Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་མཛད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྤྱི་སྒོས་ཀྱི་རིམ་གྲོའི་གཏོང་དེབ་ཀྱི་འགོ་བརྗོད་དང་། བསམ་ཡས་ཀྱི་གཙུག་ལག་ཁང་ལ་ཕུ་དུད་རྒྱ་ཆེར་སྤེལ་བའི་དཀར་ཆག་སོགས།
   
   
   
   


 
previousརབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་མཛད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྤྱི་སྒོས་ཀྱི་རིམ་གྲོའི་གཏོང་དེབ་ཀྱི་འགོ་བརྗོད་དང་། བསམ་ཡས་ཀྱི་གཙུག་ལག་ཁང་ལ་ཕུ་དུད་རྒྱ་ཆེར་སྤེལ་བའི་དཀར་ཆག་སོགས།next

རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་མཛད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྤྱི་སྒོས་ཀྱི་རིམ་གྲོའི་གཏོང་དེབ་ཀྱི་འགོ་བརྗོད་དང་། བསམ་ཡས་ཀྱི་གཙུག་ལག་ཁང་ལ་ཕུ་དུད་རྒྱ་ཆེར་སྤེལ་བའི་དཀར་ཆག་སོགས།


GLG017_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་མཛད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྤྱི་སྒོས་ཀྱི་རིམ་གྲོའི་གཏོང་དེབ་ཀྱི་འགོ་བརྗོད་དང་། བསམ་ཡས་ཀྱི་གཙུག་ལག་ཁང་ལ་ཕུ་དུད་རྒྱ་ཆེར་སྤེལ་བའི་དཀར་ཆག་སོགས།དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་ངེད་རང་གི་འདྲ་འབག་བཞེངས་པའི་སྨོན་ལམ་དཔག་བསམ་རེ་སྐོང་། བསོད་ནམས་ཉེར་བསགས་གྲངས་མེད་སྐྱེ་བའི་མཚོར། །མགོན་ཁྱོད་ཐུགས་རྗེ་ཟླ་གཟུགས་རྟག་ཤར་ཚེ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་པ། །སྨོན་པའི་རེ་བ་ཇི་བཞིན་འགྲུབ་གྱུར་ཅིག །(༦༤བ)


GLG017_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཨེབཁོབིཎྵུབིཔྲཉྩདྷོདྷརྨཀཱཡཔྲཀྲྀཛྫྙཱནབཱཡཱལིསཾབྷོགཀཿ ཀཱརུཎཱཔཱཏབཻརུདྦྷནོནིརྨཀཱཡསྭབིདྱདིཤཤྱསྟིསཾབྷདྲཀཿ ངོ་བོ་མཁའ་ཁྱབ་སྤྲོས་བྲལ་ཆོས་སྐུའི་ངང་། །རང་བཞིན་ཡེ་ཤེས་འཇའ་རིས་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་འཇུག་འགག་མེད་སྤྲུལ་པའི་སྐུ། །རང་རིག་གདོད་མའི་དཔལ་ལྡན་ཀུན་ཏུ་བཟང་། །གློ་བུར་དྲི་བཅས་སེམས་ཀྱི་འཆིང་རྒྱ་ལས། །ཡོངས་གྲོལ་ཕ་རོལ་དོན་གྱི་པདྨ་འབྱུང་། །ས་ལམ་ཡོན་ཏན་ཡེ་ནས་ལྷུན་རྫོགས་པ། །གཞན་དུ་བསླུ་མེད་གཏན་གྱི་སྐྱབས་དེ་སུ། །ཆོས་ཉིད་ཟད་སར་འཁྱོལ་བ་ཆོས་ཀྱི་སྐུ། །འོག་མིན་ཞིང་གཙོ་ངེས་པ་ལྔལྡན་གར། །རྔ་ཡབ་དཔལ་གྱི་རི་བོར་ཐོད་འཕྲེང་རྩལ། །མཐའ་དག་ཆུ་ཟླ་ལྟ་བུར་རིག་གདངས་ཙམ། །ལྔ་བརྒྱའི་འགྲོ་ངོར་མཚོ་སྐྱེས་རྡོ་རྗེ་ཞེས། །འཛམ་གླིང་ཆེ་བའི་སྔགས་འཆང་གཅིག་པུ་ལས། །དུ་མར་བསྒྱུར་བའི་མཚན་བརྒྱད་རྣམ་འཕྲུལ་གྱིས། །སྒྱུ་མ་མཁན་གྱི་བསྙེམས་པ་(༦༥ན)


GLG017_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བག་ལ་ཞ། །རྒྱལ་ཀུན་འདུས་པ་བླ་མ་རྡོ་རྗེ་འཆང་། །ངོ་མཚར་སྣང་བརྙན་བསོད་ནམས་བྱེ་བའི་ཞིང་། །བསྐྲུན་པའི་སྙིང་སྟོབས་ལྗིད་ཀྱིས་ས་སྲུངས་ཀྱི། །འགྲམ་པར་རྔུལ་ཆུའི་འཕྲེང་བས་བརྒྱན་པ་བཞིན། །ཧེ་རུ་ཀཿདཔལ་གངས་ཅན་པདྨའི་ལྟོར། །གོས་དཀར་རིག་སྔགས་འཆང་བ་སོ་ཟུར་གནུབས། །སྙན་གྲགས་ལྷ་ཡི་རྔ་གསང་སྲིད་པའི་རྩེར། །ལྡིར་བའི་ངང་ཚུལ་དེ་ལ་སུ་ཞིག་བསྙོན། །སེམས་ཕྱོགས་མདོ་རྒྱུའི་བསྟན་པ་བླ་ནས་བླར། །ཡོངས་འདེགས་ཟུར་རིགས་མུཀྟི་ཀ་ཡི་འཕྲེང་། །ཆད་མེད་ལས་འོངས་གཞིས་ཀ་ཤར་པ་ཞེས། །རྒྱུ་སྦྱོར་ལེགས་བྱས་འགུགས་པའི་ཆོ་ག་མཁན། །གྲངས་མེད་སེམས་ཅན་རྣམས་ལ་དགེ་བའི་འབྲས། །དངོས་ཞར་འདིའི་ཆེད་མཐུན་རྐྱེན་བསྒྲུབས་སོ་ཅོག །གནས་སྐབས་ལྷ་ཡི་ཚེ་དཔལ་ལ་འགྲན་ཅིང་། །རིང་མིན་ཀུན་མཁྱེན་ཡེ་ཤེས་འཐོབ་པར་ཤོག །སྦྱིན་པའི་བདག་པོ་ཚེ་འདིར་གྲོལ་བའི་ལམ། །མགོན་ཁྱོད་ཐུགས་རྗེས་རྙེད་ན་སྨོས་ཅི་འཚལ། །གལ་ཏེ་སྐལ་ཞན་ཡང་སྲིད་ཕྱི་མ་ཚེ། །པདྨ་འོད་ཀྱི་ཞིང་དུ་སྐྱེ་བར་ཤོག །གསོལ་འདེབས་བསམ་པ་ལྷུན་གྱིས་གྲུབ་པ་རུ། །ཞལ་འཆེས་རྡོ་བའི་རི་མོ་མི་འགྱུར་ཕྱིར། །འདི་ཕྱི་བར་གྱི་མདུན་མ་གྲུ་བཞི་པར། །འཁྱེར་བར་བྱིན་རློབས་རྗེ་བཙུན་ཐོད་འཕྲེང་རྩལ། །མཁའ་ལ་རྩ་གསུམ་ཐུགས་རྗེའི་ཆུ་འཛིན་འཁྲིགས། །བར་དུ་ཐེག་མཆོག་ཆོས་ཀྱི་འབྲུག་སྟོང་ལྡིར། །ས་ལ་ཕན་བདེའི་ལོ་ཏོག་རབ་ཏུ་སྨིན། །དུས་ཀུན་བཀྲ་ཤིས་དཔལ་གྱིས་ཁྱབ་པར་ཤོག །ཅེས་ཟུར་གྱིས་(༦༥བ)


GLG017_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཆང་གཞིས་ཀ་ཤར་པ་སྤུན་རིགས་ཀྱི་བུ་དང་བཅས་པས་མཚན་བརྒྱད་ཀྱི་སྐུ་བརྙན་དང་མཆིས་བྲང་རྒྱལ་མོས་བྱམས་པའི་གསེར་ཐང་བཞེངས་པ་རྣམས་ཀྱི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཉན་རང་ཞི་བདེའི་ལམ་ནས་ཉེར་བསླང་བའི། །ཐུགས་བསྐྱེད་སྐྱ་རེངས་ཀྱིས་དྲངས་ས་ལམ་མཁར། །ཆོས་གཟུགས་དཀྱིལ་འཁོར་རྒྱས་པའི་བདེ་བར་གཤེགས། །རབས་བདུན་ཉིན་མོར་བྱེད་པས་རྟག་ཏུ་སྐྱོངས། །གཞན་ཕན་རྒྱལ་སྲས་སྤྱོད་ཞོར་རང་གི་དོན། །གྲུབ་ནས་ངལ་བ་མེད་པར་འགྲོ་རྒྱུད་ཀྱི། །སྒྲིབ་གཉིས་བག་ཆགས་སྦྱོང་བའི་ཐབས་མཁས་ཁུར། ཁྱེར་བ་ལ་གཞན་མཛད་པ་ཅི་ཞིག་མཆིས། །དེ་ཕྱིར་བདག་སོགས་སྙིགས་མ་ལྔ་བདོའི་འགྲོ། །བོར་ཏེ་བཏང་སྙོམས་ཞི་བདེའི་དབྱིངས་གཞོལ་ན། །སངས་རྒྱས་མཚན་དེ་སྙན་ཡང་ཉན་རང་ལས། ཁྱད་ཞུགས་ཡོན་ཏན་དེ་ཀོ་མིང་ཙམ་གྱུར། །སྔོན་གོམས་བདག་གི་མི་དགེ་བྱས་པའི་འབྲས། །སྨིན་པ་འདྲེན་པ་རྣམས་ལ་ཡུས་ཀྱི་གཏམ། །གསོལ་བ་འོས་སུ་མི་ཆེ་རང་ཉེས་ཀྱང་། །བུ་ཡིས་མ་མིན་གཞན་དག་སུ་ལ་རེ། །འགྲོ་རྣམས་ཐུགས་རྗེའི་ཕྱག་གིས་གནས་སྐབས་དང་། །མཐར་ཐུག་སྡུག་བསྔལ་ཀུན་ལས་ཡོངས་བསྒྲལ་ཏེ། །དེང་ནས་སྟོབས་བཅུ་མངའ་བ་མ་ཐོབ་བར། །བདེ་སྐྱེད་དཔལ་ལ་སྦྱོར་ཞིག་འཕགས་མཆོག་ཀྱེ། །རྣམ་འདྲེན་སྐུ་གཟུགས་རྒྱུ་སྦྱོར་ཡོན་བདག་དང་། །བཟོ་རིག་བྲན་འཁོར་ལས་བྱེད་ཇི་སྙེད་པ། །མེ་ཞལ་ཚེ་འབྱོར་མཚུངས་པར་རྟག་སྤྱོད་(༦༦ན)


GLG017_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །རིང་མིན་མགོན་ཁྱོད་སྤང་རྟོགས་རྗེས་འགྲོར་ཤོག །ཁ་བའི་ལྗོངས་འདི་སུམ་རྩེན་ལྟར་བདེ་ཞིང་། །ཐུབ་པའི་བསྟན་འཕེལ་དེ་འཛིན་ཡུན་དུ་གནས། །བསམས་དོན་ཡིད་བཞིན་འགྲུབ་པའི་དགེ་ལེགས་ཀྱིས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་རྒྱ་མཚོ་སྩོལ། །ཅེས་ལྷ་ས་བྱང་གླིང་བསམ་གྲུབ་རྒྱལ་པོས་སངས་རྒྱས་རབས་བདུན་གྱི་གསེར་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྒྱལ་ཀུན་ཐུགས་རྗེའི་སྣང་བ་ཆེར་འབར་བས། །སྒྲིབ་གཉིས་དེ་འབྲས་ཉེས་བརྒྱའི་མུན་སངས་ཏེ། །འདི་ཕྱི་གཏན་གྱི་ཕན་བདེ་ཡོངས་གསལ་བའི། །དགའ་སྟོན་ལ་སྦྱོར་རྩ་གསུམ་ལྷ་ཚོགས་ཀྱེ། །ཞེས་ཤིང་ཡོས་རྩེས་དང་དཔལ་གྲོང་རབ་འབྱམས་པ་ངག་དབང་དགེ་ལེགས་ཀྱིས་ལྷ་ས་སྨོན་ལམ་ཆེན་མོར་གྲ་སྐོར་བགྱི་སྐབས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་དུ་དངུལ་སྲང་ཉི་ཤུ་རྩ་གསུམ་ལས་གྲུབ་པའི་ཀོང་བུ་ཕུལ་བའི་ཁ་བྱང་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཨེ་མ་ཤེས་བྱའི་ཡུལ་ལ་སྲིད་དོ་ཅོག །མཐའ་སླས་གནས་ལུགས་རྟོགས་བྱེད་རིགས་པའི་འཕྲུལ། །གྲངས་ཀྱི་ཁྱད་པར་ཇི་སྙེད་འཕགས་བོད་ཀྱི། །ལོ་པཎ་མཁས་པའི་གསུང་ལས་རླུང་བཞིན་གྲགས། །འོན་ཏེ་སྙིང་པོ་མ་ཕམ་ཞལ་གྱི་སྒོར། །ཆེར་བསྔགས་ཉི་ཟླ་ལྟར་གསལ་རིག་པ་ལྔའི། །ནང་ཚན་རྗེས་འཛིན་བཟོ་གཟུགས་དཔྱོད་ལྡན་གྱི། །ཡིད་ངོའི་མེ་ལོང་གཙང་མར་ཅི་ཡང་འཆར། །ལུས་ངག་སེམས་ཀྱི་རྣམ་(༦༦བ)


GLG017_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅོས་པའི་གར། །མངོན་རྗེས་ཚད་མའི་དོ་རར་ཡོངས་བསྒྱུར་བའི། །ཕ་མཐའ་འཚོལ་ལ་མེས་པོས་གདོང་པ་བཞི། །སྤྲུལ་ཀྱང་མ་རྙེད་ཟག་བཅས་གཉིད་ལ་གཡུར། །དེ་ནང་ལུས་གྱི་སྒྱུ་རྩལ་མཆོག་དམན་བར། །ཀུན་རྟོག་པིར་གྱིས་དྲིས་པའི་རོལ་པ་ལས། །རྒྱལ་དང་དེ་སྲས་སློབ་མའི་ཚོགས་རྣམས་ཀྱི། །སྣང་བརྙན་བསོད་ནམས་རྒྱ་མཚོའི་ཞིང་གི་ཕུལ། །རྣལ་འབྱོར་གསང་མཐའ་མ་རྒྱུད་སྡོམ་འབྱུང་དང་། །རྒྱུད་འགྲེལ་དྲི་མ་མེད་པའི་འོད་སོགས་ལས། །འོངས་པའི་ཆ་ཚད་དབྱེ་བ་འཆི་མེད་ལམ། །རྒྱུ་སྐར་འཕྲེང་བ་ཇི་བཞིན་ཚར་དུ་དངར། །སྔོན་རབས་གཙུག་ལག་གཉིས་པ་ཤེས་པའི་མིག །དཀྱུས་རིང་མང་རྗེས་བཀྲ་ཤིས་རྒྱལ་པོའི་མཚན། །རབ་སྙན་མ་དྲོས་མཚོ་ལས་ལེགས་བབས་པ། །སྨན་མཁྱེན་གངྒཱའི་སིནྡྷུའི་ཀླུང་ཆེན་འཕེལ། །བློ་གྲོས་སྲད་བུར་བརྒྱུས་པའི་གཟུགས་བརྙན་གྱི། །མུ་ཏིག་འཕྲེང་འདྲེན་རི་མོ་མཁན་མང་དིང་། །ལྟོ་ཕྱིར་གང་དྲན་སྲིན་བུའི་སུག་རྗེས་ཅན། །ངོ་ཚའི་གོས་བྲལ་ལྗིད་ཀྱིས་གསེར་ལྡན་ཁྱོད། །ལྷ་ཡི་བཟོ་བོ་གཉིས་པ་སྨན་ཐང་པ། །དོན་ཀུན་གྲུབ་དང་རྗེས་འཇུག་རིང་མཁར་བ། །དྲི་ཟའི་བུ་མོས་མངོན་སུམ་ཞལ་བསྟན་པའི། །ལེགས་བཤད་འདི་ཀོ་མངོན་མེད་ཡང་དག་ལམ། །དིང་སང་བྲིས་འབུར་སྐུ་དང་ཐུགས་ཀྱི་རྟེན། །བཞེང་ལ་ཆ་ཚད་དགོས་ངེས་སྙན་པོའི་གཏམ། །གབ་པའི་རི་མོ་ཇི་བཞིན་ཉེར་སྦས་པ། །གསལ་བར་བྱེད་ལ་ཤེས་ལྡན་སུ་མི་སྤྲོ། །དེ་ཕྱིར་ལྷ་རིགས་བྱ་ནག་གདུང་འཛིན་ཅིང་། །སྔ་རིག་དོན་རྟོགས་རྣམ་གླིང་དཀོན་ཅོག་དང་། །བྲིས་འབུར་བཟོར་(༦༧ན)


GLG017_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གཏིང་སྐྱེས་ལྷུན་པོ་ཡིས། །ཆོས་སྦྱིན་འཛད་མེད་པར་དུ་བསྐྲུན་ལ་བསྐུལ། །ཕྱོགས་ལྷུང་སྤྲིན་ལ་མིག་གཏོས་འཁྱོག་པོའི་མངལ། །འཛིན་པའི་རྨ་བྱ་མང་མོད་དྲང་པོའི་བློས། །མཁྱེན་བརྩེའི་རྣམ་དཔྱོད་མཚོར་ཤར་ཚད་ཀྱི་ཟླ། །སླད་མར་ཉ་རྒྱས་ལྟ་བུར་སྤེལ་བར་སྤྲོ། །གནའ་བོར་ཞེན་པའི་དབང་རྟུལ་དད་ཆུའི་སྣ། །རྨོངས་པའི་ས་ལ་གར་ཁྲིད་མ་ཡིན་པར། །མཁས་པའི་བསྟན་བཅོས་ལུས་ཕྲས་ཕྲོགས་པའི་ཡིད། །ཀུན་སློང་ངན་པའི་རྒན་རྗེས་ག་ལ་རྒྱུག །སོས་དུས་ཁུ་བྱུག་ལང་ཚོ་རྒྱས་པའི་སྐད། །ཐོས་འཛིན་ཡུལ་དུ་ལྷང་ལྷང་ཆེས་སྙན་ཡང་། །ནགས་ཁྲོད་ཁྭ་དའི་ཚིགས་ཀྱི་ཅ་ཅོའི་སྒྲ། །སྒྲོགས་ལ་སུ་ཞིག་རྣ་བ་ག་ལ་གཏོད། །སྐྱེ་མངས་བག་ཆག་བཟང་པོ་སྒོ་ངའི་སྦུབས། །ཕུལ་བྱུང་ཤེས་རབ་རྩལ་སྒྲོ་ཉེར་རྫོགས་ནས། །ཡིད་ལ་ཀུན་དགའ་སྟེར་པའི་གླུ་དབྱངས་མཁན། །འདབ་ཆགས་ཀ་ལ་པིངྐའི་ཚུལ་ལ་རངས། །བསོད་ནམས་བྱས་འདིས་ཡང་སྲིད་ཐམས་ཅད་དུ། །སྲས་བཅས་རྒྱལ་བའི་སྐུ་གཟུགས་བྱེད་པ་པོར། །ཡོངས་བརྒྱུད་དྲི་མེད་རྒྱལ་པོའི་རྣམ་པར་ཐར། །འཛིན་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཉེར་འབད་པར་གྱི་ཆུ་འཛིན་སྟུག་པོ་ལས། །མི་འཛད་གླེགས་བུའི་ཆར་གྱི་རྒྱུན་ཆེན་པོས། །འཁྲུལ་མེད་ཆ་ཚད་སྙེ་མ་ཡོངས་དུད་པས། །དགེ་འབྲས་རོ་བདའི་སྐྱ་དེ་རྒྱལ་བར་ཤོག །དཀོན་ཅོག་ཐུགས་རྗེ་བརྒྱ་ཕྱིན་གཙུག་ཏོར་རྩེ། །རེག་པའི་མོད་ལ་དུཿཁས་མནར་བའི་གཟུགས། །བདེ་ལྡན་ལྷ་ལུས་ལྟར་གྱུར་མཁའ་མཉམ་འགྲོར། །སྐྱིད་པའི་ཉི་མ་དགུང་ནས་འཆར་པར་ཤོག །ཅེས་གངས་རིའི་ལྗོངས་འདིར་སྨན་མཁྱེན་གཉིས་ཞེས་ཉི་ཟླ་ལྟ་བུར་གྲགས་པའི་ནང་ཚན་སྨན་བླ་དོན་གྲུབ་ཀྱིས་མཛད་(༦༧བ)


GLG017_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ཚད་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་རབ་ཏུ་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་། སྒྲ་དབྱངས་ལྷ་མོས་རྗེས་སུ་བཟུང་བ་འཕྲང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོས་མཛད་པའི་ཆ་ཚད་ཀྱི་ཡི་གེ་གཉིས་པར་དུ་བརྐོ་བའི་བདུན་པ་ཡོད་པའི་སྟེང་། བྱ་རིགས་གནས་ལྔ་སྨྲ་བ་རྣམ་གླིང་དཀོན་ཅོག་ཆོས་གྲགས་དང་བྲིས་འབུར་གྱི་ཚུལ་ལ་བློ་མིག་ཡངས་པ་གཏིང་སྐྱེས་པ་ཚེ་དབང་ལྷུན་པོ་གཉིས་ཀྱིས་མཚམས་སྦྱར་པའི་རྐྱེན་གྱིས་རབ་བྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་ཤིང་ཡོས་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོས་པའི་པར་བྱང་འདི་ནི་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྤྱི་སྒོས་ཀྱི་རིམ་འགྲོའི་གཏོང་དེབ་ཀྱི་འགོ་བརྗོད་རྨུགས་འཛིན་བང་མཛོད་ཁ་འབྱེད། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) བཱིཎཙཱཀྲྀཥྚརཱཀྟོཏྤལདྡྷདནཔཱཏྲཾདྭིབིཥྞོལོདྒྷདྨུཁཾཀཻཏུནཱ།ཏིཥྛཙཱལསྱཙཻཏྟེཏྲིབྷཱུབེཤསཱམསྱབཻདྱཻཪྶུརཱཤྲེཡཀཾཡཙྪཏུ། རྒྱུད་ཀྱིས་བཀུག་པའི་ཨུཏྤལ་དམར་པོའི་གཞུ། །འདབ་ལྡན་ཟུང་འཇུག་མེ་ཏོག་ཁ་འབུས་མཛེས། །བརྟན་གཡོའི་སྙིང་ཁ་ཕུག་ཚེ་སྲིད་པ་གསུམ། །དབང་སྡུད་རིག་བྱེད་ལྷ་མོས་ཤིས་པ་སྩོལ། །མཐའ་ཕྱག་གཉིས་ཀྱི་སོར་(༦༨ན)


GLG017_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ནེའུ་ལེའི་མགྲིན། །བཙིར་ལས་ལོངས་སྤྱོད་མི་ཟད་འདོད་དགུའི་དཔྱ། །སྐྱུག་མཛད་ཆགས་པ་རྡོ་རྗེ་ཛམ་བྷ་ལ། །པདྨ་རཱ་གའི་མདངས་འཛིན་ཁྱོད་ཀྱིས་སྐྱོངས། །བླ་མ་ཡི་དམ་མཁའ་འགྲོ་མཆེད་ལྕམ་དང་། །ཆོས་སྐྱོང་སྲུང་མའི་དགྱེས་སྐོང་མཐུན་པའི་རྫས། །རྩིང་སྤྱོད་མཐོ་དམའི་སྐྱོན་བྲལ་མུ་ཐི་ལ། །སྲད་བུར་བརྒྱུས་འདྲའི་བརྗེད་བྱང་དེབ་ཐེར་དགོད། །དེ་ཡང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་དུ་ཟླ་རེར་གཏོང་བའི་དུས་གཏོར། ཚེས་གཅིག་ལོ་གསར་དང་ནག་ཟླའི་ལྷ་ཞལ་གཉིས་ཀྱི་མཆོད་གཏོར་ཆེན་མོ། སྤྲེལ་ཟླའི་ཚེས་བཅུ། མདོས་བསྐང་། ཁྲོ་རོལ །ལོ་འཇུག་དུས་རིམ། ཆར་ཅན། ངེས་མེད་ཀྱི་རིམ་གྲོ་ཚོགས་གཏོར་དང་མཚམས་ཁག །གཟིམས་ཆུང་མགོན་ཁང་ཟུར་རྒྱས་གསང་སྔགས་ཕོ་བྲང་སྟེང་ཤོད། གསང་སྔགས་དགེ་ཚལ་སོགས་གྱི་གཏོར་གཞི་སྤོ་བས་མཚོན། བསྟན་པ་སྤྱི་སྒོས་ཀྱི་རིམ་གྲོ་གཏོང་དགོས་ཀྱི་བརྗེད་ཐོའི་ཤོག་རིལ་སྣ་ཚོགས་ཆད་ལྷག་མཐོ་དམའ་ཆེ་ཞིང་མི་མཐུན་པ་མང་བའི་ཡིད་བརྟན་ཁེལ་དཀའ་བ་ཞིག་འདུག་པར་ཚིག་རོ་ཕུད་ཅིང་ཞུས་དག་བཏང་བའི་ངོས། འཕར་ཆག་ཅི་དགོས་ཞིབ་མོར་དཔྱད་ནས་ལྷ་བསངས་དང་བསྟན་གསོལ་གྱི་ཕྱེ་མར་མ་གཏོགས་འདེགས་གཤོར་མཁའ་རུ་ཞེ་གཅིག་ཏུ་བྱས་ཏེ་ཕྱག་མཛོད་དང་གཉེར་ཚང་སོ་སོ་ནས་གཏོང་དགོས་ཀྱི་རིམ་པ་རབ་བྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་ཤིང་ཡོས་ཧོར་ཟླ་བཞི་པར་གཏན་འབེབས་ཀྱི་དེབ་ཐོར་བཀོད་པ་ལ། ཨེ་མ་སྲིད་ཞིའི་གདུང་བ་སྐྱོབ་པ་ལ། །མཁྱེན་བརྩེ་ནུས་པའི་ལོ་འདབ་ཕང་ཕུང་གིས། །བསིལ་བའི་གྲིབ་མར་འགྲོ་རྣམས་ངལ་གསོ་བ། །རྫོགས་སངས་(༦༨བ)


GLG017_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་ཤིས་ལུགས་རྨད་པོ་ཆེ། །འོན་ཏེ་ཆེར་བདོའི་སྙིགས་མ་ལྔ་ཡི་མུན། །སྡུག་བསྔལ་མལ་དུ་གཉིད་གཡུར་ལུས་ཅན་ཚོགས། །བདེ་སྐྱིད་ཚ་གསེར་འདྲེན་པའི་རྟ་ལྗང་རྩལ། ཁྱད་ཞུགས་བདེ་བར་གཤེགས་པ་བདུན་དུ་གྲགས། །ནམ་ཡང་དྲང་པོར་གསུངས་པས་ཚད་མའི་དཔང་། །ཉི་མའི་གཉེན་ལྗགས་ཡངས་ཤིང་རིང་བརྐྱང་ལས། །སྨན་མདོ་བརྒྱད་བརྒྱ་པར་སྩལ་ཕན་ཡོན་ལ། །རྫུན་ཞེས་རྒོལ་བར་བྱེད་པའི་ཀླན་ཀ་སུ། །ལྷ་སྲས་ཁྲི་སྲོང་ལྡེ་བཙན་བཞེད་སྐོང་སླད། །མཁན་ཆེན་བོ་ངྷི་ས་ཏྭས་ཆོ་གའི་གཞུང་། །བྱིན་རླབས་ས་བོན་གངས་ལྡན་དཔལ་མོའི་ལྟོར། །སྦྲུམས་པའི་ཕན་བདེའི་མངལ་ཁུར་གཅིག་ཏུ་ལྕི། །སྔོན་རབས་ཚད་མར་གྱུར་པའི་མཁས་རྣམས་ཀྱིས། །མདོ་སྔགས་མ་འདྲེས་དགོངས་དོན་ལེགས་བཀྲལ་ཀྱང་། །འཆལ་བའི་ཤེས་རབ་ཅན་འགས་མཚལ་སྣག་གཉིས། །བསྲེས་ལྟར་མ་དག་ཡིག་ཆས་རྙོག་མར་བྱས། །ཕྱོགས་རེའི་མིག་ལྡན་མ་ཡིན་ཤེས་བྱའི་ཁྱོན། །ཡོངས་གཟིགས་གནས་ལྔ་ཀུན་རིག་སྟག་ཚང་པའི། །ལེགས་བཤད་ཞི་འཚོའི་དགོངས་རྒྱན་ལ་བརྟེན་ནས། །མདོ་ཆོག་བསྟན་པའི་མེ་རོ་ཆེས་ཆེར་གསོས། །སུམ་རྩེན་ཡུལ་ལ་འགྲན་པ་ཉང་སྟོད་ཆར། །ཕོ་བྲང་གནམ་གྱི་ཀ་བ་རྒྱལ་མཁར་རྩེའི། །བྱ་འདབས་འཁོད་པའི་བལ་པོ་པི་ལ་ཛུ། །མགོན་མེད་ཟས་སྦྱིན་ས་འདིར་འཕོས་པ་བཞིན། །སྐྱེ་བ་དུ་མར་མངོན་མཐོའི་རྟེན་བཟང་ལམ། །རིམ་བརྒྱུད་ཐར་པའི་ཁང་པར་འཇུག་འདོད་པས། །མདོ་ཆོག་ལྷ་ཚོགས་གསེར་ཟངས་རྒྱུ་སྤེལ་ཏེ། །བཞེངས་པའི་བསོད་ནམས་ཕུང་པོ་སྲིད་རྩེར་སྙེག །རྒྱལ་དབང་པདྨའི་ཞལ་ལུང་མངར་པོའི་རོར། །མ་ཕམ་མགོན་(༦༩ན)


GLG017_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྲུལ་པར་ལུང་ཟིན་པ། །རབ་བརྟན་ཀུན་བཟང་འཕགས་ཀྱིས་མཛད་པའི་ཕུལ། །དཔལ་འཁོར་བདེ་ཆེན་ཆོས་སྡེའི་གྲགས་པ་སྙན། །ཐུབ་པའི་རྗེས་སུ་འཇུག་རློམ་གྲུབ་པའི་མཐའ། །མང་ཡང་ལྟ་བ་བཀར་བཏགས་ཕྱག་རྒྱ་བཞི། །ཚུལ་ལྡན་ས་དགེ་བུ་སྟོན་རིང་ལུགས་པ། །སྐྱེ་རྒུའི་ཆོས་དཀར་མྱུ་གུ་བསྐྱེད་པའི་ཞིང་། །རྒྱ་མཚོ་མཁའ་སྟོང་མེས་བསྒྱུར་འདུས་ཚོགས་ཀྱིས། །བདེ་གཤེགས་བདུན་མཆོད་ཕོ་བྲང་བཞུགས་པའི་སྐུ། །སྟོན་ཟླ་དང་མཚུངས་ལྷག་བསམ་གྱིས་ཕུལ་བའི། །བསོད་ནམས་མུ་ཏིག་ཆར་གྱི་འཁྲི་ཤིང་བཞིན། །རྟེན་དང་སྦྱིན་པའི་བདག་པོ་བལ་པོར་བཅས། །དབུས་འགྱུར་སྨན་ལྗོངས་འདེགས་པའི་ཟླ་གྲོགས་མཁན། །རྒྱང་རོ་གྲྭ་ཚང་སློབ་དཔོན་ཡོན་ཏན་བཟང་། །ལེགས་བཤད་བགོ་བཤའ་བྱེད་ལ་ཤིན་ཏུ་རིངས། །ཆུ་ལྦུར་མིག་ཡུལ་མ་གྱུར་རྒྱུ་མཚན་དུ། །བྱས་ཏེ་གོས་དུམ་བཅུག་པ་ཙམ་མིན་པར། །ཆོས་སྐུའི་རིང་བསྲེལ་གཙོར་བྱས་ཕྱག་ལེན་ལྟར། །ཕུལ་འདིར་སྲས་བཅས་རྒྱལ་བ་དགྱེས་སམ་སྙམ། །དམ་ཚིག་འདབ་སྟོང་བཞད་པའི་ཟེའུ་འབྲུའི་དྲིས། །ཡེ་ཤེས་སེམས་དཔའི་བུང་བ་ཡོངས་བཀུག་པར། །དབང་བསྐུར་རྒྱས་བཏབ་སྤྱན་དབྱེ་བརྟན་བཞུགས་དང་། །མཆོད་སྦྱིན་བསྟོད་སོགས་རབ་གནས་ཚུལ་བཞིན་བསྒྲུབས། །འདིའི་སླད་འབད་པ་ལྟ་ཅི་དགེ་ཚོགས་ལ། །རྗེས་སུ་ཡི་རང་བགྱིད་པའི་མཐའ་རྟེན་རྣམས། །སྲིད་པ་ཀུན་ཏུ་དཔལ་འབྱོར་དབང་ཐང་ཚེ། །གནོད་སྦྱིན་ལུས་ངན་པོ་ཡི་སྤུན་ཟླར་ཤོག །རིང་མིན་ཤར་ནས་ཤར་བགྲོད་དག་པའི་གནས། །བདེ་གཤེགས་བདུན་གྱི་ཞིང་དུ་པདྨ་ལས། །རྫུས་ཏེ་སྐྱེས་ནས་ཞལ་(༦༩བ)


GLG017_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་དམ་པའི་ཆོས། །རབ་ཐོབ་ངེས་པར་ལེགས་པའི་ལམ་རྙེད་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་རུ་བཞིའི་ཡུལ། །དཀར་མིན་འབྲས་བུའི་མིང་ཡང་མ་གྲགས་པར། །རྫོགས་ལྡན་སྐྱེ་རྒུའི་བདེ་སྐྱིད་ཉམས་མྱོང་བའི། །བཟང་པོའི་སྐལ་བ་མངོན་སུམ་མཐོང་པར་ཤོག །བསོད་ནམས་སྟོབས་ཀྱི་འཁོར་ལོ་མངའ་ཐང་མཁར། །འཕགས་པས་བར་མེད་གནམ་སའི་ཁྱོན་ཀུན་ལ། །དབང་སྒྱུར་ཁྲིམས་ཀྱི་གཉའ་ཤིང་འཛིན་པའི་རི། །རྒྱ་ཧོར་བོད་ཀྱི་ཕྲག་པར་རབ་ལྕི་ཤོག །མདོ་རྒྱུད་ཀློག་དང་སྤོང་བ་བགྱིད་པའི་གྲྭ། །ས་བོན་གསེར་ལྡན་ཡོངས་ཁྱབ་མཉམ་བཀྲམ་པས། །ལུང་རྟོགས་སྙེ་མ་དར་དྲག་ཐར་པའི་སྲོག །ཟུངས་གྱུར་བྱང་ཆུབ་བར་དུ་འཛད་མེད་ཤོག །འདུ་བ་ཉེར་འཁྲུགས་བཞི་བརྒྱ་རྩ་བཞིའི་ནད། །དྲུང་འབྱིན་རྣམ་པར་རྒྱལ་བ་ཨ་རུ་ར། །འཛིན་མཛད་སྔོན་མེད་སྨན་པ་སྐྱེ་རྒུའི་གཉེན། །མངོན་གྱུར་སྒྲིབ་གཉིས་ནད་རྣམས་བཅིལ་བར་ཤོག །བསྒྲུབས་དང་སློང་བྱེད་གསོག་བཞིན་དགེ་བའི་འབྲས། །རང་ཆེད་ཁོ་ནར་མ་དམིགས་འགྲོ་བའི་སེམས། །སྤང་རྟོགས་ཡོན་ཏན་ཕ་མཐར་ཡོངས་ཕྱིན་པ། །ཀུན་མཁྱེན་ཡེ་ཤེས་གནས་སུ་འགྱུར་བར་བསྔོ། །ཆུ་གླང་གི་ལོ་སྨན་བླའི་མདོ་ཆོག་ཆེ་མོར་མཐའ་དཔྱོད་ཞུས་དག་པར་བྱས་ནས་པར་དུ་བརྐོས་ཏེ་དབུས་གཙང་གི་ཆོས་སྡེ་མང་པོར་སྤེལ་བའི་ཚེ་ཉང་སྟོད་དཔལ་འཁོར་བདེ་བ་ཆེན་པོར་རྒྱལ་རྩེ་ཆོས་རྒྱལ་ཆེན་པོ་ནས་ད་ལྟའི་བར་གྲ་བཟང་བར་འདུག་པའི་ཕོ་བྲང་ལ་འགོད་རྒྱུའི་སྨན་བླའི་ལྷ་ཚོགས་ང་གསུམ་གྱི་གསེར་སྐུ་བལ་པོ་བི་ལ་ཛུས་མི་ཕྱེད་པའི་དད་པས་ཀུན་ནས་བླངས་ཏེ་རྒྱུ་སྦྱོར་བྱས་པའི་སྐབས་ཆེ་(༧༠ན)


GLG017_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་སྨོན་ལམ་གྱི་ཚིགས་བཅད་ཅིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །འོག་མིན་ཞིང་གཙོའི་ངེས་པ་ལྔ་ལྡན་གཟུགས། །སྨིན་ལེགས་སྒྱུ་འཕྲུལ་མངལ་ཡངས་མེ་ལོང་ངོས། །ཡོངས་ཤར་མཆོག་སྤྲུལ་ཟློས་གར་མ་ག་དྷར། །སྟོན་མཛད་སྲིད་ཞིའི་དོན་ཀུན་གྲུབ་པའི་ལྷ། །རི་མོ་གཡས་འཁྱིལ་མགྲིན་ལས་ཆོས་ཀྱི་དུང་། །རིས་མེད་སྐྱེ་རྒུའི་རྣ་བར་སྙན་པའི་སྒྲ། །འཁོར་འདས་གདུང་སེལ་ཡན་ལག་བཅུ་གཉིས་གསུང་། །འབྱམས་སུ་ཀླས་དེས་ལུས་ཅན་མཐའ་འཚོལ་བཞིན། །ཆེས་ཕྲ་ལྐོག་ཏུ་གྱུར་ཀྱང་མངོན་སུམ་དུ། །ཆགས་ཐོགས་མེད་པར་གཟིགས་པའི་ཡེ་ཤེས་སྤྱན། །དཀྱུས་རིང་དགུ་ཚིགས་སྐ་རགས་ཞགས་པ་ཡིས། །མ་བཅིངས་ཆོས་ཀྱི་མཁའ་དེ་གང་ནས་རྙེད། ཁྱོད་བསྟན་ཇི་སྲིད་ཚངས་སྤྱོད་ཚུལ་བསྟན་ཟླ། །འཕེལ་འགྲིབ་དང་བྲལ་འགྲོ་འདྲེན་དམ་བཅའི་ཁུར། །ལྷག་བསམ་ཁྱོགས་ལ་ཉེར་བཏེག་དགྲ་བཅོམ་པ། །བཅུ་དྲུག་གྲངས་ཀྱི་མཚན་སྙན་གནས་བརྟན་ཆེ། །བླ་མེད་ཡེ་ཤེས་མཆོག་གི་ལང་ཚོའི་གཟི། །འབར་ཡང་མ་དག་སྐྱེ་རྒུའི་ལས་སྣང་ངོར། །རྟོག་དམན་གཞོན་ནུའི་ལུས་ཀྱི་ཉན་ཐོས་པ། །རྨ་བྱར་ཞོན་པའི་གདོང་དྲུག་སྔོན་མེད་ལྷ། །བག་ཡོད་དཀྱིལ་འཁོར་ཤར་བའི་འོད་ཟེར་གྱིས། །ཕྲ་རགས་ལྟུང་བའི་ཕྱོགས་རྣམས་ཡོངས་བཅིལ་ཏེ། །དག་ཚུལ་ཡན་ལག་བརྒྱད་ལྡན་ཨརྒྷ་ཡིས། །ཐུབ་བསྟན་ཞབས་སུ་བསིལ་བྱེད་ཆུ་ལྷའི་བུ། །རྔ་ཡབ་གདེངས་པས་མཆོད་པའི་སྤྲིན་སྤྲོ་ཞིང་། །ཉོན་མོངས་(༧༠བ)


GLG017_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བསྐྱེད་ལུས་སེམས་སྡུག་བསྔལ་གྲོལ། །སྤོས་ཕོར་དྲི་དང་ཁྲིམས་གཙང་གདུང་བའི་ནད། །གཞིལ་མཛད་མཐོང་བས་རྣམ་གྲོལ་ཡན་ལག་འབྱུང་། །མཉམ་གཞག་ཕྱག་གིས་མཐོང་ཐོས་རེག་པ་ཀུན། །ཚུལ་འཕེལ་དཔལ་ལྡན་སྙན་དང་གྲགས་པ་འབར། །བརྒྱ་ཕྲག་ཏིང་འཛིན་མཆོག་ལ་མངའ་དབང་བས། །ཉེས་དགྲས་མ་ཕམ་རྣམ་པར་རྒྱལ་བའི་ལྷ། །ས་ཆུ་མེ་རླུང་ཀླུ་སོགས་འབྱུང་པོའི་གདོན། །བསྡིགས་པའི་མཛུམ་མོས་རབ་བཏུལ་འབངས་སུ་ཁོལ། །སྒྲིབ་གཉིས་ཚ་དང་བསིལ་བྱེད་རྔ་ཡབ་ཀྱིས། །བདེན་གཉིས་མངོན་སུམ་སྟོན་མཛད་ནགས་ན་གནས། །རིན་ཅེན་རྣ་ཀོར་མཐོང་དང་རེག་ཙམ་གྱིས། །སྤང་རྟོགས་ཡོངས་རྫོགས་བྱང་སེམས་ཉན་རང་སོགས། །མཐའ་ཡས་ཡོན་ཏན་མཛོད་ལ་མངའ་བརྙེས་པའི། །གྲངས་མེད་འཁོར་ཚོགས་སྡུད་པའི་དུས་ལྡན་པ། །སྡིགས་མཛུབ་བསྟད་པས་དཀར་ནག་འབྲེལ་འཇོག་ཀུན། །རྣམ་མཁྱེན་སར་འགོད་སྨན་སྦགས་རྔ་ཡབ་ཀྱིས། །ཡེ་ཤེས་དབང་ཕྱུག་ལུས་ཡོན་ཇི་སྙིད་པས། །བྱང་ཆེན་ལ་སྦྱོར་རྡོ་རྗེ་མོ་ཡི་བུ། །ཆོས་འཆད་ཕྱག་རྒྱས་མྱང་འདས་གནས་ལུགས་རྟོགས། །བསམ་དགུ་འགྲུབ་ཅིང་ཐབས་ཤེས་ཟུང་དུ་འཇུག །མཉམ་གཞག་བསམ་གཏན་འཕྲུལ་གྱིས་ཉོན་མོངས་བཟློག །རྒོལ་ངན་ཚར་གཅོད་རྗེས་འཛིན་བཟང་པོའི་ཞབས། །རིན་ཅེན་ཞགས་པས་ཆོས་ཀུན་ཉེར་ཐོས་པ། །དྲན་པས་མི་བརྗེད་གཟུངས་ཐོབ་སྤོབས་མཐོར་སོན། །ཇི་ལྟ་ཇི་སྙེད་རྣམ་པར་འབྱེད་པ་ཡི། །རྒྱ་ཆེན་ཤེས་རབ་ལ་བཀྲི་གསེར་གྱི་བེའུ། །གང་གི་མཉམ་གཞག་ཕྱག་རྒྱ་བཅས་པའི་མདོ། །ངན་འགྲོ་ལས་ཐར་དགའ་བདེ་ཤིན་ཏུ་(༧༡ན)


GLG017_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །ཡེ་ཤེས་མཐུ་ཡི་རྣམ་དཀར་ཡོན་ཏན་ཀུན། །འཕེལ་མཛད་བྷ་ར་དྷཱ་ཛ་གསེར་ཅན་མཆོག །ནེའུ་ལེས་འདོད་དོན་ཕུན་ཚོགས་ཕྱིན་དྲུག་རྫོགས། །བདག་མེད་གནས་ལུགས་མཚོན་གྱིས་མ་རིག་གཅོད། །བྱམས་དང་སྙིང་རྗེའི་ཆུ་ཡིས་རང་རྒྱུད་ཞིང་། །རབ་བརླན་འབྲས་བུ་བསྐྱེད་མཛད་བ་ཀུ་ལ། །རིན་ཅེན་པྲོག་ཞུ་ཅོད་པན་ལ་བཅིངས་པ། །མཐོང་རྣམས་དགྲ་ཚོགས་ཉེར་བཅོམ་ཚིག་དོན་རྟོགས། །སྲས་བཅས་རྒྱལ་བས་སྒོ་གསུམ་བྱིན་རླབས་པར། །ཡོངས་སུ་སྦྱོར་བའི་མཐུ་ལྡན་སྒྲ་གཅན་འཛིན། །མཉམ་གཞག་ཕྱག་རྒྱ་མཛད་པས་དུག་གསུམ་དང་། །མནར་སེམས་མི་ཤེས་སྡུག་བསྔལ་སེམས་རྒྱུད་འཁྲུགས། །ལོག་ལྟའི་མེ་ཞི་དབང་པོ་རབ་དུལ་ཞིང་། རྐྱེན་ངན་གདོན་ལས་སྐྱོབ་པའི་ལམ་ཕྲན་བསྟན། །ཉེས་བྱས་གདུངས་ལ་གླེགས་བམ་བསྟན་རེག་གིས། །དུཿཁ་ཀུན་སེལ་ལྡོག་ཕྱོགས་ཡོན་ཏན་འཕེལ། །མཉམ་བཞག་ཤེས་རབ་སློང་སྣོད་སྲིད་དང་ཞིའི། །འབྱོར་སྤེལ་བྷ་ར་ངྷྭ་ཛ་བསོད་སྙོམས་ལེན། །གླེགས་བམ་མཐོང་རེག་སྤོབས་པ་བློ་གྲོས་རྒྱས། །སྒྲིབ་འབྲས་དང་བྲལ་དལ་རྟེན་ཐེག་ཆེན་སྤྱོད། །ཆོས་འཆད་ཕྱག་རྒྱས་བློ་འཕེལ་ལྟ་ངན་བཟློག །དཀོན་ཅོག་མཐོང་ཐོས་ལ་སྦྱོར་ལམ་བསྟན་པ། །བུམ་བཟང་བདུད་རྩིའི་རྒྱུན་གྱིས་ལས་སྒྲིབ་དྲི། །རབ་བཀྲུག་གསིལ་བྱེད་སྒྲ་ཡིས་ནད་ལ་སོགས། །སྡུག་བསྔལ་དེ་རྒྱུའི་ཚོགས་རྣམས་ཡོངས་ཞི་ཞིང་། །མཐའ་ཀླས་ཡོན་ཏན་འཕེལ་མཛད་ཀླུ་ཡི་སྡེ། །གླེགས་བམ་རེག་མཐོང་འཆང་ཀུན་གནས་ལྔ་རིག །ཉོན་མོངས་དག་ཅིང་ཆོས་ཀྱི་རྒྱལ་པོར་འགྱུར། །ཤེས་རབ་ཆེར་རྒྱས་དེ་བཞིན་(༧༡བ)


GLG017_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཡི། །སྲས་ཀྱི་ཐུ་བོར་བསྒྱུར་ནུས་སྦེད་བྱེད་པ། །བྱང་ཆེན་མཆོད་རྟེན་མཐོང་བས་དོན་གྲུབ་ཅིང་། །བསླབ་གསུམ་མཛེས་པའི་རྒྱན་གྱིས་ཕྲ་རྒྱས་གཞིལ། །རྟག་ཏུ་ཕུན་སུམ་ཚོགས་ཤིང་མི་དགེ་བའི། །ཕུང་པོ་མ་ལུས་སྦྱོང་མཛད་མི་ཕྱེད་པ། །གཅན་གཟན་འཇིགས་སེལ་དཀོན་ཅོག་བརྙེན་བཀུར་བར། །འགྲོ་བ་ཀུན་སྦྱོར་དོན་གྱི་གནས་བརྟན་ཆེ། །དགེ་བསྙེན་ཚུལ་འཛིན་རྒྱལ་སྲས་སྤྱོད་པ་ལྡན། །རྡུལ་ཕྱག་ཆུ་སྦྲེང་ངྷརྨ་ཏཱ་ལ་ཆེ། །ལག་ན་པད་དཀར་འཆང་བ་མིའི་གཟུགས་ཅན། །གནམ་སའི་དབང་ཕྱུག་ཐང་གི་ལེགས་བྱས་ཤིང་། །འཕགས་པའི་གནས་བརྟན་ཙི་ནའི་རྒྱལ་ཁམས་སུ། །འདྲེན་པའི་ཕོ་ཉ་ཧྭ་ཤང་རྫུ་འཕྲུལ་བདག །ཐུབ་དབང་སྤྱན་སྔར་བླ་གོས་ཕྲག་པ་རུ། །བཟར་ནས་ཐལ་སྦྱར་ཡིད་སྲུབས་དཔུང་འཇོམས་ཤིང་། །དཀར་ཕྱོགས་སྐྱོང་བར་གཡར་དམ་ཞལ་འཆེས་པ། །མཐུ་སྟོབས་དབང་ཕྱུག་རྒྱལ་ཆེན་སྡེ་བཞི་པོ། །གནྡྷོ་ལ་དང་རི་བྲག་ལྗོན་ཤིང་སོགས། །ངོ་མཚར་བཀོད་པའི་བཞུགས་གནས་མཐའ་ཀླས་པ། །དབུས་འགྱུར་འཆད་དང་རྒྱ་ནག་ཞིང་གི་ཕུལ། །མངོན་སུམ་ལྟར་སྤེལ་བི་ཤྭ་ཀརྨའི་སྤུན། །གདོད་མ་ཉིད་ནས་སྤང་རྟོགས་མཐར་ཕྱིན་ཀྱང་། །འོད་མཚོན་སྟོང་འབར་སྲས་ཀྱི་ཐུ་བོ་ཡི། །ཚུལ་གཟུང་གྲུ་འཛིན་ལ་དགྱེས་པད་དཀར་ཅན། །འགྲོ་རྣམས་འདྲེན་པའི་དམ་བཅས་གཅིག་ཏུ་དཔའ། །སྔོན་གོམས་འཇུངས་པའི་དྲི་མ་ཡོངས་བཀྲུས་པས། །སྲིད་པའི་དཔལ་འབྱོར་ཕུང་པོ་ཆེར་སྤུངས་པ། །ཨེ་རེནྡར་གཟིགས་ཀུན་ལ་སྦྱིན་པའི་ཕྱག །རིང་པོར་རྐྱོང་བ་འཇིག་རྟེན་དབང་ཕྱུག་ཞབས། །གཞན་(༧༢ན)


GLG017_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འཕྲུལ་བྱེད་བདག་པོ་སྙིང་གི་དབུས། །ཞུགས་པ་སྐྱེས་བུས་འཕངས་པའི་མདའ་བོ་ཆེ། །བདེན་པའི་ཚིག་གིས་བཟློག་ནུས་ཡ་མུའི་གླིང་། །ས་ལ་སྤྱོད་བའི་མངའ་བདག་ལྷའི་རྒྱལ་པོ། །འཕགས་ཆེན་དམ་པའི་བྱིན་རླབས་སྒྱུ་མའི་འཕྲུལ། །ནོར་འཛིན་བདག་པོར་ཤར་བའི་ཞབས་སེན་ཟླ། །བོད་འབངས་ཐོར་ཚུགས་རྩེར་ཚེས་ཕན་བདེའི་སྒོ། །བརྒྱ་ཕྲག་འབྱེད་མཛད་གཉའ་ཁྲི་བཙན་པོ་ཞེས། །བྱང་ཕྱོགས་མུན་པའི་གླིང་དུ་དམ་ཆོས་ཀྱི། །ཉི་མ་ཐོག་མར་འཆར་བའི་རྟེན་འབྲེལ་དུ། །གསང་བ་གཉེན་པོར་གྲགས་པའི་མཆོད་པའི་རྟེན། །བཀའ་བབས་ཀུན་བཟང་རྣམ་སྤྲུལ་ཐོ་ཐོ་རི། །ལངྒའི་རྒྱལ་ཁབ་གཤེགས་ནས་ཀུ་ཤ་ན། །ཆུན་བཅས་དྲང་བར་བསྐུལ་བ་བདུད་མོ་ཡི། །འཕུང་སྦྱོར་རང་གཤེད་ཕབ་པའི་བློ་སྟོབས་ཀྱི། །རྩལ་ལྡན་བྷང་ག་ལ་རྗེ་དད་པ་བརྟན། །ཟག་མེད་བདེ་ཆེན་བསྐྱེད་པའི་མཛའ་ན་མོ། །གསང་བ་ཡེ་ཤེས་ཨྱོན་ཡུལ་ནས་དྲངས། །དྲི་མེད་མཚོ་ལས་སྐྱེས་པའི་རྡོ་རྗེའི་ཞལ། །ལུང་བསྟན་དབུགས་དབྱུང་ཉེར་ཐོབ་དཀོན་ཅོག་འབངས། །རྒྱ་བལ་ས་དབང་སྲས་མོ་ཁབ་བཞེས་པའི། །འཕྲུལ་གྱིས་སངས་རྒྱས་དངོས་འདྲའི་ཇོ་ཤཱཀ་ཟུང་། །སྤྱན་དྲངས་རྟེན་དང་བརྟེན་པ་ཁ་བའི་ལྗོངས། ཁྱབ་མཛད་སྲོང་བཙན་སྒམ་པོ་ཆོས་ཀྱི་རྒྱལ། །བརྒྱ་ཕྲག་ལོ་པཎ་ལ་བརྟེན་ལུང་རྟོགས་ཀྱི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རབ་ཏུ་བཙུགས། །ཐོད་འཕྲེང་རྩལ་གྱི་རྗེས་བཟུང་ཆེ་མཆོག་གྲུབ། །ཏིང་འཛིན་གཡོ་མེད་ཁྲི་སྲོང་ལྡེའུ་བཙན་རྗེ། །བཀའ་དང་དགོངས་པ་འགྲེལ་བའི་བསྟན་བཅོས་རྣམས། །(༧༢བ)


GLG017_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བཅད་སྐད་ཀྱིས་གཏན་ཕབ་རབ་བྱུང་ཚོགས། །བསྙེན་བཀུར་ལྷ་ཡི་བླ་མར་གཟེངས་བསྟོད་པའི། །མི་ཡི་དབང་ཕྱུག་ཁྲི་ལྡེ་སྲོང་བཙན་ཞབས། །ལྗོན་ཤིང་སཱ་ལ་ལྟར་མཐོ་རྒྱལ་པོའི་རིགས། །བཀའ་བཙན་འབངས་ཀུན་ཡང་དག་ལམ་ལ་སྦྱོར། །དཀོན་ཅོག་བླ་མར་འཛིན་པ་མི་ཡི་དབང་། །དགེ་བ་དཔལ་ཞེས་སྙན་པའི་གྲགས་པ་ཆེ། །ལག་ན་རྡོ་རྗེ་འབར་བའི་མཐུ་སྟོབས་ཀྱིས། །གནོད་སྦྱིན་འཁོར་ལོས་སྒྱུར་རྒྱལ་ངལ་གསོས་བུ། །བྲན་ཁོལ་ཁ་ཆེའི་ཡུལ་གྱི་གྲུབ་པའི་དབང་། །རྣལ་འབྱོར་མཆོག་ལ་བརྩོན་པ་དགོན་པ་བ། །ཕྱི་དར་བསྟན་པ་མ་དག་རྙོག་མའི་དྲི། །བགྲུངས་བྱེད་དཱི་པཾ་ཀ་ར་སྤྱན་དྲངས་ནས། །ལྷ་ཆོས་བདུན་ལྡན་བཀའ་གདམས་རིང་ལུགས་ཀྱི། །ཤིང་རྟ་ཆེན་པོ་འབྲོམ་སྟོན་ཆོས་ཀྱི་རྗེ། །རིགས་ཀུན་བདག་པོ་དགྱེས་མཛད་ཧེ་རུ་ཀཿ །རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་སྤེལ་པའི་ཆེད། །འཁོན་སྟོན་འཇམ་དབྱངས་དཔའ་བོའི་ཚུལ་འཛིན་པ། །ས་སྐྱའི་བླ་ཆེན་འགྲོ་ལ་བརྩེ་བའི་གཏེར། །རྣམ་དྲུག་རྩ་བའི་བླ་མས་རྗེས་བཟུང་སྟེ། །ཟབ་དོན་ཆོས་ཀྱི་བདུད་རྩིས་ཐུགས་རྒྱུད་གཏམས། །གནས་ལུགས་གཉུག་མའི་རང་ཞལ་ལེགས་གཟིགས་པ། །གཡུ་བྲག་འགྲོ་བའི་མགོན་པོ་བརྩོན་འགྲུས་གྲགས། །ལུང་བསྟན་ཇི་བཞིན་སོ་གཉིས་གཏེར་ཁ་བཏོན། །མཁན་ཆེན་བཟའ་ཡི་དོམ་སྒྲོ་དངོས་སུ་གཏད། །གསང་སྔགས་རྙིང་མའི་བསྟན་འཛིན་ཀུན་གྱི་གཙུག །མངའ་བདག་ཆོས་ཀྱི་རྒྱལ་པོ་ཉང་རལ་རྗེ། །གངས་ཅན་སྐྱེ་རྒུར་བུ་གཅིག་མ་ལྟར་བརྩེ། །གསོ་དཔྱད་བདུད་རྩིས་འགྲོ་མང་སྲོག་རྩ་འཐུད། །ལྷ་ལྡན་འཇིག་པའི་ཆུ་བོ་ཕྱིར་(༧༣ན)


GLG017_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི། །རྫུ་འཕྲུལ་མངའ་བརྙེས་ལྷ་རྗེ་དགེ་བ་འབུམ། །ནེ་པཱ་ལ་ཡུལ་གྲོང་ཁྱེར་ཆེན་པོར་འཁྲུངས། །གནས་ལྔ་རིག་པའི་གཙུག་ལག་དུ་མར་སྦྱངས། །ལྷ་སྔགས་ཡེ་ཤེས་མཐུ་ཡི་མཆོག་ཐུན་གྱི། །དངོས་གྲུབ་མངའ་བརྙེས་པདྨ་བཛྲ་ཆེ། །ནང་རིག་མདོ་དང་རྒྱུད་སྡེའི་གནད་ཀུན་གཟིགས། །ཐ་སྙད་ཤེས་བྱར་མཁྱེན་པའི་སྤྱན་རས་ཡངས། །གྲགས་པ་དོན་དང་ལྡན་པའི་པཎྜི་ཏ། །དགེ་འདུན་གྲུབ་པ་བཀའ་གདམས་བསྟན་པའི་མེས། །མགྲིན་པར་དབྱངས་ཅན་ལྷ་མོ་རབ་ཞུགས་པས། །འཆད་རྩོད་རྩོམ་ལ་སྤོབས་པ་དགེ་བའི་དབང་། །ཆོས་ཀུན་ངེས་པར་ཐམས་ཅད་མཁྱེན་པ་ལ། །སོམ་ཉིའི་ཡུལ་བྲལ་དགེ་འདུན་རྒྱ་མཚོའི་དཔལ། །ཧོར་བོད་ཆ་དགུ་ཡོངས་ཀྱི་རལ་པའི་རྩེར། །ཞབས་སེན་ཟླ་བ་ཚེས་པ་རྟག་ཤར་བས། །ཞྭ་སེར་འཆང་བའི་བསྟན་པའི་ཀུ་མུ་ད། །འབྱེད་མཛད་རྗེ་བཙུན་བསོད་ནམས་རྒྱ་མཚོའི་སྡེ། །ཚེ་རིང་གནམ་གྱི་ཤེ་མོང་དཔུང་པ་ཡིས། །མང་བཀུར་ཇིང་གིར་ཧོར་གྱི་རིགས་བལྟམས་པ། །མ་འདྲིས་ལུས་ཅན་ཀུན་གྱི་མགོན་པོ་མཆོག །བདེ་ཆེན་ཆོས་ཀྱི་རྒྱལ་པོའི་མཚན་དེ་སྙན། །སྒྲིབ་གཉིས་འཆིང་བའི་རྒྱ་ཡིས་ཉེར་བཅིངས་ཀྱང་། །དམ་པ་རྣམས་དང་ལས་འབྲེལ་ཐོགས་པ་ཙམ། །སྒྲོ་བཏགས་འགྲོ་བ་འདྲེན་པའི་གཟུགས་བརྙན་ཅན། །ཟ་ཧོར་རིགས་སྐྱེས་ཟིལ་གནོན་བཞད་པ་རྩལ། །ལོ་པཎ་རབ་བྱུང་སྔགས་འཆང་ཆོས་རྒྱལ་སོགས། །འགྲོ་བའི་དབང་པོར་འཚམ་པའི་སྒྱུ་དྲའི་གར། །ལེགས་སྟོན་དཔལ་ལྡན་བླ་མ་དམ་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་(༧༣བ)


GLG017_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕོབ། །མཐའ་ཀླས་སྤང་རྟོགས་རྫོགས་པའི་སངས་རྒྱས་ཀུན། །མཉམ་གྱུར་ཡོན་ཏན་ཁྱད་ཞུགས་སྲིད་མིན་ཀྱང་། །ཆེས་ཆེར་སྙིགས་མའི་འགྲོ་ལ་ཐུགས་རྗེའི་མཐུ། །འགྲན་གྱི་ཟླ་མེད་པདྨ་ཐོད་འཕྲེང་རྩལ། །རྒྱ་བལ་བོད་ཀྱི་མཁས་གྲུབ་བགྲང་ཡས་རྣམས། །མཚུངས་པར་ལྟ་བའི་རྨོངས་དད་ཅན་མང་ཡང་། །འཇའ་ལུས་སྣང་སྲིད་དབང་དུ་བསྡུས་པའི་ཚེ། །ཐ་མལ་གདན་ལ་ཚུལ་བསྟན་གོས་ཀྱིས་སྒྲིབ། །དེ་ཕྱིར་མི་འགྱུར་ཆོས་སྐུ་འོད་དཔག་མེད། །ལོངས་སྤྱོད་རྫོགས་སྐུ་ཁྲོ་བོའི་གར་གྱིས་བཞེངས། །མཚོ་སྐྱེས་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །ཨཽ་ཌྜི་ཡ་ནའི་སློབ་དཔོན་ཁྱོད་ཉིད་ཙམ། །མཁའ་སྤྱོད་གཙོ་མོ་རྡོ་རྗེ་རྣལ་འབྱོར་མ། །གཡུ་ལོ་བཀོད་པར་འཕགས་མ་སྒྲོལ་མ་ཡང་། །ལྷ་ལྕམ་ཡིད་འཛིན་ཇོ་མོ་འཚོ་རྒྱལ་ལས། །ལོགས་སུ་འཚོལ་རྣམས་བྱིས་པའི་ཉིང་འཁྲུལ་ཙམ། །ཨེ་དབྱིངས་སྟོང་པའི་རང་གདངས་མནྡ་རར། །བདེ་ཆེན་ཝཾ་ཡིག་ཟུང་འཇུག་རྡོ་རྗེ་འཛིན། །པདྨ་འབྱུང་གནས་ཞི་དང་ཁྲོ་བོ་ཡི། །དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་ལྷུན་གྱིས་གྲུབ། །ཉོན་མོངས་རི་གཟར་རྩེ་ནས་འབབ་པའི་ཆུ། །བག་ཡོད་རགས་ཀྱིས་གྱེན་ལྡོག་སྡོམ་བརྩོན་ཅན། །སྣ་ཚོགས་ཡོན་ཏན་བསིལ་བའི་ཚལ་དུ་བརྙེས། །པདྨ་སམ་བྷ་ངུར་སྨྲིག་འཆང་བའི་གཙོ། །ལྐོག་གྱུར་གནས་ལ་མ་རྨོངས་དངོས་གྲུབ་ཀུན། །རཱ་ག་རཀྟའི་ཡུལ་དུ་ཉེར་ཐོབ་པའི། །སྙན་པའི་གྲགས་པ་འབར་བའི་ཐམས་ཅད་མཁྱེན། །དྲན་པས་གདུང་སེལ་བློ་ལྡན་མཆོག་སྲེད་ཞབས། །བརྟན་དང་གཡོ་བའི་དངོས་རྣམས་མ་ལུས་པ། །འདར་ནུས་ཁམས་གསུམ་ཐམས་ཅད་དབང་(༧༤ན)


GLG017_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པའི། །དངོས་གྲུབ་དགའ་བ་ཚལ་གྱི་གནས་སུ་བརྙེས། །སྲིད་གསུམ་ཟིལ་གནོན་པདྨ་རྒྱལ་པོ་ཆེ། །བརླང་སེམས་ལྕགས་ཁམས་ཉེར་དུལ་གསེར་ཁམས་སུ། །བསྒྱུར་ནུས་གདུལ་དཀའི་འགྲོ་བ་མ་ལུས་པ། །རབ་བཏུལ་དངོས་གྲུབ་ཀོ་ས་གླིང་ཐོབ་པས། །ཕན་བདེ་ཉིན་མོར་བྱེད་པའི་འོད་ཟེར་ཅན། །ཤར་ཕྱོགས་ཟ་ཧོར་ཡུལ་གྱི་རྒྱལ་ཁམས་སུ། །ནག་པོ་བདུད་ཀྱི་སྡེ་ཡི་དཔུང་ཚོགས་རྣམས། །འདུལ་བའི་དངོས་གྲུབ་རབ་བརྙེས་འཇིགས་མེད་རྒྱུད། །ང་རོ་དབྱངས་སུ་ལེན་པའི་ཤཱཀྱ་སེང་། །དབུས་འགྱུར་འཆང་བའི་དུར་ཁྲོད་ཆེན་པོ་རུ། །གནམ་ལྕགས་འབར་བའི་ཐོག་གི་མུ་སྟེགས་ཀུན། །ཐལ་བར་རློག་པའི་དངོས་གྲུབ་རབ་ཐོབ་པ། །སེང་གེའི་རྩལ་དུ་རྫོགས་པའི་སྒྲ་ཆེན་སྒྲོག །སྟག་ཚང་སེང་གེ་བསམ་གྲུབ་ཕུག་པ་རུ། །དྲེགས་པ་ཚར་གཅོད་ལས་ལ་རབ་བསྐུལ་བའི། །དངོས་གྲུབ་མཐུ་ལྡན་མུ་སྟེགས་སྟེང་ན་འགྱིང་། །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད་། །རི་བྲག་ཕོ་བྲང་གཙུག་ལག་ཁང་ལ་སོགས། །འབྱོན་བཞུད་གནས་རྟེན་བརྟེན་པ་ངོ་མཚར་ཅན། །ཆུ་ལྦུར་མིག་ལ་བདུད་རྩི་སྟེར་མཁས་པ། །ཨེ་དབྱིངས་ཆོས་ལུང་དཀར་པོའི་ཕྱོགས་ནས་ལོངས། །ལེགས་བྱས་ཕུང་པོར་སྤུངས་པའི་བྱེད་པ་པོ། །ར་ས་འཕྲུལ་སྣང་བྱ་འདབ་ཉེར་འཁོད་པའི། །བྱང་གླིང་བསམ་གྲུབ་རྒྱལ་པོ་ཁྱོ་ཤུགས་ཀྱིས། །དད་དང་གཏོང་ཕོད་སྙིང་སྟོབས་མཐུ་ལས་སོ། །དགེ་འབྲས་འདི་དང་ཕྱི་མའི་ཡང་སྲིད་ཀུན། །ལྷ་མིའི་བདེ་བར་ལོངས་སུ་སྤྱོད་པའི་ངང་། །མྱུར་དུ་འགྲོ་རྣམས་སྒྲོལ་ཕྱིར་འོག་མིན་གྱི། །ཞིང་དུ་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་ཤོག །སྤྱི་དང་ཁྱད་པར་མཉམ་མེད་བཙོང་ཁ་པའི། །བསྟན་པ་དར་ཞིང་དེ་འཛིན་ཞབས་པད་བརྟན། ཁ་བའི་ལྗོངས་འདིར་རྫོགས་ལྡན་ཇི་བཞིན་དུ། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག །གསུང་ངག་དབང་དང་གྲོལ་ལམ་མཐོ་(༧༤བ)


GLG017_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ཆུ། །བློ་གསལ་སྐལ་བཟང་རྒྱ་མཚོར་འབེབས་མཁས་པ། །རྡོ་རྗེས་རབ་མཚན་སེང་གེས་བཏེག་པའི་ཁྲིར། །བསྐལ་བརྒྱར་གཡོ་མེད་ཆོས་འཁོར་བསྐོར་བར་ཤོག །དཀར་པོར་འཛག་པ་རྣམ་པར་སྨིན་པའི་ལས། །རྒྱུད་ལྔའི་འགྲོ་ཆེད་བསྔོ་བས་རྒྱས་བཏབ་མཐུས། །མཁའ་ཁྱབ་སྐྱེ་རྒུ་བྱང་ཆེན་འཐོབ་མིན་བར། །དགེ་བའི་ཕ་མཐའ་དེ་སྙེད་མི་འཛད་ཤོག །ལྷ་ས་བྱང་གླིང་བསམ་འགྲུབ་རྒྱལ་པོ་ཁྱོ་ཤུགས་རྣམས་ཀྱིས་ཨེ་ནས་སྤྲུལ་སྐུ་བག་གྲོ་ཅན་མཁས་བསྒྲུགས་བཀུག་པའི་གོང་གསལ་གྱི་རྟེན་རྣམས་རིང་འཚོའི་རྟེན་འབྱུང་སོགས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པའི་ཆེད་དུ་བཞེངས་པའི་ཚེ་དཀར་ཆག་ཆེ་བརྗོད་བརྟན་བཞུགས་དང་བཅས་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་རྒྱུན་ཆགས་གསུམ་རྒྱ་མཚོ།) པརིསཀལཧིཀལྤཔཱུརྦཤྩཁོབིཥྞུཛཱགེཀརུཎྱདྡྲཔཱཎྱུཏྤཏཱདཻཝཔོདོགྲམཱཧོརྨིཀཏྱཀཀཋིཎཡཧིདྭིགཱཎོཥྞསཽསཱཀནཱནཱཾཧིདཱཤསྱབྷཱུམཱིཀཔནྠསྱམཱུལདྲུམཱལྤདྲུམ།མཐའ་ཀླས་བསྐལ་སྔོན་མཁའ་ཁྱབ་འགྲོ་ལ་སྙིང་རྗེའི་ཆུས་བརླན་ཐུགས་བསྐྱེད་ཐོག་མར་ས་བོན་དར་དྲག་པ། །རླབས་ཆེན་བྱ་དཀའི་ཚོགས་གཉིས་དྲོད་ཀྱིས་ཡོངས་སུ་སྨིན་པའི་ས་བཅུའི་ལམ་གྱི་རྩ་སྡོང་ཡལ་ག་ཅན། །(༧༥ན)


GLG017_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རིཧཤརཧིཙདྷརྨཀོབྷཱཏརཱཎཱཾཕལསྱཱབྷརཱིཏཱིཪྻཀཙྪེདཀརྨཱཏིབྷཱུརིཤྱཔཏྟྱསྱཚཱཡཀཙདྷརཎམཏྲབཻཤེཥཔཉྩམྱསནྟཔྲཛནྶུཤྲབཤྴཱཀྱསིདྷེནབཱཏྲེཤུབྷཾཡཙྪཏུ། ཆོས་གཟུགས་ཟུང་དུ་འཇུག་པའི་འབྲས་བུའི་ཁུར་གྱིས་དུད་པའི་ཆད་མེད་འཕྲིན་ལས་ཕང་ཕུང་འདབ་མའི་གྲིབ། །ཚད་གཟུང་དང་བྲལ་རྒྱུད་ལྔའི་སྐྱེ་རྒུ་བདེ་བར་ངལ་གསོ་ཤཱཀྱ་སེང་གེས་དེང་འདིར་དགེ་ལེགས་སྩོལ། །བཀྲ་ཤིས་རི་མོ་གཡས་སུ་འཁྱིལ་བ་དཔལ་གྱི་མགུར་ནས་ཚངས་པའི་དབྱངས་ཀྱི་ལེགས་གསུངས་ཀུན། །ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་རབ་བསྟར་གྲུབ་དབང་བརྒྱད་ཅུ་རྒྱན་དྲུག་མཆོག་གཉིས་ཚོགས། །ལུང་རྟོགས་ཡོན་ཏན་རྒྱ་མཚོར་དབང་ཕྱུག་གྲུབ་མཐའ་རྣམ་བཞི་སྨྲ་བའི་ཉི་ཟླ་འོད་པོ་ཆེ། །མ་ག་ངྷ་སོགས་རྒྱ་བལ་ཡུལ་གྱི་རྨོངས་མུན་ཡོངས་བཅིལ་བཤད་སྒྲུབ་སྣང་བྱེད་དམ་པར་དད། །རིགས་གསུམ་ཐུགས་རྗེའི་ཤིང་རྟས་ལེགས་དྲངས་ཕན་དང་བདེ་བའི་ཡིད་(༧༥བ)


GLG017_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར། །གཉའ་ཁྲི་བཙན་ནས་བྱང་ཆུབ་འོད་བར་རིམ་པར་བྱོན་པའི་རྒྱལ་བློན་དང་། །སྔ་ཕྱིར་དར་བའི་བསྟན་པའི་སྲོག་འཐུད་ལོ་པཎ་ཚོགས་ཀྱི་བཀའ་དྲིན་ལན། །གཞལ་བར་དཀའ་བའི་དོན་ལ་དཔྱད་ཚེ་ཚངས་པ་ཨོཾ་ཡིག་ཟོལ་གྱིས་བརྫུ། །སྣང་བ་མཐའ་ཡས་སྒྱུ་འཕྲུལ་རོལ་གར་ཨ་ཏི་ཤ །ལག་ན་པད་དཀར་དགེ་བསྙེན་ཚུལ་འཛིན་འབྲོམ་སྟོན་སོགས། །ལྷ་ཆོས་བདུན་གྱི་བརྒྱུད་པ་ཚད་མེད་བཀའ་གདམས་ཞེས། །རྣམ་ཐར་གཙང་མའི་བཤེས་གཉེན་ཚོགས་རྣམས་ཕྱག་གི་ཡུལ། །ཚུལ་ཁྲིམས་དག་པའི་བཞིན་རས་ཆེས་དཀར་ངོས། །བདག་གཞན་བརྗེ་བའི་བརྩེ་སྤྱན་དཀྱུས་རིང་པོས། །མཉམ་སྦྱོར་ཨེ་ཝཾ་ཟུང་འཇུག་ཐུབ་བསྟན་རྣམས། །འགལ་མེད་གདམས་པར་ཤར་བའི་བཙོང་ཁ་པ། ཁ་ཕོར་གཙང་མའི་རྨོངས་དད་ཙམ། །མ་ཡིན་རྒྱུ་མཚན་གཏན་ཚིགས་ཀྱིས། ཤེས་ནས་བསྔགས་བྱའི་ཡུལ་ཀུན་ལ། །ཡན་ལག་མཆོག་གིས་འདུད་པར་སྤྲོ། །འོག་མིན་ལ་སོགས་དག་དང་མ་དག་གནས་ཀྱི་ཁྱད་པར་དུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་ཟློས་གར་དུ་མ་སྟོན་པའི་སྐུས། །དབང་པོར་འཚམ་པའི་གསུང་གིས་འགྲོ་རྒྱུད་ཉོན་མོངས་སེལ་བའི་དུས། །མཐའ་ཀླས་ཆོས་ཀྱིས་འཁོར་རྣམས་ཡོངས་སྨིན་ཕུན་ཚོགས་ལྔ་ལྡན་མཚར། །ཨེ་མ་ཆོས་ཀྱི་ཕུང་པོའི་ཚད་དེ་འདི་ཞེས་ཚུར་མཐོང་བྱིས་པའི་བློས། །གཟུང་བར་བྱེད་པ་ཟླ་བའི་མ་མ་ཨ་མའི་ཚིག་གུས་གཞལ་བ་ཡིས། །དྲག་པོའི་དཀའ་ཐུབ་འབད་པས་བསྟེན་ཀྱང་བསྐལ་བརྒྱའི་མལ་དུ་ངལ་དུབ་ལས། །མངོན་སུམ་ཉམས་སུ་མྱོང་བར་འདོད་དེ་དབང་པོའི་གཞུ་ལ་སྦར་འཛིན་བཞིན། །འོན་ཏེ་དཔག་ཚད་ལྔ་བཅུའི་ཚད་ཀྱི་(༧༦ན)


GLG017_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལྡན་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་གཟུགས། །ཆུང་ངུའི་རྫིང་བུར་འགོག་མེད་འཆར་ལྟར་མཆོག་དམན་གདུལ་བྱའི་བློ་དང་ཉེར་འཚམ་གསུང་། །མི་བརྗེད་གཟུངས་ཐོབ་དགྲ་བཅོམ་རྣམས་ཀྱིས་འཁྲུལ་མེད་ཡི་གེར་བཀོད་པའི་གླེགས་བམ་ཚོགས། །རི་བོ་དངོས་སུ་སྤུངས་པ་ལྟ་བུའི་ཟས་ལས་ཇི་ཙམ་འོས་པ་ལོངས་སྤྱོད་བཞིན། །རྒྱ་བལ་ཡུལ་དུ་ཆོས་ཕུང་རྒྱ་མཚོ་འཁྱིལ་བ་ལས། །འཇིག་རྟེན་མིག་གཅིག་རྣམ་དཔྱོད་སྐྱོགས་ཀྱིས་རབ་བཅུས་པ། །སཱ་ལའི་སྨན་ལྗོངས་སྐལ་བཟང་སྐྱེ་རྒུའི་སྐོམ་སེལ་ཆུ། སྔ་ཕྱིར་འགྱུར་རོ་ཅོག་གི་ཐུབ་གསུང་འདི་རྨད་བྱུང་། །སྲོང་བཙན་ཐུགས་རྗེའི་འཕྲུལ་གྱིས་སམ་བྷོ་ཊས། །བོད་མུན་སེལ་སྒྲོན་བཏེག་རྗེས་ཁྲི་སྲོང་དུས། །ལེགས་བསྒྱུར་བཀའ་འགྲེལ་ཁྲི་ལྡེ་གཙུག་བརྟན་མཐུས། །གསར་བཅད་སྐད་ཀྱིས་གཏན་ལ་ཅི་ཡང་ཕབ། །ཕྱི་དར་རིན་འབྲོག་མར་མལ་རྭ་གཉན་ཆག །ས་རྔོག་བུས་མཚོན་ལོ་ཆེན་མཐའ་ཀླས་པས། །འགྱུར་ཟིན་བཅོས་དང་གསར་དུ་བསྒྱུར་བ་སོགས། །བསྟན་པའི་བྱི་དོར་མཛད་ལ་གཅིག་ཏུ་རངས། ཁྱད་པར་དོན་ལ་མི་རྨོངས་བརྡ་སྤྲོད་གཞུང་། །ལེགས་སྤེལ་ཤོང་དཔང་རིམ་བརྒྱུད་ཆོས་སྐྱོང་བཟང་། །རྗེས་འབྲང་མང་མཐར་པཎ་ཆེན་སྨོན་འགྲོ་བ། །བསམས་ཀྱིན་དོན་གྱི་རྒྱལ་བསྟན་ངེས་པར་འཛིན། །གསུང་རབ་ལུང་ནོད་ཁ་ཏོན་འཆང་འདྲི་སོགས། །སྲི་ཞུ་བགྱིས་པའི་ཕན་ཡོན་གཟུགས་ཅན་དུ། །གྲུབ་ན་ཤོང་བའི་སྣོད་དུ་འཇིག་རྟེན་འདི། །ཆུངས་པས་མེས་པོ་གསར་དུ་བསྐྲུན་ལ་ངལ། །ཆད་མེད་བཀླག་ལུང་འཚོལ་བཞེད་གྲོ་ལུང་པ། །ཆོས་རྒྱལ་འཕགས་པ་བག་སྟོན་གཞོན་ཚུལ་སོགས། །(༧༦བ)


GLG017_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བྱོན་མང་པོས་ཆོས་ཕྱིར་དཀའ་སྤྱད་ལ། །བསམས་ན་རྟག་ཏུ་ངུ་ལ་མོས་པ་བསྐྱུང་། །ཕྱི་དུས་མཚུངས་མེད་ཤཱཀྱ་རྒྱལ་མཚན་དང་། །ཐུ་སྟོན་འཇིགས་མེད་དཔའ་བོ་གོང་དཀར་བས། །དགུན་ཆུ་དབྱར་གྱི་ཉལ་འགྲོ་ལྟར་སྤེལ་བའི། །ཡང་དག་མཛད་པར་གཟུར་གནས་སུ་མི་དད། །འཇིག་རྟེན་ཆོས་ལྟར་བཅོས་ནས་མཆོག་དམན་མགོ །བསྐོར་ཏེ་སྟོང་འུར་གཙོར་འཛིན་མ་ཡིན་པར། །ཐུབ་བསྟན་སྲོག་གི་ཀ་བ་བཀའ་འགྱུར་བའི། །རྣམ་ཐར་དྲན་ཚེ་ཡིད་ཀྱིས་གདུང་བ་སེལ། །བསོད་ནམས་ཕུང་པོར་སྤུངས་པའི་ཚོགས་གསོག་དིང་། །སྒྲུབ་པ་བཟང་པོའི་སྐལ་བཟང་འདི་ལྟ་བུ། །སྔོན་རབས་དམ་པའི་དྲིན་དུ་མི་བསམ་པར། །འཁྱོག་སྤྱོད་ལྕེ་གཉིས་སྐྱོང་མང་གད་མོའི་རྒྱུ། །སྐྱེ་གཞན་བསགས་པའི་དྲང་སྲོང་དམོད་པའི་མཐུས། །བློ་ངན་བཟང་བརྫུའི་ལྕགས་ཀྱི་གཏུན་བུ་བདུན། །བསྟན་སེལ་ལོག་པའི་སྨྲ་བརྗོད་དར་རྒྱས་མཁན། །དེ་འདྲ་བྱ་གྱུར་གོམས་པའི་ཁྱབ་འཇུག་བཞིན། །ཚུལ་འཆོས་རབ་བཀྲའི་སྒྲོ་གཤོག་ཟླུམ་པོར་བསྒྱུར། །གྲགས་སྐམ་དབྱར་རྔས་འདོད་དགུའི་མངལ་ཁུར་འཛིན། །ཕྱོགས་ལྷུངས་སྤྲིན་དཀར་དབུས་སུ་མིག་གཏོད་པའི། །འདྲེན་རློམ་རྨ་བྱ་མཐོང་ན་མཆི་མ་བཀུ། །ཙནྡན་ཚང་ཚིང་འཁྲིགས་པའི་མ་ལ་ཡར། །ཕལ་ཤིང་ཚ་སེལ་དྲི་ལྡན་བསྒྱུར་བ་ལྟར། །དེང་དུས་ཁྱིམ་གྱི་བདག་པོ་གཏོང་ཕོད་པར། །གྱེན་ནས་གྱེན་དུ་བལྟ་བར་ཅིས་མི་རངས། །བདུད་རྩིས་ཉེར་ངོམས་ལྷ་མིན་སྒྲ་གཅན་སྐེ། །ཚངས་པའི་འཁོར་ལོ་དམ་བཅའ་བཞི་ལྡན་གྱིས། །བཅད་ཀྱང་སྲོག་གི་འཚོ་བ་མི་གཏོང་ཕྱིར། །(༧༧ན)


GLG017_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་དངར་འདི་ཀོ་འབད་པས་བསྒྲུབ་བྱའི་གནས། །འོད་གསལ་ལྷ་རིགས་ས་སྐྱོང་རྒྱ་རི་བའི། །ཞང་བློན་དྲ་མ་རིམ་བྱུང་བརྒྱུད་པ་ལས། །དཔའ་མཛངས་བརྟུལ་ཕོད་དཀོན་ཅོག་དར་རྒྱས་ཞེས། །ལུགས་གཉིས་བླང་དོར་བལྟ་ལ་མིག་དཀྱུས་ཡངས། །དོན་མེད་ཆུད་ཟར་མ་སོང་བསགས་པའི་ནོར། །སྙིང་མེད་སྙིང་པོར་བསྒྱུར་ནུས་རྣམ་དཀར་ལས། །བསྐྲུན་པའི་ལྷག་བསམ་ནོར་གྱི་ཆུ་ཤེལ་དབང་། །སྐྱེངས་ནས་བྱང་གླིང་གོ་ལའི་བཤུལ་དུ་བྲོས། །དཔྱད་མི་བཟོད་པའི་གཉིས་མེད་རྣམ་རྒྱལ་སོགས། །འགའ་ཞིག་མ་གཏོགས་སྒྲིགས་རྩོམ་ཁུངས་བཙུན་པ། །ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཀྱི། །དཀར་ཆག་འདི་ཀོ་སྔོན་མེད་ལེགས་པའི་ལམ། །མདོ་འདུལ་ཤེར་ཕྱོགས་ཕྱི་འགྱུར་གསང་སྔགས་སྟེང་། །རྫོགས་ཆེན་དགོངས་འདུས་སྒྱུ་འཕྲུལ་སྒྲུབ་སྡེ་བརྒྱད། །གཙོར་བསྡུས་ཉེར་བསྣན་བཅུ་གསུམ་གྱིས་ལྷག་པའི། །བརྒྱ་ཕྲག་གླེགས་བམ་འཕྲེང་བ་ཚར་དུ་དངར། །མཐིང་ཤོག་ནམ་མཁའ་ཞུན་འདྲའི་ངོས་ཡངས་པོར། །དབུ་ཁང་ལྷ་བཀོད་ཡིག་གཟུགས་འབུར་དོད་ཅན། །དེ་ཕྱིར་གསེར་དངུལ་ཁུ་བ་གང་འདྲོངས་ཀྱིས། །ཡི་གེ་དབྱིབས་ལེགས་སྡེབས་ཀྱིས་རྣམ་པར་དག །ཕྱི་ནང་བཟང་གོས་ཞལ་ཁེབས་གདོང་དར་བརྩེགས། །བརྐོས་པའི་གླེགས་ཤིང་གསེར་ཤོག་ཚོན་རྩི་མཆོར། །གླེགས་ཆབ་ར་མ་ལུགས་སོགས་རྒྱུ་ཚོགས་ཀུན། །ཟོལ་སྦྱོར་མ་ཡིན་གཏོང་ཕོད་གཙོར་བཏོན་བསྒྲུབས། །གཙུག་ལག་མང་པོར་སྦྱངས་པའི་ཡོན་ཏན་ཅན། །འབྱུང་གནས་ཨེ་དབྱིབས་ཆོས་ལུང་དཀར་པོ་ནས། །དབོན་(༧༧བ)


GLG017_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་མཁས་འདུས་སོར་མོའི་འདུ་བྱེད་ཀྱིས། །སྒྱུ་མ་མཁན་གྱི་ཁེངས་པ་བག་ལ་ཞ། །ཐུབ་པས་འགྲོ་ཆེད་ཚོགས་གཉིས་བསགས་པའི་དབང་། །ལྷ་མོ་བསྟན་མས་ལུས་ཕྱེད་སར་ཐོན་ལྟར། །བསོད་ནམས་འདི་འབྲས་མི་སླུའི་གཏན་ཚིགས་སུ། །གསུང་རབ་མང་པོར་ཞལ་འཆེས་རྡོའི་རི་མོ། །རང་བློ་མལ་དུ་མི་གནས་འཁྱོག་པོའི་འགྲོས། །ཉིན་འདའ་མཚན་མོའི་མཐའ་རྒྱུག་བླུན་པོའི་གཤིས། །མ་ཡིན་གང་བྱས་ཆུད་མི་ཟ་བའི་གདེངས། །ཐོབ་པའི་ངང་ཚུལ་འདི་ལས་ལྷག་པར་སྤྲོ། །དེ་ཕྱིར་གངྒཱའི་ཡབ་གཅིག་གཙུག་ཏོར་འོད། །ཞུམ་ནུས་ལེགས་བྱས་ཕུང་པོར་སྤུངས་པའི་ཟླས། །ཡངས་པའི་འཇིག་རྟེན་ཀུ་མུ་ད་ཡི་ཚལ། །བཞད་པའི་འདབ་མ་ཀུན་ནས་འཛུམ་པར་ཤོག །རྒྱུ་དང་མི་རྒྱུའི་སྐྱེ་རྒུ་བདེ་བའི་གཞི། །རྒྱལ་བསྟན་ནོར་འཛིན་ལོག་རྟོག་རྒྱ་མཚོ་རུ། །མི་བྱིང་ཞུར་བའི་བཤེས་གཉེན་འདུས་པའི་སྡེའི། །འཕྲིན་ལས་རུས་སྦལ་སྟོབས་ཀྱིས་འདེགས་པར་ཤོག །སྤང་རྟོགས་མཐོ་དམའ་སངས་རྒྱས་ཀུན་མཉམ་ཡང་། །ཁ་བ་རི་པར་བཀའ་དྲིན་ཟླ་མེད་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །བཤད་སྒྲུབ་རིང་ལུགས་དབྱར་མཚོ་ལྟར་འཕེལ་ཤོག །ཛཱ་ཏིའི་རྐང་འཐུང་འཁྲིག་པའི་ལྡུམ་ར་ནས། །དར་ཟབ་ཐགས་སུ་འཐག་པའི་རྒྱལ་ཁམས་ཚུལ། །ཞྭ་སེར་ཅོད་པན་འཆང་བའི་བསྟན་སྲིད་ཀྱི། །ཁྱབ་པས་ནོར་འཛིན་བུ་མོ་མངལ་སྦྲུམ་ཤོག །བར་མཚམས་མེད་པར་གནམ་སའི་ཁྱོན་ཀུན་ལ། །མངའ་སྒྱུར་དགའ་བ་ལྡན་པའི་ཕོ་བྲང་ཆེའི། །བཀའ་ཁྲིམས་གསེར་ཤིང་འགྲོ་རྣམས་གཉའ་བ་རུ། །ཡོངས་ལྕི་དྲང་(༧༨ན)


GLG017_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་རྔུལ་ཆུ་འབབ་པར་ཤོག །སྡིག་པ་རི་དྭགས་འཕྲུལ་གྱིས་མི་བྲིད་པར། །ཚེ་འབྱོར་སྟོབས་ཀྱི་སཱི་ཏ་ལང་ཚོ་མར། །དགྱེས་དགུར་སྤྱོད་པའི་དགའ་བྱེད་མཆེད་པོ་རུ། །རྒྱུ་སྦྱོར་དེར་གཏོགས་མ་ལུས་འགྱུར་བར་ཤོག །དེང་ནས་སྐྱེ་བ་ཀུན་ཏུ་བདེ་སྐྱིད་གྱི། །མུ་ཏིག་མཛད་པ་མེད་པའི་འཁྲི་ཤིང་ཆར། །གསུང་རབ་འདི་བསྐྲུན་བྱེད་པོ་ཡིན་ནོ་ཅོག །ཡོངས་ལ་འབབ་པའི་སྐལ་བཟང་ཐོབ་པར་ཤོག །མི་འཇུངས་རིན་ཅེན་རྒྱུར་གྲུབ་པུ་སྟ་ཀ༔ །བཞེངས་པས་ཡང་སྲིད་ཀུན་བདེའི་ལུས་མདངས་གསེར། །མཛེས་པའི་རྣ་རྒྱན་འགྲམ་པར་ལེགས་འཕྱང་བ། །གྲོ་བཞིན་སྐྱེས་ཀྱི་ངང་ཚུལ་འཛིན་ནུས་ཤོག །འདི་སྐྱིད་ཕྱི་མ་མངོན་མཐོའི་བདེ་ཙམ་ལ། །སྲེད་པའི་ལྷ་མིན་གདོན་ཆེན་སྙིང་དབུས་སུ། །མ་ཞུགས་མཁའ་མཉམ་འགྲོ་ལ་བསྔོས་པའི་དགེའི། །གངྒཱ་བྱང་ཆེན་རྒྱ་མཚོར་རྟག་འབབ་ཤོག །འབྲས་བུ་སངས་རྒྱས་དེ་རྒྱུ་ལུང་རྟོགས་ཆོས། །ཚུལ་བཞིན་སྒྲུབ་པའི་སེམས་དཔའ་སློབ་མར་བཅས། །མཆོག་གསུམ་བཀྲ་ཤིས་ལུས་ཅན་ཐམས་ཅད་ལ། ཁྱབ་པའི་ངོ་མཚར་གཡང་དུ་ཆགས་པར་ཤོག །ཅེས་ལྷོ་བརྒྱུད་ཨེ་ཆོས་ལུང་དཀར་པོ་ནས་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུར་བསྐྲུན་པར་མགོན་མེད་ཟས་སྦྱིན་དང་ཆོས་མཚུངས་པའི་གཟིམས་ཤག་ལྷོ་པ་དཀོན་ཅོག་དར་རྒྱས་ཀྱི་ཚལ་པ་བཀའ་འགྱུར་སོར་བཞག་གི་གསུང་རབ་རིན་པོ་ཆེ་ར་མ་ལུག་ཏུ་དངོས་གཙང་བར་བཞེངས་པའི་ཚེ་དཀར་ཆག་ཆེ་བརྗོད་སྨོན་ལམ་དང་བཅས་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེ་འཇམ་(༧༨བ)


GLG017_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དགའ་བའི་བཤེས་གཉེན་དུ་འབོད་པས་སྲིན་པོ་ཞེས་པ་ཤིང་ཡོས་ཧོར་ཟླ་དྲུག་པའི་ཉེར་དྲུག་གི་ཉིན་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦྦ་དིཀྐཱལེ་ཤཱུ་ད་ཡ་བྷ་ཝནྟུ། །(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) དྭིབྷྲམཱདྷྱཱཧིཀལྤཾལིཁིིནྱསྱམིཐྱཱཀཀཱཏེཤྩཔཽབིཤྭཀཾམཱཡནྲྀཏ། ནེཏྲམིཟིབྻུཧཻཪྶཱརདྲྀགྨནྱཧཱིབཱལཀཻརྨཱནཀཾགྲྀདྡྷནཱིཤཱཀྱཡཿ ཉིང་འཁྲུལ་ཀུན་རྟོག་པིར་གྱི་རྫུན་ཤོག་ངོས། །དབང་གཞུ་ལྟར་བཀྲ་སྣ་ཚོགས་སྒྱུ་འཕྲུལ་གར། །འདྲེན་བྱེད་བསླུ་བྲིད་བཀོད་པ་རྒྱ་མཚོའི་ཞིང་། །མཐོང་སྙམ་གྱིས་ཡིད་རྒན་པོར་འཁྲིད་ནུས་གང་། །བདུད་ལས་རྣམ་པར་རྒྱལ་བའི་ཐེག་མཆོག་རྩེར། །ཕན་བདེའི་ལེགས་བྱས་འབྲས་བུར་བཤད་སྒྲུབ་གླིང་། །ལྷ་སྔགས་ཡེ་ཤེས་རོལ་པ་འདུས་སྡེ་ཡི། །ཟབ་ལམ་རྣལ་འབྱོར་སྐྱོང་བའི་དད་རྟེན་དུ། །ཉེར་འཛིན་བློ་བཟང་སྦྱིན་པས་ཁུར་བླངས་ཏེ། །བཞེངས་(༧༩་༨༠ན)


GLG017_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡི་རངས་བགྱིས་པའི་མཐའ་རྟེན་ཀུན། །གནས་སྐབས་སུམ་རྩེན་བདག་པོའི་བདེ་སྐྱིད་དང་། །གཏན་མདུན་ཟུང་འཇུག་ལམ་དེར་ཉེར་བགྲོད་ཤོག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་རིགས་འཛིན་འདུས་སྡེའི་ཚོགས་ཀྱི་ལམ་ཟབ་སྒྲུབ་པའི་དད་རྟེན་དུ་རྒྱ་ཅན་གྱི་ཞིང་བཀོད་ཡང་སྲིད་དང་སྤྲུལ་པ་སྣ་ཚོགས་ཀྱི་སྐུ་རྟེན་གཙོ་བོར་བྱས་པ་འདི་ནི་སྲིན་པོ་ཞེས་པ་ཤིང་ཡོས་ནག་པ་ཟླ་བའི་ཚེས་བརྒྱད་གྱི་འགྲུབ་སྦྱོར་ཐོག་ལས་འགོ་བཙུགས་ཏེ་ཁྲུམས་ཟླའི་ཡར་ཚེས་དགེ་བར་གྲུབ་པའི་རྒྱུར། ཅོག་རས་ཡུག་དྲུག །སྤང་འབྲུ། མཐིང་འབྲུ་གཉིས་མཁར་བྲེ་རེ། སྤང་ཤུན། མཐིང་ཤུན། སྤང་སྐྱ། སྔོ་སྐྱ། ལི་ཁྲི་རྣམས་ཕུལ་བཞི་རེ། མཚལ། དེའི་ཤུན་པ། དམར་སྐྱ། བ་བླ་བཞི་ཕུལ་ལྔ་རེ། རྒྱ་ཚོས་དང་ཞུན་བྲེ་ལྔ་རེ། སྤྱིན་བྲེ་བཞི། དཀར་དྲེག་བྲེ་བདུན། གསེར་རིས་ལ་བརྟུལ་མ་ཞོ་ཉི་ཤུ་རྩ་གཉིས་དང་སེ་བ་བདུན། གོང་གཤམ་ལ་གོས་ཐོན་ཐི་གཞི་སྔོན་ས་གཞི་མཛོད་ཁྱོན་ཁ་དགུ་བཅུ་གོ་གསུམ། ནང་འཇར་ཇུས་སེར་པོ་ཁ་ཉི་ཤུ་རྩ་གཉིས་དང་། དམར་པོ་ཁ་ཉི་ཤུ་ཕྱེད་རྩ་གཅིག །ཞལ་ཁེབས་ལ་བྱང་དར་དམར་པོ་ཁ་ཉིས་བརྒྱ་དང་གཉིས། སྨན་རྙིང་སེར་ཁྲ་ཁ་བརྒྱ་དང་ཞེ་དྲུག །རྒྱབ་ཤར་ལིང་ལུ་ཧད་ཁ་སུམ་བརྒྱ་རེ་བརྒྱད། རླུང་མནོན་ལྕེ་ལེར་ལིང་སྔོན་ཁ་དགུ་བཅུ་གོ་དགུ །འདོགས་ཐག་མེན་སྔོན་ཁ་སོ་བཞི། སྐུད་རྟར་གོས་དམར་ཁ་ཕྱེད་བཅུ། གོས་དཀར་ཁ་ལྔ། ཟུར་རྒྱན་པ་ཏྲར་སག་སྦུག་ལྔ། ཏོག་མཛོད་སྣ་དང་གཟུང་གདན་བཅས་པར་ལྕགས་ཀྲོ་ལེ་མ་བཅུ་གཉིས། ཚགས་ལ་གསེར་བཙོ་མ་ཞོ་བཞི་བཅུ་ཞེ་གསུམ་དང་སེ་(༧༩་༨༠བ)


GLG017_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྔ། ཨ་ལུང་ལ་དངུལ་སྲང་བརྒྱད་ཞོ་གསུམ་རྣམས་སོང་བའི་དངོས་གཞིའི་ཁུར་ལེན་གཉེར་པ་འཕྱོང་རྒྱས་བློ་བཟང་སྦྱིན་པ། དོ་དམ་འགོ་ལུང་པ་སྔགས་རམས་པ་བསོད་ནམས་རྒྱལ་མཚན། རི་མོ་བ་དབུ་མཛད་ཕོ་བྲང་ཕུན་ཚོགས། དབུ་ཆུང་གཞིས་རྩེ་བཀྲ་ཤིས་དང་རགས་ཁ་ཨ་པར། བྱིངས་གྲས་འཕྱོང་རྒྱས་འཇམ་དབྱངས། སྡིངས་པོ་ཆེ་མི་འགྱུར། ཚེ་བརྟན། ཤ་ཡོན་པ། རྩེ་གདོང་བསྟན་འཛིན། པ་རྣམ་མགོན་པོ། རོང་པ་ཚངས་པ། བསོད་ནམས་རྒྱལ་པོ། ཚེ་བདག །ལྔ་འཛོམ། སྙེ་མོ་ཀརྨ། འཕྲང་འགོ་དཀོན་ཅོག །འཕན་ཡུལ་མཁར་རྩེ་བ་དགེ་བསྙེན་རྒྱལ་པོ། དཔལ་གནས་རྒྱལ་པོ། ཨ་ཁུ་བསམ་གྲུབ། ཇོག་པོ་དགེ་བསྙེན། ལྷ་ས་ཨ་ལྐུག །ལགས་རྟ་མགྲིན། དཀོན་ཅོག །དགོས་བསམ། འཇམ་དབྱངས་དོན་གྲུབ། ལྕང་སྲུང་ཁང་པ་རིན་ཅེན་རྡོ་རྗེ། བསམ་གྲུབ་ཚེ་རིང་། ཡར་ཀླུངས་པ་འདོད་ཡོན། རབ་བརྟན། གོས་བཟོ་པ་དབུ་མཛད་ཚངས་ལྡན། །དགོས་པ། སྔོ་བཟོ་པ་དབུ་མཛད་གུ་རུ། དབུ་མཛད་ཨ་བར་དོན་གྲུབ། བཙན་སྐྱབས། ཨ་ཁུག །ཕག་སྐྱག །བློ་བཟང་། སུམ་དགའ། པདྨ། རྡོ་རྗེ། ཚགས་པ་དབུ་མཛད་རྩེ་ཆེན་པ། ཕོ་བྲང་པ་བདེ་ཆེན་ལྷུན་གྲུབ། གནམ་པ་རྒྱལ་པོ། ཚར་སྣ་རྒྱལ་པོ། རྩེ་ཆེན་བརྟན་པ། ཉང་སེར་ཨ་མདོག །ལྕགས་བཟོ་པ་དབུ་མཛད་དགེ་རྒྱས་པ་རྣམས་ཀྱིས་བྱས་ནས་ལེགས་པར་གྲུབ་པ་ཛ་ཡནྟུ། དྲི་མེད་ཐུགས་མཚོར་གསལ་བའི་སྣང་བ་ཀུན། །དག་པ་ངོ་མཚར་མི་ཟད་རྒྱན་འཁོར་གཟུགས། །འཆར་དང་ནུབ་པ་སྤངས་པའི་འདྲེན་པ་མཆོག །གྲུ་འཛིན་ཞིང་ལ་དགྱེས་པའི་པད་དཀར་འཆང་། །ཚིག་རྐང་སྔ་མ་གསུམ་བལྡབས་ཏེ། ཡ་མུན་ན་ཡི་ས་སྤྱོད་ལྷའི་རྒྱལ་པོ། །(༨༡ན)


GLG017_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་བསྟན་པའི་དབུ་བརྙེས་ཐོ་ཐོ་རི། །ཨཽ་ཌྜི་ཡ་ནའི་དཔའ་བོ་དཀོན་ཅོག་འབངས། །ཐུབ་བསྟན་དར་མཛད་ཚངས་པ་ལྷའི་མེ་ཏོག །འཕགས་ཡུལ་ནོར་འཛིན་སྐྱོང་བ་དགེ་བ་དཔལ། །ལྷ་ཆོས་བདུན་གྱི་སྲོལ་འབྱེད་འབྲོམ་སྟོན་རྗེ། །ཟབ་མོའི་ལམ་གྱི་གྲུབ་བརྙེངས་གཡུ་བྲག་པ། །ར་སར་ཆུ་བོའི་འཇིགས་སེལ་དགེ་བ་འབུམ། །གནས་ལྔ་མཁྱེན་པའི་པཎ་ཆེན་དགེ་འདུན་གྲུབ། །མཐུ་སྟོབས་མངའ་བདག་བསོད་ནམས་རྒྱ་མཚོའི་སྡེ། །སྦྱིན་པའི་ཕ་རོལ་སོན་པ་འཇིག་རྟེན་དབང་། །བོད་ཡུལ་ཐོག་མའི་རྒྱལ་པོ་གཉའ་ཁྲི་བཙན། །བདུད་མོའི་ལྟས་ངན་གཡང་ལོན་དད་པ་བརྟན། །ཐུབ་བསྟན་སྲོལ་བཏོད་སྲོང་བཙན་སྒམ་པོ་རྗེ། །ཡབ་མེས་བསྟན་སྲོག་འཛིན་པའི་ཁྲི་རལ་པ། །ལག་ན་རྡོ་རྗེས་རྗེས་བཟུང་དགོན་པ་བ། །རིགས་ཀུན་བདག་པོ་རྩེ་ཆེན་སྙིང་པོའི་ཞབས། །སྔ་འགྱུར་ཆོས་ཀྱི་སྒྲོན་མེ་མངའ་བདག་མྱང་། །པདྨ་བཛྲ་བལ་ཡུལ་པཎྜི་ཏ། །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་དཔལ། །གནམ་གྱི་བརྒྱུད་ལས་ཡོན་ཏན་རྒྱ་མཚོའི་གཏེར། །(སྡེབ་སྦྱོར་གློག་འཕྲེང་།) ཀཽལིཤྱཻརྦིམྦོམཎྜལྱེཤཱནྟཀྲོདྷཻརྡཻབཱཔཙཱནྡྲཿ པྲཱཀཱཤཱཀཱུལཱཤཤྲཱིདྨིམཱཧཱཤྲཱིསཽཔཱརཾཧེརུཀྱཿ ཨ་ནུ་ལུས་ཀྱི་དཀྱིལ་འཁོར་དུ། །ཞི་ཁྲོའི་ལྷ་ཚོགས་ཆུ་ཟླ་ལྟར། །རབ་གསལ་རིགས་རྣམས་ཀུན་གྱི་གཙོ། །དཔལ་ལྡན་ཆེ་མཆོག་ཧེ་རུ་ཀཿ །(༨༡བ)


GLG017_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་བློ་ཡི་མེ་ལོང་དུ། །གཅིག་པུ་ཉིད་ལས་དུ་མའི་གར། །ཉིང་འཁྲུལ་བརྫུན་བྲིས་རི་མོ་དེ། །བསྟད་མེད་ཟོག་པོའི་རང་མཚང་ཙམ། །འོན་ཏེ་རྡོ་བའི་རིང་བསྲེལ་བཞིན། །སྙིང་ནས་མོས་ངོར་དངོས་གྲུབ་རྣམས། །འགྲུབ་པ་སྣང་བའི་ཆོས་རྣམས་ཀུན། །ཀ་དག་དབྱིངས་སུ་སྒྱུར་ནུས་མཚར། །ཤིང་ཡོས་རྣམ་པར་རྒྱལ་བའི་འདུས་པའི་ཚོགས་ཀྱི་ཟབ་ལམ་རྣལ་འབྱོར་གྱི་རྟེན་དུ་གཉེར་པ་བློ་བཟང་སྦྱིན་པས་ཁུར་བླངས་ནས་རྒྱ་ཅན་གྱི་ལྷ་ཚོགས་རྣམས་བཞེངས་པའི་རྒྱུ་སོང་སོགས་ཞིབ་ཆ་མཐའ་དག་ཞིང་བཀོད་གཙོ་ཐང་གི་རྒྱབ་ཡིག་ཏུ་གསལ་ལོ། །ཕྱག་རྒྱ་གཅིག་གི་ཐོག་མཐའ་ཡིས། །འཁོར་འདས་ནུས་སྟོབས་བྲག་གི་རི། །འཐག་བྱེད་ཟིལ་གནོན་ཚེ་ཡི་བདག །འཇམ་དཔལ་གཤིན་རྗེ་དུས་ཀྱི་དགྲ །མཐོང་བ་ཙམ་གྱི་ལྷ་སྲིན་ཀུན། །དངངས་མཛད་འཆོལ་བའི་ཁྲོ་རྒྱལ་ཆེ། །རྡོ་རྗེའི་བླ་མ་གྲོ་བོ་ལོད། །ཧེ་རུ་ཀ་དཔལ་གར་དུ་བཞེངས། །མི་སྲུན་དྲེགས་པའི་སྙིང་ག་རུ། །བརྐྱང་བསྐུམ་ཞབས་ཀྱི་སྟང་སྟབས་ཅན། །ལག་ན་འབར་བ་རྡོ་རྗེའི་མཚོན། །གདེངས་པས་སྡེ་བརྒྱད་ཀུན་འདུལ་བསྔགས། །ཉི་མའི་བུ་ཡི་དཔུང་ཚོགས་རྣམས། །མིང་མཐར་གཏོང་བའི་དཔའ་བོ་ཆེ། །འཆི་མེད་རིག་པ་འཛིན་པའི་གཙོ། །པདྨ་ཚེ་དབང་རྩལ་དེར་དད། །སྒྲིབ་གཉིས་ཉེས་བརྒྱ་མ་ལུས་པ། །ཕྱུངས་པས་དེ་འབྲས་ཟུག་རྔུའི་ནད། །གཞིལ་བའི་སྨན་པ་ཐམས་ཅད་མཁྱེན། །བཻ་ཌཱུཪྻ་ཡི་འོད་ལ་འདུད། །རྟ་སྐད་ང་རོ་མགྲིན་པ་ནས། །བསྒྲགས་པས་ཁམས་གསུམ་མ་ལུས་པ། །ཟིལ་གྱིས་གནོན་པའི་ཉིན་བྱེད་ཀྱིས། །ཡིད་སྲུབས་དམག་རུམ་ཕ་མཐར་སྐྲོད། །གདེངས་(༨༢ན)


GLG017_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཉན་དང་ས་བདག་གི །གཉེན་པོར་རང་གཤེད་རང་དབབ་པའི། །ཀླུ་སྲིན་གདུག་པའི་རྣམ་རོལ་པ། །འཇམ་དཔལ་ནཱ་ག་རཀྴས་སྐྱོངས། །ཚེ་བདག་རིགས་འཛིན་ཡེ་ཤེས་གདངས། །འོད་དཔག་མེད་མགོན་སྤྲུལ་པ་ལ། །འཆི་མེད་ལོངས་སྐུ་ཡབ་ཡུམ་དཀར། །རང་རིག་སྐུ་གསུམ་སྒྱུ་འཕྲུལ་རོལ། །བརྒྱ་ཕྲག་རྫིང་བུར་ཟླ་གཟུགས་གཅིག །འཆར་ལྟར་རྣམ་འགྱུར་སྣ་ཚོགས་པ། །བསྟན་ཀྱང་རྡོ་རྗེ་དབྱིངས་ཕྱུག་མས། །གཞན་མིན་དཔལ་ལྡན་རེ་མ་ཏཱི། །རྡོ་རྗེ་འབར་བ་གདེངས་ཙམ་གྱིས། །དམ་སྲི་ལྷ་སྲིན་མོ་དངངས་དང་། །ལྷན་ཅིག་ནུས་སྟོབས་མངལ་ལྷུངས་པའི། །ཟིལ་གནོན་རྟ་མགྲིན་དྲག་རྩལ་ཆེ། །དགྲ་སྙིང་ཁྲག་དྲོན་ལྦུ་འཕྲེང་གི །ཚེམས་དཀར་གཡོགས་ཀྱང་མ་ཚིམ་པར། །སྦར་མོས་ནང་འཁྲོལ་འདྲད་བྱེད་པའི། །བེག་ཙེ་ལྕམ་དྲལ་གནོད་སྦྱིན་གཙོ། །ཚེ་མཐའ་ཡས་པའི་ཝཾ་ཡིག་གཟུགས། །གོས་དཀར་ཨེ་དབྱིངས་མཉམ་སྦྱར་བས། །སྲོག་གི་གཟུགས་གྱུར་དྭངས་མ་ཀུན། །རབ་དྲོངས་འཆི་བདག་གཡུལ་ལས་རྒྱལ། །མར་མེ་མཛད་དཔལ་ཡེ་ཤེས་ཀྱི། །དངས་པའི་ཆུ་མཚོར་རྒྱུད་སྡེ་བཞིའི། །ལྷ་ཚོགས་གཟུགས་བརྙན་རྣམ་བཀྲ་བ། །ཐིག་ལེ་བཅུ་དྲུག་ཡང་ཟབ་ཆོས། །པདྨའི་རིག་གདངས་ཡེ་ཤེས་ལྔར། །ཤར་བ་འཕགས་མཆོག་འཇིག་རྟེན་དབང་། །མ་སྨད་ཐུགས་རྗེས་གངས་ཅན་གྱི། །བསྟན་དང་འགྲོ་བའི་ཕན་བདེ་སྤེལ། །འཕྲིན་ལས་རིགས་འཛིན་ཐོད་ཕྲེང་རྩལ། ཁྲོ་ལས་ཆེར་ཁྲོས་གཏུམ་པོའི་གཟུགས། །ཡང་གསང་ཀརྨ་དྲག་པོ་ཡིས། །བདུད་བཞིའི་དཔུང་ཚོགས་རྡུལ་དུ་ལྷོགས། །སྣང་མཐའ་རིགས་ལྔའི་ངོ་བོ་(༨༢བ)


GLG017_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །ཡོངས་ཤར་འཆི་བདག་གཡུལ་བཅོམས་ནས། །དཔག་མེད་ཚེ་ཡི་མཆོག་སྦྱིན་པ། །གྲུབ་དབང་འཁོར་སྒྱུར་ལྕགས་ཟམ་པ། །ནག་པོ་ཀླུ་ཚོགས་འདུལ་བའི་ཆེད། །གསང་བ་ཀུན་གྱི་བདག་པོ་ཆེ། །གཏུམ་པོ་ཡེ་ཤེས་སྒྱུ་མའི་འཕྲུལ། །རིགས་ལྔའི་ཁྱུང་གི་འོག་གདོན་ཆོམས། །འབྲལ་སྤང་ཁྲོད་ཀྱི་རྒྱབ་ཡིག །ཕྱི་ནང་དྲང་སྲོང་བྱད་སྟེམས་མཚོན། །རང་གཤེད་འབོབས་པ་ཚེ་སྲོག་བདག །འཇམ་དཔལ་ཁྲོས་པས་འཁོར་འདས་ཀྱི། །ཕྱག་རྒྱ་མ་ལུས་ཟིལ་གྱིས་གནོན། །མ་རིག་འཁྲུལ་བའི་འགྲོ་བ་ཀུན། །མཐའ་མེད་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་དེད་དཔོན་སྤྱན་རས་གཟིགས། །ཐུབ་དྲུག་སྒོ་མར་བཅས་པས་སྐྱོངས། །ལུས་ཅན་འཁོར་བའི་བཙོན་ར་ནས། །བདེ་ཆེན་དབྱིངས་སུ་སྒྲོལ་མཛད་པ། །ཐུགས་རྗེ་ཆེན་པོ་ཞི་ཁྲོ་ཡི། །བསྐྱེད་རྫོགས་རྫོགས་ཆེན་ཉམས་ལེན་ཤོག །གཏན་མདུན་བརླག་པའི་ཉོན་མོངས་དགྲ །བཅོམས་ནས་མྱ་ངན་འདས་པའི་གྲོང་། །རྐྱེ་རྒུའི་ལམ་སྣ་འདྲེན་པ་ལ། །མྱུར་མཛད་མགོན་པོ་གར་གྱིས་རོལ། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །མི་སྲུན་འཆི་བདག་མ་ཧེའི་ཞལ། །གདངས་པའི་ཁ་ནང་འགྲོ་ཀུན་གྱི། །བླ་སྲོག་ཚེ་གསུམ་ཧུབ་ཀྱིས་དྲོངས། །ཚངས་རིས་ལྷ་ཆེན་འབར་བ་རྩལ། །གངས་ཅན་སྐྱོང་ལ་དྲི་ཟའི་རྒྱལ། །མཐུ་སྟོབས་རྫུ་འཕྲུལ་དཔག་དཀའ་བས། །རྒྱལ་བསེན་འབྱུང་པོའི་སྙིང་རྩ་ཆོད། །གཙུག་ལག་ཁང་རྣམས་སྲུང་མ་ཆེ། །ལི་བྱིན་ཧ་ར་རྫུ་འཕྲུལ་ཅན། །ལས་མཁན་ཤན་པའི་ཚོགས་བཅས་ཀྱིས། །པདྨ་ཐོད་འཕྲེང་བཀའ་བཞིན་སྒྲུབས། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་(༨༣ན)


GLG017_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་ཚིག་འབྲལ་སྤང་གི་སྐུ་བརྙན་དུ་ཚེ་བདག །ཐུགས་རྗེ་ཆེན་པོ་ལུགས་གཉིས། ཕྱག་དྲུག་པ། ལས་གཤིན། ཐང་ལྷ། དཔེ་ཧར་རྣམས་གཉེར་པ་བློ་བཟང་སྦྱིན་པས་ཁུར་བླངས་ནས་བཞེངས་པའི་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བནྡེས་བཀོད་པ་སིངྔྷི་རསྟུ། མ་ཧཱ་ཀཱ་ལའི་འཁོར་ལོས་སྒྱུར། །བསྟན་སྲུང་བརྒྱ་མཚོའི་དེད་དཔོན་ཆེ། །གུར་མགོན་ལྕམ་དྲལ་ལས་མཁན་གྱིས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །སྲིན་པོ་ཞེས་པ་ཤིང་ཡོས་ཧོར་ཟླ་བརྒྱད་པའི་ཉེར་བཞི་ལ་གྲྭ་ཚང་གཉེར་པ་བློ་བཟང་སྦྱིན་པ་ས་སྐྱོང་བའི་ཁྲི་འདོན་བྱས་སྐབས། རང་འབྱུང་ལོ་ཀེ་ཤྭ་ར། རྗེ་བཙུན་སྲིད་གསུམ་དབང་སྡུད་རིགས་བྱེད་མ། དཔལ་ལྡན་དམག་ཟོར་རྒྱལ་མོ་གསུམ་ལ་ཐམ་ཕུད་ཕུལ་པའི་ཁ་བྱང་དཔག་བསམ་སྙེ་མ། ཕྱག་ན་པད་དཀར་འཆང་བའི་མགོན་ཁྱོད་ཀྱིས། །རྨད་བྱུང་ཐུགས་རྗེའི་བསིལ་ཟེར་འབུམ་སྤྲོས་ཏེ། །བསྟན་དང་འགྲོ་བའི་ཕན་བདེ་ཀུ་མུ་དཿ །བཞད་པའི་འདབ་མ་ཡོངས་སུ་འཛུམ་པར་མཛོད། །ཨུཏྤལ་དམར་པོའི་རྒྱུད་ལས་ཉེར་འཕོས་པ། །འཇམ་མཉེན་མདའ་ཡིས་སྲིད་གསུམ་མ་ལུས་པའི། །བསྟན་པ་ཉེར་འཕྲོག་རིག་བྱེད་ལྷ་མོ་ཡི། །རྨུགས་འཛིན་འབྱོར་བའི་སྒོ་འཕར་རབ་ཏུ་ཕྱེ། །འདོད་པ་ཁམས་ལ་དབང་སྒྱུར་རི་མ་ཏཱི། །ཀུན་རྫོབ་གདུལ་བྱའི་སྣང་ངོར་དབྱངས་ཅན་ལྷ། །ངེས་པའི་དོན་དུ་རྡོ་རྗེ་དབྱིངས་ཕྱུག་མས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །གངྒཱའི་རྡུལ་སྙེད་ཞི་ཁྲོའི་གཞལ་ཡས་ཁང་། །དངུལ་དཀར་ཞུན་མ་ལས་གྲུབ་བུམ་པ་བཟང་། །ལེགས་བསྐྲུན་བསོད་ནམས་བྱས་འབྲས་བྱང་ཆུབ་བར། །མ་ནུབ་དབང་གི་ཆུ་བོས་རྒྱུན་སྨིན་ཤོག །ཅེས་རི་བོ་ཆོས་གླིང་པ་(༨༣བ)


GLG017_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཅེན་བསྟན་འཕེལ་གྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་དགེ་བསྐོས་བྱས་སྐབས་འཇོག་ལ་དངུལ་སྲང་བཅུ་གསུམ་ལས་གྲུབ་པའི་རྣམ་རྒྱལ་བུམ་པ་འཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བ་ཛ་ཡནྟུ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།) ནམ༔སརྦྦསམཱཛབུདྡྷཻཿཔདྨཱཀརཱཡ། །ཨཱདིཤུངྔྷཀསྭསཾསུརསྨིནནྟབཱཧུལཨཱཿཉྩདྷརྨཀཱཡནཻཏྱབྷོགཤཱདཀཱུལཙཱཏྨབཱབལོཀིནཱཐསམྱབྷོག།ནོནིརོདྷཀཱརུཀཤྩསཱདྷུབརྟཔདྨབྷཱབནིརྨཀཱཡཙཻབཔཱདནཱཁརཀྟརཀྵབཻཛྙལཱབིམཱུརྔྷཏོཏྐརོཏུ། སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཡེ་ནས་ཀ་དག་ངོ་བོ་ཀུན་བཟང་འོད་མཐའ་ཡས་པ་ཆོས་ཀྱི་སྐུ། །ལྷུན་གྲུབ་རང་བཞིན་རིགས་བརྒྱའི་རང་སྣང་སྤྱན་རས་གཟིགས་མགོན་ལོངས་སྤྱོད་རྫོགས། །འགག་མེད་ཐུགས་རྗེ་ཅིར་ཡང་ལེགས་བསྒྱུར་པདྨ་འབྱུང་གནས་སྤྲུལ་པའི་སྐུ། །ཨ་ཧོ་ཞབས་སེན་དམར་བའི་རྡུལ་དེ་རྣམ་མཁྱེན་ཐོབ་པར་གཙུག་འབབ་མཛོད། །ཨེ་དབྱིབས་སྟོང་པ་ཤེས་རབ་འཚོ་རྒྱལ་དང་། །ཝཾ་ཡིག་བདེ་ཆེན་ཐབས་ཀྱི་མཉམ་སྦྱོར་བ། ཁྱབ་བདག་རྡོ་རྗེ་འཆང་དབང་(༨༤ན)


GLG017_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་འཕྲེང་རྩལ། །དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོས་སྒྱུར་བའི་གཙོ། །གཅིག་ལས་དུ་མར་བསྟན་པའི་གར་མཁན་བཞིན། །མཚན་བརྒྱད་སྐུ་ཡི་བཀོད་པ་གདུལ་བྱའི་ངོར། །སྣ་ཚོགས་ཚོན་དང་ཕྲད་པའི་ཤེལ་དཀར་མདངས། །མ་འདྲེས་གསལ་བར་ཤར་བའི་ཚུལ་དེ་རྨད། །འཁོར་བར་འཁྱམས་སོ་ཅོག་གི་འགྲོ་རྒྱུད་ཀྱི། །སྡིག་སྒྲིབ་དྲ་བ་གཅོད་པའི་ཐབས་ཤེས་མཚོན། །སྙིང་རྗེའི་ཕྱག་གིས་བཟུང་ནས་ཡོངས་དབྲལ་བར། །ནམ་ཡང་མི་དལ་མགོན་ཁྱོད་མཛད་པའི་དཔྱིད། ཁྱད་པར་རྒྱ་བལ་པཎ་གྲུབ་ངང་ཚུལ་གྱིས། །རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ། །འཛིན་སྤེལ་བསྲུང་བའི་ཀུན་ཁྱབ་ཐུགས་རྗེ་ཆེ། །སྟོང་ཕྲག་ཉི་མའི་འོད་ཀྱི་གཟི་བྱིན་འཕྲོག །ཡང་སྒོས་གར་དབང་དྲི་མེད་གཟིགས་པ་ཡིས། །ཆུ་སྐྱེས་ལས་འཁྲུངས་འཛམ་གླིང་འདིར་ཆེ་བའི། །རིག་སྔགས་འཆང་བའི་བརྟུལ་ཞུགས་ནུས་རྩལ་གྱིས། །གངས་ཅན་འགྲོ་ལ་བཀའ་དྲིན་ཕ་མཐའ་ཡས། །གངྒཱའི་ཀླུང་རྡུལ་གྲངས་སུ་འདྲེན་སླ་ཡང་། །མགོན་ཁྱོད་ངོ་མཚར་མཛད་པའི་ཚད་འདི་ཞེས། །མ་འདྲེས་གསལ་བར་འཆར་བའི་ཨཱ་དཪྴཿ །ཀུན་ཁྱེན་ཡེ་ཤེས་ལས་གཞན་དམིགས་སུ་མེད། །སྐད་ཅིག་བསྐལ་པ་བསྐལ་པ་སྐད་ཅིག་ཏུ། །བསྒྱུར་ནུས་འགྲོ་རེའི་སྣང་ངོར་མཛད་པ་རེ། །སྟོན་ལ་མཁས་གྲུབ་ཕལ་གྱི་རྣམ་ཐར་བཞིན། །ལོ་ཟླ་དུས་ཀྱི་ངེས་འཚོལ་བཞད་གད་གནས། །ལོ་རྒྱུས་གཞན་ལ་གོམས་པའི་བག་ཆགས་མཐུ། །བརྟས་པའི་མང་དུ་ཐོས་པའི་དཔྱོད་ལྷོ་བྲག་སྤྲུལ་སྐུ་གཙུག་ལག་འཕྲེང་བ། ལྡན་ཀྱང་(༨༤བ)


GLG017_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རབས་རྩོམ་རིགས་ཁོ་ནར་སྣང་ཞེས་པ། །སྒྲིབ་རྒྱུན་སྤེལ་ལས་ད་དུང་ཆོས་མིག་སྒྲུབས། །རྟོག་གེའི་ཚིག་ལ་འཆལ་བའི་ལོག་སྨྲའི་མེས། །བློ་དམན་དགེ་བའི་ལྗོན་ཤིང་སྲེག་ནུས་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོ། རྒྱ་མ་བཅོད་གཏུན་རབ་འབྱངས་པ། བྲག་སྒོ་རབ་འབྱམས་པ་ལྟ་བུ། མཁན། །འབྲས་བུ་ཡིད་མི་འོང་བའི་གནས་ངན་ཡུལ། །དམྱལ་བར་སྤྲོ་བས་སྦྲོན་པའི་བྱེད་པོ་བཞིན། །མགོན་དེར་སྙིང་ནས་མོས་པའི་རྟོགས་བརྗོད་ཚོགས། །ཀློག་འཆང་འདྲི་རྣམས་མཐོ་རིས་ཐར་པའི་སར། །བགྲོད་པར་མ་ཟད་འདོད་ལྷ་སྡེ་བརྒྱད་ཀྱི། །གནོད་པ་མངོན་སུམ་སེལ་ལ་སུ་ཞིག་བསྙོན། །དེ་ཕྱིར་ལྕགས་སྒྲོག་གྲགས་རྗེས་འབྲང་བ་དང་། །རྨོངས་ཞེན་ཕ་ཕོར་གཙང་བ་མ་ཡིན་པའི། །དབང་རྣོན་ཁྱོད་རྗེས་འབྲང་བའི་དད་པ་ཡིས། །འཛད་མེད་ཆོས་སྦྱིན་པར་དུ་བསྐྲུན་ལ་སྤྲོ། །སྙིང་དབུས་གཞོན་ནུ་བུམ་སྐུར་གདོད་མ་ནས། །ཞུགས་པའི་རང་རིག་དོན་གྱི་པདྨ་འབྱུང་། །རང་ངོ་ཕྲོད་ནས་ལོགས་སུ་བླ་མ་གཞན། །མི་འཚོལ་དབྱེར་མེད་ངོ་བོ་གཅིག་ཕྱག་འཚལ། །མཆོད་བྱ་མཆོད་བྱེད་མཆོད་པའི་ཡུལ་རྣམས་ཀུན། །སེམས་ཉིད་གཅིག་པུའི་རྣམ་པར་འཕྲུལ་པ་རུ། །ཐག་ཆོད་ངེས་པ་རྙེད་པས་ཕྱི་དང་ནང་། །གསང་མཆོད་རང་གི་རང་ལ་སྟོབ་ཚུལ་དབུལ། །ཉི་མའི་སྙིང་པོ་ཡེ་ནས་མུན་པ་དང་། །བྲལ་བ་ལྟ་བུར་རང་རིག་སྒྲིབ་གཉིས་ཀྱིས། །དོན་ལ་གོས་པ་མིན་ཀྱང་རྨི་ལམ་ལྟར། །མེད་བཞིན་ཀུན་རྫོབ་ངང་དུ་མཐོལ་ཞིང་བཤགས། །མཐའ་ཀླས་བགྲང་བར་དཀའ་བའི་ཞིང་ཁམས་སུ། །པདྨ་ཐོད་འཕྲེང་ཉིད་ལས་གཞན་མིན་པ། །(༨༥ན)


GLG017_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་དུས་བཞིའི་བདེར་གཤེགས་མ་ལུས་པའི། །འཛད་མེད་གདུལ་བྱར་འཇུག་པའི་མཛད་པར་རངས། །སྟོང་གསུམ་འཇིག་རྟེན་འདིའི་ཕྱི་ཕྱོགས་མཚམས་སོགས། །བརྗོད་དཀའ་རྡུལ་སྙེད་ཞིང་གིས་སངས་རྒྱས་དང་། །གུ་རུ་པདྨ་ཟུང་འབྲེལ་མདོ་སྔགས་ཆོས། །འཁོར་ལོ་གདུལ་བྱ་དང་འཚམ་བསྐོར་བར་བསྐུལ། །མྱ་ངན་འདར་བཞེད་རྣམ་འདྲེན་མང་པོ་ཡང་། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ། ཁྱོད་ཀྱི་ངང་ཚུལ་དང་མཚུངས་མི་གཡོ་བར། །ངེས་པ་ལྔ་ལྡན་སྐུ་ལྟར་བརྟན་པར་གསོལ། །ལེགས་བྱས་བསགས་པ་འདིས་མཚོན་དུས་གསུམ་གྱི། །བསོད་ནམས་བྱས་སོ་ཅོག་འབྲས་གངས་ལྗོངས་འདིར། །མཚོ་སྐྱེས་རྡོ་རྗེའི་འཕྲིན་ལས་ཡོངས་ཁྱབ་པས། །འགྲོ་རྣམས་བདེ་སྐྱིད་དཔལ་ལ་སྤྱོད་པར་བསྔོ། །པར་འདིའི་ཆེད་དུ་སྒོ་གསུམ་འབད་པ་དང་། །བཀླགས་ཤིང་འཆང་ཀུན་ཡང་སྲིད་ཐམས་ཅད་དུ། །དགྲ་གདོན་བགེགས་ཀྱི་གཡུལ་ལས་རབ་རྒྱལ་ཞིང་། །ཚེ་འབྱོར་དབང་ཐང་རྣམ་ཐོས་བུར་འགྲན་ཤོག །ཉོམ་མོངས་དེས་བསྐྱེད་སྒྲིབ་འབྲས་རིམ་སྲབ་ནས། །སྐྱེ་བར་པད་འབྱུང་ཞལ་མཐོང་གསུང་ཐོས་ཏེ། །རིང་མིན་རྔ་ཡབ་དཔལ་རིར་རིགས་འཛིན་གྱི། །གྲལ་ཞུགས་བསྐྱེད་རྫོགས་རྫོགས་ཆེན་གྱིས་གྲོལ་ཤོག །བསོད་ནམས་ཡོངས་འདུ་གསར་པའི་འཁྲི་ཤིང་གི །ཕང་ཕུང་ལོ་འདབ་རྒྱས་པའི་གྲིབ་བསིལ་དུ། །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འགྲོས། །བདེ་ཞིང་བརྟན་པའི་འབྲས་བུ་མྱོང་བར་ཤོག །སྭ་སྟི་པྲ་ཛཱ་བྷྱཿཡི་སྒྲར་དྲངས་པའི། །ཕུན་ཚོགས་དཔྱིད་ཀྱི་རྒྱལ་མོའི་(༨༥བ)


GLG017_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་དབྱངས་ཀྱིས། །དགའ་སྐྱིད་དབྱར་གྱི་ལང་ཚོ་ཉེར་བཀུག་སྟེ། །ཐོག་མཐའ་བར་དགེའི་ཤིས་པས་ཁྱབ་གྱུར་ཅིག །ཅེས་དཔལ་སངས་རྒྱས་གཉིས་པ་ཨཽ་ཌྜི་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གཏེར་ཁ་གོང་འོག་པ་ཁལ་སྨུག་པོ་སོགས་གཏེར་བྱོན་མང་པོར་རྒྱས་བསྡུས་དང་། གདུལ་བྱའི་བློ་དང་བསྟུན་པའི་རིགས་མི་གཅིག་པ་སྣ་ཚོགས་སྣང་ཞིང་པདྨ་བཀའི་ཐང་ཡིག་ལ་ཡང་རྡོ་རྗེ་གླིང་པ་སངས་རྒྱས་གླིང་པ་སོགས་གཏེར་ཁ་འགའ་ཡང་འདུག་པའི་རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བླངས་པའི་མཐར་ཡབ་རྗེ་ཨྱོན་གླིང་པས་བཀའ་འདུས་ཆོས་ཀྱི་རྒྱ་མཚོས་ཐོག་དྲངས་ཆོས་བཀའ་མཐའ་ཀླས་པ་བཏོན་པས་གཏེར་སྟོན་དུ་གྲགས་ཤིང་པདྨ་བཀའི་ཐང་ཡིག་འདི་ཉིད་ཆུ་འབྲུག་ཟླ་བ་བཞི་པའི་ཚེས་བརྒྱད་གཟའ་ཟླ་བ་དང་སྐར་མ་དབོ་འཛོམ་པའི་ཉིན་ཡར་ཀླུངས་ཤེལ་གྱི་བྲག་རྫོང་པདྨ་བརྩེགས་པའི་ངོས་པདྨ་ཤེལ་ཕུག་གི་སྒོ་སྲུང་ཁྱབ་འཇུག་ཆེན་པོའི་ཐུགས་ཀ་ནས་གུ་རུ་ཨྱོན་གླིང་པས་ལས་ལྡན་གྱི་གྲོགས་གཞུ་ཀུན་ར་བ་ཧོར་པ་སྒོམ་ཤཱཀ་དང་བཅས་གཏེར་ནས་སྤྱན་དྲངས་པ་ལ་ཡི་གེར་ལྷད་ཞུགས་པའི་དཔེ་སྣ་ཚོགས་ཤིག་འདུག་པ་ལོ་ཆེན་བཻ་རོའི་རྣམ་འཕྲུལ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་དགོངས་པ་སྐོང་སླད། །བོད་ཡུལ་འདིར་གནམ་གྱིས་བསྐོས་པའི་རྒྱལ་པོ་དཔལ་ཕག་མོ་གྲུ་པའི་མདུན་ན་འདོན་རྒྱ་གར་གྱི་རྒྱལ་རིགས་སཱ་ལ་པ་ཆེན་པོ་ཧོར་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་མཛད། །གཏེར་སྟོན་གྱི་ཕྱག་བྲིས་མའི་བུ་ཡིག་སོགས་ཡི་གེ་རྙིང་པ་ཁུངས་བཙུན་(༨༦ན)


GLG017_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བརྟེན་ནས་པཎ་ཆེན་རི་ཟངས་མདོག་པས་ཞུས་དག་པའི་འཕྱོང་རྒྱས་དཔལ་རིའི་བར་ཞེས་ཚད་ཐུབ་ཏུ་བྱེད་ནའང་འཕྲིན་ལས་ཧ་ཅང་ཆེས་པའི་ཡིག་འབྲུ་འཐོར་པ་དང་མི་གསལ་བ་ཁ་ཡར་འདུག་པ་ལྷོ་བྲག་སྤྲུལ་སྐུའི་ཆོས་འབྱུང་དང་སོག་བཟློག་པ་བློ་གྲོས་རྒྱལ་མཚན་ཞེས་རྣམ་དཔྱོད་དང་ལྡན་པ་དེས་བརྩམས་པའི་ཨྱོན་ཆེན་པོའི་རྣམ་ཐར་ལྟར་གཏེར་སྟོན་རྡོ་རྗེ་གྲོ་ལོད་ཀྱི་ལུང་བསྟན་དཔེ་རྙིང་པ་ལྕགས་སྨྱུག་མ་ནས་རྙེད་པ་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེའི་དུས་རྟགས་སོགས་གསལ་པོར་སྣང་བས་གསར་དུ་བཅུག་པ་ཙམ་ལས་བཅོས་མེད་འདི་དཔལ་ཨྱོན་ཆེན་པོའི་ཟབ་གཏེར་ནས་ལུང་གིས་ཟིན་པ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་པར་གསར་པ་ཞིག་བསྐོས་ན་ཞེས་བསྐུལ་བས་རྐྱེན་བྱས། རང་ཉིད་ཀྱང་མི་ཕྱེད་བའི་དད་པས་ཡིད་དྲངས་ཏེ་ཁ་བ་རི་པ་རྣམས་ལ་གཅིག་ཏུ་ཕན་པའི་ཆོས་སྦྱིན་མི་ཟད་པའི་བར་ཟ་ཧོར་གྱི་རིགས་ལས་སྔགས་པ་རྒན་པོ་ཆེ་མཆོག་འདུས་པ་རྩལ་པདྨས་མིང་བཏགས་རྡོ་རྗེ་ཐོགས་མེད་རྩལ་དུ་འབོད་པས་པར་བྱང་དང་བཅས་ཏེ་འདུ་གྱིས་ནས་ཤིང་ཡོས་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོ་རྒྱུར་བསྲིངས་པ་པར་ཞུས་དང་དོ་དམ་པ་ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ། རྩེ་སྐོར་བ་དགེ་སློང་བློ་གསལ་མཁས་པ། བཀྲས་གླིང་དགེ་སློང་སྨྲ་བའི་དབང་ཕྱུག་གསུམ་དང་། ཡིག་མཁན་བློ་བཟང་དམ་ཆོས། བློ་བཟང་ཉི་མ། དགའ་ལྡན་བསྟན་འཛིན། ཀུན་དགའ་རྣམ་(༨༦བ)


GLG017_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། རྐོས་མཁན་དབུ་མཛད་དགོས་སླེབས། དབུ་ཆུང་རྒྱལ་བཀྲས། བྱིངས་གྲས་རབ་བརྟན། ཚངས་འཕེལ། གཞུང་རྡོར། ནམ་མཁའ་རབ་བརྟན། རྒྱལ་མཚན། གྲགས་པ། ནོར་བུ་ལྷ་སྐྱབས། ཨ་གཅེས། སུམ་འཕེལ། རབ་རྒྱས། དཔལ་ཁང་པ། སྒྲོལ་དབང་།ཡར་འཕེལ། ཚེ་རིང་དཔལ་འབྱོར། འོམ་དཔལ། དཔུང་སོགས། གསུམ་པ། བྲག་དབང་། རྡོར་དབང་། ཀུན་དགའ་ཚེ་བརྟན། ནོར་བུ་ཚེ་བརྟན། ཚངས་སྐྱིད། དཀར་པོ། ཕུན་ཚོགས། དར་རྒྱས། ཀུན་ཚུལ། འཇམ་དབྱངས། སྙིང་པོ་དཔལ་ལྡན། ཚངས་པ། འབྱོར་རྒྱས། ཚངས་ཆེན། ཐམ་རྒྱལ། རྡོ་རྗེ། རྒྱ་མཚོ། ཀུན་དགའ་ཚེ་དབང་། ཤིང་བཟོ་ཨ་དཀར། དབུ་ལྷ་འདྲི་མི་བཞད་པ་མཐའ་ཡས་རྣམས་ཀྱིས་བྱས་ཏེ། མེ་འབྲུག་ཁྱུ་མཆོག་ཟླ་བའི་ཉེར་བཞིའི་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཐོག་ལེགས་པར་གྲུབ་པའི་པར་བྱང་གི་ཡི་གེ་པ་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་འདིས་ཀྱང་སྟོད་སྨད་བར་གསུམ་གྱི་འདྲེ་ངན་སོགས་ནག་པོ་བདུད་ཀྱི་དཔུང་ཚོགས་སྨེག་མེད་དུ་འཇོམས་ཤིང་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་འགྲན་པའི་དགའ་སྟོན་ལ་སྤྱོད་པའི་བསམས་དོན་མ་ལུས་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །(༨༧ན)


GLG017_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) གཱཡདུརྐཪྻམཱཧོརྨཙཱརསྱགཱིརིཪྡིགཱཉསཱརམནྠཱཏྤྲཧཱིམྦུརྡྭིཔཿཀརྨནོཏཱུརྞཔཉྩཱལྱཛདྒེཥུཙཱརཻཀདེབོཏྤཤཱཀྱསྱསཾབརྞཀཿ། འགྲོ་ཆེད་བྱ་དཀར་རླབས་ཆེན་སྤྱོད་པའི་རི། །ཚོགས་གཉིས་མཚོར་བསྒྲིལ་ལས་ཐོན་སྤང་རྟོགས་གླང་། །འཕྲིན་ལས་ལྷོད་པོའི་གོམ་འགྲོས་ཡིད་ཅན་སར། །རྒྱུ་བའི་ལྷ་གཅིག་ཤཱཀྱའི་གཙོ་དེ་བསྔགས། ཁྱོད་བསྟན་བྱང་ཕྱོགས་འཕེལ་བའི་འབྱུང་འགྱུར་ལུང་། །ཡོངས་གསུངས་བདེན་གཏམ་རླུང་བསྐུར་མ་ཡིན་རྗེས། །རིགས་གསུམ་སྒྱུ་དྲའི་ཆོས་རྒྱལ་མེས་དབོན་གྱི། །ཕྱག་རིས་མ་གབ་དིང་བར་མངོན་སུམ་གསལ། །དེ་ཕྱིར་འཇམ་དཔལ་རྡོ་རྗེ་མི་ཡི་གཟུགས། ཁྲི་སྲོང་རྣམ་པར་འཕྲུལ་བའི་གཙུག་ལག་ཁང་། །ཟན་གཡང་རྟེན་དང་བརྟེན་ལ་སྲི་ཞུ་རུ། །བསྐྲུན་པའི་ངོ་མཚར་ཆོ་ག་བརྗོད་ལ་སྤྲོ། །ཞེས་ཚིགས་སུ་བཅད་པས་སྔུན་བསུས་ནས་གླེང་བར་བྱ་བ་ནི། །ལུས་ཅན་མཐའ་དག་(༨༧བ)


GLG017_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གི་མགོན་དང་སྐྱབས་དང་གླིང་དང་དཔུང་གཉེན་གཅིག་པུ་པ་སྟོབས་བཅུ་མངའ་བ་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་རི་ཁ་བ་ཅན་གྱི་ལྗོངས་འདིར་དབུ་བརྙེངས་སྲོལ་བཏོད་དར་རྒྱས་མཛད་པ་གསུམ་གྱི་ཕྱི་མ་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་རྣམ་པ་གཉིས་ཀྱིས་ཐོག་དྲངས་མཁས་གྲུབ་ལོ་པཎ་རྣམས་དབུའི་ཐོད་དུ་བཀུར་ཏེ་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་མཛད་པའི་དང་པོར། དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་རྩལ་གྱིས་ལྷ་སྲིན་རྣམས་དམ་ལ་བཏགས་ཤིང་ས་གཞི་བཏུལ་ཏེ་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ནས་བཞེངས་པ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་རྒྱ་མཚོའི་ཞིང་མཆོག་དམ་པ་འདི་ཉིད་ལ་ས་སྐྱོང་དགའ་ལྡན་པ་རྡོ་རྗེ་རྣམ་རྒྱལ་མཆེད་གཉིས་ཀྱིས་ས་མོ་བྱ་ལོ་ཕན་སྲི་ཞུར་མཛད་པའི་དཀར་ཆག་སྔོན་དུ་བཀོད་ཟིན་ནའང་ལྕགས་ཁྱི་ནས་བཟུང་མེ་འབྲུག་བར་གྱི་མཛད་པ་ནི། ཁམས་གསུམ་མེ་ཏོག་སྒྲོལ་དུ་གསེར་ཟངས་ལས་གྲུབ་པའི་གཉྫི་ར་དཔངས་རྒྱུག་མཐོ་བཅུ་གསུམ་པ། དབུ་ཚལ་གསེར་ཁང་གླིང་། འཇམ་དཔལ་གླིང་། ཨཱཪྻ་པ་ལོའི་གླིང་། དགའ་ལྡན་བྱམས་པ་གླིང་། བྱང་ཆུབ་སེམས་བསྐྱེད་གླིང་། པེ་ཀར་ལྕོག་སྟེ་དྲུག་ལ་རྒྱུག་མཐོ་བཅུ་ཡོད་དོ། །དགེ་རྒྱས་གླིང་དུ་རྒྱུག་མཐོ་བརྒྱད་ཡོད། མཆིམས་ཕུ་ཨྱོན་གསང་ཕུག་ཏུ་རྒྱུག་མཐོ་བཅུ་ཡོད་པ་རྣམས་གསར་དུ་བསྐྲུན་ནོ། །བྱུང་གྱུར་རྣམ་འདྲེན་གནྡྷོ་ལ་ཡི་རྩེར། །མཛོད་ལྡན་འོད་འབར་ནུས་པ་བསོད་ནམས་འདི། །བསགས་(༨༨ན)


GLG017_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སྐྱེ་བར་སྨིན་པ་གླང་པོ་ཆེ། །གསེར་སྦྱངས་ཞུན་མའི་སྙེ་མ་གཡུར་ཟ་ཤོག །དཀར་ཆག་སྔོན་མར་གསལ་བའི་ཁྲོ་ཀོང་རྣམས། །སྦུག་སྐྱོན་བྱུང་བ་བསྐྱར་ལྡུགས་ཀྱི་ཞབས་ར་ཁ་ཡིག་ཅན། ཡང་གསར་བཟོས་ཁྲོ་ཀོང་ཟླ་དྲུག་འཁྱོངས་པ་ཉེར་གསུམ་དང་ཟླ་གསུམ་ལྡང་བ་བརྒྱད་རྣམས་ཀྱི་ནང་དུ་ཟངས་དམར་གྱི་ཀོང་གཡེལ་མོ་ལྕགས་ཀྱི་རྐང་གསུམ་དང་བཅས་པ་བཞི་བཅུ། རྫ་ཀོང་གཡུ་རྩི་མ་གསུམ་བཅས་མཆོད་ཁང་ཆེ་ཕྲ་སོ་སོར་བགོས་ནས་ཕུལ་བར་བགེགས་མི་འཇུག་པ་དང་རྟེན་རྙིང་རྣམས་ལ་ཡང་རབ་གནས་སྐྱོང་བ་ཕན་ཡོན་ཤིན་ཏུ་ཆེ་བ་ནས། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་ཟློས་གར་རིགས་འཛིན་སྤྲུལ་པའི་སྐུ་མཆོག་གྲྭ་བཅས་སུམ་ཅུ་རྩ་གཉིས་ཐུབ་བསྟན་རྡོ་རྗེ་བྲག་དང་ལག་ན་པདྨས་བྱིན་གྱིས་བརླབས་པར་གྲགས་པ་རྒྱལ་བའི་སྲས་པོ་ཤེས་རབ་འཕེལ་བའི་སྤྲུལ་པའི་སྐུ་གྲྭ་བཅས་ཉེར་བཞི་རྣམས་རིམ་པར་སྤྱན་དྲངས་ཏེ་ཞག་བདུན་གྱི་བར་བསྙེན་བཀུར་ནས་རབ་ཏུ་གནས་ཤིང་མེ་ཏོག་འཐོར་བ་མཛད། ཞིག་གསོས་ཁོ་ནར་དབུ་རྩེའི་མདའ་ཡབ་སོགས་གཙུག་ལག་ཁང་གི་ཆེད་དུ་ཤིང་བཟོ་བ་དགུས་ཟླ་བ་ལྔ་དང་ཞག་ཉེར་གསུམ་སོང་ངོ་། །རྒྱུ་སྐར་བསྙེམས་འཕྲོག་སྣང་གསལ་བཞུ་སྣོད་དང་། །རྟེན་གསར་ལྔ་ཕྲག་ཟླ་ལྷག་རྐང་འཐུང་བཟོ། །ལེགས་སྤེལ་དམ་ཚིག་དངས་མཚོར་ཡེ་ཤེས་ཀྱི། །བཀོད་པའི་རི་མོ་འཆར་འདིས་བདག་བྱིན་རློབས། །སྔོན་ཆད་དཀར་མེ་ཁང་དང་སྣོད་སོགས་པར་བཀབ་མེད་པ་གསར་དུ་སྤེལ་ཆེད་(༨༨བ)


GLG017_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འདེགས་ཁལ་ཉི་ཤུ་རྩ་གྲངས་ལས་གྲུབ་པའི་ཟངས་ཆེན་ནང་དུ་བན་ཆེན་ཚད་བཞི་བཅུ་རྩ་གཅིག་རེ་འགྲོ་བ་གསུམ། མར་ཁུ་བསིང་བ་དང་ལྡུགས་སྣོད་འདེགས་ཁལ་ཉེར་བརྒྱད་ལས་གྲུབ་པའི་ཟངས་གཞོང་ལྕགས་ཁ་མ་ཨ་ལུང་དང་བཅས་པ་ཆ། ཟངས་ཀྱི་མར་སྐྱོགས་ཁ་ལྕགས་ལ་ཡིག་གེ་མ་གཅིག་དང་། དེ་མཚུངས་ཁ་ལྕགས་མེད་པ་དགུ། ཟངས་ཚགས་ཆེ་ཆུང་གཉིས། པང་རྒྱན་གཡུ་རྩི་མ་ལྔ་བཅུ་ཐམས་པ་དང་ཕན་རྩི་མ་བརྒྱ་ཉི་ཤུ། མར་ཐུར། ཤིང་གཞོང་སོགས་མཁོ་བའི་ཡོ་བྱད་རྣམས་ཚང་འགྲིག་ཏུ་བསྐྲུན་ནས་དེ་དག་འཇོག་པ་དང་ལས་བྱེད་ཀྱི་གནས་ཁང་བྱ་ལུགས་གནམ་ལྷ་བྱང་ཆུབ་དང་གནོད་སྦྱིན་ཆེན་པོ་གཉིས་ལ་ཇི་ལྟར་འགབ་གསོལ་ལན་དུ་དབུ་རྩེ་རིགས་གསུམ་ནས་བརྩིས་པའི་བྱང་ཤར་མཚམས་སྡུག་འདྲེའི་གཞལ་ཡས་ཁང་འདི་དང་ཉེ་བའི་ས་ཡུལ་འདི་རུ་བཀོད་པ་བྱས་ནས། གནས་ཁང་གེགས་མེད་དུ་འགྲུབ་ཅིང་གནས་སྐབས་དང་སླད་ཀྱི་འགྲོ་བ་རྣམས་ལ་ཡང་ཕན་པ་རྒྱ་ཆེན་པོ་ཡོད་ཚུལ་ལུང་བསྟན་པ་ལྟར་ཁང་པ་ཀ་བ་བརྒྱད་ཅུ་སྐོར་ནས་དཀྱིལ་དུ་ཀ་དྲུག་སྟེང་མར་ཤིང་རྩི་ཚོན་ཁྲ་གསེར་ཤོག་ཅན་ཤོད་དང་བར་གསུམ་གྱི་སྒོ་སྒེ་ཁུང་ཐམས་ཅད་ཚལ་རྩི་ལྕགས་ཤན་མ། དེའི་གཡས་གཡོན་དུ་ཀ་གཞི་སྟེང་ཤོད་བར་གསུམ། དཀར་མེ་བཞུ་ཐབ་ཀ་དྲུག་ཉིས་ཐོག་གི་རྩིས། མདོ་ཁྱམས་ནུབ་སྒོ་སྡུས་འབྱེད་ཀྱི་མཁྲིས་ཀ་གཉིས་ཉིས་ཐོག་དཀར་ཕིབས་དང་བཅས་པ། གཞན་མ་ནས་ཁང་སོགས་སྟེང་ཤོད་ཁ་ཤས་ཡོད་པ་གྲུབ་འཚམས། ཆོས་སྐྱོང་ཆེན་པོ་ནས་གནས་(༨༩ན)


GLG017_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་འདིར་མར་མེའི་རྒྱུན་ཇི་སྲིད་བར་འཕེལ་བའི་རྟེན་འབྲེལ་དུ། རིགས་གསུམ་མགོན་པོ་དང་རྣམ་སྲས་འཁོར་བཅས་བཞེད་དགོས་པའི་ལུང་བསྟན་ལྟར། སྤྱན་རས་གཟིགས། འཇམ་དབྱངས། ཕྱག་རྡོར། ངལ་བསོས་པོ་བཞི་མི་ཚད་ལྷག་ཙམ། འཁོར་རྟ་བདག་བརྒྱད་སྐུའི་ཕྱེད་ཆའི་ཚད་རྣམས་ལ་གྲང་གསེར་སྦྱིབ་བྱུགས་ཅན་གཟི་འོད་དང་ལྡན་པ་ལེགས་པར་གྲུབ་པར་ལོངས་སུ་སྤྱོད་རྒྱུའི་ཚོགས་ཀྱང་སྔོན་ནས་རུ་ཁག་ཉེར་དྲུག་བཙུགས་པའི་རྩི་བཅུད་ཀྱིས་གཙུག་ལག་ཁང་ཚང་མར། མར་མེ་ཉིན་མཚན་འཁྱོངས་པའི་རྒྱུན་བཟང་ནའང་གོར་ནད་སོགས་གློ་བུར་བའི་འཕེལ་འགྲིབ་ཀྱི་རྟག་མི་ཐུབ་པ་དང་། ལྷ་ཁང་གྲངས་མང་བའི་སྣང་གསལ་གྱི་མཆོད་རྒྱུན་ཉག་ཕྲ་བ་མི་འབྱུང་བའི་ཆེད་དུ་བསམ་ཡས་གཞུང་རྒྱུག་གི་བོགས་སྟེང་ནས་ས་ངན་ཧྲེད་གྱོང་ཆེ་བ་ཕྲན་བུ་མ་གཏོགས་དེབ་ཏུ་སེལ་ལེན་ངེས་ཀྱི་འབྲུ་བོགས་ཁལ་སུམ་སྟོང་ལྷག་བཅས་མཆོད་པ་དང་གསོལ་གའི་སྟོང་སྒོ། ཚོང་པ་མི་ཁལ་གྱི་ཆས་ལག་གཡོག་སོགས་དགོས་ཆ་ཆེ་ཕྲའི་ཐེབས་སུ་གཞིས་ཀ་བཀྲ་ཤིས་གླིང་ལ་གཏོགས་པའི་མི་གྲ་བསྡད་གྲོང་དུད་ཆེ་ཆུང་སུམ་ཅུ་སྐོར་གྱི་ཡོང་འབབ་བོགས་ཤས་ལག་འདེབས་དང་བཅས་པར་འབྲུ་ཁལ་ཆིག་སྟོང་བརྒྱ་བཅས་ཐོན་པ་སྦྱར་བར་དཀར་མེ་རང་ལ་གང་དགོས་མིན་པ་ཕྱི་ཁྲལ་གྱི་རིགས་རྩ་ཆག །དེབ་དང་འབྱེད་ཁྲའི་དོན་བཞིན་གན་གཙང་དུ་སྦྱར་རོ། །སྐྱེ་མང་གོམས་པའི་མ་རིག་མུན་སེལ་སྒྲོན། ཉི་ཟླ་སྐྱེངས་བྱེད་སྣང་གཟི་བླ་ནས་བླར། །ཆད་མེད་སྲིད་རྩེར་སྙེག་ནུས་རིགས་གསུམ་མགོན། །རྣམ་(༨༩བ)


GLG017_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་སྲས་ཀྱིས་འཕྲིན་ལས་རྟག་འཇུག་ཤོག །དཀར་མེར་བརྟེན་པའི་ཁང་པ་ས་ཞིང་རུ་བ་སོགས་ཕྱི་ནང་གི་དཀོར་ནོར་མཐའ་དག་ཕྱི་འཁྱར་མི་ཡོང་ཞིང་དཀར་མེའི་རྒྱུན་བསྟན་པ་ཇི་སྲིད་གནས་ཀྱི་བར་མི་ཆད་པའི་གཉེར་གཏད་ཀྱི་འཕྲིན་ལས་ཞུ་རྩིས་ཡིན་ཚུལ་ཆོས་སྐྱོང་ཆེན་པོ་རྣམ་གཉིས་ལ་ཞུས་པའི་ཚེ་གཉིས་ཀའང་ཤིན་ཏུ་དགྱེས་ཤིང་གཏུམ་ལ་རྔམས་པའི་དྲག་པོའི་སྒོ་ནས་སྔོན་ཆད་ཉམས་གསོས་བགྱིས་པ་རྣམས་ཀྱང་སྡུག་འདྲེའི་ཡིད་དང་མཐུན་པའི་ལེགས་པ་བྱུང་། སླད་ནས་ཀྱང་བྱེད་དགོས་ཁྱད་པར་མར་མེའི་གནས་ཁང་གི་ཕྱི་ནང་བར་གསུམ་གྱི་ནོར་རྫས། དཀར་མོའི་འབྲུ་དྲུག་གི་ཡོང་སྒོ་ས་གཞིས་མི་གྲ་སོགས་སྦྱར་བ་འདི་དག་ཀྱང་ལེགས། སྡུག་འདྲེ་ནི་གུ་རུ་པདྨའི་བཀའ་བཞིན་བྱེད་པ་ལེགས་ཉེས་ཀྱི་བསྟང་འཛིན། དམ་ཚིག་གི་རྗེས་གཅོད་པའི་འདྲེ་ཞིག་ཡིན་པས་གཉེར་བཏད་དྲག་པོ་བཞིན་ཁས་ལེན་གྱི་གཉེར་ཁ་དྲག་པོ་བྱེད་པར་གཏོད་ལུགས་ཕྱི་ནང་གསང་གསུམ་ཡོད་པས་ཕྱིའི་གཉེར་ཁ་ཙམ་ཡིན་ནམ་ཇི་ལྟར་ཡིན་གནང་བྱུང་བར་ཕྱི་ནང་གསང་གསུམ་གའི་འབུལ་བ་ཡིན་ཞུས་ལན། དེ་ལྟར་ཡིན་ན་མར་མེའི་གནས་ཁང་འདིར་ཡང་སྡུག་འདྲེའི་དྲག་པོའི་གཞལ་ཡས་ཁང་རྟེན་རྫས་ཚང་བའི་མདོས་གཞི་སོགས་གུ་རུ་པདྨའི་ཟབ་གཏེར་ལས་བྱུང་བའི་བཅའ་གཞི་ཡོངས་རྫོགས་ཤིག་གི་བཀོད་པ་བསྒྲིགས་དང་བཀོད་པ་དེ་བྱུང་ཚེ་སྡུག་འདྲེ་ཡང་དུས་དབང་གིས་གནས་དེར་ཡོང་སྤྲོ་ཞིང་སྲུང་སྐྱོབ་བྱེད་གསུང་དོན་བཞིན་རྣམ་སྲས་ལྷ་ཁང་གི་གཡས་ལྕོག་ཀ་བཞིའི་ཤིང་རྩི་ལོགས་བྲིས་སོགས་རྒྱས་པ་གྲུབ་ཅིང་། དེ་(༩༠ན)


GLG017_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྷོ་ནུབ་ཀྱི་ལྕོག་གསར་བླ་མ་ལྷ་ཁང་དུ་སྔར་བྱང་ཆུབ་གླིང་སྐུ་སྐྱེས་བཙུགས་པའི་མདོས་ཀྱི་མཚན་ཉིད་ཆ་ཙམ་ཡང་མ་ཚང་བའི་ཟག་ཟོག་དེ་རིགས་ལ་མ་སོང་བ་ཞིག་བསྟར་བ་ལ་སྐྱེ་བརྒྱུད་རིགས་རུས་སྦྱང་སྟོབས་སོགས་ཀྱིས་བསྙེམས་པའི་གསང་སྔགས་རྙིང་མའི་བསྟན་འཛིན་ནམ་མཁའི་སྐར་ཚོགས་ལྟར་མང་ཡང་རྒྱུད་འགྲེལ་བླ་མའི་མན་ངག་སོགས་ལ་ནང་བྱན་ཆུད་པ་ཉི་ཟླ་བཞིན་གྲོགས་གཞན་གཉིས་པ་མེད་པར་རྟེན་ཡང་བསྐྱར་ཆོས་སྐྱོང་ཆེན་པོའི་བཀའ་ཕེབས་བཞིན་རྡོ་རྗེ་བྲག་ནས་ཆོས་རྒྱལ་བྱང་པ་རིགས་འཛིན་ཆེན་པོའི་མཆོག་གི་སྤྲུལ་སྐུ་སྤྱན་དྲངས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྤྲུལ་པ་བླ་མ་མངའ་བདག་ཆེན་པོ་མྱང་རལ་པ་ཅན་གྱི་ཟབ་གཏེར་ལས་བྱུང་བའི་པེ་ཀར་གྱི་རྒྱུད་སྒྲུབ་ཐབས་མན་ངག་སྐོར་དང་། མངའ་བདག་ཐུགས་ཀྱི་སྤྲུལ་པ་མངའ་རིས་པཎ་ཆེན་རིན་པོ་ཆེ་པདྨ་དབང་རྒྱལ་རྡོ་རྗེ་དང་གཅུང་ཞང་སྣ་ནམ་པའི་ཡང་སྲིད་རིགས་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ་ཐུན་མོང་ལས་བྱུང་བའི་ཟབ་གཏེར་རིགས་འཛིན་ཡོངས་འདུས་ཀྱི་ཆ་ལག་གནོད་སྦྱིན་དམག་དཔོན་གྱི་རྒྱུད་མན་ངག་སྐོར་རྣམས་ལ་རྒྱལ་དབང་པདྨ་ཀ་ར་ནས་རྩ་བའི་བླ་མའི་བར་དུ་བྱིན་རླབས་བརྒྱུད་པ་མཁའ་འགྲོའི་ཁ་རླངས་ཀྱི་དྲོད་མ་ཉམས། མཁའ་ལ་དམ་ཚིག་རྡོ་རྗེའི་རྭ་གུར་མ་བྲལ། བར་དུ་སྨན་རག་གི་རྒྱ་མཚོ་མ་བསྐམས་ཤིང་གཏོར་མའི་རི་བོ་མ་ཉིལ། འོག་ཏུ་དཀྱིལ་འཁོར་བྲི་ཐིག་གི་བཀྲག་མ་ཡལ། དམ་སེལ་འདྲེ་ཁྱེར་མི་དབར་ཁྱི་ཞུགས་ཀྱིས་བསླད་པ་མེད་པའི་ཁུངས་(༩༠བ)


GLG017_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་ཕྱག་བཞེས་མན་ངག་ལྟར་ཐུན་རྫས་རྣམས་ཉེར་བསྡོགས་དགོས་པའི་ཞལ་ཏ་ས་སྐྱོང་སྦྱིན་པའི་བདག་པོར་གསོལ་ནས་འདུ་བགྱིས་ཏེ་བཀོད་པའི་རིམ་པ་ཡང་། སྤྱིར་རྒྱུད་སྡེ་རིན་པོ་ཆེ་མཐའ་དག་དགོངས་པ་མཐུན་པར་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་གཙོ་བོའི་ཡེ་ཤེས་ཀྱི་གཟུང་བྱར་བཤད་ཅིང་བསྐྱེད་པ་མ་ཧ་ཡོ་གའི་ལུགས་ལ་ཀུན་རྫོབ་ཏུ་སྣང་སྲིད་ཀྱི་དྲེགས་པ་རྣམས་དོན་དམ་པར་ཞི་ཁྲོ་དམ་པ་རིགས་བརྒྱའི་རང་བཞིན་ལས་མ་འདས་པའི་ཕྱིར། མངའ་རིས་པདྨ་དབང་ཆེན་རིན་པོ་ཆེས། །རིགས་ལྔའི་རང་རྩལ་རྒྱལ་ཆེན་སྐུ་ལྔ་དང་། །སྤྱན་མ་ལ་སོགས་རང་གདངས་ཡུམ་ལྔ་དང་། །སེམས་དཔལ་སེམས་མ་ཡུལ་དྲུག་ངོ་བོ་ཉིད། །ནང་བློན་ཤ་གྲོལ་ཀྱི་གྲོལ་ཕྱི་བློན་ཚོགས། །ཞེས་གསལ་བར་གསུངས་ཤིང་ལུང་ཨ་ནུ་ཡོ་ག་བ་རོ་རྐྱང་དབུ་གསུམ་དྲེགས་པ་རྒྱུད་གསུམ་གྱི་ངོ་བོར་མཛད་པ་ས་སྐྱ་ཚད་ཀྱི་རྣ་བར་མ་གྲགས་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་ཁའུ་པ་ཡབ་སྲས་ཀྱི་བཞེད་པ་དང་ཕྱོགས་མཐུན། རྫོགས་པ་ཨ་ཏི་ཡོ་གར་ཁྲི་སྲོང་རྣམ་སྤྲུལ་ཆོས་ཀྱི་རྒྱལ་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས། སྣང་སྟོང་དབྱེར་མེད་དྲེགས་རྒྱུད་ཕོ་མོའི་ཚོགས། །གཉིས་མེད་དབྱིངས་ལས་ལས་བཞིའི་ཐུགས་དམ་བསྐུལ། །ཞེས་སྣང་སྟོང་ཟུང་འཇུག་ཏུ་ཐག་ཆོད་པ་སྟེ་བདག་ཆེན་རྡོ་རྗེ་འཆང་ཡན་ཆད་ཀྱི་གདུང་བརྒྱུད་རིམ་པར་བྱུང་པའི་ཆིག་བརྒྱུད་ཀྱི་དགོངས་པ་དང་མཐུན་པས་ན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས། སྣང་སྲིད་ཆོས་ཀུན་རྒྱུད་གསུམ་དྲེགས་པའི་(༩༡ན)


GLG017_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དངོས། །དེ་ཡང་རང་སེམས་གསལ་སྟོང་ཟུང་འཇུག་ཏུ། །ངོ་འཕྲོད་ས་སྐྱའི་བླ་ཆེན་ཐུགས་ཀྱི་བཅུད། །ཅེས་པའི་དོན་ལ་གནས་པའི་ཕྱིར་བདག་ཆེན་ཀུན་རིན་པས། མགོན་ཆེན་དང་ཆོས་རྒྱལ། པུ་ཏྲ་དང་གནོད་སྦྱིན་རྒྱུད་གཅིག་པ་ཁོ་ནའི་ཤེས་བྱ་མཐའ་བཀག་དེ་འདྲ་དགོས་པར་མི་སེམས་མོད། བྱེ་བྲག་ཤེལ་འཕྲེང་དཀར་པོའི་རྒྱུད་ལས། རྡོ་རྗེ་ཁྱུང་ཆེན་ཀླུ་འབྲུག་འདུལ། །སྲོག་བདག་གསེར་གྱི་ཤང་ཤང་ཅན། །ཞེས་དང་། སྲོག་བདག་ཁྱུང་ཆེན་ཀླུ་འབྲུག་འདུལ། །ཆིབས་སུ་སེང་གེ་དཀར་པོ་ཆིབས། །ལག་ན་མེ་དར་འབར་བ་འཕྱར། །གནོད་སྦྱིན་ཀུན་གྱི་དམག་དཔོན་མཛད། །ཅེས་ཐུགས་དང་འཕྲིན་ལས་ཀྱི་རྒྱལ་པོ་ཁྱུང་ཆེན་ཀླུ་འབྲུག་འདུལ་དང་དོན་གཅིག་ཅིང་དེ་དང་གནོད་སྦྱིན་ཆེན་པོ་ཐ་མི་དད་པའི་གཅིག་པུ་ཉིད་ལས་དུ་མའི་རྣམ་པར་འཕྲུལ་པ་ཡིན་ཀྱང་གནས་སྐབས་སུ་རྒྱུད་མན་ངག་གི་དགོངས་དོན་ལྟར་གཙོ་བོ་ལས་མཁན་གྱི་རྣམ་པར་སྣང་བའི་ལུགས་བཞིན་འདྲིས་མེད་སོ་སོར་མཛད་པའི་རྣམ་གྲངས་ལ་དབུས་སུ་སྐུ་ལྔའི་གཞལ་ཡས་ཁང་བློས་སློང་གི་རྩེར་སོ་སོར་ཙཀྲ་གསེར་ཤོག་ཅན་ཟླུམ་པོ་ཕྱི་ནང་གསང་བའི་རྟེན་དང་མཆོད་རྫས་སྣ་ཚོགས་དང་བཅས་པའི་གཡོན་དུ་ཆོས་རྒྱལ་སྐུ་ལྔའི་མདོས་རི་རབ་བང་རིམ་ཅན་གྱི་རྩེར་གདུགས། ཁྱུང་གཙང་ནམ་མཁའ་སོགས་སྟོང་སྐུད་སྣ་ཚོགས་ལས་གྲུབ་ཅིང་། རྒྱང་བུ། མདའ་འཕང་། ཕོ་གདོང་མོ་མདོང་། ཕྱི་ནང་གི་མཐུན་པའི་དམ་རྫས་དངོས་དང་རི་མོར་བཀོད་པས་མཚོན་ཐམས་ཅད་ཚང་བ་(༩༡བ)


GLG017_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་ཕོར་དུ་སྐུ་ལྔའི་རྟག་གཏོར། གཏོར་སྒམ་རྩི་མ་ལྕགས་ཤན་མ་ཁ་བཏགས་མཐིང་ཁའི་ཁེབས་བཅས་རྣམས། གཡས་ཕྱོགས་སུ་གནོད་སྦྱིན་དམག་དཔོན་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུ་བརྙན་བསེའི་ཁྲབ་རྨོག་དར་རུ་ཆུང་། རྒྱལ་མཚན་ཏོག་ལྡན་གོས་དམར་གྱི་ཐོད། གོས་དམར་གསེར་མའི་ཁྲབ་གདན། གོས་དམར་གྱི་ཞབས་ཆིངས་རྒྱན་ཅན། གོས་ལྷམ་མི་མགོས་སྤྲས་པ། གོས་བཟང་བསྒྲིགས་ཀྱི་དཔུང་གདན་ཉིས་བརྩེགས་ལ་གསེར་དངུལ་གྱི་མེ་ལོང་དང་ཉི་ཟླས་སྤུད་པ། གོས་དར་སྣ་ཚོགས་ཀྱི་སྙན་ཤལ་སོགས་ཁོག་ཞུགས་ཀྱི་ཆ་ལུགས་ཇི་ལྟ་བ། སྒྲུབ་ཀོར་ནས་ཕྱི་གསོལ་ཁ་ལ་བརྟེན་ནས་དམ་ཅན་སྤྲིན་ལྟར་འདུ་བ། ནང་སྦ་ལྕག་ལ་བརྟེན་ནས་དམ་ཅན་ཁྱི་ལྟར་འབྲང་བ། གསང་བ་མཁར་དང་བླ་རྡོ་སྲོག་འཁོར་ལ་བརྟེན་ནས་དམ་ཅན་ཁྲུ་ལྟར་ཆགས་པ། དེ་ཁོ་ན་ཉིད་བདུད་ཞགས་དམར་པོ་ལ་བརྟེན་ནས་དགྲ་བགེགས་ཆམ་ལ་འབེབས་པའི་རྟེན་རྫས། བསེ་ཕོར་གྲུ་གསུམ་ནང་དུ་གནོད་སྦྱིན་ཆེན་པོའི་རྟག་གཏོར་གདུགས་དར་དམར་མདའ་བཅས་ཁེབས་གོས་ནག་ཅན། གཞན་ཡང་རྩ་བ་གསུམ་གྱི་མཆོད་གཏོར་སོགས་བཀོད་པས་མཛེས་པ། དབུས་སུ་བླ་བྲེ་གོས་སྔོ་སྐྱ་གསེར་འབྲུག་མ། མཐའ་ཉིས་ཚོས། ཤམ་བུ་མ་ཧཉྩེས་བྱས་པ་ཆེ་ལེགས། དེའི་གཡས་སུ་སིའུ་མའི་བླ་བྲེ། མཐའ་གོས་དམར། ཤམ་བུ་མ་ཧཉྩེས་བྱས་པ། གཡོན་དུ་བླ་བྲེ། འབྲུག་མ་འཇའ་བཞི་གཤིབས། ཤམ་བུ་མ་ཧཉྩེས་བྱས་པ། གོས་སྣ་ཚོགས་ཀྱི་ལྕེ་ལེ་ཡོད་པའི་འཕན་ལག་གསུམ་མ་གཅིག །གོས་གསེར་(༩༢ན)


GLG017_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མའི་འཕན་ཆུང་ལྕེ་ལེ་མ་ལག་གསུམ་ཡོད་པ་ཆ་འདྲ་ཉི་ཤུ་ཐམ་པ། སྣམ་སྦྱར་ཆུང་ངུ་གཅིག་དང་འཁར་གསིལ་ཆུང་བ་གཅིག །གོས་མཆིན་གྱི་གཡང་གཞི་མི་ལྤགས་གཟུགས་གཅིག །ལྡ་ལྡིར་དར་སྣ་ཚོགས་སྤེལ་བ། ཀ་བ་བཞིར་ཁྲབ་སྲམ་རྒྱན་མ་བཞི་དང་ཤ་གཤམ་མ་བརྒྱད་སོ་སོར་རྨོག་བཅས་དར་རུ་ཆུང་སོགས་ཆ་ཚང་། ཐའི་ཇིར་རང་གི་གྲི་ཤེལ་རྡོ་གསེར་ཚགས་མ་གཅིག་དང་། མགོ་བོ་བ་སོས་བྱས་པའི་རིང་བ་གཅིག །སྔོ་ཤུབས་ཁ་གསར་ལག་ལོངས་གཅིག །སྦུ་ལ་ཧ་རིའི་སག་ཐག་ཁ་གསར་བཞི། དགྲ་སྟ་གཉིས། མེ་མདའ་བཞི་སོགས་སྤྱན་གཟིགས་སྣ་ཚོགས། མཆོད་ལྕོག་སྟེང་མར་ཧོར་ཏིང་ཆེ་བ་དཔུས་ལེགས་བདུན་ཚར། ལི་ཏིང་འབྲིང་ལྔ་ཚར་དང་ཆུང་བ་བདུན་ཚར། ཁྲོའི་སྨན་རག་ཀ་པཱ་ལ་སྟེགས་བཅས། ཞལ་དཀར་ཆག་མེད་སྟེགས་ལྡན། རྒྱ་རག་གི་མཆོད་ཀོང་གཅིག་དང་ཟླ་དྲུག་འཁྱོངས་པའི་ཁྲོ་ཟངས་ཀྱི་ཀོང་ལྕགས་ཀྱི་རྐང་གསུམ་དང་བཅས་པ། ཉིན་མཚན་ཐུབ་པའི་སྡོང་རྐང་རེ། མར་ཐུར་འཇབ་བཅས་ཟངས་སྡེར་བཞི། རག་སྡེར་གཅིག །ལྕགས་ཀྱི་ལྡིང་སྤོས་གཅིག །རྒྱ་སྦུབ་ལེགས་པ་གཅིག །གསེར་རྔ་གསར་བཟོས་ཆ། ཟངས་དམར་གྱི་གཏོར་གཅིག །ཟངས་རྐྱན་གཅིག །གྲུམ་ཙེ་གཅིག །རས་གདན་ཁ་གང་མ་གཅིག །བར་སྐས་གྱི་སྒོ་ཕིབས་ལ་གཟིག་དྲེད་རྒྱ་གཉིས་དང་བཅས་པའི་ལྡིང་གསོབ། ཐོག་སྟེང་དབུས་སུ་གསེར་ཟངས་ཀྱི་གཉྫི་ར། མདུན་དབུས་ནས་ཟ་འོག་གི་རྒྱལ་མཚན། སེང་གེའི་རྒྱལ་མཚན་ཤ་རུ་དང་ཐུགས་དམར་སྦྲགས་པ། སྲིན་པོར་སྤྲེའུའི་(༩༢བ)


GLG017_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན། རླུང་དུ་དོམ་གྱི་རྒྱལ་མཚན། བྱང་དུ་སྤྱང་ཀིའི་རྒྱལ་མཚན། དབང་གི་རྒྱལ་མཚན། དྲེད་ཀྱི་རྒྱལ་མཚན། དབང་ལྡན་དུ་སྟག་གི་རྒྱལ་མཚན། མེར་རྨ་བྱའི་རྒྱལ་མཚན། ལྷོར་བྱ་རྒོད་ཀྱི་རྒྱལ་མཚན་རྣམས། ཁང་པའི་ཕྱི་རོལ་ཏུ་ས་འཕན་ཆེ་བ་བརྒྱད། གསོལ་ཁ་བ་མི་གཅིག་གིས་ཉིན་སྟར་ཐོར་གསོལ་གྱི་འཕྲིན་ལས་གྱེར་བར་གཏོར་ཆས་དང་ཚོགས་ཆས་སོགས་ཆ་ཚང་། སྲོད་གསོལ་གྱི་དགོས་ཆ་གོང་བཞིན་དང་ཟླ་བ་ངོ་རེ་བཞིན་གྱི་ཚེས་བརྒྱད། བཅོ་ལྔ། ཉེར་གཉིས་ཏེ་གསུམ་ལ་ལྕོག་པ་བ་བརྒྱད་ཀྱི་འཕྲིན་ལས་དོན་བཅུ་མ་གཏོང་ཆས་མཆོད་གཏོར་ཚོགས་འཁོར་བསྙེན་བཀུར་དང་ཡོན་སོགས་རྒྱུ་སོང་གཏོང་དེབ་ཏུ་གསལ་ལོ། །རང་སྣང་དག་པའི་རིགས་བརྒྱ་དྲེགས་པའི་ངོར། །ཡོངས་ཤར་གནམ་སྔོན་མཚོ་ལ་ངང་མོ་བཞིན། །འདུ་བའི་གནད་ཤེས་རིག་སྔགས་འཆང་བ་དང་། །རྒྱུ་སྦྱོར་ཟུང་འཇུག་གིས་བཅོལ་ལས་ཀུན་སྒྲུབས། །དེ་ཡང་རྒྱལ་བའི་སྲས་པོ་གཏེར་ཆེན་རྡོ་རྗེ་གླིང་པས་གནམ་ལྕགས་བྲག་ནས་གདན་དྲངས་པའི་ལེའུ་བརྒྱ་དང་གཅིག་ཡོད་པའི་ཐང་ཡིག་ལས། མཐའ་དམག་དབུས་རྡིབ་འབྲི་དང་ཕག་པ་འཐབ། །དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་པར་འགྲོ །སྟག་ཚང་ཟབ་ལུང་སྦས་བའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་བྱ་འབྱུང་། །ཞེས་དུས་རྟགས་དང་གཏེར་གནས་འོན་ཕུ་སྟག་ཚང་ཤིན་དུ་འགྲིག་ཅིང་གཏེར་སྟོན་གྱི་མཚན་ཡང་པཎ་ཆེན་སྐུ་མཆེད་ཐུན་མོང་གི་ཟབ་གཏེར་རིགས་འཛིན་ཡོངས་འདུས་ཀྱི་ལུང་བྱང་ལས། །འདི་ནས་ཉི་མ་ནུབ་ཕྱོགས་སུ། །ཡང་(༩༣ན)


GLG017_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་པྲ་དུན་རྩེ་ཡི་ལྷོ། །གེ་སར་ཀླུ་ཡི་ཁ་གནོན་བྱང་། །རི་རྒྱལ་གླང་ཆེན་འགྱིང་འདྲའི་འདབས། །ཆུ་ཆེན་དྲག་པོ་འབབ་པའི་འགྲམ། །གློ་བོ་མ་ཐང་ཞེས་བྱའི་ཕུར། །རྗེ་རིགས་སྔགས་འཆང་རྣལ་འབྱོར་པ། །ཕ་མ་རྒྱལ་མཚན་གཉིས་ཀྱི་བུ། །ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན། །བི་མཱ་འཚོ་རྒྱལ་སྤྲུལ་པའི་སྲས། །སྤུན་བདུན་ཚིགས་སམ་མཐའ་རུ་འབྱུང་། །ལྷུམ་ནས་ཧཱུྃ་ཧྲཱིཿའི་སྒྲ་སྒྲོག་ཅིང་། །སྐྱེས་པའི་ལོ་ནས་བདེ་སྐྱིད་ལྡན། །ཡུལ་ཁམས་བདེ་ཞིང་བསམ་དོན་འགྲུབ། །ཆུ་ཁམས་ལུག་གམ་སྤྲེལ་ལོ་བ། །བདག་གིས་བྱིན་བརླབས་པདྨ་རྒྱལ། །འཚོ་རྒྱལ་བྱིན་བརླབས་འོད་ཟེར་མིང་། །ཆོས་རྒྱལ་བྱིན་བརླབས་གྲོ་བོ་ལོད། །ནམ་སྙིང་རྡོ་རྗེ་ཐོགས་མེད་རྩལ། །བདུད་འཇོམས་བྱིན་བརླབས་རྡོ་རྗེའི་མིང་། །བཻ་རོས་བྱིན་བརླབས་གཏེར་བདག་གླིང་། །ཞེས་བྱུང་བའི་རིགས་རུས་ཡབ་ཡུམ་ཡུལ་སོགས་ནི་སྐུ་མཆེད་དུ་སོང་བའི་སོ་སོར་དབྱེ་མ་དགོས། སྤུན་བདུན་གྱི་ཚིགས་ཏེ་བར་མ་དང་གླང་ངམ་ལུག་གི་ལོ་པ་ནི་མངའ་རིས་པཎ་ཆེན་རིན་པོ་ཆེ་དང་། ཐ་མ་དང་སྤྲིའུ་ལོ་པ་ནི་ལེགས་ལྡན་ཞབས་ཡིན་པ་གདོན་མི་ཟ་ཞིང་མཚན་གྱི་རྣམ་གྲངས་ཀྱང་གཅེན་ལ་པདྨ་དབང་རྒྱལ་རྡོ་རྗེ་ཐོགས་མེད་རྩལ། གཏེར་བདག་གླིང་པ། ཡོན་ཏན་འོད་ཟེར་དང་གཅུང་ལ་རྡོ་རྗེ་གྲོ་ལོད། བདུད་འཇོམས་རྡོ་རྗེ་ཞེས་བྱུང་བས་གྲོ་བོ་ལོད་དང་འགྲིག་པ་ཡིན་ཅིང་། སྒོས་གཏེར་འཁོར་བ་དབྱིངས་སྒྲོལ་གྱི་ལོ་རྒྱུས་རིན་ཅེན་འཕྲེང་བ་ལས། བདག་གི་སྨོན་ལམ་མཐུ་བཙན་པས། རྡོ་རྗེ་བདུད་འཇོམས་སྐྱེ་བའི་མཐར། བྱང་སེམས་སྤྲེའུའི་ལོ་པ་(༩༣བ)


GLG017_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །ལས་ལྡན་ཐོག་བབས་ཚུལ་དུ་འབྱུང་། དེ་ཡིས་འདི་འབྱིན་འགྲོ་འདྲེན་འགྱུར། །ཞེས་པའི་བསམ་ཡས་བར་ཁང་བྱང་ཆུབ་ཆེན་པོའི་ཐུགས་ཀ་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྐོར་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཉམས་ལེན་ཤིན་ཏུ་ཟབ་པ་སྐལ་ལྡན་ཚེ་འདིར་གྲོལ་བའི་ཉེ་ལམ་ཁྱད་པར་ཅན་ཡིན་པའི་ཕྱིར། རྩ་བ་རྡོ་རྗེའི་ཚིག་རྐང་ལས། དེ་ལྟར་སྐལ་མཆོག་ལམ་འདིར་ཞུགས་པ་ཡིས། །རང་གཞན་དོན་གཉིས་གྲུབ་པར་གདོན་མི་ཟ། །རྒྱལ་བ་ཀུན་གྱི་ཐུགས་བཅུད་འདུས་པ་སྟེ། །མཚོ་སྐྱེས་རྡོ་རྗེ་གུས་པའི་ཡིད་ཀྱིས་གཟུང་། །སྲིད་མཚོ་མི་ཟད་སྐེམས་པའི་ཉི་མ་ཡིན། །སྡུག་བསྔལ་ཆུ་བོ་སྒྲོལ་བའི་གྲུ་ཆེན་ཡིན། །དུས་གསུམ་རྒྱལ་བའི་དགོངས་པའི་ཡང་ཞུན་ཏེ། །སྡེ་གསུམ་རིམ་དགུ་བཅུད་ཀྱི་དངས་མ་འདི། །མཁའ་ཁྱབ་འགྲོ་བ་སྒྲོལ་བྱེད་དཔལ་དུ་ཤོག །ཅེས་བཤད་ཅིང་། ཐུན་མོང་ལས་ཚོགས་མྱོང་གྲོལ་ལས་ཀྱང་། ཕྱི་རུ་ནད་གདོན་མ་ལུས་ཞི། །ནང་དུ་དུག་ལྔ་རང་སར་གྲོལ། །སྡིག་ཅན་མཚམས་མེད་སྤྱོད་པ་ཡང་། །འདི་ཉིད་ལྟོར་སོང་ངན་སོང་ཁེགས། །མཆོག་ཐུན་དངོས་གྲུབ་ངེས་པར་འཐོབ། །དེ་ཕྱིར་ཡོན་ཏན་བརྗོད་ལས་འདས། །ཞེས་ལྕེ་བརྒྱས་བསྐལ་པར་བརྗོད་དུ་མེད་པའི་ཡོན་ཏན་མཐའ་ཀླས་ཤིང་། །རང་གཏེར་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ལོ་རྒྱུས་ལས། ཀྱེ་ཧོ་སྔགས་ཀྱི་རྣལ་འབྱོར་པ། །ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་སྐོར། །མ་བུར་བཅས་པ་མི་སྤེལ་ཏེ། །རིན་ཅེན་སྙིང་པོའི་བྲག་ལོགས་ལ། །འཆི་མེད་ལྷ་ཚོགས་(༩༤ན)


GLG017_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱོན་ཡོད། །དེ་ཡི་གཡོན་ཟུར་ཚེ་ཆུའི་སྟེང་། །རིན་ཅེན་འདྲ་བའི་བྲག་འོག་ཏུ། །ཚེ་ཆུར་བཅས་ཏེ་གཏེར་དུ་སྦེད། །ཅེས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ལྷ་རི་རིན་ཅེན་སྙིང་པོའི་བྲག་ངོས་ལ་རྒྱས་བཏབ་པའི་ཚེ་དཔག་མེད་བདུད་རྩི་འཁྱིལ་བའི་སྐོར་སྤྱན་འདྲེན་པ་པོ་ནི་དེ་ཉིད་ལས། དེའི་དུས་བདག་གི་ཐུགས་རྗེ་དང་། ཁྱེད་ཀྱི་སྨོན་ལམ་མཐུ་བཙན་པས། །བདུད་འཇོམས་སྐྱེ་བ་ཉི་ཟླའི་མིང་། །དྲག་སྤྱོད་ཧུར་འགྲོགས་བརྟུལ་ཞུགས་ཅན། །དུག་ལྔ་རགས་ལ་ཡུན་ཐུང་བ། །པདྨའི་གནས་ཆེན་སྒོ་འབྱེད་བྱེད། །དེ་དུས་ཟབ་གཏེར་འདི་དང་ཕྲད། །དེ་ཡིས་བོད་ཁམས་ལོ་སྐོར་བདེ། །གཉན་ནད་དེ་ཡི་ཐུགས་རྗེས་ཞི། །དེ་དང་ཡོན་མཆོད་འཛོམ་པ་ན། །ཉེར་ལྔའི་བར་དུ་བོད་ཁམས་བདེ། །ཞེས་བྱུང་བའི་ཟབ་ཆོས་འདི་ཉིད་ཀྱིས་མཆོག་ཐུན་གྱི་དངོས་གྲུབ་གཞན་ལྟ་ཅི་སྨོས་བཅུད་ལེན་ཙམ་གྱི་ཕན་ཡོན་ཡང་། །བཅུད་ལེན་འཆི་མེད་ཡེ་ཤེས་ལས། འདི་ལ་དུས་ཀུན་སུས་སྤྱད་གང་ཟག་དེའི། །ཚེ་ནི་ཉི་ཟླ་བཀྲག་མདངས་མེ་ཏོག་འདྲ། །གཞོན་ཚུལ་བྱིས་པ་སེང་གླང་སྟོབས་དང་ལྡན། །མདངས་ནི་རྨ་བྱ་ཡང་རྩལ་མཁའ་ལྡིང་ཁྱུང་། །མགྱོགས་འགྲོས་རྟ་དང་བློ་གྲོས་འཇམ་དབྱངས་འདྲ། །འཆི་བ་དྲུག་བཟློག་རིགས་འཛིན་རྣམ་བཞི་འཐོབ། །མཁའ་འགྲོ་དབང་འདུས་སྡེ་བརྒྱད་བྲན་དུ་འཁོལ། །རྡོ་རྗེའི་ལུས་ཐོབ་ཚངས་པའི་གསུང་དབྱངས་ལྡན། །སེམས་ཉིད་བདེ་སྟོང་ཟུང་འཇུག་གཟུང་འཛིན་ཞིག །ཕྱག་རྒྱ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །བཅུད་ལེན་ཙམ་ལའང་ཡོན་ཏན་དེ་དག་འབྱུང་། །(༩༤བ)


GLG017_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྤྱད་སྒྲུབ་བྱེད་ཡོན་ཏན་སྨོས་ཅི་དགོས། །ཕྲ་མོའི་ཡོན་ཏན་བརྗོད་པ་ག་ལ་ནུས། །པདྨ་བདག་གིས་སྤྱད་པས་འཆི་མེད་གྲུབ། །ཆེན་པོའི་ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ། །ཅེས་མཆོག་གི་དངོས་གྲུབ་ཁོ་ནར་མ་ཟད་འཆི་མེད་ཚེའི་རིགས་འཛིན་གྱི་མཚོན་ཡོན་ཏན་མཐའ་ཡས་པ་གསུངས་པ་སོགས་གཏེར་ཆོས་འདི་དག་ཡི་གེ་འགའ་ཞིག་ཏུ་བཟང་བར་བསྟན་པ་ཅིག་ཤོས་སུ་ངན་པར་ཆད་པའི་ཞབས་རྡོལ་རྫུན་དྲིས་མཁན་གྱི་རྙོག་དྲི་ཙམ་ཡང་མེད་པའི་དཔྱད་གསུམ་རྣམ་དག་གིས་ཡིད་དྲངས་ཏེ་བོད་འབངས་ཀྱི་བདེ་ཐབས་ཚེ་དཔག་མེད་དང་། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཚང་བ་ཞིག་དཔལ་བསམ་ཡས་ཀྱི་གནས་སུ་བཞུགས་ན་ལེགས་སོ་ཞེས་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་ལ་ཆེད་དུ་མོལ་བ་ལྟར། སྨན་འདམ་ལས་གྲུབ་པའི་ཚེ་དཔག་མེད་བདུད་རྩི་འཁྱིལ་བའི་ལྷ་ཚོགས་བཅུ་གསུམ། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ཞི་ཁྲོའི་ལྷ་ཚོགས་བཅོ་ལྔ། གཏེར་སྟོན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེའི་སྐུ་བརྙན་དང་བཅས་པའི་སྐུ་མདོག་ན་བཟའི་ཁ་དོག་སྒྲུབ་ཐབས་དང་ལས་བྱང་ནས་བྱུང་བ་བཞིན་ལ་གཡུ་མུ་ཏིག་བྱུ་རུ་ཤེལ་པུར་ལེན་སོགས་རིན་པོ་ཆེའི་ཕྲ་སྣ་ཚོགས་ཀྱིས་མཛེས་ཤིང་ཕྱག་མཚན་ཕལ་ཆེར་ཡང་རིན་པོ་ཆེ་ལས་གྲུབ་པ་བཞེངས་ཏེ་ལྷ་ཁང་དབུས་མར་བཞུགས་པར། དར་ཟབ་སྙན་ཤལ་གཙོ་བོ་རྣམས་ལ་ཁ་དོག་དྲུག་སོ་སོར་འབྲེལ་མ། འཁོར་རྣམས་ལ་གྲངས་དེ་མཚུངས་ཁ་རེ་མར་སྨོན་ལམ་གྱི་ཡི་གེ་གསེར་དངུལ་གྱིས་བྲིས་པ། གོས་དམར་བུམ་གདན་དཔུས་ལེགས་ཀྱི་བླ་བྲེ་གུང་ཁེབས། ཤར་ནུབ་གཉིས་(༩༥ན)


GLG017_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོས་བཟང་བསྒྲིགས་ཀྱི་བླ་བྲེ་ཤམ་བུ་དང་བཅས་པ་ཆེ་ཆུང་དྲུག །ལྷོར་སྟོད་རས་པར་མའི་གནམ་རྒྱན། གོས་བཟང་བསྒྲིགས་ལས་བྱས་པའི་ཕྱེ་ཕུར་ཐོག་ཚད་ཆ་གཉིས། དྲིལ་གདང་། མཆོད་སྟེགས་རྩི་མའི་སྟེང་ལི་ཏིང་ཆེ་བ་བདུན་ཚར་གསུམ། ལི་ཏིང་རྙིང་པ་ཉི་ཤུ་ཐམ་པ། འགག་གཟུགས་མ་ཆུང་བ་བདུན་ཚར། ལིའི་མཎྜལ་གསུམ། རག་གི་མེ་དམ་ཆ། རྫའི་མེ་དམ་གཡུ་རྩི་མ་ཆ། སིལ་སྙན་ཆ། ཟངས་རྒྱན་གཅིག །ཁྲོ་ཀོང་གཡེལ་མོ་ཟླ་དྲུག་འཁྱོངས་པར་མར་མེའི་རྒྱུན་ཆད་མེད། ལྕགས་ཀོང་འགག་གཟུགས་མ་གཡེལ་མེ་གཅིག །ཞལ་ཟས་བཅུ་རེ་ཉིན་སྟར་འབུལ་བའི་རྒྱུ་གཏོང་དེབ་ཏུ་བཀོད། དཀར་མེ་ཁང་གི་ལྷ་ཚོགས་སྔ་ཕྱིར་བཞེངས་པ་རྣམས་ཀྱི་བཟོ་དབྱིབས་ཀྱི་ཞལ་བཀོད་མཐའ་དག་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུས་མཛད་ཅིང་དེ་ཉིད་དང་གྲ་བཅས་སུམ་ཅུ་སྐོར་གྱིས་ཞག་ཉེར་ལྔར་གཟུངས་འབུལ། སྒྲུབ་པ། རབ་གནས་རྣམས་དང་། རབ་བྱུང་པ་བླ་མ་གྲ་བཅས་བདུན་ཅུ་སྐོར་གྱིས་ཉིན་གཉིས་མའི་སྒོ་ནས་རབ་ཏུ་གནས་པ་རྒྱས་པར་བསྒྲུབས་སོ། །འཁྲུལ་མེད་ཟབ་གཏེར་ལས་བྱུང་ཚེ་མཐའ་ཡས། །འཇིག་རྟེན་དབང་ཕྱུག་ལྷ་ཚོགས་གསར་བསྐྲུན་སོགས། །སྣང་གསལ་ཁང་བཟང་བཅས་ལ་ཡེ་ཤེས་པ། །བཅུག་འབྲས་བྱང་ཆེན་བར་དུ་འབྲལ་མེད་ཤོག །རྟེན་གྱི་གཙོ་བོ་མཐོང་ཐོས་དྲན་ཅིང་རེག་པས་རྣམ་པར་གྲོལ་བ་ཇོ་བོ་བྱང་ཆུབ་ཆེན་པོའི་གསེར་ཆབ་བརྩེགས་མང་བ་དང་མི་མཁས་པ་འདྲས་འབྱུག་ཉེས་པའི་སྐྱོན་གྱིས་གས་གྲུམས་ཆེས་(༩༥བ)


GLG017_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁྱར་བ་དམན་པའི་སར་སོང་ན་ཡུལ་དེར་རྣམ་པར་གནག་པའི་འབྲས་བུ་བསྐྱེད་པའི་ཉེས་པ་དང་། གནས་སྐབས་སུ་གསེར་གསོལ་བྱེད་དཀའ་བ་སོགས་ལ་བརྟེན་མིའི་ཇོ་བོ་རྡོ་རྗེ་རྣམ་རྒྱལ་དང་ཆོས་སྐྱོང་ཆེན་པོ་མི་ལ་བརླམས་ཡུལ་སྐུ་ཁོག་དང་གཉིས་ལས་མི་མང་ལག་མང་གིས་སྐྱོན་དང་བྲལ་བས་གདན་ཞུས་ཏེ་ཞལ་གསེར་རྣམས་ཀྱི་གཡའ་དང་ས་རྡུལ་ཕྱུང་ནས་ཅུང་ཟད་ཙམ་ཡང་མ་འཁྱར་བར་ས་སྐྱོང་ཉིད་ཀྱིས་ཕྱག་དར་ནས་སྦྲོན་པའི་སྟེང་དུ་གསེར་བཏུལ་མ་ཞོ་བཅུ་ཐམ་པ་ལེགས་པར་བསྟན་ནས་མིག་གི་བདུད་རྩི། དངུལ་སྲང་བརྒྱ་དང་བརྒྱད་ལས་གྲུབ་པའི་ལྷུང་བཟེད་ཅིག་གསོལ་ལྷུང་རྙིང་པ་ཆག་གྲུམས་ཅན་གྱི་ཚབ་ཏུ་ཕུལ། དེ་ཞོར་གླིང་བཞི་གླིང་ཕྲན་ཇོ་མོའི་གླིང་སོགས་ལྷ་ཁང་ཚང་མའི་རྟེན་བརྟེན་པར་གསེར་བཏུལ་མ་ཞོ་བརྒྱ་ཐམ་པའི་གསེར་ཆབ་ཀྱི་སྲི་ཞུས་བཻ་ཌཱུརྱ་སེར་པོའི་རི་བོ་ཉི་མས་འཁྱུད་པ་ལྟ་བུའི་གཟི་བྱིན་སྤྲོས། དབུ་རྩེའི་འོག་ཁང་གི་ཞལ་བ་རྣམས་ཧ་ཅང་སྙིགས་ཆེས་པའི་རྨིག་མེད་ལྟ་བུར་སོང་བའི་སྣུམ་དྲེག་ཆགས་ནས་འབུར་སྟོང་མངས་པའི་མཆོད་པའི་ཡོ་བྱད་བསྒྲིག་དཀའ་ཞིང་གནས་མཇལ་བ་རྣམས་ཀྱང་འགྱེལ་བུབ་མི་འབྱུང་བའི་ཆེད་དུ་གསར་དུ་བཟོས་པ་རྙོག་བྲལ་གྱི་མཚོ་ལ་བྱད་བཞིན་ལྟར་གཟུགས་བརྙན་ཀུན་འཆར་བར་ནུས་པའི་དངོས་གཙང་བ། བྷ་ཏ་ཧོར་གྱི་ཡུལ་ནས་གདན་དྲངས་པའི་གཡུའི་ཐུབ་པ་དང་བསྟན་པའི་རྩ་ལག་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་དབུ་ཐོད་གནས་མཇལ་བ་བྱིངས་ཀྱིས་མཇལ་དཀའ་བར་ཤིང་ཁྲི་གསར་བཟོས་བྱས་པའི་གསེར་འབུམ་འོག་ཏུ་འཛུལ་(༩༦ན)


GLG017_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པ་ཀུན་གྱི་མིག་ལམ་དུ་གསལ་པོ་མཐོང་བར་བསྒྲིགས། དེ་འཁྲིས་ལྷོ་བྱང་མདུན་གྱི་རྒྱ་ཁྲ་གསར་བསྐྲུན་རྣམས་ལ་ཚོན་རྩི་གསེར་ཤོག་རྒྱས་པ། ཆོས་སྐྱོང་ཆེན་པོས་གནས་ཁང་གི་རྒྱ་ཁྱོན་དང་སྐུ་རྣམས་ཀྱི་བབས་དང་བསྟན་མཆོད་པའི་ཡོ་བྱད་འདི་དག་ཀྱང་དེ་མཐུན་གྱི་བཀོད་པ་ཆེ་ཙམ་བསྒྲིགས་ན་ལེགས་ཚུལ་གསུངས་པ་ལྟར་ཡས་མས་ཀྱི་ཀ་བའི་བར་ཁེངས་པའི་མཆོད་ཅོག་བང་རིམ་ལྔ་ཡོད་ཚོན་རྩི་གསེར་ཤོག་གིས་སྤྲད་པའི་སྟེང་ཏིང་རེ་ལ་གསེར་ཞོ་བཅུ་གཉིས་རེ་སོང་བར་ཆུ་བན་རྒྱབ་ཆད་ལྷག་ཙམ་འགྲོ་བ་འབྲས་ཀྱིས་བཀང་བའི་བདུན་ཚར། ཏིང་རེའི་རྒྱུར་དངུལ་སྲང་བརྒྱ་རེ་སོང་བ་གྲོས་བཀང་བའི་བདུན་ཚར། དེ་མཚུངས་ལི་ཏིང་བདུན་ཚར་གསུམ་གྱི་གཉིས་ནས་དང་གཅིག་དྲི་ཆབ། བང་རིམ་འོག་མའི་ཏིང་བར་དུ་མར་གྱི་ཞལ་ཟས་ཁྲུ་གང་གི་ཚད་ལ་མར་ཚོན་སྣ་ལྔའི་མེ་ཏོག་གི་རྒྱན་སྤྲོད་མཚར་བ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་དང་མཚུངས་ལོ་སྟར་གྱི་མཆོད་ཁང་ཆེ་ཕྲ་ཚོར་གསར་དུ་བརྗེ་བའི་རྒྱུན་བཙུགས། སྐུ་མདུན་དུ་བརྒྱ་མཆོད་འབུལ་བའི་ཁྲོ་ཀོང་བརྒྱ་དང་བརྒྱད་ཁྲི་འགྱོགས་དང་བཅས་པ། མཆོད་ཡོན་འབུལ་བའི་ཏིང་གྲ་མཚུངས་བརྒྱ་ཕྲག་གཉིས། དབུ་རྩེའི་མདའ་ཡབ་སྟེང་ཤོད་དང་སྐུ་མདུན་གྱི་མདའ་ཡབ་རིམ་གསུམ་དང་བཅས་པའི་གཡུ་ཐོག་རྣམས་གསར་བརྗེས། མདའ་ཡབ་འདེགས་བྱེད་སེང་གེ་བཞི་བཅུ་སྐོར་ལ་ཚོན་ཁྲ་རྒྱས་པ། སྟེང་གི་ལྕགས་ཁྲའི་གཤམ་གྱི་སྒམ་ཤག་གི་ཕྱོགས་བཞི་པོར་མཆོད་པའི་ལྷ་མོ་ཚོན་རྫོགས་ཁོར་ཡུག་ཁྱབ་པ་གསར་བཞེངས། འོག་ཁང་ལྟེ་བའི་སྲང་ཀྱོག་ནང་སྐོར་གྱི་ཀ་བ་རྣམས་ས་ཆུའི་རུལ་(༩༦བ)


GLG017_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་འདུག་པ་དག་འགྱོགས་འདེགས་འཕྲུལ་གྱིས་བརྟན་པར་བཟོས། དགེ་རྒྱས་ལི་མ་གླིང་ལ་བྱེ་མཚན་ཆེས་པར་བྱེ་བ་ཤུགས་ཉིན་བཅུའི་བར་འུ་ལག་དྲུག་བརྒྱར་ཐུག་ཆང་བྱིན། གཙུག་ལག་ཁང་བྱིངས་དང་ཕྱིའི་མཆོད་རྟེན་རྣམས་ལ་ལོ་སྟར་ས་རྩི་གསོལ་སྐབས་འུ་ལག་རྐང་རེར་རྩམ་མདའ་ཟོ་རེ། ཆང་བྲེ་རེ་ཡོང་བ་རྒྱུན་འཇགས་ཀྱི་རྒྱུར་འབྲུ་ཁལ་ཉེར་གསུམ་འགྲོ་བ་གཉེར་ཚང་གི་དེབ་ལ་བཀོད། ཁམས་གསུམ་ཟངས་ཁང་གླིང་གི་འོག་ཁང་མདོ་ཁྱམས་ཀྱི་ཞལ་བ་ཁོལ་གསོས་རྣམས་ལེགས་པར་བསྒྲུབས། དེ་ཡང་རྟེན་བརྟེན་པ་རྣམས་ཞིག་གསོས་གསར་བཞེངས་མཆོད་པའི་ཚོགས་རྒྱ་ཆེར་སྤེལ་ནུས་པ་འདི་ཡང་བུ་མོ་ཟླ་བ་མཆོག་གིས་ཞུས་པའི་མདོ་ལས། གལ་ཏེ་རྒྱལ་བ་དེ་དག་མཆོད་འདོད་ན། །སངས་རྒྱས་ཉིད་ཕྱིར་ཁྱོད་ཀྱིས་སྨོན་ལམ་ཐོབ། །ཅེས་ཚེ་རབས་མང་པོ་རྣམ་པར་དག་པའི་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་ཞིག་མ་གཏོགས་གང་ཟག་ཅི་ཡང་རུང་བ་ལ་འབྱུང་བ་མ་ཡིན་ཅིང་དྲི་གཙང་ཁང་སོགས་ཞིག་པ་གས་པ་ཕྱག་བདར་བྱས་པའི་ཕན་ཡོན། སངས་རྒྱས་ཕལ་པོ་ཆེ་ལས། བཅོམ་ལྡན་འདས་ཀྱིས་ཕྱག་བདར་བྱེད་པ་ལ་ཡོན་ཏན་ལྔ་ཡོད་དེ། ལྔ་གང་ཞེ་ན། བདག་ཉིད་ཀྱི་སེམས་དང་བར་འགྱུར་བ་དང་། གཞན་གྱི་སེམས་དང་བར་འགྱུར་བ་དང་། ལྷ་རྣམས་ཀྱི་ཡིད་དགའ་བར་འགྱུར་བ་དང་། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་གསོག་པར་འགྱུར་བ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་རྒྱ་ཆེར་(༩༧ན)


GLG017_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་ཤིང་། པད་དཀར་ཆེན་པོ་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རབ་ཏུ་བྱུང་བའམ་ཁྱིམ་ན་གནས་པ་གང་དག་ཁ་ཅིག་ཐ་ན་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་དུ་བྱིད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད། ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ཡོངས་སུ་མྱ་ངན་ལས་འདས་པར་ང་སྨྲའོ་ཞེས་དང་། ལུང་གཞི་ལས། གང་ཞིག་རབ་དད་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་མེ་ཏོག་སིལ་མ་སྤུངས་པས་འཐོར། །ཛམྦུའི་ཆུ་བོའི་གསེར་ཕྱེ་བྲེ་བོ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །མཁས་པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་མེ་ཏོག་འཕྲེང་བསྐོར་བ། །ཛམྦུའི་ཆུ་བོའི་གསེར་གྱི་སྒྲོམ་དག་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་མར་མེ་འབུལ་བྱེད་ན། །ཛམྦུའི་ཆུ་བོའི་གསེར་སྲང་བྱེ་བ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །རབ་དང་སེམས་ཀྱིས་སངས་རྒྱས་མཆོད་རྟེན་ལ། །གདུགས་དང་རྒྱལ་མཚན་འཕན་ནི་འདོགས་བྱེད་ན། །གསེར་གྱི་རི་བོ་ལྷུན་པོ་དང་མཉམ་པ། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། ཞེས་བདེ་བར་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རི་མོར་བྱས་པའི་འབྲས་བུ་མཐའ་ཀླས་པ་དེ་ལྟར་བཤད་ཅིང་། བློན་(༩༧བ)


GLG017_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཀའ་ཐང་ལས་ཀྱང་། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས། །གླིང་བཞི་ཁྱབ་པར་མདུན་དུ་བསམ། །མཆོད་ཚོགས་འཕྲེང་བ་བརྩེགས་པའི་ཚུལ། །ཨུཏྤལ་ལ་སོགས་མེ་ཏོག་དང་། །ཨ་ཀ་རུ་སོགས་བདུག་སྤོས་དང་། །རིན་ཅེན་ལ་སོགས་སྣང་བ་དང་། །ག་པུར་ལ་སོགས་དྲི་བཟང་དང་། །ལྷ་བཤོས་ལ་སོགས་བཟའ་བ་དང་། །གདུགས་དང་རྒྱལ་མཚན་ན་བཟའ་དང་། །བ་དན་པི་ཝང་རྫ་རྔ་སོགས། །རོལ་མོ་སྣ་ཚོགས་པ་ཉིད་འབུལ། ཞེས་དང་། ཆུད་མ་སོན་པས་མཆོད་ལ་བརྩོན། །རྒྱལ་སྲིད་ཆོས་དང་མཐུན་པ་ཡིན། །གསོན་པོ་ཚེ་རིང་ལོངས་སྤྱོད་ཆེ། །གཤིན་པོ་རྣམས་ཀྱི་སྒྲིབ་པ་འདག །ལྷ་དང་མི་ཡི་སྐྱེ་གནས་ལེན། །དག་པར་བྱེད་པ་ཆོ་གའི་མཆོག །བདག་གཞན་བག་ཆགས་དག་པར་འགྱུར། ཞེས་བསྔགས་པ་དེ་དག་ཀྱང་རང་དོན་ཡིད་བྱེད་དུ་མ་སོང་བའི་ཁ་བ་རི་པའི་བསྟན་འགྲོའི་བདེ་སྐྱིད་ཀྱི་ཆེད་དུ་སྨན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཕྱིར་ན། ལམ་སྒྲོན་ལས། །རྫོགས་སངས་བྲིས་སྐུ་ལ་སོགས་དང་། །མཆོད་རྟེན་དམ་ཆོས་མངོན་ཕྱོགས་ནས། །མེ་ཏོག་བདུག་སྤོས་དངོས་པོ་དག །ཅི་འབྱོར་པ་ཡི་མཆོད་པ་བྱ། །ཀུན་བཟང་སྤྱོད་ལས་གསུངས་པ་བཞིན། །མཆོད་པ་རྣམ་པ་བདུན་དག་ཀྱང་། །བྱང་ཆུབ་སྙིང་པོའི་མཐར་ཐུག་བར། །མི་ལྡོག་པ་ཡི་སེམས་དག་གིས། །དཀོན་ཅོག་གསུམ་ལ་རབ་དད་ཅིང་། །པུས་མོའི་ལྷ་ང་སར་བཙུགས་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །ཞེས་གསུངས་ལ། བྱེ་བྲག་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་(༩༨ན)


GLG017_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཙུག་ལག་ཁང་ལ་ཕུ་དུད་བགྱིས་པའི་སྒོས་ཀྱི་ཕན་ཡོན་ཀྱང་སྤྲུལ་བའི་གཏེར་ཆེན་ཨྱོན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་གདན་དྲངས་པའི་པདྨ་བཀའི་ཐང་ཡིག་ལས། ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི། །རྒྱ་གར་རྡོ་རྗེ་གདན་མཚུངས་བསམ་ཡས་འདི། །མིག་གི་མཐོང་ཚད་ངན་སོང་སྐྱེ་སྒོ་གཅོད། །གང་དག་འདི་ལ་སྐོར་བ་སུས་བསྐོར་པ། །བཤན་པ་ཡིན་ཀྱང་མཐོ་རིས་གནས་སུ་སྐྱེ། །ཞེས་དང་། གང་ཞིག་བསམ་ཡས་འདི་ལ་མཎྜལ་འབུལ། །གནས་སྐབས་མཐར་ཐུག་འབྲས་བུ་མཆོག་ཀུན་འཐོབ། །གང་ཞིག་བསམ་ཡས་འདི་ལ་མེ་ཏོག་འབུལ། །མི་རྣམས་དགའ་ཞིང་རབ་ཏུ་སྐྱིད་པར་འགྱུར། །བསམ་ཡས་མེ་ཏོག་ཉལ་སྙིགས་སུས་ཕྱགས་པ། །སྦྱིན་གནས་མཚུངས་མེད་སངས་རྒྱས་འཐོབ་པར་འགྱུར། །གང་ཞིག་བསམ་ཡས་འདི་ལ་སྤོས་འབུལ་བ། །བལྟ་བར་འོས་ཤིང་ནོར་ཆེན་ལྡན་པར་འགྱུར། །གང་ཞིག་བསམ་ཡས་འདི་ལ་མར་མེ་འབུལ། །བྱེ་བ་ཁྲག་ཁྲིག་ལྷ་ཞལ་ངེས་མཐོང་འགྱུར། །གང་ཞིག་བསམ་ཡས་མར་མེའི་རྒྱུན་འཛུགས་པ། །ཆོས་ཀྱི་འོད་ཟེར་བདག་ཉིད་གསལ་བར་འགྱུར། གང་ཞིག་བསམ་ཡས་འདི་ལ་དྲི་ཆབ་འབུལ། །ཡི་དྭགས་མི་སྐྱེ་ལོངས་སྤྱོད་ཆེ་བར་འགྱུར། གང་ཞིག་བསམ་ཡས་འདི་ལ་ཞལ་ཟས་འབུལ། ནད་མུག་མེད་ཅིང་ཚེ་རིང་ལོངས་སྤྱོད་འཕེལ། །གང་ཞིག་བསམ་ཡས་འདི་ལ་སིལ་སྙན་འབུལ། །ཟབ་ཅིང་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར། །གང་ཞིག་བསམ་ཡས་འདི་ལ་གདུགས་འབུལ་བ། །(༩༨བ)


GLG017_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཆོད་བཀུར་སྟི་བྱ་བའི་འོས་སུ་འགྱུར། །གང་ཞིག་བསམ་ཡས་འདི་ལ་ན་བཟའ་འབུལ། །མྱུར་དུ་བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །བསམ་ཡས་འཕྲེང་བ་གདན་ཁྲི་འབུལ་བྱེད་པ། །བདེ་བའི་ཡོ་བྱད་ཐམས་ཅད་དེ་ལ་འབྱུང་། ཞེས་དང་། །གང་ཞིག་བསམ་ཡས་འདི་ལ་ཞིག་གསོས་བྱེད། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །གང་ཞིག་བསམ་ཡས་འདི་ལ་ཡི་རང་བའི། །དགེ་དེས་སྡིག་བྱང་འབྲས་བུ་བླ་མེད་འགྱུར། །ཞེས་ཕྱོགས་འདིར་སྒོ་གསུམ་གྱི་ངལ་བ་བསྟེན་པ་མཐའ་དག་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཡིད་དུ་འོང་བའི་ཚུལ་བསམ་གྱིས་མི་ཁྱབ་ཅིང་། དེ་ཡང་སྔོན་སྦ་རག་གི་ཆགས་སྡང་ལ་བརྟེན་ཁོར་ས་རྣམས་བཤིག་པའི་ཉམས་ཆགས་ཆེ་བར་བྱུང་བ་རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་གསོ་བྲན་མཛད། བར་སྐབས་སུ་བར་སྐོར་ཡང་གྲོང་ཁང་གིས་བགགས་པ་སོགས་ཉམས་ཆགས་ཆེ་བའི་ཚེ་བླ་མ་དགོངས་པ་འདུས་པའི་ལས་ཅན་ཉི་ཤུ་རྩ་གཅིག་ལུང་བསྟན་སྐབས། ར་བན་ཆོས་བཙུན་རིན་ཅེན་སྙིང་པོ་ཁྱོད། །ཡོངས་ཀྱི་རྩིས་འདེབས་དག་ཏུ་མངའ་གསོལ་ཅིང་། །གསང་མཚན་རྡོ་རྗེ་དྲག་པོ་ཀུན་དགའ་རྩལ། །མ་འོངས་དུས་སུ་ལས་ཅན་དབང་མཆོག་འཛིན། །གལ་ཏེ་པེ་ཀར་རྒྱལ་པོས་མ་བསླུས་ན། །རྣལ་འབྱོར་སྨྱོན་པ་སྐྱེས་བུ་སེང་གེ་གདོང་། །ཀུན་གྱི་མིང་ཅན་རླབས་ཆེན་སྤྱོད་པ་སྐྱོང་། །ལུས་ལ་ཤ་མཚན་དང་མིག་ཐིག་ལེས་སྤྲས། །གདུང་ཤུགས་ཅན་དག་གླེགས་བམ་འཛིན་པར་གྱུར། །ཞེས་དང་། གཏེར་སྟོན་པདྨ་གླིང་པའི་ལུང་བསྟན་ལས། སྔགས་འཆང་སྣ་ནམ་རྡོ་རྗེའི་(༩༩ན)


GLG017_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ཞིག །དགའ་བའི་མིང་ཅན་ཤར་གྱི་ཕྱོགས་ནས་འབྱུང་། །སྤྲུལ་སྐུའི་ཞབས་འདེགས་ལྕང་ལོ་ཅན་དུ་འགྲོ། །ཞེས་བྱུང་ཞིང་གཏེར་སྟོན་གྱི་དངོས་སློབ་དཀའ་ཆེན་པ་ཀུན་དགའ་གྲགས་ཀྱིས་བརྟུལ་ཞུགས་ཆེན་པོའི་བདེན་པའི་ཚིག་གིས་སྐོར་ལམ་བསྲང་བ་སོགས་ཞབས་ཏོག་ཆེ་བས་ད་ལྟའི་བར་དུ་དབུ་རྩེ་དཀར་པོ་བས་འཛིན་བཞིན་པ་དང་། གཞན་ཡང་རྫོགས་ཆེན་པ་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་རིས་བྲལ་གྱི་སྲི་ཞུ་མཛད་པ་མང་དག་བྱུང་ནའང་ཕལ་ཆེར་སྟོབས་འབྱོར་གྱི་ནུས་པ་དམན་ལ། བླ་དཔོན་ཆེན་པོར་རློམས་པ་རྣམས་གནས་སྲུང་གི་གཉན་ཆ་ལ་འཇིིགས་ཏེ་བཏང་སྙོམས་སུ་བཞག་པ་མང་བས་ཕྱོགས་རེར་སོང་བའི་རྔོ་ཐོགས་པར་མ་གྱུར་པ་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་མཆེད་གཉིས་དད་དང་གཏོང་བ་བློ་བརྩོན་སྟོབས་འབྱོར་སོགས་མཐུན་པའི་རྐྱེན་ཀུན་ཚང་བའི་ཕན་ཡོན་གྱི་རྣམ་པར་དཀར་བའི་ལས་རྔམས་པོ་ཆེ་འདི་ལྟ་བུ་བསྒྲུབས་པའི་ཚུལ་ལ་བསམས་ན་དིང་དུས་ར་ས་འཕྲུལ་སྣང་དང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གིས་ཐོག་དྲངས་ཆོས་རྒྱལ་མེས་དབོན་གྱིས་བཞེངས་པའི་ལྷ་ཁང་བསྟན་འགྲོའི་བདེ་སྐྱིད་ཀྱི་རྩ་ལག་དམ་པ་རྣམས་སྤྱི་རྟ་སྒལ་རལ་དུ་ལུས་པར་མ་ཟད་དེ་དག་ལས་ངེད་ཀྱི་གནས་དགོན་ཆེ་གེ་མོ་དག་བཟང་ངོ་ཞེས་གཞན་འདྲིད་ཀྱི་ཟློས་གར་བསྒྱུར་བ་ཆེས་མང་བས་ཀྱང་ཕན་བདེའི་འབྱུང་གནས་རྩི་སྨན་གྱི་ལྗོན་པ་དེ་དག་ལ་བླ་མར་མཛད་པ་སྔོན་བྱུང་ད་ལྟ་བར་དང་སླད་ནས་འབྱུང་འགྱུར་ཀུན་ལ་གཟུར་གནས་རྣམས་རྗེས་སུ་ཡི་རང་བའི་(༩༩བ)


GLG017_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡིན་པར་སེམས་སོ། །གཞན་ཟེར་རི་དྭགས་འཕྲུལ་གྱི་མི་འཁྲིད་པར། །ལེགས་བྱས་མདའ་ཡིས་སྒྲིབ་གཉིས་ལངྐའི་མགྲིན། །བཅས་ནས་གཏན་བདེའི་སཱི་ཏར་རྟག་རྩེ་བ། དགའ་བྱེད་གཉིས་པའི་ངང་ཚུལ་འཛིན་པར་ཤོག །དེའང་མཆོད་རྟེན་བཞིར་རྩི་ཤིང་སོགས་སྣ་ཚོགས་སྐྱེས་པ་དང་ཁྱད་པར་དམར་པོའི་བུམ་པ་ལ་ཤིང་སྐྱེ་ཚན་ཆེས་པའི་འཇིག་ཏུ་ཉེ་བར་འདི་ཆེར་ཞིག་གསོས་དུས་ལ་བབས་པས་བྱེད་ལུགས་འབྲས་སྤུངས་དགེ་བཤེས་ལ་དྲིས་གསུངས་འདུག་ནའང་ངོས་ཀྱི་ལྟ་རྟོག་མ་བཅུག་པར་གྱ་ཚོམ་དུ་སྨྲ་བ་སྐབས་སུ་མ་ཕྱེ་བར་མ་ཟད་སྤྱན་སྟོང་རིག་པའི་བཟོས་ལམ་དུ་འགྲོ་མི་འགྲོ་ལྐོག་ཏུ་གྱུར་ཚུལ་དེ་རིགས་ལ་ཆོས་སྐྱོང་ཆེན་པོའི་སྣང་སྲིད་གསལ་བའི་དཔྲལ་བའི་སྤྱན་གྱིས་གཟིགས་ནས་ལུང་བསྟན་པ་ཉིད་ལེགས་ཚོགས་ཆེ་ཚུལ་ས་སྐྱོང་སྦྱིན་པའི་བདག་པོར་མོལ་བ་ལྟར་ལྕོག་ཏུ་བསླབ་སྟོན་ཞུས་པའི་སྔོན་འགྲོར་རྟག་རྩེ་ཁུལ་གྱི་མི་སེར་ཁྱོན་ལངས་དུད་རེས་སོ་ཕག་ཉེར་ལྔ་རེ་བསྡེབས་འདྲེན་དགོས་པར་སོ་སོར་ནས་ཁལ་ལྔ་རེ་བསམ་ཟུང་ཁྲལ་འཛིན་སུམ་བརྒྱ་སོ་གསུམ་སྐོར་རེར་ཁལ་དགུ་རེ། འོན་པ་ཉིས་བརྒྱ་སྐོར་ལ་ཁལ་ལྔ་རེ། འོན་བསམ་སྤྱི་ཕྱུར་ཁལ་ལྔ་བརྒྱ་སྐོར་རྣམས་ཆས་ཐེབས་སུ་རྩིས་སྤྲད། ཕྱི་རོལ་གྱི་མཆོད་རྟེན་བྲག་སྣའི་བྱེ་འབུམ། སྦ། བཻ་རོ་ཙ་ནའི་ཡུམ་རྟེན་སོགས་མཆོད་རྟེན་ལྔ་པོ་སྔོན་མེད་དུ་འགྲོ་བ་ལྟ་བུར་ཉམས་གསོས་སྔར་བཟོ་དང་མཐུན་པའི་ཆོས་འཁོར་ཏོག་བཅས་སྲ་མཛེས་ལེགས་པར་བསྐྲུན། ཕྱོགས་ཀྱི་མཆོད་རྟེན་བཞི་ནི། རྒྱལ་པོ་བཀའ་ཐང་ལས། །བཀའ་(༡༠༠ན)


GLG017_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཕྱག་རྒྱ་མཆོད་རྟེན་བཞི་ལ་ནི། །མཆོད་རྟེན་དཀར་པོ་སེང་གེ་བརྒྱད་ཀྱིས་བརྒྱན། །སྲུང་མ་གནོད་སྦྱིན་སྐར་མདའི་གདོང་པ་ཅན། །བཞེངས་པའི་ལག་ལེན་བློན་ཆེན་ཤུད་བུ་ཡིན། །མཆོད་རྟེན་དམར་པོ་པདྨ་སྟོང་གིས་བརྒྱན། །སྐྱོང་བའི་སྲུང་མ་གཟའ་བདུད་མིག་དམར་ཡིན། །བཞེངས་པའི་ལག་ལེན་རྒྱ་ཚ་ལྷ་སྣང་ཡིན། །མཆོད་རྟེན་ནག་པོ་མཆོད་རྟེན་སྟོང་གིས་བརྒྱན། །སྐྱོང་བའི་སྲུང་མ་མཁའ་འགྲོ་ལྕགས་མཆུ་ཅན། །བཞེངས་པའི་ལག་ལེན་རྟ་ར་ཀླུ་གོང་ཡིན། མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་བརྒྱན། །སྐྱོང་བའི་སྲུང་མ་རྡོ་རྗེ་འདུད་འདུལ་ཡིན། །བཞེངས་པའི་ལག་ལེན་རྡོ་རྗེ་སྤྲེའུ་ཆུང་ཡིན། །ཞེས་མངའ་བདག་རྒྱལ་པོས་བཞེངས་པའི་ཚུལ་ནི། མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོ་ཉན་ཐོས་ཀྱི་ལུགས་སེང་གེ་བརྒྱད་ཀྱིས་བརྒྱན་པ། ལས་དཔོན་ཤུད་བུ་དཔལ་སེང་གེས་བྱས་ནས་བཞེངས། སྲོག་ཤིང་ཙན་དན་དཀར་པོ་རྒྱལ་ཆེན་བཞིས་བཙུགས། ནང་བཞུགས་ལ་སངས་རྒྱས་ཀྱི་རིང་བསྲིལ་མ་ག་ངྷའི་བྲེའི་ཁལ་གཅིག །ཡབ་མེས་ཀྱི་ཡི་དམ་གཉན་པོ་གསང་བ། མདོ་སྡེ་ལྔ་རྣམས་བཞུགས་པས་བྱིན་རླབས་ཆེ། སྲུང་མ་གནོད་སྦྱིན་སྐར་མདའ་གདོང་ལ་གཏད། མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་བྱང་ཆུབ་སེམས་དཔའི་ལུགས་པདྨ་སྟོང་གིས་བརྒྱན་པ། ལས་དཔོན་ཞང་རྒྱ་ཚ་ལྷ་སྣང་གིས་བྱས་ནས་བཞེངས། སྲུང་མ་གཟའ་མིག་དམར་ལ་གཏད། མཆོད་རྟེན་ནག་པོ་རང་སངས་རྒྱས་ལུགས་སྐུ་གདུང་གིས་བརྒྱན་པ། ལས་དཔོན་ངམ་སྟག་ར་ཀླུ་གོང་གིས་བྱས་ནས་(༡༠༠བ)


GLG017_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། སྲུང་མ་གནོད་སྦྱིན་ལྕགས་མཆུ་ཅན་ལ་གཏད། མཆོད་རྟེན་སྔོན་པོ་དཔལ་ལྷ་ལས་བབས་པ་དེ་བཞིན་གཤེགས་པའི་ལུགས་ལྷ་ཁང་བཅུ་དྲུག་གིས་བརྒྱན་པ། ལས་དཔོན་མཆིམས་རྡོ་རྗེ་སྤྲེའུ་ཆུང་གིས་བྱས་ནས་བཞེངས། སྲུང་མ་གནོད་སྦྱིན་ཉི་མའི་གདོང་ཅན་རྡོ་རྗེ་བདུད་འདུལ་ལ་གཏད། མཆོད་རྟེན་འདི་རྣམས་བཞེངས་དུས་འདྲེ་མོ་འོད་ཅན་མས་བར་ཆད་འཚེ་བ་མང་དུ་བྱས་པར། མཁན་སློབ་ལ་ཞུས་པས། བྱམས་པ་གླིང་དུ་ས་ལྷག་རྡོ་ལྷག་བསྡུས་ནས་མཆོད་རྟེན་བཞེངས་ཏེ་མནན། རབ་གནས་གནང་དུས་འོད་དུ་འབར་བས་ན་མཆོད་རྟེན་འོད་འབར་དུ་གྲགས། དེ་དག་ཀྱང་དུས་དབང་གིས་ཤིང་སྡོང་མེས་ཚིག་པ་ལྟ་བུའི་མི་མཛེས་པར་མ་ཟད་སྲོག་ཤིང་རྣམས་ཧྲུལ་འཁྱོགས་ཆོས་འཁོར་གྱི་ཟངས་གས་གྲུམས་བུག་རྡོལ་སོགས་ཉམས་ཆགས་ཆེ་བར་བརྟེན་དཔལ་ལྡན་དམག་དཔོན་ཆེན་པོས་དེ་བཞིན་གཤེགས་པའི་ཐུགས་རྟེན་བཞི་པོ་འདི་རྒྱལ་ཁམས་སྤྱིའི་བདེ་ཐབས་ཁོ་ནར་དགོས་གནད་ཆེ་བ་དང་། ཡང་དགོས་སྐྱེ་འགྲོ་གཟུགས་ཅན་ལ་གནོད་པའི་འབྱུང་པོ་ས་བདག་ཀླུ་གཉན་ཕྱོགས་བཞིའི་དགྲ་བགེགས་མནན་པ་སོགས་རྟེན་སོ་སོའི་འོག་ཏུ་ཡོད་པས་འདི་རྣམས་ཉམས་ནས་དོན་པ་བྱུང་ན་སྐྱེ་འགྲོ་སྤྱི་ལ་ལེགས་པ་མེད་པས་རིམ་བཞིན་ཉམས་གསོས་མ་བྱས་པའི་ཐབས་མེད་པས་སྔ་འཕྲོས་གདུགས་ཆོས་འཁོར་འཕྲལ་གྲུབ་གེགས་མེད་འབྱུང་བའི་ཆེད་དུ་རྡོ་རྗེ་ཕུར་པའི་སྒོ་ནས་ཁྲོ་བོ་རོལ་པའི་གཏོར་བཟློག་ཅིག་གནས་རྡོ་རྗེ་བྲག་རྫོང་གི་དགེ་བཤེས་དེ་ཡིས་བྱས་ན་ལེགས་ཞེས་(༡༠༡ན)


GLG017_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པ་བཞིན་ཐུབ་བསྟན་ཨེ་ཝཾ་ལྕོག་སྒར་ནས་རིགས་འཛིན་སྤྲུལ་པའི་སྐུ་མཆོག་དཔོན་སློབ་རྣམས་གདན་དྲངས་ཏེ་འཁྲུལ་མེད་ཀྱི་གཏེར་སྟོན་རྒོད་ཀྱི་ལྡེམ་ཕྲུའི་ཟབ་གཏེར་བྱང་ལྕགས་མཛོད་ནག་པོའི་ཆོས་སྡེ་ནས་བྱུང་བ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྤུ་གྲིའི་དྲག་པོ་ཟོར་གྱི་འཕྲིན་ལས་གནམ་ལྕགས་འབར་བའི་མཐུ་རྩལ་གྱིས་ནག་ཕྱོགས་ཡིད་སྲུབས་ཀྱི་ཚོགས་རྣམས་ཕྱེ་མར་བཏགས། རིགས་འཛིན་སྲོག་སྒྲུབ་དང་གཏེར་གསར་རིགས་འཛིན་ཡོངས་འདུས་ནམ་མཁར་ཆེན་བཟའི་སྤྲུལ་པར་ལུང་གིས་ཟིན་པ་དཔལ་རི་སྤྲུལ་སྐུས་དབུ་རྩེ་བར་ཁང་དུ་ཞག་བཅོ་བརྒྱད་ཀྱི་རིང་ཕུར་སྒྲུབ། མཆོད་རྟེན་བཞིའི་ཆོས་འཁོར་རྣམས་གསར་བརྗེ་བྱེད་པའི་སྟ་གོན་དུ་སྔར་གྱི་ཆོས་འཁོར་གྱི་བཟོ་དབྱིབས་དང་དཔངས་སོགས་ཐིག་རྩའི་འཕྱུགས་མེད་བླངས་པའི་ཡོད་ལུགས་དང་གསར་དུ་བསྐྲུན་པ་ལ། ནུབ་བྱང་མཆོད་རྟེན་ནག་པོའི་ཆོས་འཁོར་དགུ་བརྩེགས་སྟེང་། པད་སྟེགས། པདྨ། བུམ་པ། བྲེ། ཆོས་འཁོར་བདུན་བརྩེགས་སྟེང་དུ་བྲེ། ལྕགས་ཐག་འཛིན་བྱེད་ལྦ་རོག་ཁེབས་བཅས་ལ་མུ་ཏིག་ཅན། དེ་སྟེང་གདུགས་སྟེགས་པདྨ། གདུགས་ཐོད་སྦྲགས། དྲ་ཕྱེད་དང་རྩེ་རྒྱན་ཉི་ཤུའི་སྟེང་རྫ་མ་ནག་པོ་ཏོག་བཅས་ཀྱི་སྟེགས་པད་རྐང་གི་སྟེང་ཏོག་དང་ལྡན་པ། ལྕགས་ཐག་འཛིན་བྱེད་ནས་ཟུར་བཞིར་རླུང་འཛིན་ལྕགས་ཐག །སྲོག་ཤིང་དཔངས་རྒྱུག་མཐོ་སོ་གཉིས། རྩ་བ་གྲུ་བཞི་སྦོམ་སར་མཚོན་བདུན། རྩེར་མཚོན་བཞི། ཆོས་འཁོར་དངོས་གཞིའི་ཚོ་འཛིན་སྲོག་ཤིང་ཡིན་ནའང་ཆོས་འཁོར་སྐོར་རྒྱ་རེར་ཤིང་སྒྲོམས་གྲུ་བཞིའི་ཚོ་འཛིན་(༡༠༡བ)


GLG017_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་བསྙད་གྲུ་བཞི་སྦོམ་ངེས་རྣམས་འདུག་པར་དཔེ་བྱས་ཏེ་ཤིང་ལྕགས་གསར་བརྗེས་ཐོག་ཆོས་འཁོར་སྔ་སོར་གནས་ཀྱི་ཟངས་གསེར་གཉིས་ཀ་སྲ་འཁྲེགས་གཙོར་གཏོན། གདུགས་ཀྱི་དྲ་ཕྱེད་ནང་ཁོར་མར་དྲིལ་བུ་བརྒྱད། ལྕགས་ཐག་བཞིར་དྲིལ་བུ་རེ་དང་བཅས་པའི་བཅུ་གཉིས་ལ་དྲིལ་ལྕེར་རླུང་བསྐུལ་ཟངས་ལེབ། ས་ཁྲིའི་བང་རིམ་སོ་ཕག་ནས་རྒྱུད་སྡེ་བང་རིམ་བཞི་བརྩེགས། བུམ་ལྡིར་མན་གྱི་ཤར་ལྷོ་ནུབ་བཅས་དང་བྱང་གི་རྒྱུད་སྡེ་གོང་མའི་རྩེ་མན་ཆད་ཀྱི་ཁོར་ཡུག་ཚང་མ་སོ་ཕག་ནག་པོ་ཞེ་མཚུངས་ཀྱི་ཁོལ་པོ་དང་སྟེང་གི་བྲེ། བྱང་ངོས་ཀྱི་བུམ་ལྡིར། པད་གདན་གྱི་ས་ཁྲི་དཔངས་མི་གང་ལྷག་ཙམ་གསར་དུ་བཟོས་པའི་ཐོག་གིས་ཆུ་མི་འཛིན་པའི་གཡམ་གཅལ་ལེགས་པར་བསྒྲིགས་ཤིང་མཚམས་ཚོར་བུམ་གཏེར་བཅུག །ལྷོ་ནུབ་ཀྱི་མཆོད་རྟེན་དམར་པོའི་ཆོས་འཁོར་དགུ་བརྩེགས་སྟེང་བུམ་པ། པད་སྟེགས་ཁ་བྲེ་འབྱར་བཅས་པའི་སྟེང་ཆོས་འཁོར་བདུན། དེ་སྟེང་ལྦ་འཁོར། ལྦ་རོག །ལྕགས་ཐག་འཛིན་བྱེད་སྟེང་མུ་ཏིག་དང་གདུགས་སྟེངས་པདྨ། གདུགས་ཐོད་སྦྲགས། དྲ་ཕྱེད་དང་རྩེ་རྒྱན་ཉི་ཤུ། རྫ་མ་ནག་པོའི་རྩེར་གཉྫིར་ཆ་འགྲིག །ཟུར་བཞིར་རླུང་འཛིན་ལྕགས་ཐག་སྲོག་འཛིན་གྲུ་བཞི་རྩ་བར་མཚོན་བདུན། རྩེར་མཚོན་བཞི། དཔངས་རྒྱུག་མཐོ་སུམ་ཅུ་ཐམ་པ། ཤིང་ལྕགས་གསེར་ཟངས་ཐམས་ཅད་སྲ་བརྟེན་གཙོར་བཏོན། གདུགས་ཀྱི་དྲ་ཕྱེད་ཀྱི་ནང་ཁོར་མ་དང་ལྕགས་ཐག་གི་དྲིལ་བུ་ལྕེ་བསྐུལ་ཟངས་ལེབ་བཅས་གོང་འདྲ། ས་ཁྲའི་བང་རིམ་སོ་ཕག་ནས་བཟུང་སེང་ཁྲི་(༡༠༢ན)


GLG017_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་བང་རིམ་དྲུག །བུམ་ལྡེར་མན་གྱི་ཤར་ལྷོ་ནུབ་བཅས་འཁོར་ཡུག་ཚང་མ་སོ་ཕག་དམར་པོས་ཞེ་མཚུངས་ཀྱི་ཁོལ་གསོས། བྱང་གི་ས་ཁྲི་ནས་སེང་ཁྲི། རྒྱུད་སྡེ་འོག་མ་མན་གྱི་བྲེ་དང་བུམ་ལྡིར་གྱི་བྱང་ངོས་ཕལ་ཆེར་གསར་བསྐྲུན། པད་གདན་གྱི་ཁྲི་མི་གང་གི་སར་ཐོག་བཀལ་བ་ཆུ་མི་འཛིན་ཕྱིར་གཡམ་གཅལ་བསྒྲིགས་ལེགས་ཀྱི་སྟེང་ནས་བྲེ་མན་ཐམས་ཅད་ལ་རྡོ་རྩི་དམར་པོ་ཤིན་ཏུ་འཐུག་པ་རུང་བར་གསོལ་ཞིང་བུམ་གཏེར་གོང་འདྲ་གཞུག །བྱང་ཤར་བཀྲ་ཤིས་སྒོ་མངས་ཀྱི་མཆོད་རྟེན་སྔོན་པོ་ཆོས་འཁོར་དགུ་བརྩེགས་སྟེང་པད་སྟེགས། པདྨ། བུམ་པ་བྲེ་སྦྲགས། ཆོས་འཁོར་བདུན་བརྩེགས་སྟེང་པད་སྟེགས། པདྨ། བུམ་པ་བྲེ་སྦྲགས། དེ་སྟེང་ཆོས་འཁོར་ལྔ་བརྩེགས། ལྕགས་ཐག་འཛིན་བྱེད། ལྦ་རོག །མུ་ཏིག་དང་གདུགས་འདེགས་པདྨ་ཟུང་འབྲེལ། གདུགས་ཐོད་སྦྲགས། དྲ་ཕྱེད་དང་རྩེ་རྒྱན་ཉི་ཤུའི་རྒྱན་གྱི་ཕྱོགས་བཞིར་རྡོ་རྗེ་སེམས་དཔའ། རིན་ཅན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་སྟེ་བཞིའི་སྐུ་བརྙན་འབུར་དོད། དེ་སྟེང་རྫ་མ་ནག་པོ་གཉྫི་ར་དང་བཅས་པ། ཟུར་བཞིར་རླུང་འཛིན་ལྕགས་ཐག །སྲོག་ཤིང་དཔངས་རྒྱུག་མཐོ་བཞི་བཅུ་ཞེ་གསུམ་གྱི་རྩ་བ་གྲུ་བཞིར་མཚོན་དགུ། རྩེ་ལ་མཚོན་ལྔ་ཤིང་ལྕགས་ཟངས་གསེར་གྱིས་སྲ་མཁྲེགས་གཙོར་བཏོན། དྲ་ཕྱེད་ཀྱི་ནང་ཁོར་དང་ལྕགས་ཐག་གི་དྲིལ་བུ་ལྕེ་བཅས་གོང་འདྲ། སྐུ་གཟུགས་མར་སྔར་ཞིག་གསོས་ཕྲན་བུ་བྱུང་བ་རྣམས་སྔ་དུས་ཀྱི་དཔེ་ཚད་ལྡན་འདྲ་བཤུས་བྱུང་ཚོད་(༡༠༢བ)


GLG017_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མིན་འདུག་པའི་ཁར་ཉམས་ཆགས་ཀྱིས་དབྱིབས་ཚད་རྟོགས་དཀའ་རུང་སྟེང་ཤོད་གཉིས་ཀའི་ལྷོ་ཕྱོགས་རྣམས་ཉམས་ཅུང་ཟད་ཆུང་ཞིང་ལྷག་ཏུ་ལྷོའི་ལྷ་ཁང་དཀྱིལ་མའི་སྒོ་དཔུང་ཤར་དང་ལྷོའི་ཟུར་བཅས་ལ་དཔེ་ལེན་ཐུབ་པའི་རྩེ་རྙིང་གིས་འབྲེལ་བ་ཡ་བྲལ་དུ་མ་སོང་བའི་ཡིད་ཆེས་ཚད་ལེན་ཐུབ་ཙམ་འདུག་པར་བཟོ་དབྱིབས་ཕྱག་ཚད་འཕྱུགས་མེད་བླངས་པའི་མཆོད་རྟེན་ཆུང་ངུ་ཞིག་དཔེར་བཟོས། ཤར་ལྷོའི་ཟུར་དང་སྒོ་དཔུང་གཡོན་ཕྱོགས་དེ་གར་ཆ་སྐོར་བའི་སོ་ཕག་ནང་མ་རྣམས་མི་བརྗེ་ཀ་མེད་བྱུང་ན་མ་གཏོགས་ནང་བཞུགས་སོགས་ལ་སྐྱོན་གཏན་ནས་མ་སོང་བ་བྱས་ངོས་ས་ཁྲི་ནས་བྲེ་མན་ལ་བུམ་ལྡིར་གྱི་སོ་ཕག་རྙིང་པ་རེ་གཉིས་བྱིན་རླབས་ཆེ་ཕྱིར་བཞག །བུམ་ལྡིར་གྱི་གཡུ་རྩི་ལྗང་སྐྱ་དང་དམར་སྐྱ་འདྲེས་སྐྱོན་འདུག་པས་རྩེ་གཤམ་ཚང་མར་གཡུ་རྩི་རྒྱ་ལུགས་སུ་གསོལ། སོ་ཕག་གི་བར་ཚོར་ཆུ་མི་འཇུག་པའི་ཆེད་དུ་ཞ་ཉེ་བླུག་ཅིང་ཟུར་སྣེ་རྣམས་བརྟན་ཕྱིར་ཁྲོ་ཆུའི་གཟེར་གྱིས་བསྡམས། དཔངས་མི་གང་ཙམ་པའི་ས་ཁྲིའི་ཐོག་དང་གཡམ་གཅལ་གྱི་མཐར་ཆགས་སུ་གྱོ་བའི་ཆུ་ཁུང་གྲལ་བསྒྲིགས་ཀྱི་སྟེང་ལ་རྩིག་ཐུང་བསྐུམ་ཁྲུ་གང་གི་ཕྱི་ནང་ཐམས་ཅད་ཞལ་བ། རྩིག་ཐུང་གི་གཡམ་བད་སྟེང་ཆུ་ཞེང་གབ་པའི་ཐོད་དཀར་སྟེང་ཤོད་ཀྱི་ལྷ་ཁང་བཅུ་དྲུག་པའི་སྐུ་བརྙན་རྣམས་ཀྱི་ཕྱག་ཞབས་སོགས་ལ་སྐྱོན་ཕྲན་བུ་འདུག་པ་གསོས་ཤིང་སྐུ་མདོག་སེར་པོ་རྣམས་ལ་གསེར། དཀར་པོ་དངུལ། ཞལ་ཁྱེམ་གསེར། དབུ་མཐིང་། ཅོད་པན། ན་བཟར་གསེར་(༡༠༣ན)


GLG017_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ལྷ་ཁང་རྣམས་ལ་ལྡེབས་ཞལ། མཐིང་སྤོས་ཞལ། ཐོག་དཔང་བཅས་པར་ཚོན་རྩི། སྔར་སྒོ་མི་འདུག་པ་མ་བཙུགས་ཚེ་དབྱར་དུས་ཆར་ལྷགས་དང་དགུན་དཔྱིད་འཐོར་རླུང་གིས་ཆུད་ཟོས་འབྱུང་ཉེན་སེལ་བྱེད་དུ་ཚང་མར་སྦུས་འབྱེད་མཚལ་རྩི་ལྕགས་ཤན་སྦར་བཀབ། རི་བཞི་རྣམས་མཐིང་གའི་སྟེང་བཛྲ་གུ་རུ་སོགས་གཟུངས་སྔགས་ལཱཉྪ་གསེར་ཤོག་མ། སོ་སོར་སྒོ་ཡོལ་གཤམ་བཅས། རྟེན་གཙོ་སོ་སོར་དར་སྣ་དྲུག་རེའི་སྙན་ཤལ་ཉིན་སྟར་ཤོད་ཀྱི་བཅུ་གཉིས་པོ་སྤྱིར་མར་མེ་སྡོང་རྐང་རེ་དང་སོ་སོར་ཞལ་ཟས་རེ། ཟླ་རེའི་ཚེས་བཅོ་ལྔ་བྱུང་རེས་ལ་སྟེང་གི་བཞི་དང་ཤོད་ཀྱི་བཅུ་གཅིག་པོར་དཀར་མེ་སྡོང་རྐང་རེ་དང་སྟེང་གི་བཞི་ལ་བཤོས་ལྔ་རེའི་འཕར་མའི་རྒྱུན་བཙུགས། སྐོར་ལམ་ལ་རྡོ་གཅལ། ཁང་པ་སུམ་ཐོག་གི་མཆོད་རྟེན་བུམ་པ་མན་བསྒྲིབས་པ་འགའ་ཞིག་འདུག་པ་ཉིས་ཐོག་ཏུ་ཕབ་སྟེ་གོང་པད་ལས་སྤྲོས་མི་རྩིག་པའི་བསྡམ་ར། ལྷོ་ངོས་ཀྱི་ཁང་པ་གཉིས་རྩ་བ་གནས་སྤོས་པའི་མི་ཁྱི་སོགས་ཀྱི་གནོད་པ་མི་འབྱུང་བའི་ཆེད་དུ་རྩིག་པ་ཐོག་ཚད་སྒོ་ལྕགས་ལྡེ་བཅས་རྣམས། ཤར་ལྷོའི་བྱང་ཆུབ་མཆོད་རྟེན་དཀར་པོར་ཆོས་འཁོར་བདུན་བརྩེགས་ཀྱི་སྟེང་ལྕགས་ཐག་འཛིན་བྱེད་ཀྱི་བྲེ། ལྦ་རོག །མུ་ཏིག་དང་གདུགས་འདེགས་པདྨ་ཟུང་འབྲེལ། གདུགས་ཐོད་སྦྲགས། དྲ་ཕྱེད་དང་རྩེ་རྒྱན་བཅུ་དགུའི་རྫ་མ་ནག་པོ་གཉྫི་ར་ཆ་འགྲིག །རླུང་འཛིན་ལྕགས་ཐག །སྲོག་ཤིང་གི་རྩ་བ་གྲུ་བཞིར་མཚོན་བདུན། རྩེར་མཚོན་བཞི། དཔངས་རྒྱུག་(༡༠༣བ)


GLG017_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་ཉེར་གསུམ། ཤིང་ལྕགས་ཟངས་གསེར་དང་བཅས་པའི་སྲ་བརྟན་གཙོར་བཏོན། གདུགས་ཀྱི་དྲ་ཕྱེད་ཀྱི་ནང་འཁོར་དང་ལྕགས་ཐག་གི་དྲིལ་བུ་ལྕེ་བཅས་གོང་མཚུངས། ས་ཁྲི་བང་རིམ་བཞི་ནས་སེང་ཁྲི་པད་བཅས་ཁོལ་གསོས། སེང་ཁྲིའི་ཕྱོགས་བཞིར་ལྡེབས་ཞལ་ལ་སངས་རྒྱས་སྟོང་སྐུ་ཞིག་གསོས་པ་ཞིག་གིས་བཞེངས་པའི་རྗེས་མངོན་ཙམ་སྣང་ཡང་བཞེངས་ཡུལ་བབས་འབྲེལ་དང་མི་མཚུངས་ཤིང་དཀར་ཆག་ཏུ་མི་གསལ་བ་ནས་དཀྱིལ་ལྡེབས་བཞིར་རྒྱལ་ཆེན་བཞི་ཚབ་རེ་དང་གཡས་གཡོན་དུ་སེང་གེ་ཆེ་བ་རེ་ཚོན་རྫོགས། རྒྱུད་སྡེ་བང་རིམ་གཉིས་པ་འདི་སྔར་གྲུ་བཞིའི་ཤུལ་མངོན་ཙམ་འདུག་ཀྱང་ཞིག་གསོས་པ་ཞིག་གིས་གྲུ་སྣེ་བཅས་པ་གྲུ་བཞི་སོར་གནས་བཏོན། རྒྱུད་སྡེ་བང་རིམ་གཉིས་པ་ནས་བུམ་ལྡིར་བྲེ་བཅས་གསར་གསོས། རྩེ་དཀར་བརྟན་བྱེད་ཀྱི་རྩི་སྦྱོར་བཟོས་གྲུབ་ནའང་གསོལ་སྐབས་མེ་ཚན་ཆེ་བ་བཏང་ཚེ་རིང་བསེལ་ཕེབས་པ་ཉུང་དུ་སོང་ན་ཞུགས་ཀྱིས་གནོད་པ་ཡིན་ཟེར་བའི་གྲགས་པ་ངན་པ་བྱུང་དོགས་རྡོ་ཞོ་ཟེར་བའི་རྩི་དཀར་འདི་གསོལ་ཞིང་ལོ་སྟར་ཡོང་བའི་རྒྱུན་རྣམས་ལེགས་པར་བཙུགས་ཤིང་གཏོང་དེབ་ཏུ་བཀོད། མཆོད་རྟེན་རྣམས་དམ་ཚིག་པ་ལ་ཡེ་ཤེས་ཀྱི་ལྷ་ཚོགས་བཞུ་བླུགས་སུ་རོ་གཅིག་པར་བྱེད་པའི་རབ་ཏུ་གནས་པ་གལ་ཆེ་གཤིས་དབུ་རྩེ་བར་ཁང་དུ་དཔལ་རི་སྤྲུལ་སྐུ་གྲ་བཅས་ཉེར་ལྔས་ཞག་བདུན་ཕྲག་གི་བར་སྒྲུབ་པ་དང་འབྲེལ་བ། གཉིས་པ་རྟ་མགྲིན་གླིང་དུ་རྡོ་རྗེ་བྲག་དཔོན་སློབ་སོ་གསུམ་གྱི་ཞག་བཅོ་ལྔའི་བར་ལྷོ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དང་འབྲེལ་བ། གསུམ་པ་(༡༠༤ན)


GLG017_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་སྤྲུལ་སྐུ་གྲ་བཅས་བཅོ་ལྔ་རབ་ཏུ་གནས་ཏེ་བཀྲ་ཤིས་པའི་མེ་ཏོག་གི་ཆར་ཆེན་པོ་ཕབ་བོ། །དེ་ཡང་བདེ་བར་གཤེགས་པའི་སྐུ་དངོས་སམ་དམ་པའི་གཟུགས་བརྙན་གསར་དུ་བཞེངས་པ་དང་ཞིག་པ་གསོས་པའི་འབྲས་བུ་བླ་ན་མེད་པའི་ཕྱིར་སྤྱན་རས་གཟིགས་ཀྱི་མདོ་ལས། །གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་འདྲི་རྩིག་ངོས་འདྲིའམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན། །དེ་ནི་ལྟ་མིན་ལོངས་པར་ཞར་མི་འགྱུར། །སྒུར་བོ་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཅིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་འཐོབ། །སྤོབས་པ་འཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་། །ཤེས་བཞིན་ལྡན་ཅིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར། །ཞེས་གསུངས་ཤིང་རྟེན་ལ་ཡིད་དང་བའི་སྒོ་ནས་སྐོར་བ་མཆོད་པ་སོགས་བསྙེན་བཀུར་བའི་བསོད་ནམས་ཀྱི་མཐུ་ཆེས་ཁྱད་པར་འཕགས་པ་ཡང་། མཆོད་རྟེན་སྐོར་བ་བྱས་པའི་ཕན་ཡོན་ལས་མཆོད་རྟེན་སྐོར་བ་བྱས་པས་ནི། །འཛམ་བུ་གླིང་གི་མངའ་བདག་རྗེ། །ས་སྟེང་མཐའ་དག་དབང་བྱེད་པའི། ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་བྱས་ན། །དཔའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་སྒྱུར་བར་འགྱུར། །ཞེས་དང་། མེ་ཏོག་འཕྲེང་བ་བྱས་ནས་སུ། །མཆོད་(༡༠༤བ)


GLG017_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དག་ལ་སུ་འབུལ་བ། དེ་ནི་ནམ་ཡང་ཕོངས་མི་འགྱུར། སུམ་ཅུ་རྩ་གསུམ་འགྲོ་བར་འགྱུར། །ཞེས་དང་། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །སྟོང་གི་འཇིག་རྟེན་ཁམས་ཀུན་ཟིལ་གནོན་ཏེ། འཛམ་ཀླུང་གསེར་གྱིས་གསེར་ནི་ཟིལ་མནན་བཞིན། །སྐྱེ་རྒུའི་དོན་ནི་དཔག་ཏུ་མེད་པ་བྱེད། །ཅེས་དང་། བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ན། །དག་ཅིང་མཆོག་གི་ལུས་ནི་འཐོབ་འགྱུར་ཏེ། །དཔེར་ན། གསེར་ལྟར་ཤིན་ཏུ་དགར་འགྱུར་ཞིང་། །ལྷ་ཡིས་བསྔགས་ལ་མཆོད་ཅིང་བླ་མར་བྱེད། །ཅེས་དང་། །སངས་རྒྱས་སྟོབས་བཅུ་དེད་དཔོན་མཐོང་ནས་ནི། །དགའ་བ་སེམས་ཀྱིས་གདུགས་དང་བ་དན་དང་། །མར་མེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད། །བྱང་ཆུབ་སྤྱོད་མཆོག་འདི་ནི་རྟག་པར་སྤྱོད། མི་ཡི་འཇིག་རྟེན་བླ་མར་བསྙེན་བཀུར་བྱེད། ལྷ་ནང་ལྷ་ཡི་དག་དང་མི་ཡི་གཙོ། ཡིད་འོང་སྤོས་མཛེས་ལྟ་ན་སྡུག་པ་དང་། །ནོར་བུ་ཤེལ་འདྲ་སྣ་ཚོགས་ལྡན་པ་ཐོབ། །ཅེས་རྒྱ་ཆེར་གསུངས་ཤིང་། དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ནམ་ཡང་རྫུན་མི་གསུང་བར་ཞལ་གྱིས་འཆེས་པའི་བཀའ་མི་སླུ་བའི་ཕྱིར། ཤེས་རབ་བརྒྱ་པ་ལས། །དམ་པ་རྣམས་ནི་ཁས་འཆེ་མི་སྨྲ་ཞིང་། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་འབྱུང་ལ། ལས་དཀར་ནག་གི་འབྲས་བུ་མི་འཆོལ་བ་སྟེ། མདོ་ཉི་མའི་སྙིང་པོ་ལས། ཅི་འདྲ་བ་ཡི་ལས་བྱས་པ། །དེ་འདྲ་བ་ཡི་འབྲས་བུ་(༡༠༥ན)


GLG017_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ། །དགེ་བ་ཡིན་ན་བཟང་པོ་སྟེ། །ཞེས་པའི་དོན་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་པ་ཁོ་ནའོ། །ཐུབ་པའི་རྟེན་ལ་བཀུར་བའི་བསོད་ནམས་འབྲས། །ཚེ་འདིར་དུད་པའི་ཛམཱུའི་ལྗོན་པ་ལས། །ཉེར་ལྷུངས་སྐྱེ་མང་སྤྱོད་པའི་གསེར་སྦྱངས་ཀྱི། །སྙེ་མ་བྱང་ཆེན་བར་དུ་དངར་གྱུར་ཅིག །དེ་ཡང་ཆོས་འཁོར་བསམ་ཡས་ལེགས་པར་བཞེངས་ནས་གནས་ཀྱི་དཀོར་སྲུང་ནི། ཐང་ཡིག་ལས་གདུང་རབས་བརྒྱ་དང་བཅུ་ལྷག་སོང་ཙ་ན། །ཧོར་ཡུལ་གནམ་ཐེའུ་དཀར་པོའི་རྒྱལ་པོ་འོང་། །བོད་འབངས་ཐམས་ཅད་ཧོར་གྱི་མངའ་འོག་འཇུག །ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིན། །རྒྱལ་པོ་ཤིང་བྱ་ཅན་ནི་སྤྱན་དྲངས་ནས། །དེ་ལ་གཏད་ན་གཙུག་ལག་ཁང་མི་འཇིག །བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམས་པ་ན། །པེ་ཧར་ཀ་ཅའི་ཕྱི་ལ་འབྲང་ནས་འོང་། །ང་ཡི་པེ་ཀར་གླིང་དུ་རྟེན་འཛུགས་གསུང་། །ཞེས་མཁན་སློབ་ཆོས་གསུམ་བཀའ་བགྲོས་པའི་སྙིང་པོ་གནམ་ལྷ་བྱང་ཆུབ་པ་གཉེར་གཏད་མཛད་པ་ཡིན་ཞིང་གདན་དྲངས་ཚུལ་མངའ་བདག་དང་ཞང་རྒྱ་ཚ་ལྷ་སྣང་གཉིས་འཛམ་གླིང་སུམ་གཉིས་དབང་དུ་བསྡུ་བའི་བཀའ་བགྲོས་མཛད་པའི་ཚེ་བློན་པོའི་བུས་སྒོ་བསྲུངས་པ་སྲས་འབྲིང་པོ་མུ་རུག་བཙན་པོས་མཚོན་བསྣུན་ཏེ་བཀུམས་པས་བློན་པོ་འགོས་པདྨ་གུང་བཙན་གྱིས་ཞལ་ལྕེ་འདར་གསུམ་དང་དགའ་གསུམ་བཅད་པའི་དུས་ལྷ་སྲས་བྱང་ཕྱོགས་ཀྱི་དམག་ལ་གཏོང་བའི་ཉེར་བསྡོགས་ཀྱི་ཚེ་མཁན་སློབ་གཉིས་ཀྱིས་ཐོག་དྲངས་ལོ་པཎ་རྣམས་ལ་བར་ཁང་དུ་མཆོད་པ་དང་། སྔ་ཁང་མདོར་ཚོགས་(༡༠༥བ)


GLG017_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྒྱ་ཆེར་བཤམས། བདག་བྱང་ཕྱོགས་ཀྱི་ཡུལ་ཁམས་ཁྲི་བརྟན་དང་། ཕྱོགས་ཐམས་ཅད་དུ་དམག་དཔོན་ལ་གཏོང་ན་བདག་དང་དམག་སྡེ་ཐམས་ཅད་ཀྱི་ཚེ་སྲོག་ལ་བར་ཆད་མེད་པར་ཕྱོགས་ཀྱི་སོ་ཁ་ཐམས་ཅད་ཐུལ་ནས་ཡབ་རྒྱལ་པོའི་དགོངས་པ་རྫོགས་པ་དང་། ས་ཕྱོགས་ཐམས་ཅད་དུ་བདེ་ལེགས་འབྱུང་པའི་ཐབས་དང་རྟེན་འབྲེལ་མཛད་དགོས་ཞེས་ཞུས་ཤིང་། ཡབ་རྒྱལ་པོ་སོགས་ཀྱིས་ཀྱང་གསོལ་བ་བཏབ་པ་ལ་བརྟེན་ནས་སློབ་དཔོན་ཆེན་པོས་རྒྱལ་པོ་རྣམ་ཐོས་སྲས་རྟ་བདག་བརྒྱད་གནོད་སྦྱིན་གདུག་པའི་འཁོར་ཚོགས་རྣམས་བཀུག་ནས་རྗེ་བློན་གྱི་ཚོགས་ལ་དངོས་སུ་བསྟན་ཅིང་ལྷ་སྲས་དང་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་བཀའ་བསྒྲོས་པ་ལྟར་ཞལ་གྱིས་བཞེས། ཀུན་གྱི་མཐོང་སྣང་དང་མཐུན་པའི་ཕྱར་དར་མཐའ་མི་མགོན་བརྩོན་གྱིས་རི་མོ་བྲིས། ལོ་པཎ་རྣམས་ཀྱིས་རྣམ་ཐོས་སྲས་འཁོར་བཅས་མངོན་སུམ་དུ་བསྟིམ་པའི་རབ་ཏུ་གནས་པ་མཛད། རྗེ་མངའ་བདག་གིས་ཕོ་ཉ་བཀྱེ་ནས་དམག་དཔུང་རྣམས་ཁམས་ཀྱི་གཡར་མོ་ཐང་དུ་བསྡུས། རྒྱ་ཟམ་ཆེན་པོ་ཞིག་གི་སྔས་སུ་ལྕགས་ཕག་གི་དེའུ་བརྩེགས་པའི་སྟེང་དུ་ལྷ་སྲས་བཞུགས་ནས་ཕྱར་དར་བསླང་། ཞང་བློན་ཆེན་པོ་ལྷ་བཟང་ཀླུ་དཔལ་གྱིས་རྒྱ་ཟམ་དེ་ལ་དམག་རྣམས་བཤར་ནས་རྩིས་ལ་བཏབ་པའི་དུས་དེར། ཤར་བྱ་ཁྲའི་རྒྱལ་ཁམས་ནས་ལུས་མི་ལ་བྱ་ཁྲའི་གདོང་པ་ཅན་གྱི་དམག་དར་རེའི་ཤུལ་དུ་ཁྲི་ཚོ་རེ་འབྲངས་པའི་ཚོ་པ་དགུ། ལྷོ་གྲུལ་བུམ་རྐང་རྩེའི་རྒྱལ་ཁམས་ནས་རོ་སྟོད་མི་ལ་རྟ་བོང་གི་རྐང་སུག་ཡོད་པའི་དམག་དར་རེའི་ཕྱི་(༡༠༦ན)


GLG017_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྲི་རེ་འབྲངས་པའི་ཚོ་པ་བཅུ། ནུབ་ཕྱོགས་ནས་མི་ལུས་བྱེ་བའི་མཇུག་ཅན་གཅེར་བུ་གཡས་སྨྱུག་མདུང་དང་གཡོན་གོ་ཕུབ་ཐོགས་པའི་དམག་དར་རེའི་ཕྱིར་ཁྲི་རེ་འབྲངས་པའི་ཚོ་པ་བཅུ་གཉིས། བྱང་རྣ་བོ་ཆེ་བོང་བུའི་རྒྱལ་ཁམས་ནས་མི་ལུས་བོང་བུའི་རྣ་བ་ཅན་གྱི་དམག་དར་རེའི་ཕྱི་ལ་ཁྲི་རེ་འབྲངས་པའི་ཚོ་པ་བཅུ་གསུམ་རྣམས་བྱུང་། དེ་རྣམས་གཟིགས་པས་ལྷ་སྲས་བཞད་པར་དམག་མི་རྣམས་ཀྱི་གཡུལ་རྒྱལ་ཞེས་གླེང་། གྲུ་གུའི་ཡུལ་དང་རྒྱ་ནག་གི་རྒྱལ་ཁམས་ཐམས་ཅད་བཅོམས་ཤིང་ཧོར་གྱི་སྒོམ་གྲ་བར་པ་བཏུལ། བ་སོའི་ལྷ་ཁང་། ཤིང་དུང་དཀར་པོ་རྒྱང་གྲགས། ཆ་ལང་། དྲིའུ་རྡོག་ལ་སོགས་པའི་དཀོར་ཆ་དང་། རྣམ་སྲས་ཀྱི་འཆམས་སྐུ། པེ་ཀར་གྱི་སྐུ། གནོད་སྦྱིན་ཙེའུ་དམར་པོའི་བསེ་འབག་རྣམས་གདན་དྲངས་པ་དེའི་ཚེ་རྒྱལ་པོ་པེ་ཧར་སྐྲག་སྟེ་བྱ་རྒོད་ཐང་དཀར་དུ་སྤྲུལ་ནས་ནམ་མཁར་བྲོས་པ་རྒྱལ་ཆེན་རྣམ་ཐོས་སྲས་འཁོར་དང་བཅས་པའི་དམག་གིས་དེད་དེ་གནོད་སྦྱིན་ཞིག་གིས་མདའ་བསྣུན་པས་བྱ་རྒོད་ཀྱི་གཤོག་དབར་ལ་ཕོག་སྟེ་སར་ལྷུངས་པ་རྣམ་ཐོས་སྲས་དཔུང་བཅས་ཀྱིས་བསམ་ཡས་སུ་བསྐྱལ་བའི་བཀོད་པ་རི་མོར་བྲིས་པའི་སྔོན་གྱི་ཕྱར་དར་ལ་ལྗངས་ཡུལ་མ་དང་འདི་ལ་ལྗངས་འདྲ་མའི་ཐ་སྙད་འདོགས་ཤིང་རྣམ་སྲས་སྤྲིན་གསེབ་མར་བཀའ་གཏེར་གཉིས་སུ་ཡོད་པའི་གཏེར་མ་བྱ་རྒོད་གཤོངས་སུ་སློབ་དཔོན་ཆེན་པོ་དང་ཞང་ལྷ་བཟང་གཉིས་ཀྱིས་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་སྤྱན་དྲངས་པའི་ཕྱར་དར་ཡང་རིམ་གྱིས་བརྒྱུད་པར་སྐབས་སུ་ཉང་སྟོད་སྤོས་(༡༠༦བ)


GLG017_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཚོགས་སུ་བཞུགས་པའི་གྲགས་པ་ཆེ། བཀའ་གཏེར་གཉིས་ཀའི་རྗེས་གནང་དང་ལུང་སོགས་ཀྱང་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ནས་བརྒྱུད་དེ་དེང་སང་གི་བར་དུ་དར་རྒྱས་སུ་མཛད་པས་ཁུངས་དང་འབྲེལ། ལྷ་སྲས་ཀྱིས་དམག་རྫས་རྣམས་མངའ་བདག་ལ་ཕུལ་བས་མཉེས་ཤིང་བར་དེར་ལོ་བཅུ་སོང་། མཆིམས་ཕུར་སློབ་དཔོན་པདྨའི་དྲུང་དུ་སྡིག་པ་བཤགས་ཤིང་རྡོ་རྗེ་གཞོན་ནུའི་ཞལ་གཟིགས་པ་སོགས་ལྡན་མ་རྩེ་མངས་ཀྱི་ཡི་གེ་དང་སྤྲིན་གསེབ་མ་གཉིས་ཀྱི་ལོ་རྒྱུས་སུ་བྱུང་ཞིང་ལོ་རྒྱུས་གཞན་དག་ན་རྒྱ་གར་བྷངྒ་ལ་ནས་འཁྱར་བའི་ཟ་ཧོར་གྱི་རྒྱལ་རིགས་དྷརྨ་པཱ་ལ་ཟེར་བ་ཞིག་ཧོར་གྱི་སྒོམ་གྲར་བཞུགས་པར་པེ་ཀར་ཤིན་ཏུ་འགོ་བས་རྒྱལ་པོ་ཆགས་པའི་རྟེན་དུ་དཀོར་ནོར་རྣམས་དང་ཆབས་ཅིག་པར་བྱོན་པས་མཚོན་རྒྱལ་པོ་གདན་དྲངས་པའི་སྐོར་ལ་བཀའ་གཏེར་གྱི་ལོ་རྒྱུས་མང་པོ་སྣང་བ་རྣམས་ཕལ་ཆེར་གུང་བསྒྲིག་ཐུབ་པ་ཞིག་མཆིས། སྤྱིར་འགྲོ་བ་མཆོག་དམན་མང་པོ་ནག་པོའི་ལས་ཀྱི་བག་ཆགས་དྲེགས་པའི་རྣམ་པར་ཤར་བའི་ལས་འབྲས་མ་འཆོལ་བ་ཡིན་ནའང་གནས་སྲུང་ཆེན་པོ་མཐུ་སྟོབས་དང་རྫུ་འཕྲུལ་ཧ་ཅང་ཆེས་པའི་སྙན་གྲགས་ཀྱིས་འཇིགས་ཏེ་ཆེན་པོ་དང་བཟང་པོར་རློམ་པ་ཕལ་ཆེར་ཕྱོགས་འདིར་ཡུན་དུ་གནས་པའི་བྱ་བ་བྱེད་པར་སྦྲུལ་ལ་གླ་རྩི་བཞིན་བྱོལ་ནས་རྔོ་ཐོགས་པ་དཀོན་མོད་རིགས་འཛིན་ཡོངས་འདུས་ཀྱི་པཎ་ཆེན་རིན་པོ་ཆེ་ལུང་བསྟན་སྐབས། གནོན་སྦྱིན་དྲག་པོ་ཤིང་བྱ་ཅན་ཡང་དེའི་བཀའ་ཉན་པར་འགྱུར་རོ་ཞེས་དང་། འཕྲང་འགོ་གཏེར་སྟོན་གྱིས་སྤྱན་(༡༠༧ན)


GLG017_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་ཆོས་བདག་སྤྱི་གཏེར་ལུང་བསྟན་ལས་ཀྱང་། མ་འོངས་དུས་སུ་འགྲོ་བའི་དོན་ཉིད་དུ། །ཟབ་མོའི་གཏེར་ཤོག་ཟུང་དུ་འབྲེལ་བ་གཉིས། །སྟེང་ཁང་སྙིང་སྒྲོམ་དབུས་སུ་རྒྱ་ཡིས་བསྡམས། ཕྱི་མའང་ཆོས་རྒྱལ་སྟོབས་ལྡན་བརྟུལ་ཞུགས་ཅན། །གནོད་སྦྱིན་དྲག་པོ་ཤིང་བྱ་ཅན་གྱིས་ཀྱང་། །དེ་ཡི་བཀའ་ལས་འདའ་བར་མི་ནུས་པའི། པདྨ་དབང་རྒྱལ་རོལ་པ་རྩལ་གྱིས་ཀྱང་། ལོ་ཀེ་ཤྭ་རའི་ཕོ་བྲང་དང་ཉེ་བའི། །རྣམ་ཤེས་མཚོན་པའི་ཕུག་པར་དག་པར་ཕབ། །ཅེས་མངའ་རིས་གཏེར་སྟོན་པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ་གྱི་བཀའ་ལས་གནོད་སྦྱིན་ཆེན་པོས་ནམ་ཡང་མི་འདའ་བར་བསྟན་ཅིང་། གཅུང་ལེགས་ལྡན་ཞབས་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་མཚུངས་པ་ལྟ་བུའི་དྲེགས་པ་ཅན་ཐམས་ཅད་བྲན་དུ་བཀོལ་བ་དཔེར་བརྗོད་ཙམ་ལས་གསང་ཆེན་རྙིང་མའི་སྔགས་འཆང་རྣམས་ནི་ཕ་ཁྱིམ་དུ་བུ་འདུག་པ་ལྟ་བུའི་ཚུལ་ནི་རབ་ཏུ་མང་བས་མཐའ་དག་བརྗོད་པའི་ཡུལ་ལས་འདས་ཞིང་སྔགས་གསར་མའི་ཕྱོགས་ལ་དཔལ་ལྡན་ས་སྐྱ་པའི་འཁོན་དཀོན་ཅོག་རྒྱལ་པོ་ཡན་ཆད་ལ་སྔགས་རྙིང་མའི་གྲུབ་བརྙེས་ཤ་སྟག་ཏུ་བྱོན་པར་མ་ཟད་རྗེ་བཙུན་གོང་མ་ལྔ་སོགས་རྡོ་རྗེ་འཆང་དང་ཞལ་གཉིས་པ་དེ་དག་གིས་རྡོ་རྗེ་ནག་པོ་ཆེན་པོའི་གསང་བ་ལས་ཀྱང་ཆེས་གསང་བའི་ཟབ་ཁྲིད་ཀྱི་རྣལ་འབྱོར་ལ་བརྟེན་རྒྱུད་གསུམ་དྲེགས་པ་མཐའ་དག་བྲན་དུ་འཁོལ་བའི་རྒྱུན་གྱིས་སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་(༡༠༧བ)


GLG017_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་སུ་ཡུན་རིང་པོར་སྟན་ཆགས་ཤིང་མཁན་ཆེན་བྷོ་དྷི་ས་ཏཱའི་བཞུགས་ཁྲིའི་སྟེང་ནས་ཆོས་གསུངས་པའི་ཚེ་ཆོས་སྐྱོང་རྣམ་གཉིས་མིའི་གཟུགས་སུ་སྤྲུལ་ནས་ཆོས་ཉན་པ་སོགས་བཀའ་ཚུལ་བཞིན་དུ་བསྒྲུབས་པའི་ལོ་རྒྱུས་མང་བ་དང་གཙུག་ལག་ཁང་ལ་སྲི་ཞུ་མཛད་པས། །དགོངས་འདུས་ལུང་བསྟན་བཀའ་རྒྱ་ལས། །ཐུགས་རྗེས་མཁས་མཆོག་བྷོ་དྷི་ས་ཏཱ་ཡང་། །ལས་ཀྱི་ལུས་ལེན་འཇུག་སྒོ་མི་མངའ་ཡང་། །འགྲོ་བའི་དོན་ཕྱིར་སྨོན་ལམ་མཐའ་བཙན་པས། །ས་ཡི་ཕྱོགས་ནས་མཁས་བཙུན་འཇམ་དབྱངས་སྤྲུལ། །བསྟན་པའི་སྲོལ་འཛིན་བསམ་ཡས་གཙུག་ལག་གསོ། །མ་རུངས་བདུད་ཀྱི་སྤྲུལ་པ་འདུལ་བྱེད་འབྱུང་། །བསོད་ནམས་མཚན་འཛིན་འགྲོ་བའི་ཁ་ལོ་བསྒྱུར། །དམ་པ་ཆོས་ཀྱི་གནྡྷེ་སྒྲོག་པར་བྱེད། །ཅེས་གསལ་བར་འབྱུང་། དུས་ཕྱིས་བདག་པོ་ཀུན་རིན་པ་གདན་ས་ཆེན་པོར་ཕྱི་ནང་གསང་བའི་གེགས་བྱེད་མངས་པའི་བཞུགས་དཀའ་བའི་སྐབས་བསམ་ཡས་སུ་བྱོན་ཏེ་འཕྲིན་བཅོལ་གྱི་གསོལ་འདེབས་ནན་ཏར་མཛད་པར་བརྟེན་རྗེས་སུ་གདན་ས་སྐོར་རྣམས་ཐུགས་དབང་འདུས་བའི་གཏང་རག་ལྟ་བུར་པེ་ཀར་ལྕོག་ལ་ཉམས་གསོས་རྒྱ་ཆེར་མཛད། སློབ་དཔོན་ཆེན་པོའི་རྣམ་འཕྲུལ་དུ་གྲགས་པ་བདག་ཆེན་འཇམ་དབྱངས་བསོད་ནམས་དབང་པོས་ཡང་ནས་ཡང་དུ་ཞབས་ཀྱིས་བཅགས་ཤིང་ཡར་ཀླུངས་བཀྲ་ཤིས་རྩེ་གཉན་སྟོན་སྤྲུལ་པའི་ཟློས་གར་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་དྲུང་དུ་ཐུགས་གཟུ་བོར་གནས་པས་རང་གི་ཡབ་ཆོས་རྣམས་གསན་པའི་དུས་བསམ་ཡས་ནས་ཤར་མར་(༡༠༨ན)


GLG017_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། ས་ཕོ་ཁྱིའི་ལོ་སྡིག་ཁྲབ་སྒྲོག་པ་སོགས་ལ་བསྟན་པ་སྤྱི་དང་ངོར་རྫོང་གོང་དཀར་བ་སོགས་ས་སྐྱ་ཚད་ཀྱི་ཟབ་ཆོས་ལ་མཁྱེན་པའི་སྤྱན་ཡངས་ཤིང་ཡང་སྒོས་ཡབ་ཆོས་བདག་ཆེན་རྡོ་རྗེ་འཆང་གི་རིང་ལུགས་ཐུགས་གྱི་དཔལ་བེའུ་འཆང་བའི་སྔགས་འཆང་བླ་མ་སེམས་དཔའ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཆོས་སྐྱོང་རྣམ་གཉིས་ནས་སྤྱན་དྲངས་པ་ལྟར་ཆིབས་ཀྱི་ཁ་ལོ་སྒྱུར་བས་མཚོན་ད་ལྟའི་བར་གདན་ས་གོང་ནས་སྒེར་དུ་ཞལ་འཛིན་གནང་བ་དང་གཙུག་ལག་ཁང་གཞན་ལས་གཉན་ཆ་ཆེ་བ་ཉེས་འདོམ་གྱིས་ཞིག་གསོས་གཞན་མ་རྣམས་ཀྱི་བསྡེབས་སུ་མཛད་མ་བདེ་བར་ལུས་པ་ཆུ་བྱི་མདོ་སྡེ་མཆོད་པའི་སྐབས་ཆོས་སྐྱོང་ཆེན་པོ་རྣམ་གཉིས་ཀྱིས་རྡོ་རྗེ་གདན་གྱིས་གཙོས་པའི་གནས་ཁང་གཞན་ཚང་མ་ཉམས་གསོས་མཐའ་དག་ལྷ་བདག་ཁྱོད་ཀྱིས་ལེགས་པར་བསྒྲུབས་པའི་དར་ཞིང་རྒྱས་དུས་འདིར་སྡུག་འདྲེའི་གཞལ་ཡས་ཁང་ཧྲུལ་པོར་ལུས་པ་རྟེན་འབྲེལ་མི་ལེགས་འདུག་པས་འདི་ཡང་གསོ་བའི་བཀོད་པ་ཨེ་ལྕོགས་གསུང་བའི་ཕེབས་ལན་དུ་ལྕོགས་འདི་བསམ་ཡས་མཆོད་ཁང་ཕྲལ་དུ་མི་གཏོགས་པའི་རྩིས་དང་ཁུར་ཆུང་གི་མ་བྱས་པ་མིན་རུང་བསླབ་སྟོན་མ་བྱུང་བའི་ཁར་འཚུབ་ཆ་སོགས་ལ་འཛེམས་པའི་ལུས་པ་ཡིན། ད་ཆ་བཀའ་བཞིན་བསྒྲུབ་པས་བར་ཆད་མི་འབྱུང་བའི་འཕྲིན་ལས་གནང་དགོས་ཚུལ་ཞུས་ཏེ་ལྷ་མི་བཀའ་བགྲོས་མཐུན་ངོས་གདན་ས་གོང་དུ་དེ་ཁའི་རྒྱུ་མཚན་མཛད་པའི་ལན་དུ་པེ་ཧར་ལྕོག་འདི་ལ་བླ་མ་གོང་(༡༠༨བ)


GLG017_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རབ་ཏུ་གནས་པ་ཡིན་པས་རེ་ཞིག་ཉམས་གསོས་དགོས་པ་མེད་པས་བྱས་ན་མི་ཡོང་ཚུལ་ཞབས་དྲུང་རིན་པོ་ཆེའི་དགོངས་བཅད་རང་གི་པར་བཀབ་མེད་པའི་ཕྱག་མཛོད་ཀོ་ལྕགས་པ་སྟངས་ཚུགས་བཟང་བའི་བཀའ་བགྲོས་ཀྱི་དབང་དུ་སོང་འདྲ་བ་དེ་བཞིན་ལ་ཆོས་སྐྱོང་རྣམ་གཉིས་མ་མཉེས་བཞིན་དུ་གདན་སར་འཇོག་ཆེས་པའི་སྐོར་ཅིག་བྱེད་མི་དགོས་པའི་ཕྱོགས་ཀྱི་མཛེས་ལམ་དུ་བཞག །གནས་སྲུང་ཆེན་པོས་བདག་ཆེན་རིན་པོ་ཆེ་དབུས་སུ་ཕེབས་དགོས་པའི་ས་སྐྱར་བཀའ་ཤོག་འགའ་ཞིག་མཛད་ཀྱང་འཕྲལ་ཕེབས་སྟབས་མ་འགྲིག་པའི་རིམ་འགྱངས་སུ་སོང་བ་ཤིང་སྟག་གློ་བུར་དུ་ཕེབས་དགོས་ཤར་བའང་ལྕོག་གི་ཞིག་གསོས་ཀྱི་སྔོན་དུ་ཞབས་ཀྱིས་འཆར་དགོས་པ་ཡོད་ཚད་ནས་དྲེགས་པའི་སྡེ་དཔོན་ཉིད་ཀྱིས་འཕྲིན་ལས་འཕྲུལ་པོ་ཆེ་མཛད་པར་མངོན། དེའང་ཡབ་རྗེ་སྔགས་འཆང་སེམས་དཔའ་ཆེན་པོའི་སྤྱན་བལྟོས་བཟང་པོས་བསྟན་པའི་སྲོག་ཤིང་དམ་པར་གྱུར་པའི་བདག་ཆེན་རིན་པོ་ཆེ་ཡབ་སྲས་བསམ་ཡས་སུ་ཕེབས་པའི་དབུས་གཙང་ས་ཁད་འགྱངས་ཤིང་ཉེ་སྐོར་དུ་མི་སྡེ་སོགས་ཅན་མེད་པས་ཨར་པོའི་ཁུར་བཞེས་སྐྱིད་ཤོད་རང་ནས་ཡོང་བའི་བཀའ་ཁྱབ་དགོས་ཚུལ་གནམ་ལྷ་བྱང་ཆུབ་དང་དམག་དཔོན་ཆེན་པོར་འཕྲིན་བཅོལ་གནང་བ་ལྟར་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་ལ་ནན་ཏན་སྒྲུབ་དགོས་པའི་བཀའ་ལྕི་བས་གཡར་དམ་མཛད། བདག་ཆེན་རིན་པོ་ཆེ་ཡབ་སྲས་ཀྱི་གནས་ཁང་བཤིག་སྐབས་ངེད་ཡོང་དགོས་མི་དགོས་དྲི་བ་གནང་བར་དགེ་བཤེས་དག་ནུས་པ་དང་ལྡན་པ་ཡིན་པས་མེ་(༡༠༩ན)


GLG017_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་འཐོར་རྒྱུ་ཞིག་གཞག་པས་འཐུས། སླར་ལེགས་པར་གྲུབ་ནས་རབ་གནས་ལ་ཤོག་གསུངས་པར་སྣང་། ཤིང་ཡོས་ཀྱི་དབྱར་སྨད་མཁར་ལས་འཛུགས་རྩིས་ལ་དཀར་མོའི་འབྲུ་དྲུག་མ་བསྡུས་གོང་དུ་ས་རྡོ་དང་ཤིང་གི་སྟ་གོན་མ་གཏོགས་གནས་ཁང་བཤིག་པ་མི་འགབ་པར་ལུང་བསྟན། རྒྱ་ཁྱོན་བཟོ་དབྱིབས་སོགས་ཇི་ལྟར་བྱ་བའི་ཞུ་ལེན་དུ་སྔར་གྱི་གནས་ཁང་གི་རྒྱ་ཁྱོན་སོར་གནས་ངོས་སྟེང་དུ་སྡུག་འདྲེའི་གསང་བའི་བཀོད་པ་བྱེད་ས་འོག་ཁང་ཇི་ལྟ་བའི་བཟོ་དབྱིབས་མཛེས་ཆ་ཡོད་ཙམ་གསར་དོད། སྒོ་དམར་མདོ། ཤར་ཁོར་ཡུག་རྣམས་ཀྱི་ཤིང་ཆ་སྔར་ལས་རྒྱས་པའི་གསར་བརྗེས། ལྡེབས་བྲིས་སྔར་ལུགས་བཞིན་ལ་ཤིང་རྩི་གང་རྒྱས། ནུབ་ཆོས་རྒྱལ་ལྷ་ཁང་ཕྱོགས་ཁོར་ཡུག་ཀུན་བཟོ་དབྱིབས་མཐོ་དམའ་སྔར་གནས། ཕན་ཚུན་སྲ་མཛེས་གང་ཆེ་གྱིས་གསུང་བ་གཞིར་བཞག་པའི་ངོས་ཕྱི་སྒོ་དཔངས་དམའ་ཞིང་སྒོ་མཆོར་མེད་པའི་ལྟར་སྣང་མི་མཛེས་པའི་ཁར་སྐུ་གསོབ་ཕྱིར་སྤྱན་འདྲེན་པའི་ཚེ་ཆག་གྲུམ་འབྱུང་ཉེན་གྱི་དོག་སྐྱོན་ལ། ད་ལམ་ཕྱི་སྒོ་མཐོ་ཞིང་མཛེས་པའི་སྒོ་མཆོར་སྦར་བཀབ་ལྕགས་ཤན་ཚོན་རྩི་སོགས་སྔར་མེད་བསྒྲུབས་པའི་རྒྱུར་འདིར་སྦང་མཐིང་དགོས་ཚུལ་ལྟར་བསྲིངས་སྟེང་། ཚོན་གཞན་མ་ཕོན་ཆེ་བ། གསེར་ཤོག་དངུལ་ཤོག་ཉི་ཁྲི་ལྷག་བཅས་ཐོར་མི་གསལ་ཡང་ཀ་གདུང་དྲལ་ལྕམ་སོགས་ཤིང་ཕོན་ཤིན་ཏུ་ཆེ་བ་རྣམས་སོང་འདུག་ཅིང་སྔར་གཙང་ཁང་ནང་དུ་བདག་པོ་ཀུན་རིན་པས་ཆོས་སྐྱོང་རྟེན་རྫས་མདོས་ཡིན་ཁུལ་སྣོད་དུ་བཅུག་པ་ཞིག་(༡༠༩བ)


GLG017_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་སྣང་བ་ཐོག་མ་ནས་བླ་ཆེན་སྤྱིའི་རྣམ་ཐར་གྱི་མཚན་ཉིད་ལྟར་ཟལ་ཟོག་ཅན་ནམ་རྗེས་སུ་ཞིག་པ་ཇི་ལྟར་ཡང་དིང་སང་གྲུལ་ཐུབ་ཡོད་རིགས་མིན་འདྲ་བས། སྡུག་འདྲེའི་རྟེན་རྫས་མདོས་སོགས་རྒྱུད་མན་ངག་དང་མཐུན་པའི་རྒྱས་པ་ཞིག་སྡུག་འདྲེའི་གསང་བའི་བཀོད་པ་བྱེད་སར་དགེ་བཤེས་རང་གིས་འཛུགས་ཐུབ་པ་ཨེ་ཡོང་། མི་ཡོང་ན་གཞན་ཞིག་ལ་འཆོལ་དགོས་འདུག་པ་གྲེ་བ་ཆོས་སྐྱོང་དཔོན་བློན་ནས་གདན་ས་གོང་དུ་མཛད་པའི་གནས་ཚུལ་ལས་ལན་མ་འཁོར་གོང་དུ་སྡེ་པ་ཐའི་ཇི་སྐྱིད་ཤོད་དུ་བྱོན་པས་གསལ་ཆ་མི་འདུག་ཅིང་ཉིད་ཀྱིས་མཛད་དགོས་རྣམས་མེ་འབྲུག་མདོ་སྡེའི་སྔོན་ཆུག་ཏུ་ལེགས་པར་གྲུབ་རྩིས་མོལ་མཆིད་རྒྱས་པར་བྱུང་ངོ་། །སྣང་སྲིད་སྡེ་བརྒྱད་རྦ་ཀློང་འཚུབ་པའི་གནས། གཤིན་རྗེའི་བཤས་ཁང་ལྟ་བུའི་རྔམས་ཟིལ་ཅན། བསྟན་པའི་ཁོར་ཡུག་མཐུ་དང་ནུས་པའི་རྩལ། རབ་འབར་ལྕགས་རིའི་ཆོ་ག་སྲ་གྱུར་ཅིག །དེ་ལྟར་ལྕགས་ཁྱི་ནས་ཤིང་ཡོས་བར་གྱི་ཕར་སོང་དང་ཚུར་བྱུང་གི་རིམ་པ། གོང་དུ་གསལ་མི་གསལ་མཐའ་དག་ཁྱོན་གཅིག་ཏུ་བསྡོམས་པ་ནི། རྡོ་ཤིང་བཟོ་བོ་བརྒྱ་ཕྲག་རེས་ཟླ་བ་གསུམ་ལྷག་བཅས། ཞལ་མཁན་གྱིས་ཟླ་བ་བཅུ་གཅིག་ཏུ་ཉེ་བ། འབུར་བཟོ་བ་བཅུ་དྲུག་གིས་ཟླ་བ་ཕྱེད་གསུམ། ལྷ་བྲིས་པ་བཅུས་ཟླ་བ་བདུན་ལྷག་བཅས། བལ་པོ་བཅུས་ཟླ་བ་བཅུ། དངུལ་ཟངས་བཟོ་བོ་བདུན་གྱིས་ཟླ་བ་བདུན། ལོ་རོ་བ་གཉིས་ཀྱིས་ལོ་གཅིག་དང་ཟླ་བ་ལྔ། མགར་བ་ལྔས་ཟླ་བ་ཕྱེད་བཅུ་གཉིས། གོས་བཟོ་ཁྲབ་རྒྱུན་པ་བཅུ་གཉིས་ཀྱིས་ཟླ་བ་གཉིས་གསེར་(༡༡༠ན)


GLG017_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་ཚགས་པ་གཉིས་ཀྱིས་ཟླ་བ་གསུམ། །རྫ་མཁན་བཅོ་བརྒྱད་ཀྱིས་ཟླ་བ་ལྔ། །གཡུར་རྩི་བ་བཞིས་ལོ་གཅིག་དང་ཟླ་བ་གསུམ། །དོ་དམ་པ་བཅུས་ཟླ་བ་ཕྱེད་བཅུ་གཉིས་རྣམས་ཀྱི་ཕོགས་ཡོན། སྐུ་འདྲ་མཆོད་རྫས་ཀྱི་རྒྱུ། ལྷོ་བྱང་མི་སེར་ལ་ཆས་ཐེབས། གེགས་སེལ་རིམ་གྲོ། རབ་གནས་ཀྱི་ཞབས་ཏོག་དང་ཡོན་སོགས་ཆེ་ཕྲ་ཁྱོན་དྲིལ་བར་སྡེ་པ་ཐའི་ཇི་རང་གི་ཝ་ནག་གི་དབུ་ཞྭ་མཐོན་ཐི་དམར་པོའི་རྩག་པ་ཕྱགས་སོགས་གྱོན་པ་ཆ་འགྲིག །གྲང་གསེར་བཏུལ་མ་ཞོ་ཉིས་བརྒྱ་ཉི་ཤུ་ཕྱེད་རྩ་བརྒྱད་ཚ་གསེར་ཞོ་ཕྱེད་དགུ་བརྒྱ་ལྷག་བཅས། གསེར་ཐིག་ཧྲུག་ཞོ་བརྒྱད་བརྒྱར་ཉེ་བ། གསེར་ཤོག་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་བདུན་ཅུ། དངུལ་སྲང་ཕྱེད་སུམ་བརྒྱ། དངུལ་བཏུལ་མ་སྲང་བཅུ། དངུལ་ཆུ་ཞོ་དྲུག་སྟོང་དྲུག་བརྒྱ། མཉེན་ཟངས་འདེགས་ཁལ་སུམ་བརྒྱ་དང་གོ་གཉིས་ལྷག་བཅས། ཏི་ཙ་རྒྱ་ཐུར་གྱི་སྲང་བཞི་བརྒྱ་དང་བཅུ་གསུམ། བཤའ་དཀར་སྲང་ཉེར་གཅིག །ཚལ་སྲང་གསུམ་ཞོ་དོ། སྟར་བུ་ཟངས་མགོའི་ཁལ་དགུ། ལྕགས་འདེགས་ཁལ་དྲུག་བརྒྱ་གྱ་གསུམ། །ལྕགས་བསྙད་འདོམ་ཉིས་བརྒྱ་དང་བརྒྱད་ཅུ། །མཚལ་རྒྱ་ཐུར་གྱི་སྲང་སུམ་བརྒྱ་ཉེར་ལྔ། །ལི་ཁྲི་སྲང་དྲུག་ཅུ་རེ་དྲུག །མཐིང་ཆེན་སྲང་ཆིག་སྟོང་ཉིས་བརྒྱ་སོ་བཞི། སྤང་མ་སྲང་བདུན་བརྒྱ་གྱ་བཞི། བ་བླ་སྲང་བརྒྱ་བརྒྱད་ཅུ། རམས་ཟངས་མགོའི་ཁལ་གཉིས་ཉག་དོ། རྒྱ་ཚོས་ཁལ་གསུམ་བྲེ་དོ། སྣག་ཚ་སྲང་ཉེར་དྲུག །རྒྱ་མུ་ཏིག་ཆེ་ངེས་བདུན་དང་ཆེ་ཙམ་བཅུ་དྲུག །འབྲིང་རྡོག་ལྔ་སྟོང་བརྒྱ་སོ་བརྒྱད། གཡུ་དྲུག་(༡༡༠བ)


GLG017_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སོར་གསུམ་ཙམ་གཅིག་དང་གཡུ་ཕྲ་ཆེ་ཆུང་བསྡོམས་པ་བརྒྱ་ཞེ་བཞི། བྱུ་རུ་ཀོང་རྣ་ཉན་པ་བཅུ་གཉིས། འབྲིང་བཞི་བརྒྱ་ཉེར་བཞི། བུར་ལེན་ཆེ་ཆུང་འདྲེས་པ་ང་བདུན། ཧོར་ཤེལ་གཅིག །མུ་མེན་ཆེ་ཆུང་ཉེར་དྲུག །ནལ་ཆེ་ཆུང་ཉེར་གསུམ། པད་རཱག་མིང་ཅན་གཅིག །མཆོང་སྣ་ཚོགས་ཉེར་གསུམ། བླུག་ཤེལ་སྣ་ཚོགས་སུམ་བརྒྱ་སོ་དྲུག །དྲིལ་བུ་རེ་གཅིག །གུ་གུ་ཤའི་ཏིང་བདུན་ཚར་གཅིག་དང་ཕུད་ཕོར་གཅིག །ལི་ཏིང་རྒྱུ་ལེགས་དོན་བཞི། གསེར་ཏིང་བདུན་ཚར། ཟངས་རྐྱན་གཉིས། ཁ་བཏགས་ཆེ་བ་སོ་བཞི། བཀྲས་བཏགས་བརྒྱ་ཉི་ཤུ། དཀྱུས་མ་བརྒྱ་བཅུ་བདུན། མཐིང་ཁྲ་ལྔ། སྨན་རྙིང་ཡུག་ང་བདུན། བྱང་དར་སྣ་ཚོགས་ཡུག་ཞེ་བཞི། གོས་སྣ་ཚོགས་ཡུག་བརྒྱད་ཅུ། སྐུ་རྒྱུར་གོས་ཁ་བཅུ་གཉིས། ལ་ཐ་ཡུག་དྲུག །ཆོར་ཙེ་ཡུག །རྟེན་ཁེབས་ཆེ་བ་གསུམ། རྒྱ་རས་ཡུག་བཅོ་ལྔ། ཀ་རས་ཡུག་ཉི་ཤུ། དྲིལ་ཡུག་གྱ་གཉིས། ལྷོ་རས་ཡུག་གོ་དྲུག །འབན་ཁྲ་ཡུག །གཟན་སྣ་ལྔ་བཅུ་དྲུག །སྣམ་བུ་དཀར་དམར་འདོམ་ཉིས་བརྒྱ། རྒྱ་ཇ་ནག་པོ་བར་ཁག་ཕྱེད་དྲུག །ཏཱ་ཚང་སྦག་བཅུ་གཅིག །སེ་ཧྲུག་སྦག་སུམ་ཅུ། ཡ་ཇུ་བར་ཁག་ང་དྲུག །ཤ་ཤན་ཁོར་དྲུག་དོན་བདུན། མར་འདེགས་ཁལ་བརྒྱད་བརྒྱ་དང་བཅུ། རྩྭ་ཁལ་སོ་བཞི། ཕྱུར་བ་ཁལ་དྲུག་བརྒྱ། སྣུམ་ཁལ་བརྒྱ་ལྷག་བཅས། འབྲུ་ཁལ་ཉི་ཁྲི་བདུན་སྟོང་དགུ་བརྒྱ་ང་ལྔ། ཚིལ་ཁོར་བརྒྱ་དང་བཞི། ཁམ་སྟར་ཁལ་གོ་གཅིག །བུར་ལྟང་བཅུ་བཞི། བྱེ་ཤེལ་ཁལ་ཕྱེད་བཞི །རྒུན་འབྲུམ་ཆི་པ་ཁ་འདྲེས་(༡༡༡ན)


GLG017_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཁལ་ཕྱེད་བདུན། འབྲས་ཁལ་ཕྱེད་དྲུག །སྤོས་དཀར་ཁལ་ཕྱེད་གཉིས། སྤོས་རེང་བརྒྱ་ཁྲེས་སོ་དྲུག །ཆག་བུབས་ཉིས་བརྒྱ་ཉེར་གཅིག །ཆུང་ཁོག་ཆིག་སྟོང་བརྒྱད་བརྒྱ་ང་དགུ །ཕོ་རྟ་དགུ །བཙག་འདེགས་ཁལ་ང་བདུན། སྤྱིན་ཟངས་མགོའི་ཁལ་བརྒྱ་ཕྱེད་སོ་ལྔ། སྲ་རྩི་ཁལ་བཅུ་གཅིག །ཤོག་བུ་འདེགས་ཁལ་དྲུག །གསོ་མ་འདེགས་ཁལ་ཉེར་གསུམ། ཚག་ཀོ་སོ་བཞི། སོལ་བ་འདེགས་ཁལ་ཆིག་ཁྲི་སུམ་སྟོང་བཞི་བརྒྱ་ཞེ་ལྔ། དངུལ་སྲང་བརྒྱའི་རིན་གྱི་དོང་ཙེ་འདེགས་ཁལ་ཉིས་བརྒྱ་ང་གཉིས། ཁྲོ་ཆག་འདེགས་ཁལ་རེ་བརྒྱད། ཞ་ཉེ་འདེགས་ཁལ་ཕྱེད་ང་ལྔ། དངུལ་གྱི་མེ་ལོང་གསུམ་དང་ཟླ་བ་གཉིས། ཤེལ་གྱི་ཉི་ཟླ། གསེར་ཟངས་ཀྱི་མེ་ལོང་བདུན་དང་ཉི་མ་གཉིས། ལིའི་མེ་ལོང་གཉིས་དང་མཎྜལ་གསུམ། ཀ་ཊོ་ར་གཅིག །ཟངས་སྡེར་དྲུག །ལྕགས་རྡོར་གཅིག །དགྲ་སྟ་གཉིས། དབྱུག་ཏོ་གཅིག །ལྕགས་རྡོར་ཚགས་མ་གཉིས། རྒྱ་གྲམ་ཡུ་བ་གཡང་ཊིས་བྱས་པ་གཅིག་དང་རྭས་བྱས་པ་གཅིག །སྣ་ཚོགས་རྡོ་རྗེ་གཅིག །གསེར་གྱི་རྡོ་རྗེ་གསུམ་དང་རྒྱ་གྲམ་གཅིག །གྲི་གུག་གསེར་ཚགས་ཅན་གཉིས། ལྕགས་ཀྱུ་གསུམ །གསེར་ཟངས་ཀྱི་འཁོར་ལོ་གཉིས། རལ་གྲི་གསེར་ཚགས་ཡུ་བ་བ་སོས་བྱས་པ་གཅིག །ལྕགས་ཐག་གསུམ། ཞགས་པ་ལྕགས་ཀྱུ་ཨ་ལུང་ཆ་འགྲིག་གསུམ། རྒྱ་གྲི་སྔོ་ཤུབས་མ་གཅིག །ཤེལ་འཕྲེང་བརྒྱ་རྩ་ལྔ། རྒྱ་གྲི་གཅིག །ཤེལ་རྡོ་གསུམ། མེ་མདའ་ཆ་ཚང་རིང་ཐུང་གཉིས། སྦུ་ལ་ཧ་རིའི་སག་ཐག་མདའ་གཞུ་ཆ་འགྲིག་བཞི། རྒྱ་སྦུག་ཆ་གཉིས། སིལ་སྙན་ཆ། གསེར་རྔ་ཆ། མཆོད་རྔ་ཡ། (༡༡༡བ)


GLG017_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དཀར་གཅིག །ཁྲོའི་ཀ་ལི་ཁེབས་བཅས་གཅིག །དཀར་ཡོལ་གཉིས། རྒྱ་རག་གི་ཀོང་ཆུང་གཅིག །གསེར་ཟངས་ཀྱི་མེ་དམ་ཆ་གཉིས། ལྕགས་ཀྱི་ལྡིང་སྦོས་གཅིག་དང་མཉྫི་གསུམ། ཁ་བཏགས་ཀྱི་ཡོལ་བ་གཅིག །རས་ཡོལ་གཉིས། གྲུམ་ཚེ་གཅིག །རས་གདན་གཅིག །སྒོ་ལྕགས་ལྡེ་བཅས་ཉེར་བཞི། གཡུ་རྩིའི་རྒྱུར་ཟེ་ཚ་ཞུ་བཏུལ་བྱས་པ་ཁལ་ཕྱེད་རེ་གཉིས། ཚལ་དཀར་ཁལ་བཞི་བརྒྱ་དོན་བཞི། རྒྱ་ཚ་འདེགས་ཉག་བཅོ་ལྔ། བདུད་འདུལ་ཁལ་ཕྱེད་རེ་ལྔ། རག་རྡོ་འདེགས་ཁལ་ཕྱེད་རེ་ལྔ། རྡོ་དཀར་ཞིབ་ཕྱེ་ཁལ་ལྔ་བཅུ། སྤང་མཐིང་འདེགས་ཁལ་ལྔ་བཅུ་དང་བཅས་པའི་གོང་གསལ་རྣམས་ཀྱི་འདེགས་གཤོར་མཁའ་རུ་ཞེ་མཚུངས་སུ་ཡིན་ཞིང་། ལྕགས་གཟེར་མཐོ་རེ་ཡོད་པ་ཆིག་སྟོང་ལྔ་བརྒྱ་ང་བཞི། ཤིང་སྐམ་འདེགས་ཁལ་ལྔ་སྟོང་དོན་ལྔ། ལེགས་སྐྱེས་སུ་འདི་ག་ནས་བཟོ་རིགས་པ་བཞི་བཅུ་སྐོར་ལ་དགུ་ཚན་བཟང་བ་གསུམ། འུ་ལག་དྲུག་བརྒྱ་སྐོར་ལ་མང་ཇའི་ཐོག་ཇ་ཉག་རེའི་འགྱེད། ཡང་ཤིང་སྟག་དཔོན་གཡོག་འཁོར་བཅས་བཟོ་རིགས་རྣམས་ལ་སྟོན་མོའི་སྟེང་ས་སྐྱོང་བ་ཉིད་ལ་དགུ་ཚན་ལྔ་དང་བཟོ་བོ་རྣམས་ལ་དགུ་ཚན་བཞི། ཕན་བདེ་ལེགས་བཤད་གླིང་ནས་དཔོན་གཡོག་བཟོ་བོ་བཅས་པར་སྟོན་མོ་བཟབས་རྒྱས། ཐའི་ཇིར་མགུལ་དར་དང་དགུ་ཚན། དྲུང་འཁོར་སྤྱིར་དགུ་ཚན། བཟོ་བོ་དོ་དམ་པ་སྤྱིར་དགུ་ཚན། འུ་ལག་བདུན་བརྒྱ་སྐོར་ལ་ཇ་ཐུག་ཆང་། རྩམ་བྲེ་རེ། ཤ་རྒྱར་རེ། དབུ་མཛད་བློ་བཟང་ཡོན་ཏན་གྱིས་ཐའི་ཇི་རང་ལ་མགུལ་དར་དང་དགུ་ཚན་(༡༡༢ན)


GLG017_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་བོ་སྤྱིར་ཁ་བཏགས་གསུམ་དང་བདུན་ཚན། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་ཐའི་ཇིར་མགུལ་དར་དང་དགུ་ཚན་བཞི། བཟོ་རིགས་པར་སྟོན་མོ། དགུ་ཚན་གཉིས། ཡང་བཟོ་རིགས་དོ་དམ་བཅས་པར་བདུན་ཚན་གསུམ་དང་དབུ་མཛད་གཉིས་ལ་ལྦ་དར། འུ་ལག་ཉིས་བརྒྱ་ལྔ་བཅུ་སྐོར་ལ་ཇ་ཆང་གང་འཐུང་། འོན་མངའ་རིས་གྲ་ཚང་ནས་དཔོན་གཡོག་འཁོར་བཅས་དང་བཟོ་བོ་རྣམས་ལ་ཇ་ཆང་། དཀར་སྤྲོ་བཟབས་པ། ཐའི་ཇི་རང་ལ་དགུ་ཚན། བཟོ་རིགས་སྤྱིར་བདུན་ཚན། འུ་ལག་བདུན་བརྒྱ་སྐོར་ལ་རྩམ་བྲེ་རེ་དང་ཟས་སྣ་རེ། དགའ་ལྡན་ཆོས་སྡིངས་ནས་དཔོན་གཡོག་བཟོ་རིགས་བཅས་པར་ཇ་སྦྱོར་སྦྲེལ། འབྲས་ཐུག །ཆང་། དཀར་སྤྲོ་བཟབས་པ། ཐའི་ཇིར་མགུལ་དར་རྟགས་བརྒྱད་ཁ་བཏགས་དང་བདུན་ཚན། སྐུ་རྟེན་པར་ལྦ་དར། ཤིང་བཟོ་བཀྲས་རབས་པར་ལྦ་དར་དང་སུམ་ཚན། བཟོ་བོ་དོ་དམ་བྱིངས་བཅས་པར་དགུ་ཚན། དྲུང་འཁོར་སྤྱིར་དགུ་ཚན། འུ་ལག་བདུན་བརྒྱ་སྐོར་ལ་ཇ་འབྲས་ཆང་། རྩམ་མདའ་ཟོ་རེ་དང་ཟས་སྣ་རེ། ཁྲི་སྨད་བསོད་ནམས་དབང་རྒྱལ་གྱིས་དཔོན་གཡོག་བཟོ་རིགས་བཅས་པར་ཇ་ཆང་འབྲས་ཐུག་དཀར་སྤྲོ། ཐའི་ཇིར་དགུ་ཚན། འུ་ལག་བདུན་བརྒྱ་སྐོར་ལ་ཇ་ཐུག་ཆང་། རྩམ་མདའ་ཟོ་རེ་དང་ཟས་སྣ་རེ། ལམ་སྨད་ཆོས་མཛད་ཀྱིས་ཐའི་ཇིར་མགུལ་དར། ཟི་ལིང་སྤུ་ཇ་སྦག་བརྒྱད། ཏཱ་ཚང་གཉིས། རྟ། དྲུང་འཁོར་སྤྱིར་སུམ་ཚན། དགེ་སློང་རྒྱལ་མཚན་གྱིས་ལྔ་ཚན། དགེ་སློང་བླ་མའི་ལྔ་ཚན་གཅིག་དང་སུམ་(༡༡༢བ)


GLG017_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་བཀྲ་ཤིས་སྒང་པའི་བདུན་ཚན། ཐའི་ཇི་རང་གི་དྲུང་འཁོར་སྤྱིས་བརྟན་བཞུགས་དང་འབྲེལ་བའི་ཚོགས་འཁོར་བཟབས་རྒྱས། ཁ་བཏགས་རེ་དྲུག་དང་བདུན་ཚན། དཔལ་རི་སྤྲུལ་སྐུས་ཆང་བན་སུམ་ཅུ། བཞེས་སྤྲོ་སྣོད་མགོ་བཅུ་གཅིག །དགུ་ཚན་གཉིས། དབུ་མཛད་རྣམ་གྲོལ་བཀྲ་ཤིས་ཀྱིས་དགུ་ཚན། གསོལ་དཔོན་གྱིས་བདུན་ཚན། མཁན་ཚང་པས་ཆང་བན་བཅུ་བཞི། བཞེས་སྤྲོ་སྣོད་མགོ་དགུ། ལྦ་དར་གཉིས། ལྕོག་གི་བསྐང་གསོ་བ་སྤྱིས་ཆང་བན་གསུམ་དང་ལྔ་ཚན། རབ་བྱུང་བླ་མས་ཆང་བན་ལྔ། བཞེས་སྤྲོ་སྣོད་མགོ་ལྔ། བདུན་ཚན། སྤྱི་པས་ཆང་བན་དགུ། བཞེས་སྤྲོ་སྣོད་མགོ་བདུན། ལྔ་ཚན། ཁང་གསར་བས་ཆང་བན་བཅུ་དྲུག །བཞེས་སྤྲོ་སྣོད་མགོ་ཉི་ཤུ། ཁ་བཏགས། ཧུབ་ཇ་བར་ཁག །ལྷ་ཁང་པས་དཔོན་གཡོག་བཟོ་རིགས་བཅས་པར་སྟོན་མོ། མགུལ་དར། སྣམ་དཀར་ཕྲུག་གི་ཆུ་པ། ཟུང་མཁར་སླེ་སྦུས་པས་ལྔ་ཚན། ཐེག་གླིང་པས་བདུན་ཚན། རྡོ་ཟམ་པས་ཆང་བན་བཅོ་བརྒྱད། བཞེས་སྤྲོ་སྣོད་མགོ་བཅོ་བརྒྱད། ལྦ་དར་གཉིས། ཤིང་བཟོ་བ་བཀྲ་ཤིས་གྲགས་པས་བདུན་ཚན་རྣམས་རྒྱས་པར་བསྟར། གྲོང་གོང་འོག་གི་ཁུལ་ལ་སྦྱར་པ་ཕོན་ཆེ་བ་ཆོས་འཁོར་ཆེན་པོ་འདི་ཉིད་ཡུན་རིང་དུ་གནས་པའི་མཐུན་རྐྱེན་དུ་འགྱུར་བའི་ལྷག་བསམ་རྣམ་པར་དག་པས་ཡིད་དྲངས་པའི་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ཏེ་ཞིག་གསོས་ཀྱི་རྒྱུར་དམིགས་ནས་འཛུགས་པར་མཛད་པ་ཡང་རྣམ་དཀར་གྱི་རྒྱུན་ཆད་པ་མེད་པ་བུ་མོ་མུ་ཏིག་འཁྲི་ཤིང་གི་རྟོགས་བརྗོད་ལྟ་བུའོ། །དེ་ཡང་ཆོས་འཁོར་དཔལ་གྱི་བསམ་(༡༡༣ན)


GLG017_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་བཞེངས་བའི་དུས་དགའ་གླུ་བཅུ་གསུམ་དུ་གྲགས་པ་བླངས་པ་ནི། །དེ་ལྟར་མི་རྗེ་ལྷས་མཛད་པ། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེས། །རིན་ཅེན་ཁྲི་ལ་བཞེངས་ནས་ནི། །རྒྱལ་པོ་དགྱེས་པའི་གླུ་བླངས་པ། །ང་ཡི་དབུ་རྩེ་རིགས་གསུམ་འདི། །རིན་ཅེན་སྣ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །མཐོང་བ་ཙམ་གྱིས་ཉམས་རེ་དགའ། །དེ་ཕྱིར་བསམས་ཀྱིན་བློ་རེ་བདེ། །ལུས་འཕགས་གླིང་ལ་དཔེ་བླངས་ནས། །ཤར་གྱི་ལྷ་ཁང་གསུམ་པོ་འདི། །རིན་ཅེན་སྣ་ལས་གྲུབ་བ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །མཐོང་བ་ཙམ་གྱིས་ཉམས་རེ་དགའ། །དེ་ཕྱིར་བསམས་ཀྱིན་བློ་རེ་བདེ། །ཛམྦུ་གླིང་ལ་དཔེ་བླངས་ནས། །ལྷོ་ཡི་ལྷ་ཁང་གསུམ་པོའི་འདི། །རིན་ཅེན་སྣ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །མཐོང་བ་ཙམ་གྱིས་ཉམས་རེ་དགའ། །དེ་ཕྱིར་བསམས་ཀྱིན་བློ་རེ་བདེ། །བ་ལང་སྤྱོད་ལ་དཔེ་བླངས་པའི། ནུབ་ཀྱི་ལྷ་ཁང་གསུམ་པོ་འདི། །རིན་ཅེན་སྣ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །མཐོང་བ་ཙམ་གྱིས་ཉམས་རེ་དགའ། །དེ་ཕྱིར་བསམས་ཀྱིན་བློ་རེ་བདེ། །སྒྲ་མི་སྙན་ལ་དཔེ་བླངས་ནས། །བྱང་གི་ལྷ་ཁང་གསུམ་པོ་འདི། །རིན་ཅེན་སྣ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །མཐོང་བ་ཙམ་གྱིས་ཉམས་རེ་དགའ། །དེ་ཕྱིར་བསམས་ཀྱིན་བློ་རེ་བདེ། །ང་ཡི་ཡག་ཤ་གོང་འོག་འདི། །མཁའ་ལ་ཉི་མ་ཤར་(༡༡༣བ)


GLG017_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདྲ། །ང་ཡི་བཙུན་མོ་གླིང་གསུམ་འདི། །གཡུ་ཡི་མཎྜལ་བཀོད་པ་འདྲ། །ང་ཡི་མཆོད་རྟེན་དཀར་པོ་འདི། །དུང་དཀར་གཡས་སུ་འཁྱིལ་བ་འདྲ། །ང་ཡི་མཆོད་རྟེན་དམར་པོ་འདི། །མེ་ལྕེ་གནམ་ལ་སྙེག་པ་འདྲ། །ང་ཡི་མཆོད་རྟེན་སྔོན་པོ་འདི། །གཡུ་ཡི་ཀ་བ་བཙུགས་པ་འདྲ། །ང་ཡི་མཆོད་རྟེན་ནག་པོ་འདི། །ལྕགས་ཕུར་ས་ལ་བཏབ་པ་འདྲ། །ང་ཡི་མཆོད་རྟེན་ངོ་མཚར་ཆེ། །མཐོང་བ་ཙམ་གྱི་ཉམས་རེ་དགའ། །དེ་ཕྱིར་བསམས་ཀྱིན་བློ་རེ་བདེ། ཞེས་བྱུང་བ་ལྟར་ད་ལམ་ཡང་ཞིག་གསོས་ཡོངས་སུ་རྫོགས་པས་དགའ་གླུ་དེ་དག་དོན་གྱིས་ཐོབ་བམ་སྙམ་མོ། །ནམ་མཁའི་ཕ་མཐའ་རྙེད་མིན་དེ་སྲིད་དུ། །འཛད་མེད་དགེ་བའི་མཐོ་རིས་ཆུ་བོའི་རྒྱུན། །བྱང་ཆུབ་མཆོག་གི་རྒྱ་མཚོར་རྟག་འབབ་པས། རྒྱལ་སྲས་རླབས་ཆེན་སྤྱོད་ལ་གུས་པ་ལྷོད། །གཤིན་པོའི་གསེར་ལྡན་དྲོད་གཤེར་ལྡན་པའི་ལྟོར། །ཆེད་དུ་བཏབ་པའི་ས་བོན་ལེགས་སྨིན་པ། །ཨ་མྲའི་ལྗོན་པ་དར་ལ་བབ་པའི་འབྲས། །རོ་བདའ་རང་རིགས་བརྒྱུད་མར་མྱོང་བའི་ཟས། །སྙན་གྲགས་དངར་པོར་ཡོངས་འཐུལ་དྲིས་བཀུག་པའི། །དཔྱོད་ལྡན་ལྷ་མིའི་ར་ཡིག་གཉིས་པའི་ཚོགས། །བསྔགས་བརྗོད་གླུ་དབྱངས་དར་དིར་ཉེར་སྒྲོག་པར། །བྱེད་པོས་འདབ་བརྒྱའི་ནགས་ཀླུང་སྤྲུལ་ལམ་སྙམ། །གངས་ཅན་ཕན་བདེའི་ཆར་སྤྲིན་སྟུག་པོ་ལ། །གཟུར་གནས་དག་པའི་བློ་མིག་གིས་བལྟ་བས། །རབ་དགའི་སྒྲོ་གཤོག་གཞའ་ཚོན་ལྟ་བུའི་གདུགས། །ཕུབ་སྟེ་རྩེད་འཇོའི་ཟློས་གར་ཅིས་མི་བསྒྱུར། །མི་དགེའི་ར་རེ་དང་བྲལ་ཚོགས་ཆེན་གྱིས། །མཐོན་པོར་སྤུངས་པའི་ཁ་བའི་རྡུལ་(༡༡༤ན)


GLG017_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ལ། །ལོག་ལྟའི་སྐུར་འདེབས་ན་བུན་ཡོངས་འཁྲིགས་པ། །དངོས་པོའི་གཤིས་ཡིན་གང་གིས་བཅོས་སུ་ཡོད། །ཆོས་རྒྱལ་རིམ་བྱོན་གནྡྷོ་ལ་གསོ་འདུན། །གཞན་བསྒྱུར་དམོད་འབྲས་ལྕགས་གཏུན་མ་སྐྱེས་པར། །འདི་ཕྱིའི་བདེ་སྐྱིད་དཔལ་བེའུ་སྙིང་ག་རུ། །འཁྱིལ་བའི་ཁྱབ་འཇུག་གཉིས་པ་གཞན་དུ་མེད། །འཕགས་བལ་རྒྱ་ཧོར་བོད་འདིར་དཀོན་ཅོག་བླར། །བཀུར་བའི་ས་སྤྱོད་སྔོན་དུ་མང་བྱུང་དིང་། ཁྲི་སྲོང་མཛད་པའི་རི་མོ་གབ་གསལ་ནས། །མངོན་སུམ་ཆོ་གས་མྱ་ངན་མེད་པའི་སྔུན། །བསོད་ནམས་ཚོགས་ཆེན་ཕུང་པོར་སྤུད་པ་ལ། །གཞོལ་བའི་ཁྱིམ་བདག་ངང་ཚུལ་ལ་བརྟགས་ཚེ། །རང་དོན་ཕུགས་བཅུག་ངུར་སྨྲིག་གོས་འཆང་རྣམས། །འཕྱོན་མའི་གར་གྱིས་གཞན་སེམས་འདྲིད་ལ་འདྲ། །གནམ་སྔོན་ཇི་བཞིན་ཁོར་ར་ཁོར་ཡུག་མཐའ། །ལྟ་བར་མི་མངོན་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བྱེད་ལེགས་བྱས་གྲུ་རྫིངས་འདིར་བརྟེན་ནས། །ཐར་པའི་རིན་ཅེན་གླིང་དེར་ཅིས་མི་བགྲོད། །རྣམ་འདྲེན་བཞི་པའི་བསྟན་པ་ཆེས་སྙིགས་པའི། །ངན་སྤྱོད་བ་ཚྭའི་ཆུ་གཏེར་རླབས་འཁྲུགས་དབུས། །ཕན་བདེའི་སྲོག་ཟུངས་བདུད་རྩི་ཟ་མ་ཏོག །འདི་འདྲ་བློ་བརྩོན་རི་བོ་བསྒྲིལ་ལས་ཐོན། །གནམ་བསྐོས་ཕག་མོ་གྲུ་པའི་བཀའ་རྟགས་ཀྱིས། །སྐྱིད་ཤོད་མི་བདག་དམག་གི་ཁ་ལོ་བར། །དབང་བསྐུར་རིགས་ལས་རྡོ་རྗེ་རྣམ་པར་རྒྱལ། །མགོན་མེད་ཟས་སྦྱིན་ལྗོངས་འདིར་འཕོས་ལས་ཅི། །བརྒྱ་ཕྲག་བསྐལ་བར་ཚངས་པའི་གདོང་བཞི་ནས། །བརྗོད་ཀྱང་ཕ་མཐའ་རྫོགས་པར་ནུས་མིན་གཏམ། །ཆུ་གཏེར་ཆེ་ལས་ཀུ་ཤའི་རྩེ་མོ་ཡིས། །འཐོར་བའི་དཀའ་ཐུབ་ཙམ་ཞིག་འདི་ནས་བསྟན། །(༡༡༤བ)


GLG017_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཚོན་གྱིས་བསྒྱུར་བའི་མན་ཤེལ་བཞིན། །བསགས་པའི་རྣམ་སྨིན་དཀར་པོའི་འཛག་རྒྱུན་རྣམས། །མཐའ་ཀླས་འགྲོ་ཆེད་བསྔོས་པ་རྫོགས་སངས་རྒྱས། །མ་ཐོབ་བར་དུ་མཛད་པ་མེད་པར་ཤོག །འཇིག་རྟེན་གསུམ་གྱི་སྒྲོན་མེ་གཅིག་པུ་པ། །ཤཱཀྱ་སེང་གེའི་རིང་ལུགས་འོད་པོ་ཆེས། །སྡུག་བསྔལ་དེ་རྒྱུ་ཀུན་འབྱུང་སྨག་གི་རུམ། །སངས་བྱེད་ངེས་ལེགས་སྐྱ་རེངས་འཆར་བར་ཤོག །ཞྭ་སེར་ཅོད་པན་འཆང་བའི་ཆོས་སྲིད་བསྟན། །འཕྲིན་ལས་རིན་ཅེན་རྣམ་བཞིའི་བང་རིམ་ལྗིད། །མ་བཟོད་ནོར་འཛིན་བུ་མོའི་འགྲམ་པ་ལ། །རྔུལ་ཆུའི་འཕྲེང་བ་རྟག་ཏུ་འཛག་པར་ཤོག །ཁྱད་པར་པུར་རྒྱལ་བདེ་སྐྱིད་འབྱུང་བའི་གཞི། །ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་། །མ་ཕམ་དབུས་འགྱུར་འཆང་དུ་སྤྲུལ་པའི་སྐུར། །བསྟན་མིན་བར་དུ་བླ་ནས་བླར་འཕེལ་ཤོག །ངན་སོང་སོ་སོར་མྱོང་བྱའི་དུཿཁའི་ནད། །དགེ་ཚོགས་རྩི་སྨན་ལྗོན་པས་ཡོངས་བཀྲུས་ནས། །མཐོ་རིས་སྐྱེ་རྒུའི་སིམ་པའི་ཚོར་བ་ལ། །མཉམ་པོར་ལོངས་སུ་སྤྱོད་པའི་སྐལ་ཐོབ་ཤོག །ལྷ་མིའི་རིན་ཅེན་རྟེན་གྱི་ཐེམ་སྐས་ལ། །དགེ་བཅུའི་བག་ལྡན་རྐང་པས་རབ་འཛེགས་ཏེ། །རྫོགས་ལྡན་དུས་ཀྱི་དགའ་སྟོན་སྤྱོད་བཞིན་དུ། །རིང་མིན་མྱང་འདས་གྲོང་དུ་འཇུག་པར་ཤོག །གོམ་གཅིག་འདོར་བས་མཐའ་བརྟེན་སྒོ་གསུམ་པོ། །ངལ་དང་གཏོང་བའི་མི་དང་སེམས་སོང་ཚོགས། །ཡང་སྲིད་ཀུན་ཏུ་སུམ་རྩེན་ལྷ་ལྟར་སྐྱིད། །མྱུར་དུ་རྣམ་མཁྱེན་ཡེ་ཤེས་འཐོབ་པར་ཤོག །ཁྱད་པར་རྒྱུ་སྦྱོར་མི་བདག་རིགས་ཀྱི་སྲས། །བློན་འབངས་བཅས་རྣམས་སྔོན་བྱོན་ང་ལས་ནུ། །འཁོར་སྒྱུར་རྒྱལ་པོའི་རྟོགས་བརྗོད་ཇི་བཞིན་དུ། །ཡོངས་འཕེལ་བརྒྱ་(༡༡༥ན)


GLG017_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་སྟན་ལ་བགོ་བཤར་ཤོག །སྲིད་འབྱོར་རྫས་གཞན་ལྟ་ཞོག་མགོ་བོ་ཡན་ལག་མིག་སོགས་ཀྱང་། །གཏོང་བར་ཚོད་མ་ཙམ་ལས་སྐྲག་པའི་ངང་ཚུལ་མི་སེམས་པའི། །ཐུབ་དབང་སློབ་པ་ལམ་གྱི་སྤྱོད་མཆོག་བཟོད་པའི་གོ་ཆ་ཆེ། །བདག་སོགས་ཡིད་ཅན་ཀུན་གྱིས་གྱོན་ནས་བདུད་བཞི་ལས་རྒྱལ་ཤོག །འགྲོ་རྒྱུད་ཉོན་མོངས་གངྒཱའི་ཀླུང་རྡུལ་གྲངས་དང་ཚད་གཟུང་མི་ནུས་པའི། །གཉེན་པོར་རྒྱལ་བས་བསྟན་པའི་དམ་ཆོས་ལས་གསུངས་སྐུ་གསུང་ཐུགས་ཀྱི་རྟེན། །བཞུགས་གནས་དང་བཅས་ཞིང་ཁམས་རྒྱ་མཚོར་བཞེང་གསོ་སྲི་ཞུར་བརྩོན་པ་ལ། །སྤྲོ་དགའི་ལྷག་བསམ་བདག་གཞན་མཁའ་མཉམ་སྐྱེ་རྒུའི་ཡིད་ལ་འཇུག་པར་ཤོག །སངས་རྒྱས་ཕལ་གྱིས་ཡལ་ཡོལ་བཏང་སྙོམས་ཙམ་དུ་བོར་བའི་ཆེས་ཆེར་སྙིགས་མའི་ལུས་ཅན་ལ། ཁྱད་པར་ཡོངས་ཞུགས་སྙིང་སྟོབས་མཆོག་གིས་གདུལ་དཀའ་འདུལ་ལ་བླ་མེད་ཐུགས་བསྐྱེད་ཉི་མའི་གཉེན། །སྲས་དང་སློབ་མར་བཅས་པའི་རྒྱུད་ལ་ལེགས་པར་གཏམས་པའི་ལུང་རྟོགས་ཡོན་ཏན་ནོར་བུའི་གཏེར། །དཀོན་ཅོག་རྣམ་གསུམ་བྱིན་རླབས་སྤྲིན་ལས་བཀྲ་ཤིས་ཆར་ཆེན་འཇིག་རྟེན་གསུམ་དུ་ཁྱབ་གྱུར་ཅིག །ཅེས་གནམ་གྱིས་བསྐོས་པའི་རྒྱལ་པོ་ཆེན་པོ་ཕག་མོ་གྲུ་པའི་མདུན་ན་འདོན་སྐྱིད་ཤོད་ས་སྐྱོང་དགའ་ལྡན་པར་གྲགས་པ་ཆས་ཀྱིས་མཛེས་ཤིང་སྒྲིགས་ཀྱིས་ཆེ་བ་ཡ་རབས་དྲ་མའི་ངང་ཚུལ་ཅན་རིམ་པར་བྱོན་པའི་རིགས་ལས་མིའི་དབང་ཕྱུག་རྡོ་རྗེ་རྣམ་རྒྱལ་གྱིས་ཕན་བདེའི་རྩ་ལག་ཆོས་འཁོར་དཔལ་གྱི་བསམ་ཡས་ལ་ཕུ་དུད་རྒྱ་ཆེར་སྤེལ་བའི་ནང་ཚན་ལྕགས་ཁྱི་ཚུན་གྱི་དཀར་ཆག་དགོས་ཚུལ་རྒྱུ་སོང་གི་ས་བོན་(༡༡༥བ)
དང་བཅས་གསུང་གིས་བསྐུལ་བ་ལྟར་མང་པོར་ཐོས་ཀྱང་སྒྲུབ་ལ་གཡེལ་བའི་ཆོས་མེད་ཀྱི་ཆོས་བརྫུ་མཁན་སྡོམ་བརྩོན་སྡེ་སྣོད་གསུམ་པར་རློམས་པ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྲིན་པོ་ཞེས་པ་ཤིང་ཡོས་རྒྱལ་གྱི་ས་ཉ་བའི་དཀར་ཆའི་བཟང་པོ་དང་པོ་ཚེས་ལ་གཙུག་ལག་ལུགས་བརྒྱའི་འདུན་ས་རྒྱལ་ཁབ་ཆེན་པོ་པོ་ཏ་ལརསྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་ཛ་གཱ་ནཱཾ་ཤྲི་ཡེ་བྷ་ཝནྟུ།


previousརབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་མཛད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྤྱི་སྒོས་ཀྱི་རིམ་གྲོའི་གཏོང་དེབ་ཀྱི་འགོ་བརྗོད་དང་། བསམ་ཡས་ཀྱི་གཙུག་ལག་ཁང་ལ་ཕུ་དུད་རྒྱ་ཆེར་སྤེལ་བའི་དཀར་ཆག་སོགས།next