའི་འགྲུབ་སྦྱོར་གྱི་ཐོག་དེབ་ཐེར་དུ་བཀོད་པ་ལ། རིན་ཅེན་རྒྱན་ཆའི་དེབ་ཐེར་གྱི་འགོ་བརྗོད་འཆི་མེད་རྒྱན་གྱི་མཆེད་པོ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།) མདྷྱདེཤརཱཛགཏྲཧཱིསལཱཔཀཱིརྟིསཱུཪྻདནྡྷུཁཱལུ། །ཛཱཏཙཏྲིཀཱུལམཱཡནཱརྟྱཧཻམམཱུརྡྷཁོ྅ཪྤིཏསྱདེབ། འཕགས་ཡུལ་རྒྱལ་རིགས་སྭ་ལ་པར་གྲགས་ཉི་མའི་གཉེན་གྱི་བརྒྱུད་དུ་འཁྲུངས། །རིགས་གསུམ་སྒྱུ་འཕྲུལ་དྲ་བའི་གར་ལས་གངས་ཅན་སྤྱི་བོ་གནམ་བསྟད་ལྷ། །(༣༥ན)


GLG017_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྐྲྀཊིཀཱསནཏྭཛཱཊིསཱིམཔྲྀཐྱམཎྜལཱཤིཥེསདཱིཤཔུཾསྐྲམཱགཧིཏྱསུཁྱཛཱིབཀཔྲཎཽཥདྷིསྭཀཥྛ། གཉའ་ཁྲི་བཙན་ནས་རལ་པ་ཅན་བར་ཡངས་པའི་དཀྱིལ་འཁོར་མ་ལུས་པར། །དབང་ཕྱུག་དམ་པའི་སྐྱེམ་བུ་རིམ་བྱོན་ཕན་བདེའི་སྲོག་འཚོའི་རྩི་སྨན་ལྗོན། །ཀ་བ་མེད་པ་གནམ་གྱི་སྒོ་འཕར་ནས། །དུས་གྱི་བདག་པོའི་ཤེ་མོང་དཔུང་པ་ཅན། །འཇམ་དབྱངས་རྒྱལ་པོའི་ལུང་ལས་བཀའ་རྟགས་ཀྱིས། །ངེས་པར་ཆེན་པོར་བཀུར་རྣམས་བསྔགས་བྱའི་གནས། །ཆས་ཀྱི་མཛེས་བརྗིད་བསྒྲིགས་ཀྱི་ཉེ་བར་དཔའ། །མཛངས་མཁས་བཟང་སྤྱོད་སྤྲིན་དཀར་ཕུང་པོ་ལ། །མིག་ལྟོས་གཟུར་གནས་རྨ་བྱ་རྣམ་དཔྱོད་ཀྱི། །སྒྲོ་གཤོག་ཟླུམ་པོར་བསྒྱུར་བ་སྔོན་མང་བྱུང་། །ཡ་རབས་ཆས་ཀྱི་སིཎྜུ་ཝཱ་རའི་རྡུལ། །ཕུན་ཚོགས་འབྱོར་པའི་གུར་ཀུམ་དང་འདྲེས་དིང་། །གངས་ཅན་ཀཱ་ཤི་མཛེས་དགའི་འགྲམ་(༣༥བ)


GLG017_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ཤར་འདིས་སྐལ་བཟང་བུང་བ་རྩེད་འཇོར་བྲེལ། །ངོ་མཚར་རིན་ཅེན་སྣ་ཚོགས་ཕྲ་ཚོམ་དང་། །རིང་པོའི་དོ་ཤལ་ཕན་ཚུན་འཐབ་པའི་འོད། །འབར་བས་ཉིན་དང་མཚན་མོའི་ཁྱད་པར་ནི། །འབྱེད་ལ་སྒམ་བུ་ཕྱྭ་དེ་འཕྱང་མོ་ཉུག །ཨེ་མ་སྲིད་པའི་དཔལ་འབྱོར་ཡོད་དོ་ཅོག །བྱང་ཕྱོགས་ནོར་འཛིན་དཔལ་མོའི་མངལ་ཁུར་དུ། སྦྲུམ་ཚེ་ལྗིད་ཀྱིས་མ་བཟོད་རྔུལ་བའི་ཆུ། །ཆད་མེད་རི་ཀླུངས་ཀུན་ནས་འབབ་པ་བཞིན། །རང་བློ་ཁོངས་ནས་མཐོན་པོར་གཟེངས་བསྟོད་པའི། །འཇིགས་མེད་བསྙེགས་པའི་ཆས་གོས་ཀྱིས་ཀླུབས་པ། །དྲུང་འཁོར་ལྷ་ཡི་སྤུན་ཟླ་བགྲང་ཡས་ཀྱིས། །སྐབས་གསུམ་བདག་པོའི་འདུན་ས་བཞིན་དུ་མཛེས། །གནོད་སྦྱིན་བྱེ་བའི་གྲོང་ཁྱེར་ཆེན་པོ་ཡི། ཁོར་ས་གཅིག་གྱུར་ཕོ་བྲང་ལྕང་ལོ་ཅན། །རུ་བཞི་སྐྱེ་རྒུའི་ལེགས་བྱས་ཤིང་རྟ་ཡིས། །སྐལ་བཟང་མགྲོན་དུ་མངོན་སུམ་དྲངས་སམ་སྙམ། །ནེའུ་ལེའི་མགྲིན་ནས་འཛད་མེད་ནོར་བུའི་རྒྱུན། །ལྷུག་ལྷུག་སྐྱུགས་འདི་ཕུན་ཚོགས་རིན་པོ་ཆེ། །རྒྱན་བཟང་མཆོར་པོར་སྤེལ་བ་རྣམ་ཐོས་བུས། །གཡོན་པའི་སོར་མོས་ཆེད་དུ་བཙིར་བ་བཞིན། །རྩིང་པོར་སྤྱོད་པས་ཆུད་འཛའ་ཆོམ་རྐུན་སོགས། །ཉེས་བརྒྱའི་དྲི་མ་འབྱིན་བྱེད་གྲངས་ཚད་དབྱིབས། །རྟོགས་སླ་ཡི་གེར་འགོད་དང་འཇུག་སྣོད་ཀྱི། །ཚར་དངར་དངས་སྙིགས་འབྱེད་པའི་རྣམ་དཔྱོད་འཕྲུལ། །གསེར་ག་སོག་རྣ་སོག་སྒོར་རྣ་རྒྱན་ཤལ། །རྩེ་བེར་གཙུག་ཞྭས་མཚོན་པའི་ཉེར་དཔྱད་རྣམས། །དངས་པའི་མཚོ་ལ་རྡུལ་བྲལ་ཟླ་གཟུགས་བཞིན། །གསལ་བྱེད་དེབ་ཐེར་དཔྱིད་ཀྱི་གླུ་རུ་ལེན། །ཞེས་བཀྲ་(༣༦ན)


GLG017_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པའི་ཚིག་འཕྲེང་ཏམྦུ་རའི་དབྱངས་སུ་བླངས་ཏེ་དེའང་རྗོགས་ལྡན་གྱི་བསྐལ་པ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ལ་རྒྱལ་སྲིད་སྣ་བདུན་སོགས་སྲིད་པའི་དཔལ་འབྱོར་ཐམས་ཅད་རྩོལ་པ་ལ་མ་བལྟོས་པར་ལྷུན་གྱིས་གྲུབ་ཅིང་རྩོད་ལྡན་གྱི་དུས་འདིར་ཡང་རྒྱ་གར། རྒྱ་ནག །ཧོར། བལ་བོད་ཀྱིས་མཚོན་པའི་ཉི་འོག་གི་རྒྱལ་པོ། རྒྱལ་ཕྲན། གཙོ་བོ། ཁྱིམ་བདག་སོགས་ཡུལ་གྲུ་སོ་སོའི་སྲོལ་ལུགས་གྱི་ཆས་དང་རྒྱན་གོས་ཕུན་སུམ་གང་ཚོགས་ཀྱི་རྒྱུན་དར་ཞིང་། ཁྱད་པར་རི་ཁ་བ་ཅན་གྱིས་བསྐོར་བའི་བོད་གླིང་དགུའི་རྒྱལ་ཁམས་འདིར་མེས་དབོན་གསུམ་གཙོ་བོར་གྱུར་པའི་ཆོས་སྐྱོང་བའི་རྒྱལ་པོ་རིམ་པར་བྱོན་པ་རྣམས་ཀྱི་དུས་རྩེ་གོས་དང་བླ་གཡུ་རྣ་རྒྱན་སོགས་ཆས་གོས་ཀྱི་སྤམས་མཐོ་བ་རྒྱ་བལ་དང་ཕྱོགས་མཐུན་པ་བྱུང་ཞིང་། གནམ་གྱི་ལྷ་འཇམ་དབྱངས་གོང་མའི་ལུང་གིས་ཆོལ་ཁ་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པའི་འབངས་སུ་ཕུལ་བ་ནས་བཟུང་སྐྱ་བོ་ཞྭ་ལྔས་མཚོན་པའི་རྒྱ་ཧོར་གྱི་སྲོལ་དར་ལ། སྡེ་སྲིད་ཕག་མོ་གྲུ་པའི་དུས་ནས་དཔོན་ཆེན་དཔོན་སྐྱ་ཕལ་ཆེར་ལ་རིན་ཅེན་རྒྱན་ཆར་གྲགས་པའི་གཟབས་མཆོར་དར་བའི་རྒྱུན་བར་སྐབས་སུ་ཅུང་ཟད་ཉག་ཕྲ་བར་སླར་ཡང་ཕོ་བྲང་ཆེན་པོ་པོ་ཏ་ལར་ལོ་གསར་གྱི་དུས་སྟོན་དང་སྨོན་ལམ་ཆེན་མོའི་སྐྱ་རགས་སོགས་ཀྱི་ཆེད་དུ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་རི་མོ་རྙིང་པ་གབ་པ་གསར་གསོའི་ཚུལ་དུ་བསྒྲིགས་པའི་གསེར་ག །སོག་རྣ། སོག་སྒོར། རྣ་རྒྱངས། ཤལ་དཀར་དམར། རྩེ་བེར། གཙུག་ཞྭ། སྐྱ་རགས་དུས་ཀྱི་གསར་ཆས་ཀྱིས་ཐོག་དྲངས་ཉེར་(༣༦བ)


GLG017_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཁོ་རྣམས་དེབ་ཐེར་དུ་བག་ཡོད་ཅེས་པ་ཆུ་གླང་ཧོར་ཟླ་བརྒྱད་པའི་ཉེར་ལྔ་རྒྱལ་དང་ཕུར་བུ་འཛོམ་པའི་འགྲུབ་སྦྱོར་གྱི་ཐོག་བཀོད་པ་ལ། དབང་རབ་ལས་བཞི་སྒྲུབ་པ་ལ་ཉེར་མཁོའི་ཡོ་བྱད་གྱི་དེབ་ཀྱི་འགོ་བརྗོད་རིག་འཛིན་རོལ་པའི་དགའ་སྟོན།སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) པྲཱདྷིབཱརསྱསིདྡྷིནྡྷྱབརྡྷཀྱཙཱིནྟསྱརཱཛེནྡྲབྷཱབཤྩསྭཱརོཏྟརཱཿབཛྲསཏྭཔྲབྷོརཱདྨཀེནིཏྱལབྡྷཻརྨཧཱབོདྷིཏསྶཱིམམཱུདྡྷེཤྭབྷཿ མཆོག་ཐུན་དངོས་གྲུབ་བསམ་འཕེལ་ཡིད་བཞིན་གྱི། །དབང་གི་རྒྱལ་པོ་དངོས་བརྒྱུད་བླ་མ་རྣམས། ཁྱབ་བདག་རྡོ་རྗེ་སེམས་པའི་བདག་ཉིད་དུ། །ངེས་རྙེད་བྱང་ཆེན་བར་དུ་གཙུག་ན་མཛེས། །ཆོས་སྐུ་ཉེར་ཞིའི་ངང་དུ་རོ་གཅིག་ཀྱང་། །ཆུ་ནང་ཟླ་བཞིན་སྣ་ཚོགས་དུ་མའི་གར། །རབ་བསྒྱུར་ཞི་ཁྲོའི་དཀྱིལ་འཁོར་རྒྱ་མཚོ་ཡི། །ཕུལ་བྱུང་ཐུགས་རྗེའི་མཐུ་ཡིས་བདག་བྱིན་རློབས། །བདུད་དཔུང་སྲོག་དང་འབྲལ་ལ་ཆེས་རིངས་པའི། །དྲག་(༣༧ན)


GLG017_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་སྦྱོད་པའི་གཏུམ་དྲག་གར་སྒྱུར་ཡང་། །དམ་ལྡན་སྐྱོང་ལ་དགྱེལ་ཞལ་ལྷུག་པ་རུ། །སྟོན་མཛད་ཆོས་སྐྱོང་སྲུང་མས་འཕྲིན་ལས་སྒྲུབས། །ངེས་གསང་ལམ་གྱིས་འདི་ཕྱི་གཏན་གྱི་མདུན། །སྤེལ་ཐབས་དབང་བསྐུར་བྱིན་རླབས་རྗེས་གནང་དང་། །རིག་གཏད་རབ་གནས་བསད་མནན་སྲེག་འཕང་སོགས། །གང་འཚམ་འཕྲིན་ལས་སྒྲུབ་ལ་ཉེར་མཁོའི་ཆས། །དེ་ཚུལ་གསར་རྙིང་རིགས་འཛིན་ཆོས་ཀྱི་སྤྱན། །དཀྱུས་རིངས་རྒྱུད་སྡེ་རྒྱ་མཚོར་ཉེར་གཟིགས་ཀུན། །བཞེད་པའི་སྲོལ་རྗེས་འབྲངས་ལས་སྣང་ཤས་ཀྱི། ཁུངས་བྲལ་འཕྲུལ་ཁྱད་ཀྱིས་བཟོད་དོ་ཟླ་མིན། །སྔགས་གཞུང་ཆུ་གཏེར་གཏིང་མཐའ་གཞལ་དཀའ་ཡང་། །ཐོས་བརྩོན་རི་བོ་བསྒྲིལ་ལས་ཉེར་ཐོན་པའི། །མཁས་གྲུབ་ཕྱག་བཞེས་བདུད་རྩི་ཕན་བདེའི་སྲོག །རིང་པོར་འཚོ་བའི་ཟུངས་སུ་གྱུར་འདི་སྤྲོ། །དེ་ཕྱིར་རིགས་འཛིན་རྣལ་འབྱོར་སྤྱོད་པ་པོར། །ཉེར་མཁོའི་ཡོ་བྱད་མང་ཞིག་འདུ་བགྱིས་རྣམས། །བརྗེད་བྱང་དེབ་ཐེར་ཨཱ་དཱཪྴ་ཡི་ངོས། །ཚིག་དོན་བརྗོད་བདེ་ཡི་གེར་ཤར་འདིའོ། །ཞེས་མཆོད་པར་བརྗོད་པ་སོགས་སྔོན་འགྲོ་གླེང་བསླང་བར་འོས་པའི་ཚིགས་སུ་བཅད་པ་ཉེ་བར་བརྗོད་ནས། སྟོན་པ་ཐུགས་རྗེའི་བདག་ཉིད་ཅན་དེས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་མཐས་ཀླས་པ་ཞིག་བཀའ་སྩལ་པའི་ནང་ནས་བླ་ནས་བླར་མཐོ་པའི་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་ཚུལ་ཐོས་བསམ་སྒོམ་པས་གཏན་ལ་འབེབས་པར་བྱེད་པ་ལ་ཉེ་བར་མཁོ་བའི་སྔགས་གསར་རྙིང་གི་དཀྱིལ་ཐང་། དབང་ཆས། རབ་གནས། སྦྱིན་སྲེག །སྲུང་བཟློག་བསད་མནན་སོགས་ཀྱི་ཡོ་བྱད་(༣༧བ)


GLG017_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ས་བྱ་མཆོད་དཔོན་རྒྱལ་དར་གོང་པ་ངག་དབང་ཤེས་རབ་ལ་རྩིས་སྤྲོད་བྱས་པ་བཞིན་ཆུ་གླང་ཧོར་ཟླ་བརྒྱད་པའི་ཉེར་ལྔ་རྒྱལ་དང་ཕུར་བུ་འཛོམ་པའི་འགྲུབ་སྦྱོར་གྱི་ཐོག་དེབ་ཐེར་དུ་བཀོད་པ་ལ། ཕུར་སྒྲུབ་མདོས་གཏོར་སོགས་དུས་རིམ་སྤྱི་བྱེ་བྲག་གི་དགོས་ཆ་དེབ་ཏུ་འཁོད་པའི་འགོ་བརྗོད་ཕུན་ཚོགས་འདོད་འཇོ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཨེམབྷཱིཔཏྱཤཱུརརྦྷུཏཤྴཏྲུཏཔྲོཏྠིཏཏྭཏབྷཱབཱབྷིབྷྲུམུདྲཧཱི།པཱཤྱམཏྲེགཎཻཀྲཽདྷདཪྤཱཤྩམཱུརྩིཏྱཔནྟྲབྷུཛཔྲཱརྨཤེཥྱསྶཔཏ། ཨེ་མ་འཇམ་དཔལ་དཔའ་བོ་དུས་ཀྱི་དགྲར། །རབ་བཞེངས་སྲིད་གསུམ་ཕྱག་རྒྱ་ཟིལ་གནོན་པ། །མཐོང་བའི་མོད་ལ་ཁྲོ་ཚོགས་དྲེགས་པ་ཀུན། །བརྒྱལ་དངངས་ལག་ཆ་མ་ལུས་སྟབས་གཅིག་འཆོར། །ལྷ་ཁྱོད་དཀྱིལ་འཁོར་གཙོར་བཞེངས་བཀའ་རྟགས་ཀྱི། །ཅོད་པན་ཐོད་འཆིང་འདོད་ཁམས་དབང་ཕྱུག་སོགས། །བསྟན་སྲུང་དམ་ཅན་མངག་གཞུག་ཚོགས་རྣམས་ཀྱིས། །བཀྲ་ཤིས་ལྷ་རྒྱལ་མགྲིན་མཐོར་བཏེག་ནས་འཐེན། །མ་དང་དཔའ་བོའི་དགའ་སྟོན་ཡར་གྱི་ཚེས། །(༣༨ན)


GLG017_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་རོལ་པ་དམར་ཆའི་དུས་ཆེན་ལ། །སྐོང་བཤགས་ཚོགས་མཆོད་མདོས་གཏོར་སྣ་ཚོགས་ལས། །སྒྲུབ་པ་སྔགས་འཆང་ཚད་ལྡན་སྤྱི་ཡི་ལུགས། །དོན་དེས་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །ཀུན་བཟང་མཆོད་སྦྲིན་ནམ་མཁའ་མཛོད་ཀྱི་སྒོ། །འབྱེད་ཀྱང་སྤྱན་གཟིགས་སྣ་ཚོགས་མཐུན་པའི་རྫས། །རྩ་གསུམ་ཐུགས་དམ་སྐོང་ལ་གཅེས་པའི་ནོར། །གནམ་སྔོན་ས་ལ་འཁྱིལ་འདྲའི་རྫིང་བུ་ལ། ངང་པ་མགྲིན་རྔ་སྒྲོག་ཅིང་འདུ་བ་ལྟར། །རྒྱུད་དང་མན་ངག་ལས་བྱུང་རྫས་ཚོགས་པར། །དམ་ཅན་སྲུང་མ་མི་འདུ་དམིགས་སུ་མེད། །དེ་ཕྱིར་ཞྭ་ཕོད་རུས་པ་སྦྲུལ་ཆུན་དང་། །མི་རྐང་སྟག་ཤུན་མགོ་ལག་དབང་པོ་ལྔ། །རྒྱུ་མའི་དྲ་བར་བརྒྱུས་སོགས་དཔལ་གྱི་ཆས། །སྲིན་པོའི་གྲོང་གི་བཀོད་པའི་སྤུན་ཟླར་དོགས། །ལྷ་རྫས་རབ་བཀྲ་རྒྱལ་མཚན་བ་དན་འཕན། ཁྲབ་རྨོག་གཞོལ་བཏགས་བིར་ཕུབ་མདའ་མདུང་གྲི། །མེ་སྒྱོགས་དམག་ཆེན་རུ་མཚོན་སྣ་ཚོགས་མཚོན། །འཆི་མེད་དབང་པོ་གཡུལ་ངོར་ཆས་པ་བཞིན། །སོར་མོའི་འདབ་སྟོང་འདར་བའི་སྦུབས་ནང་དུ། །བཀོད་པའི་ཁྱད་པར་བུང་བ་གླུ་བླངས་པས། །དོན་ལྡན་ཟེའུ་འབྲུའི་སྙིང་པོ་མྱངས་པའི་འབྲས། །ངོ་མཚར་མངར་བའི་སྦྲང་ཆང་འཐུང་ལ་བྲེལ། །དེ་འདྲ་མིང་དོན་བརྡ་རུ་ཉེར་སྤྲད་ནས། །འཕྲུལ་མེད་ལག་ཏུ་དར་ལ་དཀའ་བའི་འཕྲང་། སྒྲོལ་བྱེད་བདེ་བར་འཁྲིད་པའི་ས་མཁན་དེས། །བརྗོད་པ་རྣམ་དག་གཏེར་གྱི་སྒོ་འདི་དབྱེ། །ཞེས་བཀྲ་ཤིས་པའི་ཚིག་སྔོན་དུ་འགྲོ་བའི་དངོས་པོ་ངེས་པར་བསྟན་ནས། །ཕུར་སྒྲུབ། གཏོར་བཟློག །སྲིད་གསུམ་བདག་མོ་མཆོད་པ་སོགས་ལོ་གསར་དུས་རིམ་གཙོ་བོར་བྱས་ཏེ་གཞན་ཡང་འཁྲོ་རོལ། མདོས་སྐང་(༣༨བ)


GLG017_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དགོས་པ་སྐབས་དོན་གང་འཚམ་ལ་ཉེ་བར་མཁོ་བའི་སྙན་དར་གོང་བ་ཅི་པར། དྲག་ཆས་ཀྱི་ལྡ་ལྡི། སྔགས་ཆས། རུས་རྒྱན། རྒྱལ་མཚན། འཕན། རུ་མཚོན། རྒྱ་ཧོར་བོད་ཀྱི་གོ་མཚོན་སོགས་སྤྱན་གཟིགས་ཀྱི་རིམ་པ་རྣམས་ས་བྱ་མཆོད་དཔོན་རྒྱལ་དར་གོང་པ་ངག་དབང་ཤེས་རབ་ལ་རྩིས་སྤྲོད་བྱས་པ་བཞིན་བག་ཡོད་ཅེས་པ་ཆུ་གླང་ཧོར་ཟླ་བརྒྱད་པའི་ཉེར་ལྔ་རྒྱལ་དང་ཕུར་བུ་འཛོམ་པའི་འགྲུབ་སྦྱོར་གྱི་ཐོག་དེབ་ཐེར་དུ་བཀོད་པ་ལ། གཟིམས་ཆུང་མགོན་ཁང་དུ་ལྕང་ལོ་ཅན་དུ་དགྲམ་རྒྱུའི་ནག་ཐང་གྲ་ཚར་གྱི་རྒྱབ་ཡིག་དངོས་གྲུབ་གཏེར་མཛོད། (སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་རིགས་གནས།) སྭཙིཏྟཙཱདཪྴམུཁཏྲིམུལྱདེབཙོཏྤགྷྒྷོདོཏྐྲྀཏྤྲཏིབིམྦདརྦཤཿབིགཱརམཱཡཻཪྣྲྀཏཡཏྲསཽདྲཾཤཾལིཁཱངྒཧཱིསིདྡྷིཀཀཽརཊིཏོནིདྷཿ རང་སེམས་མེ་ལོང་ངོས་སུ་རྩ་གསུམ་ལྷའི། །བསྐྱེད་རིམ་གཟུགས་བརྙན་འཆར་བྱེད་ཞི་དང་ཁྲོའི། །རྣམ་འགྱུར་སྒྱུ་མའི་གར་མཁན་གཟིགས་མོ་རུ། །ལེགས་སྟོན་བྲིས་སྐུ་དངོས་གྲུབ་བྱེ་བའི་གཏེར། །གང་བསམས་(༣༩ན)


GLG017_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་འཕྲིན་ལས་ཀུན། །ལག་རྩེར་འབད་མེད་རྩོལ་ནུས་ཡིད་བཞིན་གྱི། །ནོར་བུ་དབང་གི་རྒྱལ་པོའི་འཕྲེང་བ་འདི། །བཀོད་ལེགས་སྲད་བུར་དཀྱུས་རིང་གཅིག་ཏུ་བརྒྱུས། །བསོད་ནམས་སྤྲིན་དཀར་ལང་ལོང་འཁྲིགས་པ་ལས། །ལྷ་སྔགས་ཡེ་ཤེས་འཛད་མེད་ཆར་ཆེན་པོས། །རང་རྒྱུད་ཞིང་ས་གཤེར་བས་བསྐྱེད་རྫོགས་ཀྱི། །ས་བོན་སྦྲུམས་པའི་སྙེ་མ་གཡུར་ཟ་ཤོག །ཅེས་རབ་བྱུང་བཅུ་གཅིག་པ་ཆུ་ཕོ་བྱི་བའི་ལོ་ནས་དབུ་བཙུགས་ཆུ་གླང་ལེགས་པར་གྲུབ་པའི་སྔགས་གསར་རྙིང་གི་རྩ་བ་གསུམ་གྱི་ནག་ཐང་གཟིམས་ཆུང་མགོན་ཁང་དུ་དགྲམ་བྱ་གྲས་མཚུངས་བཅོ་ལྔ་ཕྱག་མཛོད་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་དོ་དམ་ཐོན་བྱ་སྒོ་བ་བློ་བཟང་དབང་ཕྱུག །རི་མོ་བ་དབུ་མཛད་དཔལ་མགོན། དབུ་འབྲིང་ཕོ་བྲང་ཕུན་ཚོགས་དང་སྲད་པ་བསོད་ནམས། དབུ་ཆུང་སྟག་ལུང་བཀྲ་ཤིས་དང་སྔགས་གྲ་བསོད་ནམས། བྱིངས་གྲས་དགོས་བསམ། འཕྲང་སྒོ་དཀོན་ཅོག་རྒྱལ་པོ། ཚོན་མདངས་པ་སྙེ་མོ་ཀརྨ། ཚེ་དབང་ནོར་བུ། ལྷ་ས་རྟ་མགྲིན། འཇམ་དབྱངས་དོན་གྲུབ། དཀོན་ཅོག །གྲགས་པ་ཕུན་ཚོགས། ཨ་ལྐུགས། སེ་ར་ངག་དབང་དར་རྒྱས། རིན་སྤུངས་ལྔ་འཛོམ། ཚེ་བདག །བསོད་ནམས་རྒྱལ་པོ། རམ་པ་བྲག་ལོགས་པ། འཕན་པོ་དགེ་བསྙེན་རྒྱལ་པོ། དཔལ་གནས་རྒྱལ་པོ། བསྟན་འཕེལ། གཞིས་རྩེ་རྡོ་རྗེ་ཚེ་བརྟན། རྡོ་རྗེ་རབ་བརྟན། པད་དཀར། རྩེ་གདོང་བསོད་ནམས་ཚེ་རིང་། བསྟན་འཛིན། ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། འཕྱོང་རྒྱས་འཇམ་དབྱངས། འདོད་ཡོན། སྡིངས་ཆེན་མི་འགྱུར། (༣༩བ)


GLG017_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཡིག་འདྲི་མི་ཉང་སྟོད་པ་ངག་དབང་ཕུན་ཚོགས་དང་སྡིངས་ཆེན་མི་འགྱུར། ཕོགས་སོགས་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས་པ་ཤྲེ་ཡ་རསྟུ། དུས་རིམ་ཆེན་མོར་དགྲམ་རྒྱུའི་སྔགས་ཐང་གྲ་ཚར་གྱི་རྒྱབ་ཡིག་ངོ་མཚར་རྒྱ་མཚོ། (སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་མེ་ཏོག་འཕྲེང་ཅན།) དྷརྨཀཱཡཻརྨཧཱསུཁྱདྷཱཏཽམཙཱལཱཔིཙཻལཱཔིཙཻཀཱདྭཧོནཻཏྱིཀཏྲཻམུལཿཔྲཱཏིབིམྦོརྡྷརེཁེནྡྲདྷཱནུཀྱབདྡྷིཔྲཀཱཤཻམཙནྱཱསཀཀྵེཏྲིཡ། ཆོས་སྐུ་བདེ་ཆེན་དབྱིངས་སུ་གཡོ་མེད་ཀྱང་། །གཅིག་ལས་དུ་མའི་གར་མཁན་རྩ་གསུམ་གྱི། །སྣང་བརྙན་མཁའ་ལ་དབང་པོའི་གཞུ་རིས་བཞིན། །རབ་གསལ་ངོ་མཚར་བཀོད་པ་ཞིང་གི་ཕུལ། །མདངས་རྒྱས་ཚོན་རིས་རྣམ་པར་བཀྲ་བ་ལ། །བགྲང་ཡས་ཞི་ཁྲོའི་ཡེ་ཤེས་སེམས་དཔའ་རྣམས། །གཞུ་བླུགས་རྒྱ་མཚོར་ཆུ་བོ་ཇི་ལྟ་བུར། །གཞན་ནས་མི་འཚོལ་ངོ་བོ་གཅིག་ཏུ་འདྲེས། །དགེ་དེས་གདོད་ནས་རང་རིག་དག་པའི་ལྷ། །རྙིང་པའི་རི་མོ་(༤༠ན)


GLG017_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གབ་པ་གསར་བསོས་བཞིན། མངོན་སུམ་རང་ངོ་འཕྲོད་པའི་རྣལ་འབྱོར་ལ། །བྱང་ཆེན་ཐོབ་མིན་དེ་སྲིད་ལོངས་སྤྱོད་ཤོག །ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ནས་དབུ་གཙུགས་ཆུ་གླང་གི་ནང་དུ་ལེགས་པར་གྲུབ་པའི་སྔགས་གསར་རྙིང་དང་འབྲེལ་བའི་རྩ་བ་གསུམ་གྱི་སྐུ་ཐང་དུས་རིམ་ཆེན་མོ་སོགས་ཀྱི་སྐབས་བཀྲམ་ཆོག་པའི་སྨན་ལུགས་ཐང་ནག་ངོ་མཚར་བ་གྲངས་སུམ་ཅུ་སོ་ལྔ་ཡོད་པ་འདི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས། དོ་དམ་ཐོན་བྱ་སྒོ་བ་བློ་བཟང་དབང་ཕྱུག །རི་མོ་བ་དབུ་མཛད་དཔལ་མགོན། དབུ་འབྲིང་ཕོ་བྲང་ཕུན་ཚོགས་དང་སྲད་པ་བསོད་ནམས། དབུ་ཆུང་སྟག་ལུང་བཀྲ་ཤིས་དང་སྔགས་གྲ་བསོད་ནམས། བྱིངས་གྲས་དགོས་བསམ། འཕྲང་འགོ་དཀོན་ཅོག་རྒྱལ་པོ། ཚོན་མདངས་པ་སྙེ་མོ་ཀརྨ། ཚེ་དབང་ནོར་བུ། ལྷ་ས་རྟ་མགྲིན། འཇམ་དབྱངས་དོན་གྲུབ། དཀོན་ཅོག །གྲགས་པ་ཕུན་ཚོགས། ཨ་ལྐུགས། སེ་ར་ངག་དབང་དར་རྒྱས། རིན་སྤུངས་ལྷ་འཛོམ། ཚེ་བདག །བསོད་ནམས་རྒྱལ་པོ། རམ་པ་བྲག་ལོགས་པ། འཕན་པོ་དགེ་བསྙེན་རྒྱལ་པོ། དཔལ་གནས་རྒྱལ་པོ། བསྟན་འཕེལ། གཞིས་རྩེ་རྡོ་རྗེ་ཚེ་བརྟན། རྡོ་རྗེ་རབ་བརྟན། པད་དཀར། རྩེ་གདོང་བསོད་ནམས་ཚེ་རིང་། བསྟན་འཛིན། ལྕང་སྲུང་ཁང་པ་རིན་ཅེན་རྡོ་རྗེ། འཕྱོང་རྒྱས་འཇམ་དབྱངས། འདོད་ཡོན། སྡིངས་ཆེན་མི་འགྱུར། རྒྱབ་ཡིག་འདྲི་མི་ཉང་སྟོད་པ་ངག་དབང་ཕུན་ཚོགས་དང་། སྡིངས་ཆེན་མི་འགྱུར། ཕོགས་སོགས་(༤༠བ)


GLG017_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བགྱིས་པས་སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། རིན་ཅེན་རྒྱན་ཆ་སོགས་སྐྱ་རགས་གལ་ཆེ་བའི་རིགས་ལ་དགོས་པའི་གཙོ་བོར་གསར་ཆས་དང་ཞར་བྱུང་བར་ཆད་ཀྱི་དེབ་ཐེར་ཅང་ཤེས་མཛེས་རྒྱན། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་གློག་འཕྲེང་།) ལཀྵྨཱིཤྲཱིབྷཱུཏྱཱམཱནྟཻཀཱབྷཱུཏེནཻཙཱུལྱཾཀོཊཏྭཾ།མཱཧཱརཱཨཛོབཻཤྲཱབཾཙཱཀྲཾཡཀྵསྶཱརཻཪྴེཡསྟུ། ཕུན་ཚོགས་དཔལ་དང་འབྱོར་པས་ཁོར་ཡུག་ཀུན། །གཅིག་གྱུར་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྣམ་མང་ཐོས་པའི་སྲས་གྱུར་རྒྱལ་པོ་ཆེ། །འཁོར་ཚོགས་གནོད་སྦྱིན་རྒྱ་མཚོས་ཤིས་པར་མཛོད། །ལེགས་བྱས་འབྱམས་སུ་ཀླས་པའི་ཐང་ཡངས་པོར། །ཅང་ཤེས་འཁྲུལ་གྱི་གསར་གོམ་བང་འགྲོས་ཀྱིས། །རྣམ་དཔྱོད་ཀྱུས་ཐོག་གཅོད་ལ་གཟིགས་མོ་རུ། །མཚར་ཆེའི་དགའ་སྟོན་ཡ་རབས་སྤྱི་ཡི་སྲོལ། །སྤྲུལ་པའི་བཟོ་རིག་གཉིས་པ་ཤེས་པའི་མིག །(༤༡ན)


GLG017_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་འཕྲུལ་གྱིས་གསེར་དངུལ་བཀྲོལ་ཚགས་སྒ། །གོང་རྨེད་སྲབ་འཁོར་སྣ་ཚོགས་རྒྱན་གྱི་གཞིར། །སྣང་སྲིད་གཟུགས་ཀུན་མངོན་སུམ་ཤར་བ་བཞིན། །སྤུ་ལེན་ཟེ་ལོང་ཁེབ་སོགས་ཟ་འོག་གི །ཚོན་མདངས་སྤེལ་ལེགས་བཀྲག་ཆེན་འཇའ་རིས་ཀྱི། །རྗེས་འགྲོ་ཅང་ཤེས་གཟབས་མཆོར་ལྷ་དབང་གི །རྟ་མཆོག་དཔུང་གི་ཁེངས་པ་བག་ལ་ཞ། །དེ་ཕྱིར་བཀྲ་ཤིས་རིན་ཅེན་སྣ་བདུན་གྱི། །ཡ་གྱལ་ཤུགས་ལྡན་མཛེས་པར་བྱེད་པའི་ཆས། །འཁྲུལ་མེད་དཀར་འཇམ་ཤོག་བུའི་དེབ་ཡངས་པོར། །བརྗོད་པ་རྣམ་དག་ཡི་གེའི་གཟུགས་སུ་ཤར། །ཞེས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བའི་སྒོ་ནས་སྐབས་དོན་གྱི་སྙིང་པོ་བོད་གངས་ཅན་གྱི་ལྗོངས་འདིར་སྔོན་གྱི་ཆེ་གཉན་ཕལ་ཆེར་ལ་ཡོངས་སུ་གྲགས་པའི་སྐྱ་རགས་ཆེ་ཆུང་དང་ཁྱད་པར་རིན་ཅེན་རྒྱན་སྤྲོད་ཀྱི་སྐྱ་རགས་ལ་མེད་དུ་མི་རུང་བའི་གསར་ཆས་གཟབས་མཆོར་གྱི་རིམ་པ་རྣམས་དང་ཞར་བྱུང་། བདེ་ཆས་ལ་བརྟེན་པའི་མཚར་དུ་ཆེ་བའི་རིགས་ཀྱང་དེ་སྔ་ཕན་ཁ་འཐོར་བའི་ཚུལ་ལས་ཕྱོགས་གཅིག་པ་ཞིག་མི་སྣང་བ་ཉེ་ཆར་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་བློ་དང་བརྩོན་པའི་བྱེད་པོས་བསྒྲིགས་ཚོམས་ཚར་དུ་དངར་བ་ཨངྐི་དང་གཉིས་སོགས་གོ་རིམ་ཀུན་རྟོགས་སླ་བའི་ཆེད་དུ་བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོ་དབྱུ་གུ་ཟླ་བའི་ཡར་ཚེས་དགེ་བར་དཀར་ཆག་ཏུ་བཀོད་པ་ལ། རྒྱས་བཏབ་ར་མོ་ཆེའི་རྟེན་མཆོད་ཀྱི་དེབ་ཐེར་བརྗེད་ངས་ཆུ་ལས་སྒྲོལ་བའི་གྲུ་རྫིངས། (༤༡བ)


GLG017_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཤུདྡྷསདྱཱཪྠདྷཱཏྭཱཛཡཔྲཏྱདྲྀཤྴཱིལཧཱིམཏྲཏོདེཤཀཱཏཱིཏབཱ། བིཤྭཀཱཡཻཪྴརཱིརནྱསཱཀལྐསཱརེ པྲབྷཱགྲཱཧཏཱརཱཡིབཱནྟདྭིབྷཱཿ དག་པ་དོན་དམ་དབྱིངས་སུ་རྒྱལ་ཀུན་གྱི། །སྣང་ཚུལ་སོ་སོའི་ཚད་མའི་ཡུལ་འདས་ཀྱང་། །སྣ་ཚོགས་གཟུགས་སྐུའི་བཀོད་པ་དངས་པའི་མཚོར། །གསལ་བའི་གཟའ་སྐར་བཞིན་དུ་མཐའ་རྙེད་བྲལ། །འོག་མིན་ཞིང་གཙོའི་མགོན་པོ་ལོངས་སྤྱོད་རྫོགས། །དམ་པ་ཏོག་དཀར་རྣམ་པར་འཕྲུལ་པའི་གདངས། །སྒྱུ་མའི་བུ་མོ་ལྷ་ལས་མཛེས་པའི་མངལ། །ཤར་ལ་དོན་ཀུན་གྲུབ་སྙན་མཚན་དུ་བཏགས། །རབ་རྨོངས་མུན་སྨག་མཐོན་པོར་བརྩེགས་པའི་ཁྲོད། །སྒྲོན་མེའི་ནང་ནས་བཟང་པོའི་བསྐལ་པ་འདིར། །སྟོང་ཕྲག་རྣམ་འདྲེན་གཞན་ལས་སྙིང་སྟོབས་ཀྱི། ཁྱད་པར་བྱས་པ་བཞི་པའི་ཐུབ་པ་མཆོག །ལྷ་གཅིག་མཚན་གྱི་དབྱངས་སྙན་རྣ་བ་རུ། །ཐོས་པས་སྲིད་ལས་ཐར་བ་མང་བྱུང་ན། །མཐོང་(༤༢ན)


GLG017_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཁོར་འདས་མཐའ་ལས་རྣམ་གྲོལ་ཏེ། །བྱང་ཆུབ་ཆེན་པོའི་ས་དེ་མི་རིང་ཉེ། །གླིང་འདིར་བཀྲ་ཤིས་བགྲང་བྱ་ལོན་པའི་སྐུ། །ཚད་སླེབས་རང་ལས་གཞན་མིན་ཞལ་འཆེས་པ། །མི་བསྐྱོད་རྡོ་རྗེ་འགྲོ་ཀུན་བསོད་ནམས་ཞིང་། །གྱུར་ཀྱང་གངས་ཅན་སྐྱེ་རྒུར་གཅིག་ཏུ་བརྩེ། །སེམས་ལྡན་འཁོར་མཚོའི་མཐའ་ལས་སྒྲོལ་བའི་མ། །ཏོང་ཁུན་ས་ཡི་ཚངས་པའི་སྲས་མོ་ཡི། །ཐུགས་དམ་ར་མོ་ཆེར་གྲགས་དྲི་གཙང་ཁང་། །དཀོན་ཅོག་རྟེན་གྱི་གཞལ་ཡས་ཞིང་གི་ཕུལ། །ཨེ་མ་ཡེ་ཤེས་སྒྱུ་མའི་ཕོ་བྲང་ལ། །ཐེག་གསུམ་སྐྱེ་འཕགས་ངོ་མཚར་འབྱམས་ཀླས་པར། །ནམ་མཁའི་མཛོད་ཀྱི་སྒོ་ཕྱེ་མཆོད་པའི་སྤྲིན། །བྱེད་པོས་རྨུགས་འཛིན་འབྱོར་པ་དྲངས་པ་བཞིན། །རྟེན་མཆོད་བདོག་པ་ཆོམ་པོས་གཞན་འཁྱར་དང་། །གླེན་ལྐུགས་རྩིང་པོའི་སྤྱོད་པས་ཆུད་གསོན་སོགས། །བརྒྱ་ཕྲག་ཉེས་སེལ་བརྗེད་ངས་ཆུ་བོ་ལས། །སྒྲོལ་བའི་དེབ་ཐེར་གྲུ་རྫིངས་འདི་ན་སྐྱོད། །ཅེས་སྙན་པའི་ལམ་ནས་ཆེད་དུ་བརྗོད་པ་སྔོན་དུ་བཏང་སྟེ་འོ་སྐོལ་ལྔ་བརྒྱ་པ་རྣམས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་གྱུར་པ་རྣམ་འདྲེན་བཞི་པ་ཤཱཀྱ་སེང་གེ་ཞེས་སྙན་པའི་གདུགས་དཀར་པོ་གཅིག་གིས་ཡངས་པའི་ས་ཆེན་པོ་ཀུན་ཏུ་ཁྱབ་པ་གང་དེའི་བསྟན་པ་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་ནས་རིམ་བཞིན་བྱང་ཕྱོགས་སུ་དར་བར་ལུང་བསྟན་པ་ལྟར། རི་ཁ་བ་ཅན་གྱི་ལྗོངས་འདིར་ཆེས་ཆེར་རྨོངས་པའི་འགྲོ་བ་རྣམས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཡང་དག་པའི་ལམ་ལ་བཀྲི་བའི་སླད་དུ་སངས་རྒྱས་བྱང་སེམས་ཉག་ཅིག་གི་སྤྲུལ་པ་ཆོས་རྒྱལ་མེས་དབོན་རིམ་པར་བྱོན་པ་རྣམས་ཀྱི་ནང་ནས་མི་རྗེ་སྲོང་བཙན་སྒམ་པོའི་བཙུན་མོར་(༤༢བ)


GLG017_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་རྒྱལ་པོ་ཐང་ཐའི་སུན་གྱི་སྲས་མོ་རྒྱ་མོ་བཟའ་ཀོང་ཅོ་ཞེས་འཕགས་མ་སྒྲོལ་མའི་རྣམ་འཕྲུལ་དེ་ཉིད་བྱོན་ནས་རྒྱས་བཏབ་ར་མོ་ཆེའི་གཙུག་ལག་ཁང་ལེགས་པར་བསྐྲུན་པའི་རྟེན་གྱི་གཙོ་བོར་གསེར་གྱི་ལྷ་ཤཱཀྱ་མུ་ནེ་བཞུགས་པ་བར་སྐབས་སུ་རྒྱ་བོད་ཀྱི་གཡུལ་འཁྲུག་ལ་བརྟེན་གོ་ས་འཕོས་ཏེ་རྒྱལ་བ་ཉི་མའི་གཉེན་དགུང་ལོ་བརྒྱད་པའི་སྐུ་ཚད་བལ་མོ་བཟའ་ཁྲི་བཙུན་གྱིས་གདན་དྲངས་པ་ཇོ་བོ་མི་བསྐྱོད་རྡོ་རྗེ་དེང་སང་ལུས་ཅན་ཀུན་གྱི་མིག་ཤེས་ཀྱི་སྤྱོད་ཡུལ་དུ་མངོན་སུམ་དུ་བཞུགས་པ་འདི་ཉིད་ཀྱི་གཙུག་ལག་ཁང་ཁྱམས་དང་བཅས་པར་ཞིག་གསོས་ནང་གི་བཞུགས་ཁང་། ཕྱིའི་གསེར་ཏོག་ལྡེབས་བྲིས་སོགས་གསར་དུ་བསྐྲུན་པ་དཀར་ཆག་ཏུ་གསལ་བ་ལྟར་ཡིན་ཅིང་དངོས་དོན་རྟེན་མཆོད་རྣམས་ཆུད་མི་འཛའ་ཞིང་ཟེགས་འཁྱར་མི་ཡོང་བའི་ཆེད་དུ་བག་ཡོད་ཅེས་པ་ཆུ་གླང་གི་ལོ་དབྱུག་པ་ཟླ་བའི་ཡར་ཚེས་དགེ་བར་དེབ་ཐེར་དུ་བཀོད་པ་ལ། ས་ཡི་ཚངས་པ་འཇམ་དབྱངས་གོང་མ་ཆེ། །ནོར་རྒྱུན་མ་དངོས་རྒྱལ་མོ་ཐའི་ཁོ་དང་། །རི་ཁི་ཆིང་ཝང་ལ་སོགས་དབྱིག་འཛིན་གྱི། །དབང་ཕྱུག་དམ་པའི་དྲིན་གྱིས་བསྐྱངས་པའི་མཐུས། བསྟན་ལ་ཡོངས་རྫོགས་བློ་བཟང་སྦྱིན་པ་ཡིས། །མང་བཀུར་རྒྱལ་ཁབ་ཕོ་བྲང་པི་ཅིང་དུ། །གསེར་སྦྱངས་ལས་གྲུབ་སྟོང་ཕྲག་བརྒྱ་པ་དང་། །དཀོན་ཅོག་གསུམ་གྱི་གནྷོ་ལ་བཞེངས་པས། །མཚོན་ཏེ་དུས་གསུམ་བསགས་པའི་ལེགས་བྱས་འབྲས། །བསྟན་དང་བསྟན་འཛིན་འགྲོ་བའི་བདེ་སྐྱིད་འཕེལ། །གནམ་བསྐོས་རྒྱལ་པོའི་སྐུ་ཚེ་མངའ་ཐང་རྒྱས། །སྦྱིན་པའི་བདག་པོའི་ཆོས་སྲིད་དར་བར་ཤོག །(༤༣ན)


GLG017_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་འདི་ནི་དགེ་སློང་བློ་བཟང་སྦྱིན་པས་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་གསེར་ལས་གྲུབ་པའི་འབུམ། གཟིམས་ཁང་སེར་པོའི་བྱང་ཕྱོགས་སུ་གཙུག་ལག་ཁང་རྟེན་བརྟེན་པ་བཞེངས་པའི་ཆེ་བརྗོད་སྨོན་ལམ་རྡོ་རིངས་ལ་སྦྱོར་རྒྱུ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བཎྜེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་པའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །མཐོང་བས་སྤྲོ་བསྐྱེད་ཐོས་པས་རྣམ་གྲོལ་བའི། །ངོ་མཚར་བདེ་ལྡན་ཞིང་གི་བཀོད་པ་འདི། །མཚོན་བྱེད་དམིགས་རྟེན་ཡིད་ངོར་སྒྱུ་དྲའི་གར། །མང་པོར་གོམས་ཤིང་སྨོན་ལམ་ས་བོན་རྣམས། །དར་བའི་ལེགས་བྱས་པད་དཀར་ཟེའུ་འབྲུའི་དབུས། །འདི་སྣང་འགགས་ཚེ་རང་སེམས་རྫུས་སྐྱེས་ཏེ། །འོད་དཔག་མེད་མགོན་སྲས་ཀྱི་ཐུ་བོ་ཟུང་། །འཁོར་ཚོགས་རྒྱ་མཚོ་མངོན་སུམ་མཐོང་བར་ཤོག །ཚངས་པའི་དབྱངས་ལས་ཐེག་ཆེན་ཆོས་ཀྱི་སྒྲ། །ཐོས་བསམ་སྒོམ་པས་སྨིན་ཅིང་ཡོངས་གྲོལ་ནས། །སྲིད་པར་འཁྱམས་པའི་འགྲོ་བ་མ་ལུས་པ། །སྒྲོལ་བའི་དེད་དཔོན་ཆེན་པོར་བདག་གྱུར་ཤོག །ཅེས་དགེ་སློང་འཇམ་དབྱངས་གྲགས་པས་ཉལ་སྒོམ་གྱི་དམིགས་རྟེན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བཀྲས་རབ་པ་ཕུན་དབང་ངོ་། །མགོན་ཁྱོད་ལེགས་བསྙེན་སྒྲུབ་ཅིང་མཆོད་པ་ཡིས། །དུས་གསུམ་སངས་རྒྱས་སྲས་དང་སློབ་མར་བཅས། །དཀོན་ཅོག་ཡོངས་ལ་བསྐུར་བའི་བསོད་ནམས་འབྲས། །སྦྱིན་མཛད་གསང་འདུས་རིགས་འཛིན་བླ་མའི་ཚོགས། །མཐའ་ཀླས་ཞི་དང་ཁྲོ་(༤༣བ)


GLG017_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཡི་དམ་ལྷ། །དཀྱིལ་འཁོར་གཅིག་ཏུ་ཀུན་ཚང་སྒྲུབ་སྡེ་བརྒྱད། མཆོག་ཐུན་དངོས་གྲུབ་འདོད་དགུའི་ཆར་ཆེན་གྱིས། །འདི་ཕྱི་གཏན་མདུན་སྙེ་མ་གཡུར་དུ་ཟ། །དེ་ཕྱིར་ང་རྒྱལ་བརྟན་དང་ཕྲ་རགས་ཀྱི། །གསལ་སྣང་འདོན་ནུས་སྒྲུབ་མཆོད་དམིགས་པའི་གཞི། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ཤེལ་ཚོན་བཞིན། །རབ་བཀྲས་སྒྱུ་མའི་ཁེངས་པ་བག་ལ་ཞ། །འདིས་མཚོན་དགེ་བས་ལས་བཞི་གྲུབ་པ་བརྒྱད། །ཐུན་མོང་དོན་ཀུན་ཐོགས་པ་མེད་གྲུབ་ཅིང་། །རང་རིག་དཔལ་ཆེན་ཆེ་མཆོག་ཐོད་འཕྲེང་རྩལ། །རང་ངོ་འཕྲོད་ནས་ཚེ་འདིར་གྲོལ་བར་ཤོག །རྡོ་རྗེའི་རྣལ་འབྱོར་ལ་གཞོལ་ཁྲིམས་ལྡན་གླིང་། །ཐུབ་བསྟན་གནས་པ་དེ་སྲིད་རབ་འཕེལ་བར། །སྲིད་གསུམ་དབང་མོ་ལ་སོགས་ལྷ་ཚོགས་ཀྱིས། །གཡེལ་བ་མེད་པར་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་པ་འདི་ནི་དགེ་སློང་ཕུན་ཚོགས་རྒྱ་མཚོ། དགེ་སློང་ཡོན་ཏན་དཔལ་བཟང་། འཇམ་དབྱངས་རྒྱལ་མཚན་གསུམ་གྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་དཀོན་གཉེར་བྱེད་སྐབས་ཞལ་ཐང་བཅོ་ལྔའི་ཙནྡན་གྱི་ཏོག་དང་གོང་གཤམ་ཞིག་གསོས། མཛོ་སྣ་ཨ་ལུང་དང་བཅས་པ། ཀ་པཱ་ལི་གཉིས་ཀྱི་ནང་ཤ་དང་ཁ་གཅོད་ལ་དངུལ་སྲང་བཅོ་བརྒྱད། གཏོར་སླང་གཅིག །ལྕགས་སྡེར་གསུམ། ཏིང་ཆུང་གསུམ། པད་སྡེར་གཉིས། འཇོན་དམར་གྱི་ཡས་མགུ་མས་མགུ། དཀར་རྩི། དམར་རྩི། ནག་རྩི་སོ་སོར་བཞུ་བའི་ཟངས་སྣོད་ཁ་གཅོད་དང་བཅས་པ། ཀྲོ་ལེ་མ་ཉི་ཤུ་ལ་བཟོས་པའི་མེ་གླང་གཅིག །ཟངས་གྱི་སྒྲོན་སྐྱོགས་བཞི། སྒྲོན་སྐམ་གསུམ། ཟངས་རྐྱན་གཅིག །ལི་དང་(༤༤ན)


GLG017_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་མེ་ལོང་ལེགས་པ་གཉིས། རྔ་གདན་བཅུ། ཟངས་ཀྱི་ཕུད་ཕོར་སྟེགས་བཅས། གུ་གུ་ཤེལ་གྱི་ཕུད་ཕོར་ནང་ཤ །ལྕགས་ཀོང་དྲུག །རྣམ་རྒྱལ་འཇོམས་ཀྱི་བུམ་གདན། རྣམ་རྒྱལ་མའི་སྟེགས་བུ་དང་མདུན་ཅོག་གསུམ། དུང་ཆེན་གྱི་ཤུབས་ཆ་གཅིག་དང་རྒྱ་གླིང་གི་ཤུབས་ཆ་གཉིས་བཅས་ཆ་འགྲིག །སྤོས་མདོང་ཆ། སྤོས་གཞོང་གཅིག །སྒོ་ལྕགས་དགུ། རྒྱུན་རྔ་རྣམས་ཀྱི་པགས་པ་གསར་བརྗེས། སྒམ་དྲིལ་ཚས་ཇ་ལུང་སོགས་ཉེར་མཁོ་མང་དུ་བཟོས་ཤིང་རྙིང་པའི་ཞིག་གསོས་ཀྱིས་མཚོན་པའི་འཇོག་ལས་སྣ་བ་གཞན་ལས་དཔངས་མཐོ་བ་བྱས་སྐབས་བླ་མ་གསང་འདུས་དང་བཀའ་བརྒྱད་གསང་རྫོགས་ཀྱི་དཀྱིལ་ཐང་བཞེངས་ཚེ་རྒྱབ་ཡིག་གི་སྨོན་ལམ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་དབང་ངོ་། །ཨེ་མ་འཇིག་རྟེན་གསུམ་གྱི་མགོན་པོ་རུ། །ཟས་གཙང་སྲས་སུ་ཉེར་བལྟམས་དོན་ཀུན་གྲུབ། །གཡས་འཁྱིལ་མགྲིན་པའི་རི་མོ་རྣམ་གྲོལ་ལས། །ཚངས་དབྱངས་འགྲོ་བའི་གསོས་སྨན་བླ་ན་མེད། །དེའི་ནང་གངས་ཅན་འགྱུར་བའི་སེང་གེའི་རྒྱུད། །མཐའ་ཀླས་འགྲོ་ལ་ཟབ་རྒྱས་རྩི་སྨན་ལྗོན། །མྱངས་པ་ཙམ་གྱིས་སྲིད་ཞིའི་ཉེས་ཀུན་ནད། །དྲུང་ནས་འབྱིན་འདི་སྐལ་བཟང་ཡོངས་ཀྱི་དཔྱིད། །དེ་ཕྱིར་ཐུབ་གསུང་གླེགས་བམ་བརྒྱ་ཕྲག་རྣམས། །ཡིག་གཟུགས་འཕགས་བོད་བརྡ་དག་རྨད་བྱུང་བ། །པུསྟ་ཀཿའཕྲེང་ནོར་བུའི་དོ་ཤལ་ཆེར། །སྒོ་གསུམ་འབད་དང་འདོག་པ་གཏོང་བྱེད་མཁན། །ཤར་ཕྱོགས་ཀང་པོ་བྲག་ཕྱིའི་གྲོང་ཁྱེར་ནས། །སྐྱེ་བའི་མིང་འཛིན་ངག་དབང་བཀྲ་ཤིས་ཞེས། །རབ་(༤༤བ)


GLG017_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་སྨྲ་དེས་ཞི་གནས་སློབ་དཔོན་ཚེ། །ཉང་སྟོད་སུམ་རྩེན་ཡུལ་གྲུའི་ས་ཆར་བཞེངས། །རང་དོན་གཉེར་མིན་རྒྱལ་སྲས་སློབ་མར་བཅས། །བཞེད་སྐོང་བསྐལ་བརྒྱར་མི་འདའི་གསོལ་འདེབས་དང་། །བསྟན་འགྲོའི་བདེ་སྐྱིད་ཚེ་བདེའི་ཕ་མས་མཚོན། །ལུས་ཅན་ཀུན་དོན་ལྷག་པའི་བསམས་པས་དྲངས། །བྱེད་པོ་ཉིད་ཀྱི་སེམས་བསྐྱེད་ཇི་བཞིན་འབྲས། །དུས་ལས་ཡོལ་མེད་སྨིན་པའི་སྨོན་ལམ་མཐའ། །བཙན་པོ་ལྷུན་གྱིས་གྲུབ་པར་སངས་རྒྱས་དང་། །བྱང་སེམས་ཉན་རང་བཅས་པས་དེང་བྱིན་རློབས། །གླེགས་བམ་འདི་ཀོ་གང་དུ་བཞུགས་པའི་སར། །ཐུབ་བསྟན་སྤྱི་དང་མཉམ་མེད་བཙོང་ཁ་པའི། །རིང་ལུགས་འཕེལ་ཞིང་རྩོད་པའི་གདུང་བ་ཀུན། །རབ་ཞི་རྫོགས་ལྡན་དགའ་སྟོན་རྒྱས་པར་ཤོག །གཞུང་ལུགས་མང་པོར་བརྒལ་བརྟག་སྨྲ་བའི་ངག །དབང་ཕྱུག་གྲུབ་བློ་རྣམ་བཀྲའི་སྦྱིན་པའི་བདག །སྐྱེ་བར་ལྷ་མིའི་རྟེན་གྱི་ཤིས་པའི་ལམ། །རིམ་བརྒྱུད་མྱུར་དུ་སྟོབས་བཅུའི་རྩལ་རྒྱས་ཤོག །རྣམ་འདྲེན་གསང་གསུམ་ཡོན་ཏན་མཐོང་བའི་མོད། །རྣམ་དག་དང་བས་སྲི་ཞུར་བགྱིད་པའི་དངོས། །རྣམ་མང་ནམ་མཁའ་མཛོད་འབྱེད་མོས་བློའི་མཐུས། །རྣམ་མཁྱེན་མཆོད་སྦྱིན་འགྲོ་ཀུན་ལ་གཏོང་ཤོག །ཅེས་ཉང་ཁ་བྲག་ཕྱི་སྐུ་སྐྱེ་རབ་འབྱམས་སྨྲ་བ་ངག་དབང་བཀྲ་ཤིས་ཉང་སྟོད་དཔལ་འཁོར་བདེ་ཆེན་གྱི་ཞི་གནས་སློན་དཔོན་གྱི་ཁུར་ལེན་སྐབས་རྙིང་མ་རྒྱུད་འབུམ་གཙོ་བསྡུས་པོ་ཏི་གསུམ་དང་ཕྱིས་འགྱུར་རྒྱུད་འབུམ་ཡོངས་རྫོགས་དང་། དེ་ཕྱིན་གངས་ཅན་འགྱུར་རོ་ཅོག་གི་བཀའ་འགྱུར་བཞེངས་པའི་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཡདྦྷགངྐྲཾཏྥལཱབྷྱུརྡྷབཱནིཏྱསཱདྷོརྒཡཱཾཡུཀྟམིཏྲཱདིཏཻརྟེཔདཽ། ནཻམིཏཻརྦྷདྲཙཀྲསྱརེཁཱཧམཱདྱརྨཧཱབྷོདྷིམུརྡྷཱནུཀཱཤཾཀུརུ། (༤༥ན)


GLG017_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་བསོད་ནམས་བྱས་འབྲས་མངོན་མཐོ་དང་། །ངེས་ལེགས་སར་སྦྱོར་ཉི་མའི་གཉེན་ཁྱོད་ཞབས། །མཚན་བཟང་འཁོར་ལོའི་རི་མོས་བདག་སོགས་འགྲོའི། །བྱང་ཆེན་བར་དུ་གཙུག་ན་རྗེས་གསལ་མཛོད། །སངས་རྒྱས་དངོས་ཀྱི་ཞལ་སྐྱིན་ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་ཁང་རྒྱབ་ཡོལ་དང་བཅས་པ་སྨན་བླ་བླ་བརྒྱུད་ལྷ་ཚོགས། རྒྱ་ཕིབས་གདན་ཁྲི་གསེར་དངུལ་ཟངས་ལས་གྲུབ་པ་ཕྲ་རྒྱན་བཅས་པར་ཞལ་འདེབས་པ་ཐེ་བའི་གསེར་ཞོ་ཉིས་སྟོང་དགུ་བརྒྱ་སོ་གཉིས་སེ་བ་བཅུ་བདུན། དངུལ་སྲང་བདུན་སྟོང་ཉིས་བརྒྱ་ལྔ་བཅུ་ང་དགུ་ཞོ་དོ་སྐར་ཕྱེད་དྲུག །དངུལ་ཆུ་སྲང་ཆིག་སྟོང་བཞི་བརྒྱ་དོན་བདུན། ཟངས་བཟོ་མ་མཁར་རྒྱའི་འདེགས་ཁལ་ཆིག་བརྒྱ་དང་ཉི་ཤུ་རྩ་དགུ་ཉག་ལྔ་སྤོར་དོ། བཤའ་དཀར་ཉག་ལྔ། ཏི་ཚ་འདེགས་ཁལ་བཞི་ཉག་བཅུ་གཅིག །(༤༥བ)


GLG017_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བུར་རམ་འདེགས་ཁལ་གཅིག །སྤོས་དཀར་འདེགས་ཁལ་ཉི་ཤུ་ཐམ་པ་ཉག་གང་། ཛ་ཏི་ར་ཚོན་པ། གསེར་པད་ཆེ་འབྲིང་ཆུང་གསུམ་བཅོ་ལྔ། གཡུ་པད་ཆུང་བ་བཅུ་གཅིག་གསེར་ག་གསུམ། གསེར་སྤྱི་གཡུ་ཕྲ་ཡོད་པ་གཅིག །ཡུམ་བདག་མེད་མའི་དབུ་གཡུས་གཙོས་གཙུག་གཡུ་སྣ་ཚོགས་བཅུ་གསུམ། གཡུ་རྡོག་ཆེ་བ་བདུན། འབྲིང་གྲ་བཅུ་གཅིག །ཆུང་བ་ཉེར་གཅིག །གཡུ་ལྗང་གཅིག །གཡུ་ཕྲ་རྟ་སོ་ནས་འདྲ་གཟུགས་བསྡོམས་པ་ཆིག་བརྒྱ་རེ་བདུན། བྱུ་རུ་ཆེ་ཆུང་སྣ་ཚོགས་ཆིག་སྟོང་ཉིས་བརྒྱ་བཅོ་ལྔ། སྤོས་ཤེལ་གྱི་རྡོ་རྗེ་འཆང་གཙོ་འཁོར་གསུམ། ཁ་ཆེ་སྤོས་ཤེལ་ཆེ་ངེས་དྲུག །རྡོག་ཁམ་རློན་ནས་སྲན་མའི་བར་ཡོད་པ་ང་གཅིག །རྐོས་ཡོད་མེད་སྣ་ཚོགས་ང་གསུམ། སྤོས་ཤེལ་གྱི་ཕོར་པ་བཞི། ཧོར་ཤེལ་རྐོས་ཡོད་མེད་ཆེ་ཆུང་བདུན། ཐ་ན་མུ་ཏིག་ཆེ་ཆུང་བཅུ་དྲུག །རྒྱ་མུ་ཏིག་བྱ་སྒོང་དང་མཐེབ་མགོ་ཙམ་གྱིས་གཙོས་པའི་ཆེ་ཆུང་བསྡོམས་པ་ཆིག་ལྟོང་ལྔ་བརྒྱ་དགུ་བཅུ་གོ་ལྔ། མུ་ཏིག་ཨ་མ་ཆེ་ཆུང་ཕྱེད་བཅུ་བཞི། མ་ན་ཧོ་དང་གཡང་ཊིའུ་བསྡོམས་པའི་ཕུ་གུ་སྣ་ཚོགས་ཉིས་བརྒྱ་ལྔ་བཅུ་ང་བདུན། ཧྲིལ་མོ་ཆེ་ཆུང་བསྡོམས་པ་བདུན་བརྒྱ་ང་བདུན། ཨ་ལུང་བཅོ་ལྔ། གཡང་ཊིའི་འཕན་མགོ་གསེར་གྱི་ཉག་ཐག་མ་གཅིག །མུ་མེན་བཅུ་གསུམ། མཆོད་ཧྲིལ་ཆེ་ཆུང་གྱ་གཉིས། གླང་མཆེ་གཟུགས་གཅིག །ནར་མོ་བདུན། བཻཌཱུཪྻ་སེར་པོ་གསུམ། པད་རཱག །སུ་གནྟི། ནལ། ཀེ་ཀེ་རུ། བཞུ་ཤེལ། བསྐྱུར་ཤེལ་སོགས་སྣ་ཚོགས་བསྡོམས་པ་ཆིག་སྟོང་ཉིས་བརྒྱ་གྱ་དགུ། ཤེལ་ཧྲིལ་ཆེ་ཆུང་ཉིས་བརྒྱ་ཉེར་བདུན། རྡོ་ལྗང་གཉིས། གསེར་ལྗང་བརྡུངས་ཀྱི་གའུ་དྲ་ཧྲིལ། འཕན་མགོ །ཕུ་གུ། བབ་གཟུགས། སྐྲ་རྒྱན། མེ་ཏོག །ལྕེ་ལེ་རྣམས་ཀྱི་ཐོག་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་(༤༦ན)


GLG017_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆིག་བརྒྱ་ཉེར་གཉིས། མུ་ཏིག་ཆུང་བསྒྲིགས་ཀྱི་དྲ་ཧྲིལ་གཅིག །གསེར་གྱི་ཨ་ལུང་བརྒྱད། གའུ་གཡུ་ཕྲ་མ་གཅིག་རྣམས་ཀྱིས་སྦྲས་པ་ལེགས་པར་གྲུབ་པའི་ཁུར་བཞེས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་མཛད། འགོ་ལུང་ལ་སྟག་ལུང་ཕྱག་མཛོད་དབུ་མ་བློ་བཟང་ངག་དབང་། ངག་དབང་དཔལ་འབྱོར། ཀ་བརྒྱད་ནོར་བུ། ལྷ་སྦུག་པ་བློ་བཟང་ཤེས་རབ། ཤིང་བཟོའི་དོ་དམ་པ་སྒེ་ལོགས་ཨ་དར། བྲིས་པ་ལྷུན་པོ། བལ་པོའི་དབུ་མཛད་སིདྡྷི། ཨ་མར་སིངྷི། བཀྲ་ཤིས་མགོན་པོ། ངྷ་ན་ཤྲཱི། ཟངས་བཟོ་དབུ་མཛད་རྣམ་སྲས་། དངོས་གྲུབ། ཤིང་བཟོ་དབུ་མཛད་གནས་གསར་འཇམ་དབྱངས་དང་རྩེ་ཁ་ཆོས་སྐྱོང་། བལ་པོ་ངྷ་ན་མུ་ནི། ངྷ་ན། སུ་ཙ། ངྷརྨ་དེ་བ། ལ་ཎ་ཙནྡྲ། ད་ན་མུ་ནི། ཌཱ་གི་ཏ། ཛ་ཤྲཱི་དི་བ། སུ་ཏྲ་ཀ་ལ། ངྷ་ན་ད་བ། ངྷ་ན་ཤྲཱི། ད་ན་མུ་ནི། ལ་ཎ་དེ་བ། ངྷ་ན་དེ་བ། པདྨ་ནོནྟྲ། ཤཱཀྱ་མུ་ནི། ལ་ཎ་དེ་བ། མ་ཧཱ་མུ་ནི། ཨིནྟུ་ཤྲཱི། ཛེ་ས་ཙནྜ། ལ་ཎ་ཙནྜ་ཤཱཀྱ་མུ་ནི་ཛེ་ས་ཙནྜ། བྷལཾ། གླང་བུ་དེ་བ། ཛེ་ས་དྷ་ན། སརྦ་ཀྲཾ། བཀྲ་ཤིས་ནོར་བུ། དྷ་ན་པ་ནི། མ་ནི་ལ། དྷ་ན་ཤྲཱི། ག་ན་པ་ཏི། ནོར་བུ་ཚེ་རིང་། དྷརྨ་དེ་བ། གུ་ཎ་ཙནྡ། མུ་ནི། ལ་ན་མུ་ནི། ལ་གྲི། ཤཱཀྱ་མུ་ནི། དེ་བ་ཛ་ཏི། ཙནྜ་ལ། ཚེ་རིང་། ས་མ་ཏྲ་བཌ། མགོན་པོ་ངྷ་ན། མུ་ནི། ཛེ་ས་དེ་བ། ལ་ཎ། ཟངས་བཟོ་པ་གུ་རུ། ནོར་བུ། ཚེ་རིང་དཔལ་རྒྱས། དཔལ་འབྱོར། ཚེ་དབང་། རྡོ་རྗེ། ངག་དབང་། ནོར་བུ། དར་རྒྱས། མགོན་པོ། ཤ་ལུང་དར་རྒྱས། བོན་སྐྱབས། དར་རྒྱས། ཏོག་གཟུངས། སྨན་བླའི་འདྲ་དཔེ་འདྲི་མི་གཞིས་ཀ་ཤར་ཨ་གུར། ངག་དབང་འཕྲིན་ལས། འཕྲིན་ལས་རྣམ་རྒྱལ། རྒྱ་བོད་ཀྱི་ཡིག་རིས་པ་རྒྱལ་རྩེ་འཇམ་དབྱངས་དབང་པོ་དང་ངག་དབང་ཕུན་ཚོགས་(༤༦བ)


GLG017_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཆ་སྤྲོད་མི་བསམ་གྲུབ་རྒྱལ་པོ་རྣམས་ཀྱིས་བགྱིས་ཏེ་བག་ཡོད་ཅེས་པ་ཆུ་གླང་ཧོར་ཟླ་དང་པོའི་ཚེས་བཅོ་བརྒྱད་ལ་དབུ་བཙུགས་ཟླ་བ་བཅུ་གཉིས་པའི་ཉེར་ལྔ་ལ་གྲུབ་པ་ཛ་ཡནྟུ། །ལྷག་བསམ་མེ་ལོང་ངོས་སུ་ལེགས་བྱས་གཟུགས། །ཡོངས་ཤར་ཡང་སྲིད་རིམ་བརྒྱུད་མི་གནས་པའི། །མྱང་འདས་ཐོབ་པར་ཕན་བདེའི་ལྟད་མོ་ལ། །ཡེངས་པའི་ངོ་མཚར་སྙིང་ལ་སིམ་པར་ཤོག །ཡིད་སྲུབས་འདབ་ལྡན་སྙིང་ཞུགས་དབང་ཞུའི་རྗེས། །ཉེར་བཏང་བསོད་ནམས་རྡུལ་བརྩེགས་ལྷུན་པོའི་ངོས། །བསྟན་འགྲོའི་བདེ་སྐྱིད་ཉི་ཟླ་དཀོན་ཅོག་མཐུས། །ཟུང་འབྲེལ་རྟག་འཆར་འདོད་པའི་དོན་འགྲུབ་ཤོག །མཐས་ཀླས་དགེ་འབྲས་འབད་རྩོལ་བྲལ་བའི་སྟན། །རང་ཉིད་ཙམ་མིན་མཁའ་མཉམ་མ་རྒན་གྱིས། བཏིང་ནས་སིམ་པའི་ཚོར་བ་རྟག་མྱོང་བའི། །གྲོ་བཞིན་སྐྱེས་ཀྱི་རྣམ་ཐར་འཛིན་པར་ཤོག །ཅེས་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །སྭ་སྟི་པྲ་ཛ་བྷྱཿ ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དབུ་ཐོག་ཏུ་གསེར་ཟངས་ལས་གྲུབ་པའི་བླ་བྲེ། དབུས་སུ་རྒྱལ་པོ་བཀའ་འབུམ་ལུགས། གཡས་སུ་འགྲོ་བ་ཀུན་སྒྲོལ། གཡོན་དུ་འཁོར་བ་དབྱིངས་སྒྲོལ་གྱི་དཀྱིལ་འཁོར་ཕུལ་བརྡུངས་སུ་བཞེངས་པའི་སྐུ་རྒྱུ་ལ་གསེར་ཞོ་བདུན་བརྒྱ། ཟངས་བཟོ་མ་འདེགས་ཁལ་དྲུག་བཅུ་ཉག་གསུམ། བཤའ་དཀར་ཉག་གསུམ། ཏི་ཚ་ཁལ་གཅིག་ཉག་གསུམ། སྤོས་དཀར་ཁལ་བཅུ། བུ་རམ་ཉག་བཅུ། ཟངས་ཚལ་དངུལ་སྲང་གསུམ་དང་ཞོ་ལྔ། འཐེན་འཛིན་ལྕགས་ཐག། ལྕགས་གཟེར། ལྕགས་ཤན་བཅས་པར་ཀྲོ་ལེ་མ་དྲུག་རྣམས་ལས་ལེགས་པར་གྲུབ་(༤༧ན)


GLG017_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁུར་བཞེས་དོ་དམ་བཟོ་རིགས་ཐམས་ཅད་ཇོ་བོ་རིན་པོ་ཆེའི་བཞུགས་ཁང་དང་གཅིག་ཅིང་དཀྱིལ་འཁོར་ཀྱི་རིམ་ཟུར་གྱི་སྔགས་འཆང་གཞིས་ཀ་ཤར་ཨ་གུར་གྱི་བགྱིས་པ་ལ་ཀྵྨཱིཿ། ཁྱོད་ཞལ་མེས་སྔོན་ནག་ཕྱོགས་བསྐྲད་བཞིན་དིང་། །གླགས་བལྟ་སྡེ་བཅས་མིང་ཙམ་རྗེས་ཤུལ་དུ། །བྱས་ཏེ་ཐུབ་བསྟན་ཉི་མ་འོད་པོ་ཆེས། །གངས་ཅན་བདེ་སྐྱིད་སྣང་བ་རྟག་འབར་ཤོག །(ཤློ་ཀ་བཞི་སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་མེ་ཏོག་འཕྲེང་ཅན།) ཙིཏྟཀོཏྣཱདཔཪྻུབྡྷཔཱཀདྭིགཱཎདྲུམཀྱོདཡརྒརྦིཀལྤཱདརུཿ ཧཱིམཧཱབོདྷིཔཏྲཻྉྥལཾབཱཧུལཾཚཱཡཤཱིཏེཛགཱཤྴཱམཧེམཱཡིཀ །ཐུགས་བསྐྱེད་ས་བོན་ཡོངས་སུ་སྨིན་པ་ལས། །ཚོགས་གཉིས་སྡོང་པོ་དར་དྲག་དཔག་བསམ་ལྗོན། །བྱང་ཆེན་ལོ་འབྲས་གཡུར་ཟའི་གྲིབ་བསིལ་བར། །འགྲོ་རྣམས་ངལ་གསོ་ཤཱཀྱ་སེང་གེ་ཀྱེ། །མཚོན་གཟས་ཙནྡན་བྱུག་པ་(༤༧བ)


GLG017_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཤསྟྲབྷྲུཀྩནྡནཻརླིཔྶམཱནཱབིརཏྣསྱམཎྜལྱཡོྉྤཎྱཏཙྩཀྲིཡཿསཏྭསརྦཱཪྠབུདྡྷེྉྤ྄ཎཱམཱམཧཱབྲྀདྨུནེརྦཱཙནོལེཁཡཻརློཔཤཿམཉམ་ཉིད་ཀྱང་། །རིན་ཅེན་ཞིང་ཁམས་རྒྱ་མཚོའི་བསོད་ནམས་དཔུང་། །སེམས་ཅན་ཀུན་དོན་འཚང་རྒྱའི་རྒྱུར་བསྔོས་པས། །ཆེར་འཕེལ་ཐུབ་གསུང་རི་མོ་གང་གིས་བསྲུབ། །དེ་ཕྱིར་རབ་སྙིགས་སྐལ་ངན་གསེར་ཅན་སྲོག །(༤༨ན)


GLG017_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཏཏྤྲཀལྤསྱདུདྷཱཀརཱབབྲཎཱཀྵཎྱུཤུབྷྱཱརུདྷིབྷྱཱཾཔྲབྷདྉྥལཾ། ཤཱཏམཏྲཱཡུརསྶངྻུགཱནནྡདེབཾསམཱནོགགནྱཱཔྲཛཻརྦྷོགཏུ། དགེ་བའི་མིག་སྔོན་སྡེར་མོས་ཕྲལ་བའི་འབྲས། །བརྒྱ་པའི་ཚེ་ཡུན་རྫོགས་ལྡན་རྩེ་དགའ་ལ། །མཁའ་མཉམ་སྐྱེ་རྒུ་ཀུན་གྱིས་སྤྱོད་པར་ཤོག །འགྲོ་རྣམས་སངས་རྒྱས་བལྟ་ཞིང་ཆོས་ཉན་པའི། །ལེགས་བྱས་ཟད་པ་མེད་པ་(༤༨བ)


GLG017_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཱམནཱབུདྡྷཔཤྱཏྭཧཱིདྷརྨཀཤྲོཏཏསྶཱདྷུཀརྻཱཀྵཡཱམུཀྟིཀཿལཱཏཀཱབཱརབསྟྲཀྲམཾཏཱནུབིཛྙཱཡུབནྣུཔཏཏྐྲབྱནཱཔཤྱཏུ། མུ་ཐི་ལིའི། །འཁྲི་ཤིང་མར་མཚུངས་སྒྲིབ་གོས་རིམ་སྲབ་ནས། །རྣམ་མཁྱེན་ལང་ཚོའི་ལུས་དེ་རྗེན་མཐོང་ཤོག །སྭ་སྟི་སིངྔྷི། བག་ཡོད་ཅེས་པ་ཆུ་གླང་ཟླ་བ་བཅུ་གཉིས་པའི་ཉེར་ལྔ་ལ་ལས་འགོ་བཙུགས་ཀུན་དགའ་ཞེས་པ་ཤིང་སྟག་ཟླ་བ་དྲུག་པའི་ནང་དུ་ལེགས་པར་གྲུབ་པའི་མཎྜལ་ཞིང་ཁམས་རྒྱ་མཚོ་ལྷ་མོའི་འདོད་ཡོན་གཡས་འཁྱིལ་གང་འདིའི་སྐུ་རྒྱུ་ལ་གསེར་བཙོ་མ་ཞོ་དྲུག་བརྒྱ་དང་གསུམ་སེ་བ་བཅུ་བཞི། དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་གྱ་གཉིས་ཞོ་གང་སྐར་བརྒྱད། དངུལ་ཆུ་སྲང་བཞི་བརྒྱ་གྱ་གསུམ་ཞོ་དགུ་སྐར་ལྔ། ཟངས་སྨར་འདེགས་ཁལ་ཆིག་བརྒྱ་བཅུ་གསུམ་ཉག་བཅུ་བདུན་སྤོར་དོ། ཞ་ཉེ་འདེགས་ཁལ་གཅིག །ཕྲ་རྒྱན་ལ་དངུལ་ཚ་གསེར་གྱི་ཕུ་གུ་བཟོད་དབྱིབས་སྣ་ཚོགས་ཆེ་ཆུང་འདྲེས་པ་ཉི་ཤུ་རྩ་བརྒྱད་དང་ཟངས་ཚ་གསེར་(༤༩ན)


GLG017_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕུ་གུ་གཉིས། སུ་གནྟི་རྡོག་གཅིག །རྒྱ་ནག་པད་རཱག་རྡོག་ཆེ་ཆུང་དྲུག་ཅུ་རེ་བཞི། ཛ་ཏ་རུ་པ་རྡོག་གཉིས། ཨིནྡྲ་ནཱི་ལ་རྒྱ་སྲན་ལས་ཆུང་ཙམ་གཉིས། བཞུ་ཤེལ་ཚོས་ཁ་སྣ་ཚོགས་རྡོག་ཆེ་ཆུང་བདུན་བརྒྱ་དང་དགུ །བཤགས་པ་གསུམ། བུམ་གཟུགས་གསུམ། གཡུ་ལྗང་བྲག་གཟུགས་དཔངས་སོར་ཕྱེད་གསུམ་གསེར་གར་བླུགས་ཀྱི་ལྗོན་ཤིང་རྒྱ་བཟོ་བ་ཉིས་འབྱར་གཅིག །གཙུག་གཡུ་ཆེ་ཆུང་དྲུག །གཡུ་ཆེ་ཆུང་འདྲེས་པའི་ཕྲ་རྒྱན་དྲུག་བརྒྱ་དང་ཞེ་གཅིག །མུ་ཏིག་ཆེ་ཆུང་བསྡོམས་པ་བརྒྱད་བརྒྱ་སོ་བརྒྱད། བཻཌཱུརྱ་རྡོག་གཅིག །བྱུ་རུ་ཆེ་ཆུང་བསྡོམས་པ་བཞི་བརྒྱ་དང་བཅུ་གཉིས། བྱུ་རུ་ནར་མོ་རིང་ཐུང་བཟོ་དབྱིབས་སྣ་ཚོགས་ཉི་ཤུ་རྩ་བདུན་དང་རྒྱལ་ལག་ཆེ་ཆུང་བཞི། མུ་མེན་རིལ་མོ་གཉིས་དང་ནས་འདྲ་སོ་གསུམ། སྤོས་ཤེལ་ནར་མོ་རིང་ཐུང་བཅུ་དྲུག །ཟུར་གསུམ་གཅིག །སྤོས་ཤེལ་ཆེ་ཆུང་འདྲེས་པ་ཆིག་བརྒྱ་གོ་བདུན། ནས་རྡོག་པོ་ཆེ་ཆུང་འདྲེས་པ་བརྒྱ་དང་གསུམ། ཆེ་ཙམ་ནར་གཟུགས་གཅིག་མཆོང་དམར་ནས་འདྲ་གཟུགས་གཉིས། གཟི་ཧྲིལ་བཞི། མ་ན་ཧོ་མགྲོན་གཟུགས་གཅིག །ཤེལ་ཧྲིལ་ཆེ་ཆུང་བསྡོམས་པ་རྡོག་བཅུ་དྲུག །ཕྱེད་པ་གསུམ། མགྲོན་གཟུགས་གཅིག །ནར་མོ་བརྒྱད་བཞོགས་གཅིག །ར་ཤེལ་ཤིང་འབྲས་གཟུགས་གཅིག །མཆིང་བུ་པུ་ཤེལ་ཁམ་ཚིག་ཙམ་གསུམ། ནཱ་ིལ་ཚ་ལི་རྡོག་གཅིག །སྐྱུར་ཤེལ་ཁམ་ཚིག་ཙམ་བཞི་བརྒྱ་དང་བཅུ་དགུ །དངུལ་གྱི་ཨ་ལུང་ནང་བབ་ལེ་སུམ་སྒྲོམ་གཉིས། ཤེལ་སྒོའི་མཐོང་བཅུ་གཉིས་རྣམས་ལེགས་པར་གྲུབ་པ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཐུགས་ཁུར་བཞེས་ཏེ་འགོ་ལུང་པ་སྟག་ལུང་ཕྱག་མཛོད་བློ་བཟང་ངག་(༤༩བ)


GLG017_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། འདར་གཞོན་ངག་དབང་འཕྲིན་ལས། འཇམ་དབྱངས་དཔལ་འབྱོར། བཀའ་བརྒྱད་ནོར་བུ། ལྷ་སྦུགས་པ་བློ་བཟང་ཤེས་རབ། རི་མོ་བ་གཏིང་སྐྱེས་ཚེ་དབང་ལྷུན་པོ། བལ་པོ་དབུ་མཛད་ཨ་མར་སིངྷ། བཀྲ་ཤིས་མགོན་པོ། བྷ་ན་ཤྲཱི་ཟངས་བཟོ་བ་དབུ་མཛད་རྣམ་སྲས་ལྷས་བྱིན། དངོས་གྲུབ། བྱིངས་གྲས་བལ་པོ་ངྷ་ན་ཤྲཱི། ངྷ་རྨ་དེ་བ། ངྷ་ན་མུ་ནི། ངྷ་ན། ཛྙཱ་ན་མུ་ནི། ཌ་ཀི་ཏ། ལ་ན་དེ་བ། སུ་ཏ་ཀ་ར། ཛ་ཤིང་དེ་བ། མ་ཧཱ་མུ་ནི། སུ་ཙ་ཤྲཱི། དེ་བ་ཙནྜ། ཨེ་དུ་ཤྲཱི། ཛེ་ས་ཙནྜ། ཤཱཀྱ་མུ་ནི། པྲ་མ་ན་རྒྱ། ཤཱཀྱ་མུ་ནི། ཛྙཱ་ན་མུ་ནི། ངྷ་ན་དེ་བ། ལ་ན་དེ་བ། ལ་ན་ཙནྡྲ། ངྷ་ལཾ། ལོ་བུ་ངྷ་ལ། ཛེ་ངྷ་ན། ཀྱི་ན་དེ་བ། སརྦ་ངྷརྨ། བཀྲ་ཤིས་ནོར་བུ། ངྷ་ན་པ་ཎི། མ་ཎི་ལྱ། ངྷ་ན་ཤྲཱི། ག་ན་པ་ཏི། ནོར་བུ་ཚེ་རིང་། ངྷརྨ་དེ་བ། གུ་ན་ཙནྡྲ། མུ་ནི། ལ་ན་མུ་ནི། དེ་བ་ལ་ཏྲཾ། ཤྲཱཀྱ་མུ་ནི། དེ་བ་ཛ་ཏི། ཙ་ནྡྲ་ལ། ཚེེ་རིང་། སཾ་གྷ་བྷ་དྲ། མུ་ནི། མགོན་པོ་ངྷ་ན། ཛེ་དེ་བ། ལ་ན་ཙནྡྲ། ཟངས་བཟོ་པ་བྱིངས་གྲས་གུ་རུ། ནོར་བུ་བཟང་པོ། ཚེ་རིང་དཔལ་རྒྱས། དར་རྒྱས་ཚེ་རིང་། ཤ་ལུང་ཚེ་རིང་དར་རྒྱས། ཚེ་དབང་དར་རྒྱས། ངག་དབང་དཔལ་འབྱོར། བསོད་ནམས་དཔལ་འབྱོར། རྡོ་རྗེ་དྲག་པོ། བོན་སྐྱབས་ཚེ་རིང་། དར་རྒྱས་ཚེ་རིང་། ནོར་བུ་ཚེ་བརྟན། མགོན་པོ་ཏོག་གཟུངས། ཤིང་བཟོ་བའི་དོ་དམ་ལྷ་ཁང་སྒོ་ལོག་དར། དབུ་མཛད་ལམ་རྙེད། གནས་གསར་འཇམ་དབྱངས། ཤིང་བཟོ་པ་བྱིངས་གྲས་སེར་གཉིས་དགའ། ཚེར་གསེབ་དབང་ཕྱུག་སོགས་དང་། རྒྱ་བོད་ཀྱི་ཡིག་རིས་པ་རྒྱལ་རྩེ་འཇམ་དབྱངས་དབང་པོ། ཕོགས་སོགས་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བགྱིས་པ་ཛ་ག་སུ་བྷ་བནྟུ། །(༥༠ན)


GLG017_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

(ཤློ་ཀ་གཉིས་སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་ཟླུམ་པོ།) ནོམལསྱཙིཏྟཀཱསྥཊཽཡཐཱཡབདྭིཏཤྴརཱིརབིཀྲབོདསྱཧཱིཏནུཏྟརཀྱབོདྷིཀཱདིཏཱམཧེཋཀེཥུ། པྲཱཏིལོཙནཱབྷབངྒབཱསནོབརཽཙཏུརྠམཱརཙཱཀྲཧཏྲིརེཁཙཀྲཙཱགནཱིདྨུནཱིནྡྲཔཱདནཱཁམཱུརྡྷཤོབྷ། དྲི་བྲལ་ཐུགས་ཀྱི་མན་ཤེལ་དངས་པར་ཇི་ལྟ་ཇི་སྙེད་ཤེས་བྱའི་གཟུགས། །རྗེན་པར་འཆར་བའི་བླ་མེད་བྱང་ཆུབ་གཟོད་མ་ཉིད་ནས་འོག་མིན་དུ། །མངོན་དུ་གྱུར་ཀྱང་རྡོ་རྗེའི་གདན་སྟེང་བདུད་བཞིའི་དཔུང་ཚོགས་བཅོམ་ཚུལ་གྱིས། །རིམ་གསུམ་འཁོར་ལོས་མཆོག་དམན་འགྲོ་འདྲེན་ཐུབ་དབང་ཞབས་སེན་གཙུག་ན་མཛེས། །(༥༠བ)


GLG017_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཀལྐཤཱནུཛཱརཛཱཡཔཱརཀཻརདྷིཥྛནཻརྣདཱིསམཱིཔཀརྡམཏྲནསྟིཧཱིནཏྈྐརུཎྱཀེཏཀཱབྷིབཱཏྟཀཱར། །ཨཽཥདྷེནསཔྟབྷཱཏྲྀསཱམཀཱིརྟིཙཱནལསྠུལསྱཔཪྵམེགྷནཱནྡཙཱཀྵཔཱཀྵིཀཻརྨབརྔྷིཀཛྙབཙུཀོམཡཱར། ཆེར་སྙིགས་རྡུལ་གྱིས་རྒྱལ་གཞན་བྱིན་རླབས་ཆུ་ཀླུང་ཉེར་སྙོགས་ཚེ། །མ་སྨད་ཐུགས་རྗེ་ཀེ་ཏ་ཀ་ཡིས་ལྷག་པར་བགྲུངས་མཛད་པ། སྨན་བླ་མཆེད་བདུན་སྙན་པའི་གྲགས་འབར་སྟུག་པོའི་ཆར་སྤྲིན་ལ། །དགའ་སྤྲོའི་མིག་གཏོད་སྒྲོ་གཤོག་མི་བསྒྱུར་ཤེས་ལྡན་རྨ་བྱ་སུ། །(༥༡ན)


GLG017_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

(འདི་ནས་ཤློ་ཀ་བཞི་སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) རུདྲབིརྻཱདིཏཻརྦཱལྱསལྱརྔྷུཀཏྲྱནྟིཡེཁཱནྟཀཱཧཱིནམཱ ནཻརྞཧཿཔྲཱཏནོཪྶཱུཡབནྡྷནུགམྦུདྡྷིབརྞཻཪྴརཙྩནྡྲཔནྟིཉྩཔུཎྱཾཀྲྀཏཱ། འབད་བརྩོན་རྟ་ལྗང་ཤུགས་ཀྱིས་གྲངས་མེད་བསྐལ། །གསུམ་ཡུན་མཁའ་མཐའ་འཇལ་ལ་ཞུམས་སེམས་ཆ། །རབ་ཕྲ་ཉི་མའི་གཉེན་རྗེས་འགྲོ་བློའི་མདོག །སྟོན་ཟླ་ལྟ་བུས་བསོད་ནམས་བྱས་པ་ཡིས། །(༥༡བ)


GLG017_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཪྠསིདྡྷསྱནེམཱགམཻཧཽབིཤེཥེཥུཏིཥྤསྱཙཀྲསུདྷཱིཀཱིརྟེཏཿདྷརྨབྷཱབཉྩཛཱཏེརྦསུམྱཱཡཏིཏྭཾམཧཱཙཱིཎིགཱནྟཪྻདེཤོདཡ། དོན་ཀུན་གྲུབ་པའི་རིང་ལུགས་ཡིན་ནོ་ཅོག །ཁྱད་པར་བསྟན་པའི་འཁོར་ལོ་བཙོང་ཁ་པའི། །ཆོས་སྲིད་ཛཱ་ཏིའི་དྲི་བསུང་འཐུལ་བ་ནས། །ཟ་འོག་འཐག་པའི་ཡུལ་བར་དར་བར་ཤོག །(༥༢ན)


GLG017_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མཏྲནོདྷཱམཏཱབིརྡྷཀཱསཏྭསོནིཏྱལབྟདྦྷབཻརྡེབནྲཾཙྩིདྱཀཿསནྟཏཽསཔྟམཱིསུཥྚགཱཏཾགུཎེཙཱརཏཤྴཱམཏོབྷཱགབྷདྲཾབྷབ། །ཚད་གཟུང་དང་བྲལ་མ་རྒན་ལུས་ཅན་ཀུན། །ངེས་ལེགས་མ་ཐོབ་དེ་སྲིད་ལྷ་མིའི་རྟེན། །རྒྱུད་མར་མཐོ་རིས་བདུན་གྱི་ཡོན་ཏན་ལ། །སྤྱོད་པའི་དཔལ་ལྡན་སྐལ་པ་བཟང་པོར་ཤོག །(༥༢བ)


GLG017_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཨནྱཧཻཏཱབྷབདྨཱཾཀུཛཱགྣཽབཙནྱཔིཧཱིཡདྨམནྱདྷིསཾཀལྤཏཿཤྲེཡཕལྱཪྶཀཱལཾམཧཱབོདྷིནོདཱིརྒྷྱབྷཱུཏཱཙཏདྡྷེཏུཏཱཎཱམཀཱཿ གཞན་ཕན་གྱུར་ན་རང་ཉིད་དམྱལ་མེ་རུ། །བསྲེགས་ཀྱང་ཇི་མི་སྙམ་པའི་ལྷག་བསམ་གྱིས། །དགེ་འབྲས་སྐྱེ་རྒུ་མཐའ་དག་བྱང་ཆེན་དུ། །རིང་པོར་མི་འཐོགས་འགྱུར་བ་དེ་རྒྱུར་བསྔོ། །ཞེས་གདན་ས་(༥༣ན)


GLG017_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་དུ་དགྲམ་རྒྱུར་འགྲོ་བའི་བླ་མ་ཤཱཀྱ་སེང་གེ་ལ་རྒྱལ་བ་བཙོང་ཁ་པ། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ། སྨན་བླ་བདེར་གཤེགས་བདུན། ཀླུ་དབང་གི་རྒྱལ་པོ། ཚེ་དཔག་མེད། སྒྲོལ་དཀར། ལས་གཤིན། ཛམྦྷ་ལ་རྣམས་ཀྱིས་བསྐོར་བའི་གོས་སྐུ་བཞེངས་པར་ཞལ་འདེབས་བསྟན་འཛིན་ད་ལའི་རྒྱལ་པོས་གོས་ཡུག་སེར་པོ་གཅིག །ཀླུ་འབུམ་ཆོས་རྗེས་གོས་ཡུག་ལྗང་གུ་གཅིག་དང་ཁ་ཐི་གཅིག་བྱུང་ཞིང་ཁུར་བཞེས་ཕྱག་མཛོད་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་མཛད། དོ་དམ་ཏྲེ་བོ་དར་ཁན་དཀའ་བཅུ། བཀྲས་རབ་པ་དཀོན་ཅོག །ལྕང་ཤར་བ་ལྷ་དབང་། རི་མོ་བ་དབུ་མཛད་ཕོ་བྲང་ཕུན་ཚོགས། བྱིངས་གྲས་ལེགས་པ་རྒྱལ་མཚན། དགེ་བསྙེན། བློ་བཟང་། གོས་བཟོ་བ་དབུ་མཛད་པ་རྣམ་བརྟན་པ། ར་ཕྱི་ཤག་ཨྱོན། ནོར་ཁྱུང་ཚེ་བརྟན། འཕྲང་འགོ་ཚངས་ལྡན། དབུ་ཆུང་རྒྱལ་རྩེ་པདྨ་ཚེ་རིང་། གཞིས་རྩེ་དར་རྒྱས་བཀྲ་ཤིས། ཨང་དང་གྲས་ཆོས་དབང་། བསྟན་འཛིན། དཔལ་འབྱོར། དཔལ་བརྟན། ཚེ་དགོས་སུམ་ལེགས། ནོར་སྐྱོང་། བྱིངས་གྲས་དགེ་བསྙེན་སོགས་མི་གྲངས་ཉི་ཤུ་རྩ་བརྒྱད། རྒྱ་བོད་ཀྱི་ཡིག་རིས་པ་རྒྱལ་རྩེ་འཇམ་དབྱངས་དབང་པོ། ཕོགས་དང་ཇ་མར་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོ་དང་ཚོགས་རྒྱལ་གླིང་པ་ཚེ་འཛིན་རྣམས་ཀྱིས་བྱས་ཏེ་འཕགས་ཡུལ་དུ་ཨཱ་ནནྡ་ཞེས་པ་ཕྱོགས་འདིར་ཀུན་དགར་གྲགས་ཤིང་རྒྱ་ནག་ཏུ་གྱི་ལིན་ཞེས་པ་ལྗོངས་འདིར་ཤིང་སྟག་ཏུ་འབོད་པའི་དབྱར་གྱི་དུས་སྟོན་ལ་བབས་ཚེ་ལེགས་པར་གྲུབ་ཀྱི་བསྔོ་སྨོན་གྱི་ཚིགས་བཅད་འདིར་ཡང་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་(༥༣བ)


GLG017_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོས་བགྱིས་པ་སརྦ་ཛ་ཡནྟུ། །འཆི་མེད་ཟིལ་དངར་དྭངས་མའི་བཅུད་རྣམས་ཀུན། །སྐྱེ་འགྲོ་སྙིང་གི་དཔལ་བེར་འདྲེན་མཛད་པ། །བདེ་བ་ཅན་ཞིང་མགོན་པོ་གར་གྱི་དབང་། །དཀྱུས་རིང་སྤྱན་གྱིས་རྟག་ཏུ་བཙའ་བར་མཛོད། །འཆོལ་བའི་ཁྲོ་བོ་གནམ་ལྕགས་འབར་བའི་དཔལ། །ལྷུངས་པའི་མོད་ལ་རྒྱལ་བསེན་དམ་སྲི་སོགས། །འབྱུང་པོའི་བྲག་རི་ཕྱེར་བཏགས་དཀར་པོའི་ཕྱོགས། །རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེང་དེ་བསྔགས། །དོན་ཡོད་ཧེ་རུ་ཀཿདཔལ་མཐུ་སྟོབས་རྩལ། །དར་ནག་བེར་ཆེན་ཁྲོས་པ་ལངྐའི་བདག །བདུད་བཞིའི་གཉེན་པོར་ཀརྨ་གུ་རུའི་གར། །ཡང་གསང་དྲག་པོར་གྱུར་དེས་ལོག་འདྲེན་ཆོམས། །ཤིན་ཏུ་ཞི་བའི་འཇམ་དབྱངས་ཀུན་ཏུ་བཟང་། །དྲེགས་པའི་དཔུང་འཇོམས་བྱེད་ལ་རྣམ་པར་འཕྲུལ། །གཏུམ་དྲག་གཤིན་རྗེའི་གཤེད་པོས་དགྲ་བགེགས་ཀྱི། །སྙིང་དྲོན་ཁྲག་གི་རྒྱ་མཚོ་ཧུབ་ཀྱིས་དྲོངས། །པདྨཱ་ཀཱ་ར་ལོ་ཆེན་སྣང་མཛད་ཀྱིས། །ཐུགས་བཅུད་ཤེལ་གྱི་བྲག་ལ་རྒྱས་བཏབ་པ། །ཆོས་རྒྱལ་གཏེར་བདག་གླིང་པས་གདན་དྲངས་པའི། །དུས་བབས་ལས་བཞིའི་རྟེན་འབྲེལ་ལྷུན་གྲུབ་ཤོག །ཅེས་རྒྱ་ཆེན་ཀྱི་ཚེ་དཔག་མེད། རྡོ་རྗེ་གྲོ་བོ་ལོད། ཡང་གསང་དྲག་པོ་དང་གཏེར་གསར་གཤིན་རྗེ་འཇོམས་བྱེད་བཞིའི་མངོན་པར་རྟོགས་པ་དང་མཐུན་པར་གཏེར་སྟོན་རིགས་འཛིན་ཆེན་པོས་ཞལ་བཀོད་གནང་ཞིང་དགེ་སློང་འཇམ་དབྱངས་གྲགས་པ་དང་བློ་བཟང་རིག་རྒྱམ་སྤུན་(༥༤ན)


GLG017_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡོན་སྦྱར་ཏེ་ཆོག་གྲ་སོ་སོའི་སྒྲུབ་བརྟེན་དུ་ཞལ་ཐང་སོ་སོར་སྙན་དར་ལྔ་རེ། ཙཀ་ལི་ཉེར་ལྔ། བུམ་བའི་མགུལ་ཆིངས། གཏོར་གདུགས་དང་བཅས་པ་ཆ་འགྲིག་ཕུལ་བའི་ཚེ་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་བ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་མཛད་ནས་ལུགས་གཉིས་དང་འབྲེལ་བའི་བཟོ་བཀོད་རྒྱ་ཆེར་བསྐྲུན་པའི་བདོག་པའི་དེབ་ཐེར་རྒྱུགས་འཛིན་བང་མཛོད། །རིས་མེད་ཀུན་ལ་དུས་དྲུག་གཟིགས་པའི་སྤྱན། །ནམ་ཡང་མི་བསྙེལ་རྣམ་འདྲེན་ཉི་མའི་གཉེན། །ལེགས་གསུངས་ལུང་རྟོགས་བསྟན་དང་དེ་འཛིན་སྡེ། །སླུ་མེད་རིན་ཅེན་གསུམ་གྱིས་ཤིས་པར་མཛོད། །འཁོར་དང་མྱ་ངན་འདས་པའི་བརྟན་གཡོའི་དངོས། །མ་ལུས་བསྡུས་ནས་ཕུན་ཚོགས་འདོད་དགུའི་ཆར། །ཀུན་བཟོད་ཡངས་པའི་ཁྱོན་ལ་འབེབས་མཛད་པ། །རྨུགས་འཛིན་དབང་པོའི་ལོངས་སྤྱོད་གཅིག་ཏུ་འཁྱིལ། །རྟེན་གསུམ་གཙུག་ལག་ཁང་བཟང་རྒྱ་ཕིབས་དང་། །རིན་ཅེན་དར་ཟབ་ལ་སོགས་བཟོ་ཡི་རིགས། །མཆོད་སྦྱིན་སྒོ་ཕྱེ་བདོག་པ་རིམ་སོང་བའི། །གསལ་བྱེད་ཡི་གེའི་འཕྲེང་བ་འདི་ན་སྤེལ། །ཞེས་བརྗོད་པ་སྔོན་དུ་འགྲོ་བས་འཕྲུལ་སྣང་དང་ར་མོ་ཆེ་གཉིས་ཀྱིས་གཙོས་གཙུག་ལག་ཁང་དུ་མར་ཞིག་གསོས་གསེར་ཏོག །གཞན་ཡང་སྐུ་གསུང་ཐུགས་རྟེན་རིན་པོ་དང་གོས་དར་ལས་གྲུབ་པའི་བཟོའི་རིགས། དགེ་འདུན་མཆོད་ཅིང་སྐྱེ་བོར་སྦྱིན་གཏོང་སོགས་རིམ་སོང་ལ།(༥༤བ)


GLG017_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་མེ་ཏོག་འཕྲེང་ཅན།) གཱམནཱིཡཱཧིསརྦེཥུནོསཾསྟུཏོམིཏྲབནྡྷོརྟྲིལོཀཻཀཐཱདཱིཔཀཿ བུདྡྷཏེཔཱ དཙཀྲསྱརེཁཱཙམཱུརྡྷཱནབིདྷཽཔཪྻུདཱཡཻརྟཐཱཤྲེཀུརུ། འགྲོ་བ་ཀུན་ལ་མ་འདྲིས་མཛའ་བའི་གཉེན། །འཇིག་རྟེན་གསུམ་གྱི་སྒྲོན་མེ་གཅིག་པུ་པ། །ཤཱཀྱ་སེང་གེ་ཁྱོད་ཞབས་འཁོར་ལོ་ཡི། རི་མོ་གཙུག་མཚོར་ཡོངས་ཤར་དེང་ཤིས་མཛོད། །བརླིང་ཟབ་བཀའ་འགྲེལ་ཤིང་རྟ་ཆེ་གཉིས་སོགས། །འཕགས་ཡུལ་པཎ་གྲུབ་གསུང་རབ་ཆུ་ཤེལ་དབང་། །ལྗོངས་འདིའི་མཁར་འདྲེན་འཇིག་རྟེན་མིག་གཅིག་རླུང་། །ཕན་བདེའི་ཀུནྡ་བཞད་པའི་ཆོ་ག་མཁན། །བསྟན་བཅོས་འགྱུར་རོ་ཅོག་གྲགས་གླེགས་བམ་འཕྲེང་། །དཀར་ཆག་སྲད་བུར་རྒྱུ་བ་ཆོས་ཀྱི་སྤྱན། །རབ་གསལ་གནས་ལྔ་རིག་པ་བུ་སྟོན་རྗེ། །ངེས་པར་ཐམས་ཅད་མཁྱེན་ལ་སོམ་ཉི་བྲལ། །དེ་ཕྱིར་ཐུབ་གསུང་རྣམ་འབྲེལ་པུ་སྟ་ཀཿ རྫོགས་པར་འདྲི་བའི་ལྷག་བསམ་མཐོ་རིས་ཆབ། སྙིང་སྟོབས་ཧུབ་(༥༥ན)


GLG017_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདྲེན་ནུས་ཛཧྣུ། །རང་མིན་གཉིས་པའི་གྲོགས་མང་སྔོན་བྱུང་གཏམ། །རྒྱལ་ཀུན་སྤྱི་གཟུགས་རྗེ་བཙུན་དབེན་ས་པའི། །དབོན་རིགས་ཕུན་ཚོགས་རབ་ཏུ་བརྟན་པ་ཞེས། །དགེ་ཚོགས་རྒྱ་ཆེར་བསྐྲུན་པའི་རྣམ་དཔྱོད་ལ། །ཚངས་པས་བསྒྲུན་མིན་ཨོཾ་ཡིག་ཟོལ་གྱིས་བརྫུ། །སྟོན་ཟླ་ལྟར་དཀར་ཤོག་བུའི་ཨཱ་དཪྴཿ །སྟང་ཟིལ་ཡིག་གཟུགས་རྣམ་སྒྱུར་གཡོ་བའི་གར། །བརྡ་དག་རྒྱན་གྱིས་སྤུད་ལ་ཤེས་ལྡན་རྣམས། །མཚར་འཛིན་གཟིགས་མོའི་ཚད་ལ་གཅིག་ཏུ་ཆེ། །གངས་དཀར་རྩེ་ནས་འཕྲོག་བྱེད་སྡེར་ཆགས་ཀུན། །ཟིལ་གྱིས་གནོན་པའི་ང་རོའི་སྐད་གསང་ཡང་། །ཤལླི་ཀ་ཡིས་ནགས་སུ་ལྷོད་ཡངས་པོར། །རྒྱུ་བའི་གླང་ཆེན་ས་སྲུངས་དེ་རྨད་བྱུང་། །དབང་སྔོན་ཁ་དོག་དྭངས་པར་རྗེས་འགྲོའི་འབངས། །རང་སྐད་སྙན་པོས་རྣ་བར་རྩུབ་པའི་ཚེར། །སྒྲིབ་ནུས་རང་བཞིན་བཟང་པོའི་ས་ལེ་སྦྲམ། །འོད་མདངས་མཚན་མཐར་འཁྱོལ་དིང་སྐྱ་རེངས་འདྲེན། །བྱང་ཆེན་རྒྱུར་བསྔོའི་རྩི་ཡིས་ལེགས་བྱས་ལྕགས། །ནམ་ཡང་འཛད་མི་ནུས་པའི་གསེར་སྦྱངས་སུ། །བསྒྱུར་བའི་ངང་ཚུལ་དེ་ལ་མཐའ་གཅིག་ཏུ། །བློ་གྲོས་མིག་དཀྱུས་རིང་རྣམས་འབད་པས་འཇུག །ཅི་དེ་འདི་སྣང་བདེ་བ་གློག་གི་འོད། །ཕྱི་མར་འཁོར་ལོས་སྒྱུར་ཡང་ཆུ་ཤིང་འདྲ། །འཁོར་མཚོར་འགྲོ་ཀུན་སྒྲོལ་ནུས་རྣམ་མཁྱེན་གཟིངས། །གཞན་དུ་གཏན་མདུན་ཡང་རྩེར་དམིགས་སུ་མེད། །ལུང་དང་རིག་པའི་དྲང་སྲོང་ཨཱ་གསྟྱཿ རྡུལ་བྲལ་སེམས་ཀྱི་མཁའ་ལ་ཤར་བའི་ཚེ། །ཆོས་བརྒྱད་དུག་རྣམས་ཕྱུང་བའི་སྨན་གྱི་ཆུ། །སྲིད་ཞིའི་ནད་བརྒྱའི་ཟུག་རྔུ་དུས་གཅིག་གཞིལ། །དེ་དོན་རྟོགས་པས་(༥༥བ)


GLG017_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བསྐུལ་དགེ་འདིས་མཚོན། །སྔོན་ནས་བསགས་སོ་ཅོག་གི་བསོད་ནམས་འབྲས། །ནམ་མཁའི་ཕ་མཐའ་རྙེད་མིན་མ་རྒན་དོན། །བསྔོ་བར་སེམས་ཀྱི་འཆར་སྒོ་ཆེས་ཆེར་སྤྲོ། །ཐུབ་བསྟན་སྙིང་པོ་ཀུན་མཁྱེན་བཙོང་ཁ་པའི། །མ་སྨད་བསྟན་པ་གསེར་གྱི་སྒོང་ངའི་དབྱིབས། །འཛམ་གླིང་སྐྱེ་རྒུའི་དད་གདུང་དྲོད་གཤེར་གྱིས། །ཡོངས་སྨིན་མེས་པོའི་མཆེད་ཟླ་གཉིས་པར་ཤོག །བཀྲ་ཤིས་ལྷ་ཚོགས་བདུན་གྱི་བང་རིམ་ཅན། །ཐོས་བསམ་རྡུལ་བརྩེགས་ལྷུན་པོ་འདུས་པའི་སྡེ། །གླིང་བཞིའི་མུན་པ་ཉི་ཟླའི་འོད་ཟེར་གྱིས། །གསལ་བ་དེ་སྲིད་དར་ཞིང་རྒྱས་པར་ཤོག །བགྲང་ཡས་བློ་གྲོས་ལྡན་པའི་གདུལ་བྱའི་མགོན། །མཁས་བཙུན་བཟང་པོར་ཡེ་ནས་ལྷུན་གྲུབ་པས། །འགྲོ་ཁམས་ཤེས་པའི་མ་སྨད་སྒྱུ་དྲའི་གར། །གཡུང་དྲུང་ལྟ་བུར་ནམ་ཡང་གཡོ་མེད་ཤོག །དམ་པའི་རིམ་གྲོ་སྒྲུབ་ལ་ཀུན་དགའ་བོ། །གཉིས་པའི་གྲིབ་མར་བལྟོས་པ་མིན་པའི་གྲོགས། །ཕུན་ཚོགས་རབ་ཏུ་བརྟན་པའི་འདི་དང་ཕྱིའི། །གཏན་གྱི་མདུན་མ་ལྷུན་གྱིས་གྲུབ་པར་ཤོག །འགྲོ་རྒྱུད་ཉོན་མོངས་ཤེས་བྱའི་དྲི་མ་ཀུན། །འཁྲུད་ནུས་དགེ་ཚོགས་གངྒཱ་བསྒྲེངས་པའི་རྩེར། །བྱང་ཆུབ་མཆོག་རྒྱུར་བསྔོ་བའི་ཁྱབ་འཇུག་རྐང་། །ཏོག་གིས་འཇིག་རྟེན་གསུམ་པོ་མཛེས་གྱུར་ཅིག །ཅེས་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་ཁུར་བླངས་ཏེ་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་བསྟན་བཅོས་འགྱུར་རོ་ཅོག་གསར་དུ་བཞེངས་པའི་ཚེ་ཆེ་བརྗོད་སྨོན་ལམ་གྱི་ཚིགས་སུ་བཅད་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་རིགས་ལས་སྡོམ་བརྩོན་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྦྱར་བའི་ཡི་གེ་པ་ནི། (༥༦ན)


GLG017_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོས་བགྱིས་པས་སརྦྦ་དཱ་ཤྲེ་ཡབྷ་བནྟུ། །ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་བཀྲ་ཤིས་ལྷུན་པོར་སངས་རྒྱས་སྟོང་སྐུ་བཞེངས་པའི་དེབ་ཀྱི་འགོ་བརྗོད་རྣམ་འདྲེན་འཕྲེང་མཛེས། །འཆི་མེད་རྣམས་ཀྱིས་བཟང་པོའི་བསྐལ་པ་བཞེས། །བསྔགས་ལྟར་རྣམ་འདྲེན་སྟོང་གི་མུ་ཏིག་འཕྲེང་། །ལུས་ཅན་བསོད་ནམས་སྲད་བུར་ལེགས་བརྒྱུས་པ། །འདི་ཀོ་གྲགས་པ་དོན་དང་ལྡན་པའི་གཏམ། །རྡོ་རྗེས་མཚན་པའི་མི་འགྱུར་སྟན་བཟང་པོར། མི་ཤིགས་སྐྱིལ་ཀྲུང་གཅིག་གིས་ཡིད་སྲུབས་སྡེ། །རབ་བཅོམས་མཆོག་གི་སྤྲུལ་སྐུ་མཐོང་ཐོས་དང་། །དྲན་འདི་སྔོན་བསགས་ཆོས་དཀར་བྱེ་བས་མྱོས། །དེ་ཕྱིར་སྟོང་ཕྲག་བདེ་བར་གཤེགས་པའི་སྐུ། །འཇོན་དམར་ཛམྦུའི་གསེར་ཆུས་ལེགས་བྱུགས་པའི། །སྣང་བརྙན་ཚར་དུ་དངར་བའི་གནྡྷོ་ལའི། །དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་འདི་ལེན། །ཅེས་ཤིས་པ་བརྗོད་པ་སྔོན་དུ་བཏང་སྟེ། བརྒྱ་ཕྲག་ཐུབ་གསུམ་གླེགས་བམ་རིན་ཅེན་དཔྱ། །རྣམ་དཔྱོད་ཤིང་རྟས་སཱ་ལའི་སྨན་ལྗོངས་སུ། །འདྲེན་མཛད་རྒྱལ་བློན་ལོ་པཎ་དྲིན་འཇལ་ནོར། །སྣོད་དུ་ཚངས་པས་འཇིག་རྟེན་ཁམས་བསྐྲུན་ཆུངས། །འབྲི་བཀླག་ཀུན་ཆུབ་རིམ་གྲོ་ལུང་ནོད་ཟླ། །ཆ་གད་བསོད་ནམས་དཀྱིལ་འཁོར་རང་གི་མཆེད། །ར་རིའི་དྲི་མ་ལས་གཞན་རྙེད་མིན་པའི། །སྐལ་བཟང་དཔྱིད་ཀྱི་ལང་ཚོ་ངོམ་དེ་མཚར། །འཇམ་དབྱངས་ཐུ་མིའི་བཞེད་གཞུང་བརྡ་དག་གཟུགས། །འཁྲུལ་མེད་གཙུག་ལག་བློ་ཡངས་སོར་མོའི་གར། །ཤོག་བུའི་དོར་ར་སྒྱུར་ཚེ་(༥༦བ)


GLG017_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་མཁན། །བསྙེམས་པའི་ངལ་བ་བཏང་ནས་བག་ལ་ཞ། །འགྲོ་རྒྱུད་མིག་སྔོན་བགྲོད་པའི་དྲི་བཀྲུ་བར། །རྒྱལ་གསུང་མཐོ་རིས་ཆུ་གོས་ལྷབ་ལྷུབ་རྩེར། །ཕན་བདེའི་ཏོག་གིས་སྤུད་པས་ཡིད་སྲུབས་སེམས། །ཞི་དང་ལྷན་ཅིག་དཀར་ཕྱོགས་ལྷ་རྣམས་བསྔགས། །ལེགས་བྱས་འཛད་པ་མེད་པའི་སྟན་བཟང་པོར། །མཁའ་མཉམ་ལུས་ཅན་རྟག་ཏུ་ལོངས་སྤྱོད་རྒྱུར། །བསྔོ་བའི་འབྲས་བུ་གྲོ་བཞིན་སྐྱེས་ཀྱི་ཚུལ། །འཛིན་པའི་སྨོན་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་པའི་ཚིགས་སུ་བཅད་པ་འདི་ནི་འབྲོག་བསམ་སྡིངས་སྤྲུལ་སྐུས་བཀའ་འགྱུར་བཞེངས་པའི་ཚེ་ཆེ་བརྗོད་སྨོན་ལམ་དགོས་ཚུལ་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱིས་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །དུས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས། །མིག་སྨན་བརྩེགས་པའི་ལྷུན་པོ་ལྟར་བརྗིད་སྐུ། །མཐོང་བའི་མོད་ལ་ཁྲོ་ཚོགས་སྟབས་གཅིག་ཏུ། །ལག་ཆ་མཆོར་མཛད་གཤིན་རྗེ་གཤེད་ཁྱོད་བསྔགས། །ཆོས་དབྱིངས་བདེ་བ་ཆེ་ལས་གཡོ་མེད་པར། །ལོག་འདྲེན་འདུལ་ཕྱིར་གཏུམ་ཆེན་སྲིན་པོའི་གཟུགས། །ལེགས་ལྡན་ནག་པོ་རྟེན་འདིར་ཉེར་སྤྱོན་ལ། །ཐུབ་པའི་བསྟན་པ་ཡུན་དུ་བསྲུང་བར་མཛོད། །ཅེས་པ་འདིའང་རྟ་ར་མདོ་པ་ངག་དབང་ལྷུན་གྲུབ་ཀྱིས་ཐང་ཀའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) གཱཏམཱསཾཁྱཀལྤཱགཎེསོཾབྷྲྀཧཱསཾབྷྲྀཏཱརྡྷཱིངྒདྷཱནཾདྷརོཏྠིཏྶུརཱིཔཱུརྦབཱངྻུཀྟམནྨཐཡབཀྟྲཀྱནཻཙྩསྶམཱནདཡཻཪྴཀྱསིདྷཉྫཡ། (༥༧ན)


GLG017_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བྱེད་གྲངས་མེད་བསྐལ་པར་ཚོགས་བསགས་དབང་། །ལུས་ཕྱེད་ནོར་འཛིན་ལས་ཐོན་སའི་ལྷ་མོས། །གསོང་པོར་བརྗོད་ཚེ་ཡིད་སྲུབས་གདོང་སྨད་པ། །མཉམ་པར་བརྩེ་ལྡན་ཟས་གཙང་སྲས་པོ་རྒྱལ། །འཇིགས་མེད་སྟོང་ཆེན་སེང་གེའི་རྒྱུད་ཀྱི་སྒྲས། །རྟག་ཆད་རི་དྭགས་སྔངས་བྱེད་ཟབ་མོའི་གཏམ། །ཕྱོགས་སྒྱུར་བརྒྱད་བརྒྱའི་གྲངས་ཅན་ཤློ་ཀ །འཁོར་ལོ་བར་པའི་ཡང་སྙིང་བསྡུས་པའི་བཀའ། །སྔོ་བསངས་སྒེག་མོའི་བཞིན་མདངས་ཕྱུངས་པའི་ངོས། །གསེར་ཞུན་ཡི་གེ་རྣམ་བཀྲའི་མིག་གི་དཀྱུས། །སྲིད་པའི་ཕ་རོལ་བརྒལ་ནས་མྱང་འདས་གྲོང་། །མཐའ་རྙེད་གཟིགས་ཕྱིར་རིང་པོར་བརྐྱངས་པ་འདྲ། །ཕྱི་དར་བསྟན་པའི་འབྱུང་ཁུངས་ཞ་ལུ་ཞེས། །ཉང་སྨད་འཛིན་མར་གསེར་གྱི་མེ་ཏོག་གིས། །ཡོངས་བཀང་ལྟར་(༥༧བ)


GLG017_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་སྡེ་སྣོད་གསུམ་པའི་འཕྲེང་། །ཆད་མེད་བློ་གསལ་བགྲང་ཡས་འདུ་བའི་གླིང་། ཁྱད་པར་ཤེས་བྱའི་ཁྱོན་ལ་སྲིད་དོ་ཅོག །གཟིགས་པས་ཐམས་ཅད་མཁྱེན་པ་བུ་སྟོན་རྗེ། ཁྱོད་ལས་མཁས་པ་དབུས་འགྱུར་འཆང་ནས་ཀྱང་། །རྙེད་པར་དཀའ་ན་ཕྱོགས་འདིར་འགྲན་ནུས་སུ། །ཞབས་རྡུལ་འཇིགས་མེད་ཁྲིར་ལྷུང་གདན་སའི་འཕྲེང་། །ཉེར་གཅིག་གྲངས་སུ་རང་བསྟན་འཁྲུལ་མེད་པ། །འཛིན་ལས་ཡིད་བཞིན་ནོར་བུ་རིན་ཅེན་ལྟར། །སྐལ་ལྡན་གདུལ་བྱའི་བསོད་ནམས་མཆོག་ཏུ་གྲུབ། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་ཐར་སོན་མཁས། །ཉེས་ལྟུང་ཕྲ་མོས་མ་གོས་བག་ཡོད་བཙུན། །བདག་གཞན་མཉམ་པར་རྗེ་བའི་སེམས་ཀྱི་བཟང་། །བཤེས་གཉེན་དམ་པའི་མཚན་ཉིད་ཀུན་ཚང་སྙམ། །དེ་ཕྱིར་དཀྱིལ་འཁོར་བྱེ་བའི་རིགས་ཀྱི་གཙོ། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་རུ། །གདེངས་ཚད་ངེས་པ་རྙེད་ནས་མི་འཕྲོག་པའི། །མོས་གུས་ལམ་ཟབ་རྣལ་འབྱོར་མཆོག་ལ་སྤྲོ། །ཆོས་བརྒྱད་གདོན་སྙིང་ཞུགས་པའི་བུན་ལོང་གིས། །སྲིད་པར་ཀུན་འཁོར་དགེ་དང་མཚུངས་མིན་པ། །ཐུགས་བསྐྱེད་ག་བུར་གཟེགས་མས་མཁའ་མཉམ་འགྲོའི། །སྡུག་བསྔལ་ཚ་གདུང་སེལ་བའི་ཆོ་ག་མཁན། །ཐུབ་པའི་རིང་ལུགས་དེ་འཛིན་བཤེས་དང་སྡེ། །ཡོངས་དར་མ་ལ་ཡ་ཀླུང་གིས་ཁྱབ་པའི། །འཇིག་རྟེན་གསུམ་གྱི་ལུས་ཅན་སྡོང་དུམ་ཀུན། །ཕན་བདེའི་ཙནྡན་ལྗོན་པར་གནས་འགྱུར་ཤོག །མ་བྱོན་སངས་རྒྱས་གསུམ་པ་རིན་ཅེན་གྲུབ། ཁྱབ་བདག་འཁོར་ལོའི་མགོན་པོ་ཚར་པ་རྗེའི། ཟབ་ཆོས་མ་དྲོས་མཚོ་ཆེན་གཡས་འཁྱིལ་ལས། །བཤད་སྒྲུབ་རྣམ་བཞིའི་ཆུ་བོ་རྟག་(༥༨ན)


GLG017_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་ཤོག །མི་བདག་ཚོགས་ཀྱང་རང་དབང་མངའ་རིས་ཀྱིས། །ཆོག་ཤེས་འཐབ་རྩོད་དང་བྲལ་འབངས་རྣམས་ཀུན། །རིང་པོའི་ཚེ་དང་འབྱོར་པ་རྗོགས་ལྡན་གྱི། །བསྐལ་བཟང་ལྔ་བརྒྱའི་དུས་འདིར་མངོན་སུམ་ཤོག ཁྱད་པར་འདྲེན་པ་མཆོག་འདི་འཆི་མེད་ཚེར། །དབང་ཕྱུག་ལྷུན་གྱིས་གྲུབ་པས་རིན་ཆེན་ཁྲིར། །ཆོས་འཁོར་བསྐོར་ཕྱིར་ངེས་པ་ལྔ་ལྡན་ལྟར། །ནམ་ཡང་གཡོ་བ་མེད་པར་རབ་བརྟན་ཤོག །གླེགས་བམ་ཆེད་དུ་ངལ་བ་བསྟེན་པ་རྣམས། །འདི་ཕྱིར་ལྷ་མིའི་བདེ་འབྲས་ལ་སྤྱོད་ཅིང་། །རིང་མིན་ཐེག་པ་ཆེན་པོར་སེམས་བསྐྱེད་ནས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་བརྙེད་ཤོག །བསམས་པའི་དོན་ཀུན་ཀུན་ནས་འབད་མེད་དུ། །ལྷུན་གྲུབ་དགེ་ལེགས་ལེགས་ཚོགས་ཆེས་མངར་བས། །དུས་རྣམས་བཀྲ་ཤིས་ཤིས་པའི་མནྡ་རས། ཁམས་གསུམ་མ་ལུས་ལུས་པ་མེད་ཁྱབ་ཤོག །ཅེས་དཔལ་ལྡན་རྡོ་རྗེ་སེམས་དཔའ་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ་ཞྭ་ལུ་མཁན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ་བམ་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་འོ་སྐོལ་གྱི་སྟོན་པ་འཇིག་རྟེན་གསུམ་གྱི་མ་འདྲིས་པའི་མཛའ་བཤེས་རྣམ་འདྲེན་ཟས་གཙང་གི་སྲས་པོའི་གསུང་རབ་ཀུན་གྱི་ཕུལ་དུ་གྱུར་པ་འཕགས་པ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ་གསེར་གྱིས་བཞེང་བ་གནང་སྐབས་དཀར་ཆག་དང་འབྲེལ་བའི་སྨོན་ལམ་ཞིག་རྩོམས་ཞེས་བཀས་བསྐུལ་བར་བརྟེན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོས་བགྱིས་པ་ཛ་ཡནྟུ།


previousརབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་མཛད་པའི་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་ཁྲོ་གསར་བླུག་གི་ཁ་བྱང་དང་། རིན་ཆེན་རྒྱན་ཆའི་དེབ་ཐེར་གྱི་འགོ་བརྗོད་སོགས།next