Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་མཛད་པའི་སེར་འབྲས་སོགས་ཀྱི་རྟེན་མཆོད་རྣམས་ཀྱི་དེབ་ཐེར་འགོ་བརྗོད་སོགས།
   
   
   
   
   


 
previousརབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་མཛད་པའི་སེར་འབྲས་སོགས་ཀྱི་རྟེན་མཆོད་རྣམས་ཀྱི་དེབ་ཐེར་འགོ་བརྗོད་སོགས།next

རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་མཛད་པའི་སེར་འབྲས་སོགས་ཀྱི་རྟེན་མཆོད་རྣམས་ཀྱི་དེབ་ཐེར་འགོ་བརྗོད་སོགས།


GLG017_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་མཛད་པའི་སེར་འབྲས་སོགས་ཀྱི་རྟེན་མཆོད་རྣམས་ཀྱི་དེབ་ཐེར་འགོ་བརྗོད་སོགས།དཔལ་ལྡན་འབྲས་སྤུངས་ཀྱི་རྟེན་མཆོད་རྣམས་ཀྱི་དེབ་ཐེར་འགོ་བརྗོད་སྣ་ཚོགས་མེ་ཏོག་ཆུན་པོ།(༥༨བ)
(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་གཡོ་བའི་འཁྲི་ཤིང་།) བྱཱབཱརཱཀཱཤཾབིཥཎགགཎེགོམཧཱམུདྲཀཾཝཾབརྞཱརྡྷོརྩཀྲེཔརིཨུདཡཨེདྷཱཏུབིཤྭཱསུརཱཙ། སམྱེཡོགཱདེཪྶུགཏམུལིཀཾནཱདགཱམོཙྩཙིཏྱཾཤྲཱྀདྷཱནྱཾགཉྫདྭཾཀསུརུཙིརཾཧཻམྱཤཱསཻཀིཀཱརཿརྣམ་པ་ཀུན་གྱི་མཆོག་ལྡན་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཕྱག་རྒྱ་ཆེ། །ཝཾ་ཡིག་ཀཱ་ལ་ཙ་ཀར་ཡོངས་ཤར་ཨ་དབྱིངས་སྣ་ཚོགས་ལྷ་མོ་དང་། །མཉམ་སྦྱོར་དང་པོའི་སངས་རྒྱས་རྩ་རྒྱུད་ནཱ་དའི་གླུར་འབབ་མཆོད་རྟེན་གྱིས། །རབ་མཛེས་དཔལ་ལྡན་འབྲས་སྤུངས་གཉིས་པ་བོད་ཡུལ་བསྟན་པའི་ཁུངས་གཅིག་པུ། །ཤཱཀྱ་སེང་གེའི་མགྲིན་པའི་རྒྱུད་ཀྱི་སྒྲ། །ཆོས་ཀྱི་ང་རོས་ལོག་སྨྲའི་རི་དྭགས་སྙིང་། །ལྐོག་མར་འབྱིན་གསུང་དེའི་འབྲེལ་མཁན་པོའི་གཞུང་། ཁུར་པོས་དབུལ་འགྱུར་ནོར་འཛིན་ཆེས་ཆེར་ལྕི། །བཀའ་དང་རྣམ་བཤད་གླེགས་བུས་གཏམས་པའི་མཛོད། །དཀོན་ཅོག་རིན་ཅེན་རྟེན་གྱི་གནྡྷོ་ལ། །སྐྱེ་དགུའི་ལེགས་བྱས་སྙེ་མ་དུད་པའི་ཞིང་། །གངས་ཅན་དཔལ་མོའི་རྒྱན་གྱུར་ཆོས་གྲྭ་ཆེ། །རིན་ཅེན་ཟ་འོག་ལ་སོགས་སྣ་ཚོགས་རྒྱུར། །ཐེག་གསུམ་སྐྱེ་འཕགས་སྐུ་བརྙན་སྒྱུ་མའི་འཕྲུལ། །ཡེ་ཤེས་(༥༩ན)


GLG017_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཡོངས་སུ་འཁྱིལ་བའི་གཟི། །མུན་བསྐལ་ཕ་མཐར་བྱེད་ལ་འབར་བ་བཞིན། །ལོ་པཎ་དྲིན་ལས་འགྱུར་རོ་ཅོག་གི་བཀའ། །བསྟན་བཅོས་ཤིང་གིས་མ་མའི་ཁོང་ཡངས་པོར། །བརྡ་གཟུགས་བཀོད་པའི་ཁྱད་པར་ལྟ་བ་ལ། །འཆི་མེད་བདག་པོས་མིག་སྟོང་བསྐྲུན་མིན་ནམ། །རྒ་དང་རྒུད་བྲལ་གཞོམ་མེད་རྡོ་རྗེའི་ལུས། །བྱིས་བློ་འདྲིད་ལ་སྐུ་གདུང་ཆ་བརྒྱད་དུ། །ཉེར་བགོས་རིང་བསྲེལ་སྙིང་པོའི་མཆོད་རྟེན་བརྒྱད། །ཤེལ་རི་སྟོན་ཟླའི་ཁུ་བས་བྱུགས་པ་འདྲ། །འཕགས་བོད་ལི་བལ་རྒྱ་དང་སྟོད་སྨད་ཧོར། །མཐའ་ཀླས་སྐྱེ་རྒུའི་བདོག་པ་མཆོད་པའི་སྤྲིན། །ཕུང་པོར་སྤུངས་པ་ནམ་མཁའ་མཛོད་ཀྱི་སྒོ། །ཕྱེ་འདིས་རྨུགས་འཛིན་འབྱོར་པའི་རྗེས་སུ་འགྲོ། །བླང་དོར་མི་ཤེས་ཆུད་འཛའ་དུད་འགྲོའི་སྤུན། །རང་ནོར་མིན་སེམས་རྩིང་སྦྱོད་རྡོ་ཕལ་མདོག །ཆོམ་རྐུན་བསྲུང་བའི་མེལ་ཚེར་གཏན་ཚིགས་ཀྱིས། །ཚུལ་བཞིན་བསྒྲུབ་པ་རྣམ་པར་དཔྱོད་པའི་རྩལ། །མཛུབ་རྩིས་ཡིད་དམ་བརྟན་པའི་གྲངས་འཛིན་མཁན། །བྱ་རོག་སྤྲིན་ཚད་གཞལ་སྦས་བློ་རྩེ་གཏོད། །ལྷོ་མོན་མཐའ་འཁོབ་ཀླ་ཀློའི་ངང་ཚུལ་དག །སེན་ངྷ་པ་ལྟར་འཁྲུལ་བའི་འཁོར་ལོ་བསྐོར། །མཁའ་མེའི་གྲངས་ཅན་འཕགས་ཡུལ་ཡི་གེའི་ཚོགས། །རང་སྐད་སྦྱོར་བདེར་ཉེར་མཁོ་ལེགས་བསྡུས་པའི། །གཙུག་ལག་ཐུ་྄མིའི་རི་མོ་སྲིད་པའི་མཐར། །མི་བསྐྱུད་རིག་པའི་རྣམ་འགྱུར་འཕྲུལ་པོ་ཆེ། །དེ་ཕྱིར་དངོས་དོན་འཕྱུག་པ་མེད་པའི་མིང་། ཚིག་སྦྱོར་མེ་ཏོག་མ་སྙིགས་ཡི་གེའི་གཟུགས། །རབ་སྤེལ་ཆུན་པོ་དེབ་ཐེར་ལེགས་བྲིས་ཐོད། །བཅིངས་པའི་ཁ་དོག་མ་འདྲེས་སོ་སོར་ལྟོས། །ཞེས་སྙན་པའི་ཚིག་གི་འཕྲེང་བ་སྔོན་དུ་སྤེལ་ནས་སྐབས་ཀྱི་དོན་རི་ཁ་བ་ཅན་གྱི་ལྗོངས་འདིར་འགྲན་པའི་ཟླ་ཀུན་དང་བྲལ་བའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་(༥༩བ)


GLG017_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་གཙུག་ལག་ཁང་གི་རྟེན་མཆོད་ཀྱི་རིམ་པའི་ཐོ་རྙིང་པ་ཁ་འཐོར་བ་རྣམས་དང་གསར་དུ་བསྐྲུན་པའི་སྐོར་ཀུན་དགའ་ཞེས་པ་ཤིང་སྟག་ཁྲུམས་སྟོད་ཟླ་བའི་གྲལ་ཚེས་དགེ་བར་དེབ་ཐེར་དུ་བཀོད་པ་ལ། དཔལ་ལྡན་འབྲས་སྤུངས་རྟེན་མཆོད་དེབ་འཐེར་ཨ་མྲའི་སྐྱེད་ཚལ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) དྷརྨདྷཱཏོརྦཙེཤཻརྠདྷཱམཎྜལསྥཱརཎོབཱསམཱསཱརྫཧྀཙྩིཏྱཏཿསཱདྷུབྷུཥྱདྭིཀཤྲཱིདྷནེརྒཉྫཧམསྱཛནྱཱཔདཻརྦིནྣཔཱསྶེནཏཿ ཆོས་དབྱིངས་གསུང་གི་དབང་ཕྱུག་དཀྱིལ་འཁོར་གཙོ། །སྤྲོ་དང་བསྡུ་བའི་མཆོད་སྡོང་ཐུགས་རྟེན་གྱིས། །ལེགས་བརྒྱན་ཤྲཱི་དྷ་ནྱ་ཀ་ཊ་ཀཿ །གཉིས་པ་ཁ་བའི་ལྗོངས་ཀྱི་འདུས་པའི་སྡེའི། །བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་ཚལ། །རྟེན་དང་བརྟེན་པར་བཅས་པའི་གཙུག་ལག་ཁང་། །རྣམ་ཐོས་བུ་ཡི་འབྱོར་པ་ལ་འཁུ་བ། །འཇིག་རྟེན་མེས་པོས་ཆེད་དུ་བསྐྲུན་པ་བཞིན། །སྐུ་གསུང་ཐུགས་རྟེན་མཆོད་རྫས་ཨ་མྲའི་ཤིང་། །གཟེགས་འཁྱར་ཉེས་(༦༠ན)


GLG017_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲུང་བྱེད་དེབ་ཐེར་འཕྲེང་། །སྨྱིག་མའི་ཚལ་གྱི་ར་བས་ཡོངས་བསྐོར་བའི། །ཚུལ་ལ་བློ་གྲོས་ལྡན་རྣམས་ཡིད་རབ་གཏོད། །ཅེས་སོགས་གོང་འདྲ། སེ་ར་ཐེག་ཆེན་གླིང་གི་རྟེན་མཆོད་ཀྱི་དེབ་ཐེར་མཐོ་རིས་ཆུ་རྒྱུན། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཨེམབཻདྱསྠིཏཱགཱམནཱཀཱནྟཤཱཀཱིཡནཱསྟིཪྶཏེཛྙཻནཧྲཱིབུདྡྷཀཿམཉྫུགྷོཥཻརྐུམཱརེཀརཛྙཱནནེཏྲཔྲཀཱཤསྱགོཏྟཱརསཽདྷཱིཡཤཿ ཨེ་མ་ཤེས་བྱའི་གནས་ལུགས་ནམ་མཁའི་མཐས། །གཞལ་ནུས་མིན་དེ་ཁྱོད་མཁྱེན་གྱིས་རྟོགས་ཚེ། །འཇམ་དབྱངས་གཞོན་ནུར་བྱེད་པའི་ཡེ་ཤེས་སྤྱན། །རབ་གསལ་འགྲོ་བའི་བླ་མ་བཙོང་ཁ་པ། །མགོན་ཉིད་ཆོས་སྡིངས་གནས་སུ་བཞུགས་པའི་དུས། །ཤེར་ཕྱིན་ངོ་མཚར་གཏམ་གྱི་བཀོད་པའི་གཟུགས། །སྐལ་བཟང་ཡིད་མཁར་འགོག་མེད་ཤར་པའི་གདངས། །ནོར་འཛིན་ཛམྦུའི་གསེར་གྱིས་བྱུགས་པ་འདྲ། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་འབྲས་དིང་། །ཤིང་རྟ་ཆེ་གཉིས་བཞེད་པའི་གཞུང་(༦༠བ)


GLG017_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལ། །ཐོས་བསམ་ཡང་རྩེར་སོན་པའི་ཆོས་ཀྱི་གྲ། །སེ་ར་ཐེག་ཆེན་གླིང་ཞེས་གྲགས་པ་དཀར། །རྒྱལ་སྲས་སློབ་མར་བཅས་པའི་སྐུ་རྟེན་དང་། །གསུང་རྟེན་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག །བདེ་བར་གཤེགས་པ་ཐུགས་རྟེན་རྣམ་བརྒྱད་ཀྱི། །ཕྱུར་བུར་ཀུན་ནས་གཏམས་པའི་དྲི་གཙང་ཁང་། །ཏ་མིང་གོང་མ་ལ་སོགས་ཆེ་རྒུ་ཡིས། །ཡོངས་སྤེལ་མཆོད་རྫས་དེང་བར་ཆད་མེད་དུ། །སྟུག་པོའི་ཆར་སྤྲིན་བཞིན་དུ་བླ་ནས་བླར། །མཐོ་བར་བརྩེགས་པའི་ཁུར་འདི་ལྗིད་དུ་ལྕི། །ཚེ་རབས་གཞན་དུ་བསགས་པའི་བསོད་ནམས་ཀྱི། །འབྲས་བུ་ཆུད་མི་ཟ་བར་མངོན་སུམ་དུ། །མྱོང་བ་མུ་ཏིག་འཁྲི་ཤིང་རྟོགས་བརྗོད་ཀྱི། །བློ་གྲོས་ལྡན་རྣམས་ཡིད་དབང་ཅིས་མི་འཕྲོག །ཕྲ་རྒྱས་ཀུན་ནས་དཀྲིགས་པའི་དྲ་བ་དག །ཐུབ་རྣམས་ཤེས་རབ་མཚོན་གྱིས་བཅད་པའི་ཕྱིར། །སྟེའུ་གཟས་སྡང་ཙནྡན་བྱུག་ལ་ཆགས། །མཉམ་པར་ལྟ་བ་དམ་པ་སྤྱི་ཡི་ལུགས། །འོན་ཏེ་མཆོག་གསུམ་ཡུལ་ལ་བསྔོས་པའི་རྫས། །གཞན་སྤྱོད་ངན་དུ་འགྲོ་བའི་སྒོ་ཕྱེ་ནས། །མེ་འབར་ལྕགས་གོང་ཟ་བའི་སྡུག་བསྔལ་གང་། །བསམས་ཚེ་རྨི་ལམ་ན་ཡང་སུ་ཡི་བཟོད། །དེ་ཕྱིར་དཀོན་ཅོག་བླ་མར་ཡོངས་བཟུང་སྟེ། །སྲི་ཞུར་ལེགས་བྱས་སྒྱུ་མའི་ཟང་ཟིང་ནོར། །སྙིང་པོར་བླངས་པའི་དངོས་ཀུན་སྲིད་མཐའ་བར། །མི་འཛད་ཕྱག་རྒྱས་འཆིང་བ་མཁས་པའི་ལུགས། །མེད་པར་སྒྲོ་བཏགས་ཉེས་མེད་ཨར་ལ་གཏོད། །ཡོད་ལ་ཟོམ་ལུས་ཉེས་ཡོད་ཅི་བདེར་འཇོག །འཁྲུལ་པའི་རང་མཚང་ཉིང་འཁྲུལ་ལྟ་བུ་ལ། །ཚུལ་བཞིན་བརྟགས་དཔྱད་ངང་ཚུལ་དེ་སྤོང་རིགས། །རྒྱུ་མཚན་ཤེས་ནས་ཤོག་བུའི་ལམ་གསུམ་པར། །དོན་གྱི་རླབས་འཕྲེང་ནམ་ཡང་མི་ཡོལ་བ། །(༦༡ན)


GLG017_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེའི་འཕྲེང་བ་མཐོ་རིས་ཆུ་བོའི་རྒྱུན། །དེབ་ཐེར་ཟླ་བའི་མ་མར་རོ་གཅིག་འཁྱིལ། །ཞེས་ཤིས་པ་བརྗོད་པ་སྔོན་དུ་བཏང་སྟེ་གངས་ཅན་བསྟན་པའི་སྒྲོན་མེ་ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། སེ་ར་ཐེག་ཆེན་གླིང་གི་གནྡྷོ་ལའི་རྟེན་གསུམ་མཆོད་རྫས་སྔོན་ནས་ད་ལྟའི་བར་དུ་རིམ་བྱུང་ཀུན་དགའ་ཞེས་པ་ཤིང་སྟག་ཧོར་ཟླ་བརྒྱད་པའི་ཚེས་དགེ་བར་དེབ་ཐེར་དུ་བཀོད་པ་ལ། འོག་མིན་ཞིང་གཙོར་བཞེངས་ཀྱང་ལྔ་བདོའི་འགྲོ། །འདྲེན་ཆེད་སྒྱུ་འཕྲུལ་ལས་བལྟམས་ཉི་མའི་གཉེན། །ཐེག་གསུམ་ཟབ་རྒྱས་རྒྱུད་མངས་ཆོས་ཀྱི་གླུར། །བླངས་ནས་སྡུག་ཀུན་ནད་སེལ་སྨན་གྱི་ལྗོན། །ཡིད་གཉིས་ཙམ་གྱིས་འཁོར་བ་ཧྲུལ་པོ་རུ། །བྱེད་ནུས་རྟེན་ཅིང་འབྲེལ་འབྱུང་སྒྲ་བོ་ཆེ། །རབ་སྒྲོགས་སྟོང་ཕྲག་བརྒྱད་པའི་པཱུ་སྟ་ཀཿ །རོ་གཟུགས་ཟླ་བའི་གྲངས་ལྡན་ཚར་དངར་བ། །སྐལ་བཟང་གྲ་ཏོག་གསེར་གཟུངས་ཐར་པ་ཆེ། །མཛངས་བླུན་མཚན་འབུམ་ཐར་ཆེན་ཀླུ་འབུམ་དཀར། །བཀའ་གདམས་གླེགས་བམ་ཆོས་འབྱུང་ལམ་རིམ་སྐོར་། །དགེ་འདུན་རྒྱ་མཚོའི་གསུང་རབ་པར་མ་དང་། །ཨིནྡྲཱ་ནཱི་ལའི་མདངས་འཛིན་ཤོག་བུ་ལ། །གསེར་སྦྱངས་ཁུ་བས་ལེགས་བྲིས་སྨན་གྱི་མདོ། །བརྒྱད་བརྒྱའི་གྲངས་སུ་བྱུགས་རིས་ཤློ་ཀ །ལེགས་བྱས་བྱེ་བར་སྤེལ་བའི་ཕུལ་བྱུང་ཞིང་། །གླེགས་ཤིང་གདོང་དར་སྐུ་རགས་ལ་སོགས་པས། །གསུང་རབ་འགྲེལ་པར་བཅས་ལ་སྲི་ཞུ་རུ། །བསྐྲུན་པའི་དགེ་ཚོགས་བྱང་ཆུབ་ཕྱིར་བསྔོས་པའི། །འབྲས་བུ་ནམ་མཁའི་མཐས་ཀྱང་གཞལ་ནུས་ཅི། །བྱེད་པོ་སེམས་ཅན་ཀུན་འདྲེན་སྟོབས་བཅུ་པོ། །ཡོངས་མངའི་རྩལ་(༦༡བ)


GLG017_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ངེས་པ་ལྔ་ལྡན་དུ། །ལྷུན་གྲུབ་སྣ་ཚོགས་སྤྲུལ་པ་གངྒཱའི་ཀླུང་། །རྡུལ་སྙེད་གྲངས་བཞིན་ཟློས་གར་ལེགས་བསྒྱུར་ཤོག །འདི་དོན་ཕན་ཚིག་བརྗོད་དང་ལུས་ངལ་བསྟེན། །བདོག་པ་སྤེལ་སོགས་མཐུན་རྐྱེན་བསྒྲུབས་སོ་ཅོག །ལྷ་མིའི་སྲིད་པ་རིམ་པར་བརྒྱུད་བརྒྱུད་ནས། །རིང་པོར་མི་ཐོགས་རྫོགས་འཚང་རྒྱ་བར་ཤོག །ཐུབ་བསྟན་སྤྱིད་དང་ཞྭ་སེར་འཆང་བའི་སྡེ། །དེ་འཛིན་འདུས་པར་བཅས་དར་འདབ་སྟོང་དབུས། །འཇིག་རྟེན་གསུམ་གྱི་ཕན་བདེའི་ཟེའུ་འབྲུར། །མྱངས་པའི་རྒྱང་གླུ་འགྲོ་རྣམས་རྟག་ལེན་ཤོག །འདིས་མཚོན་ཆོས་དཀར་སྔོན་ནས་ད་ལྟའི་བར། །བསགས་པའི་འབྲས་བུ་རྒྱ་ཤུག་ཚི་གུ་ཡིས། །དྲང་བར་ནུས་མིན་མ་རྒན་སྐྱེ་རྒུའི་ཚོགས། །ཀུན་མཁྱེན་ཡེ་ཤེས་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདི་ཡང་རྨེ་རུ་བླ་མ་རིན་ཅེན་རྒྱ་མཚོས་གསུང་རབ་དགོངས་འགྲེལ་དང་བཅས་པའི་གླེགས་བམ་བརྒྱ་དང་སུམ་ཅུ་སྐོར་པར་དུ་བཏབ་ཅིང་སྨན་བླའི་མདོ་ཆོག་གི་ཚེ་ཉེ་བར་མཁོ་བ་སྨན་མདོ་བརྒྱད་བརྒྱ་པའི་གསེར་ཆོས་བཞེངས་པའི་དུས་བསྔོ་སྨོན་གྱི་ཚིགས་བཅད་དགོས་ཚུལ་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །དཱི་ཐེག་ལེ་བཅུ་དྲུག །པཾ་ཀཱ་རའི་ཡེ་ཤེས་སྒྱུ་མའི་འཕྲུལ། །བཅུ་དྲུག་ཐིག་ལེར་རྒྱལ་བ་རྒྱ་མཚོའི་ཚོགས། །ཡོངས་ཤར་སྐལ་བ་མཆོག་གི་སྤྱོད་ཡུལ་ལ། །བྱང་ཆེན་བར་དུ་འབྲལ་བ་མེད་པར་ཤོག །སྲིད་འཇིག་རྟེན་དབང་ཕྱུག །པའི་རྒྱ་མཚོ་ཆེ་ལས་འགྲོ་བ་ཀུན། སྒྲོལ་པའི་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྲུ། །འཇིག་རྟེན་དབང་ཕྱུག་ཁྱོད་ཞལ་བྱང་ཆུབ་བར། །(༦༢ན)


GLG017_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་བདུད་རྩིར་ལྟ་བའི་སྐལ་བཟང་སྩོལ། ཞི་བཀའ་བརྒྱད། དང་ཁྲོ་བོའི་བདེ་བར་གཤེགས་སོ་ཅོག །ཀུན་བདུས་དཔལ་ཆེན་ལ་སོགས་གྲུབ་སྡེ་བརྒྱད། །རྟེན་དང་བརྟེན་པར་བཅས་པའི་མཆོག་ཐུན་གྱིས། །རྨད་བྱུང་མཐུ་རྩལ་བྱིན་ཆེན་དབབ་ཏུ་གསོལ། །འཇིག་ཚེ་དཔག་མེད་འཆི་བདག་བདུད་འཇོམས། རྟེན་གསུམ་ལ་དབང་བའི་འཆི་བདག་བདུད། །མ་ལུས་འཇོམས་པར་ནུས་པའི་བཅོམ་ལྡན་འདས། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡིས། །སྙིང་གི་དཔལ་བེའུ་བདུད་རྩིས་གཏམས་པར་མཛོད། །དབྱར་རྟ་མགྲིན་དམ་སྲི་ཟིལ་གནོན། གྱི་ཆར་སྤྲིན་ལྟ་བུའི་སྙིགས་དུས་འདིར། །ལང་ལོང་འཁྲིགས་པའི་དམ་སྲིའི་སྙིང་ག་རུ། །དཔལ་ཆེན་རྟ་མགྲིན་ཞབས་ཀྱི་བྲོ་བརྡུངས་ནས། །གདུག་རྩུབ་ཚ་བའི་དཔལ་ཀུན་ཟིལ་གྱིས་གནོན། །ཟག་བླ་མ་བདེ་ཆེན་དབང་ཕྱུག །མེད་བདེ་བ་ཆེན་པོའི་རོས་མྱོས་པས། །མཆོག་ཐུན་དངོས་གྲུབ་ཀུན་ལ་དབང་ཕྱུག་པ། །རིགས་བདག་བླ་མ་པདྨ་འབྱུང་གནས་ཀྱིས། །བྱང་ཆེན་མ་ཐོབ་པར་དུ་རྗེས་ཟུངས་ཤིག །འཆི་རིགས་ལྔའི་འཆི་མེད་མཆོག་སྦྱིན། མེད་ཚེ་ཡི་དགའ་སྟོན་མཆོག་སྦྱིན་པར། །རིགས་ལྔ་སོ་སོའི་རང་གཟུགས་འཇའ་ཚོན་ལྟར། །མ་འདྲེས་རབ་སྤྲས་སྲོག་གི་ཀ་བ་ལ། །གཞོམ་མེད་རྡོ་རྗེའི་ཕྱག་རྒྱས་དམ་དུ་ཆིངས། །འཕྲིན་ཡང་གསང་ཀརྨ་དྲག་པོ། ལས་རིགས་འཛིན་ཀརྨ་དྲག་པོ་རྩལ། །ཆེས་ཆེར་རབ་ཏུ་ཁྲོས་པ་གཏུམ་པོ་ཆེ། །ཡང་གསང་དཔའ་བོའི་མཚོན་གྱིས་བདུད་སྡེ་དང་། །འཕུང་བྱེད་འདྲེ་སྲིན་འབྱུང་པོ་རྡུལ་དུ་རློགས། །སྡེ་ཕྱག་རྡོར་དྲེགས་འདུལ། བརྒྱད་དྲེགས་པ་འདུལ་བའི་(༦༢བ)


GLG017_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་རུ། །སངས་རྒྱས་ཀུན་གྱི་གསང་འཛིན་རྡོ་རྗེ་ཆེ། །ཕྱོགས་བཅུར་གདེངས་ནས་ཡིད་སྲུབས་དཔུང་བཅས་རྣམས། །མིང་གི་ལྷག་མ་ཙམ་དུ་ཚར་ཆོད་ཅིག །གདེངས་ནཱ་ག་རཀྴ། ཅན་ཚོགས་དང་ས་བདག་གཉན་གྱི་དུག །འཇོམས་ནུས་འཇམ་དཔལ་སྲིན་པོ་རིགས་ལྔ་ཡི། །བྱིན་རླབས་རྣམ་པར་རྒྱལ་བའི་སྨན་མཆོག་གིས། །སྒོ་གསུམ་ཕན་དང་བདེ་བའི་ལམ་ལ་སྦྱོར། །མི་རྡོ་རྗེ་གྲོ་ལོད། བསྲུན་བདུད་དང་དམ་སྲི་གཉིས་འཐུང་མགོ །ཆེར་འཐག་མཐུ་སྟོབས་གདོང་ལྔ་འབར་བའི་གཟི། །ཆོལ་པའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །སྲིད་གསུམ་ཟིལ་གནོན་གར་གྱིས་ལོགས་འདྲེན་སྒྲོལ། །ཕུན་ཚེ་དཔག་མེད་དངས་མ་བཅུད་འདྲེན། ཚོགས་བརྟན་གཡོའི་ཚེ་དང་དངས་མའི་བཅུད། །སྲོག་གི་ཟུངས་སུ་འདྲེན་པའི་འཆི་མེད་ལྷ། །སྟོན་མཚན་ཟླ་བའི་བཀྲག་དང་གཟི་བྱིན་གྱིས། །ཉི་མའི་བུ་ཡི་སྨག་རུམ་ཕ་མཐར་སྐྲོད། །རྟ་རྟ་འགྲིན་ཁམས་གསུམ་ཟིལ་གནོན། སྐད་བསྒྲགས་པ་ཙམ་གྱིས་ཁམས་གསུམ་རྣམས། །ཟིལ་གནོན་དབང་ཆེན་དབུ་དགུ་བཅོ་བརྒྱད་ཕྱག །ཞབས་བརྒྱད་དོར་སྟབས་གར་དགུའི་རོལ་པ་ཡིས། །ལུས་མེད་དཔུང་བཅས་དོན་སྙིང་ལྐོག་མར་ཕྱུངས། །ཉོན་མོངས་སྨན་བླ། དུག་ལྔའི་རྩ་བ་དྲུང་ཕྱུང་བའི། །ཞར་ལ་བཞི་བརྒྱ་རྩ་བཞིའི་ནད་ཀྱི་ཚོགས། །མཐར་བྱེད་སྨན་གྱི་བླ་མ་བཻ་ཌཱུཪྻཿ །འོད་ཀྱི་རྒྱལ་པོའི་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །ཤེས་ལྷ་མོ། རབ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །དྲི་ཟའི་བུ་མོར་སྤྲུལ་པ་དབྱངས་ཅན་ལྷ། །སྲིད་གསུམ་བདག་མོ་འཕྲིན་ལས་རྣམ་བཞིའི་ལྷས། །བསམ་པའི་རེ་བ་ཡོངས་སུ་སྐོང་བར་མཛོད། །(༦༣ན)


GLG017_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཀོད་རྒྱབ་ཡིག །སམྤྲཏེརྡྷརྨབྷནྡྷཱབབྷཱསེདྭིབྷནྡྷསྭཔཱིཀསྶམཱནཱཏིམྲྀཐྱཱཔཙ།ཨཱཀཤེབྷཪྵམེགྷོཡཐཱབྱཱཔཧེཏུྉྥལོཤྩུཥྨམཱབྷཱབབྷཱབཻབཀཿ ཀུན་སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན། རྫོབ་ཆོས་རྣམས་འཁྲུལ་པའི་སྣང་བ་ལ། །ཉིང་འཁྲུལ་རྨི་ལམ་ལྟ་བུར་ཆེས་རྫུན་ཀྱང་། །མཁའ་ལ་ཆར་སྤྲིན་ཇི་བཞིན་ཐ་སྙད་དུ། །རྒྱུ་འབྲས་འཆོལ་བར་མི་འབྱུང་དངོས་པོའི་གཤིས། །རིག་པ་རང་བྱུང་རྒྱལ་བ་རྒྱ་མཚོའི་ཞིང་། །ཚད་བཟུང་མཐའ་བྲལ་ངོ་མཚར་ཆོ་འཕྲུལ་ཀུན། །སྣང་དང་ཤེས་པའི་ཉམས་སུ་འགོག་མེད་པར། །འཆར་བའི་ངང་ཚུལ་དེ་ལ་གང་གིས་བསྙོན། །དེ་ཕྱིར་བགྲང་ཡས་ལྷ་ཡི་རོལ་གར་དང་། །སྣ་ཚོགས་ཞིང་གི་བཀོད་པ་སྒྱུ་མའི་སྤུན། །བརྒྱ་ཕྲག་ཚོན་དང་ཕྲད་པའི་མན་ཤེལ་བཞིན། །རས་དཀར་གཙང་མའི་ངོས་ལ་བཤར་འདི་མཚར། །གང་དེ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས། །ཡོན་སྦྱར་ཟུར་རིགས་འཕྲིན་ལས་རྣམ་རྒྱལ་སོགས། །གཙུག་ལག་ལྟ་བའི་(༦༣བ)


GLG017_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཡངས་མཁས་རྣམས་ཀྱིས། །སྒོ་གསུམ་འབད་པས་བསྐྲུན་པའི་མཐུ་ལས་པོ། །དགེ་ཚོགས་བྱང་ཆུབ་བར་དུ་རབ་འཕེལ་འབྲས། །སྲིད་ཞིའི་ཡོན་ཏན་ཕུང་པོ་ལེགས་ཕྱུར་ཏེ། །འགྲོ་འདྲེན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །རིང་མིན་མངོན་དུ་འགྱུར་བའི་དགེ་ལེགས་སྩོལ། །ཞེས་རྒྱ་ཅན་གྱི་ལྷ་ཚོགས་དང་ཞིང་བཀོད་བསྡོམས་པའི་ཞལ་ཐང་གྲ་ཚར་སུམ་ཅུ་རྩ་ལྔ་རི་བོ་ཆོས་གླིང་པ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །ཞིང་ཁམས་རྒྱ་མཚོར་གསང་གསུམ་སྒྱུ་མའི་གར། །མཐའ་ཀླས་འགྲོ་བའི་སྣང་ངོར་ཡོངས་ཤར་ཡང་། །ཞི་ཁྲོ་དམ་པ་རིགས་བརྒྱ་ལས་གཞན་དུ། །རྙེད་མིན་བདེར་གཤེགས་ཀུན་འདུས་ཐུགས་རྗེ་ཡིས། །ལྔ་པའི་ལམ་གྱུར་རྡོ་རྗེ་སྒྲོལ་མ་གང་། །ཕྱི་ལྟར་ལངྐའི་རྒྱལ་ཁབ་དཔལ་གྱི་རི། །ནང་ལྟར་འོག་མིན་སྟུག་པོ་བཀོད་པའི་གནས། །གསང་བ་ཆོས་ཉིད་ཟད་པའི་གློང་འཁྲིད་ཤོག །དཀར་ནག་ཅི་བྱས་བཏབ་པའི་ས་བོན་བཞིན། །མ་འདྲེས་སོ་སོར་འཆར་ཕྱིར་དགེ་འདིའི་མཐུས། །ཚེ་འདས་ཀྱིས་མཚོན་ལུས་ཅན་ཇི་སྙེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་འཐོབ་གྱུར་ཅིག །སྔགས་བན་ངག་དབང་འཕྲིན་ལས་ཀྱིས་བུ་མོའི་དོན་དུ་ཞི་ཁྲོའི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཆོས་དབྱིངས་མཁའ་ལ་སྤྲོ་ཞིང་ཉེར་(༦༤ན)
སྡུད་པ། །གྲངས་མེད་རྩ་གསུམ་དཀྱིལ་འཁོར་ཆུ་ཤེལ་དབང་། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །འདྲེན་བྱེད་གཟིགས་མོར་རབ་བཀྲའི་ཆོ་ག་རྫོགས། །གྲུ་འཛིན་ལདྒའི་ཁབ་སོགས་ངོ་མཚར་བའི། །བཀོད་པ་རྒྱ་མཚོའི་རྡུལ་སྙེད་ཞིང་ཁམས་སུ། །བཞུགས་ཀྱང་ཚོན་བརྒྱར་ཉེ་བའི་ཤེལ་ལྟར་དུ། །འདི་རྣམས་མ་འདྲེས་དབང་པོའི་གཞུ་བཞིན་གསལ། །ཚངས་པ་རྒན་པོའི་བློ་ཡིས་མ་བྱས་ཤིང་། །འཕྲོག་བྱེད་འཇུག་བཅུའི་རྣམ་འཕྲུལ་མ་ཡིན་པར། །བགྲང་བྱ་ལྟ་ལ་འབྱམ་ཀླས་མི་ངལ་བས། །གཞན་དུ་སྒྱུ་མའི་གྲོང་ཁྱེར་དམིགས་སུ་མེད། །སྨན་ཐང་བཟོ་རིགས་གཙུག་ལག་དེང་འཛིན་མིག །གཉིས་པ་ཡངས་པའི་རྩལ་ལྡན་མཁས་བསྒྲུགས་ཀྱིས། །རི་མོར་འདྲི་བའི་རྐྱེན་རྣམས་མི་ཡི་བདག །བློ་བཟང་མཐུ་སྟོབས་མཁྱེན་བརྩོན་བྱེད་པོས་བསྐྲུན། །དགེ་བའི་ཁ་རྡུལ་མང་བརྩེགས་གངས་རི་ལས། །ལེགས་ཚོགས་ཉལ་འགྲོས་ཉེས་བརྒྱའི་དྲི་མ་ཀུན། །ཡོངས་བཀྲུས་འདི་ཕྱིའི་ཞིང་ས་གཤིན་པོ་ལ། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །ཅེས་རྒྱ་ཅན་གྱི་ཞིང་བཀོད་གྲ་ཚར་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་བཞེང་བར་མཛད་པའི་རྒྱབ་ཡིག་དགོས་ཚུལ་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །


previousརབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་མཛད་པའི་སེར་འབྲས་སོགས་ཀྱི་རྟེན་མཆོད་རྣམས་ཀྱི་དེབ་ཐེར་འགོ་བརྗོད་སོགས།next